ངོ་སྤྲོད།
ཧིཊ་ལར་ (Hitler) ཐེ་བའི་ནཱ་ཛིའི་ལམ་སྲོལ་གྱི་གོ་གནས་མཐོ་བའི་ཚོགས་མི་མང་པོ་ཞིག་དང་དམིགས་བསལ་ཧིམ་ལར་ (Himmler) དང་ཧཻ་སི་ (Hess) ཡིས་རྙོག་འཛིངས་ཅན་གྱི་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་དད་པའི་ལམ་ལུགས་རྒྱུན་འཛིན་བྱས་ཡོད། དད་པ་དེ་དག་གིས་སྐུལ་སློང་བྱས་ཏེ། ཕྱི་ལོ་ ༡༩༣༨ དང་ ༡༩༣༩ བར་བོད་གཞུང་གིས་ལོ་གསར་དགའ་སྟོན་མཛད་སྒོར་གདན་ཞུ་བྱས་པ་ལྟར། འཇར་མི་ནིས་བོད་དུ་གཞུང་འབྲེལ་གྱི་རྟོག་ཞིབ་སྐོར་སྐྱོད་ཅིག་བཏང་བ་རེད།
བོད་ལ་ཆ་བཞག་ན། རྒྱ་མིས་བཙན་དབང་ཐོག་བདག་བཟུང་བྱ་རྒྱུའི་འབད་བརྩོན་དང་ཨིན་ཡུལ་གྱི་བོད་ལ་དྲག་རྒོལ་སྔོན་འགོག་བྱས་མ་ཐུབ་པའམ་བོད་ལ་སྲུང་སྐྱོབ་བྱས་མ་ཐུབ་པའི་སྡུག་སྦྱོང་མྱོང་བའི་ལོ་རྒྱུས་རིང་མོ་ཞིག་ཡོད། སི་ཏ་ལིན་གྱི་མངའ་འོག་ཏུ་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ཀྱིས་ནང་ཆོས་ལ་སྡུག་སྦྱོང་ཚབས་ཆེན་གཏོང་བཞིན་ཡོད་པ་དང་། དམིགས་བསལ་དེའི་ས་མཚམས་ནང་ཡོད་པའི་སོག་པོའི་ཁྲོད་དང་དེའི་འདབས་གནས་ཀྱི་སོག་པོ་མི་མང་སྤྱི་མཐུན་རྒྱལ་ཁབ་(ནང་སོག་)ཀྱི་ནང་ཉམས་ལེན་བྱེད་པའི་བོད་བརྒྱུད་ནང་བསྟན་ལ་སྡུག་སྦྱོང་གཏོང་བཞིན་ཡོད། དེ་ལས་ལྡོག་སྟེ། ཉི་ཧོང་གིས་ནང་སོག་ནང་བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་མན་ཇུ་ལ་ཡོད་པའི་དེའི་དམར་པོའི་དབང་འོག་གི་རྒྱལ་ཁབ་སྨན་ཆུ་ཀུའོའི་ཆ་ཤས་སུ་བཙན་བཟུང་བྱས་ཡོད། དེ་ཡང་ཉི་ཧོང་ནི་ཤམ་བྷ་ཡིན་ཚུལ་བརྗོད་ཀྱི་ཡོད་པ་དང་གོང་མའི་སྲིད་གཞུང་གིས་ཉི་ཧོང་གི་སྲུང་སྐྱོབ་འོག་སོག་པོ་རྒྱལ་ཡོངས་མཐུན་ཕྱོགས་གཅིག་སྒྲིལ་ཞིག་སྐྲུན་ཕྱིར། ཕྱི་སོག་དང་ས་ཡེ་བྷེ་རི་ཡ་བཙན་འཛུལ་ཆེད་དུ་དེའི་དབང་སྒྱུར་འོག་ལ་སོག་པོའི་རྒྱབ་སྐྱོར་ཐོབ་ཐབས་བྱེད་ཀྱིན་ཡོད།
བོད་གཞུང་ནས་ཀྱང་བརྟན་པོ་མེད་པའི་གནས་སྟངས་ཀྱི་ཁ་གཏད་དུ་ཉི་ཧོང་ནས་སྲུང་སྐྱོབ་ཐོབ་ཐབས་བྱེད་བཞིན་ཡོད། ཉི་ཧོང་དང་འཇར་མི་ནི་གཉིས་ཀྱིས་ཕྱི་ལོ་ ༡༩༣༦ ལོར་རྒྱལ་སྤྱིའི་དམར་ཤོག་ཚོགས་སྡེའི་རྒྱབ་འགལ་ཞིག་ལ་ཆིངས་ཡིག་བཞག་པ་དང་རྒྱལ་སྤྱིའི་དམར་པོའི་རིང་ལུགས་དར་ཁྱབ་ལ་ཁོང་ཚོའི་ཕན་ཚུན་གཉིས་མོས་ཀྱི་སྡང་བའི་ངང་ཚུལ་མཚོན་པར་བྱེད་ཀྱི་ཡོད། ནཱ་ཛི་འཇར་མི་ནི་ནས་གཞུང་འབྲེལ་གྱི་སྐུ་ཚབ་དོན་གཅོད་གདན་ཞུ་ཐོག་བཅར་བ་དེ་སྐབས་དོན་འདིའི་ནང་རྒྱ་སྐྱེད་བཏང་བ་རེད། ཕྱི་ལོ་ ༡༩༣༩ ལོའི་ཕྱི་ཟླ་ ༨ པའི་ནང་འཇར་མིན་གྱི་ཆེད་མངགས་རྟོག་ཞིབ་འགྲུལ་བཞུད་བོད་དུ་མ་འགྲོ་བའི་དུས་ཡུན་ཏོག་ཙམ་གྱི་རྗེས་སུ་ཧིཊ་ལར་གྱིས་ཉི་ཧོང་དང་མཉམ་དུ་མཐུན་གྲོས་དེ་རྩི་མེད་བཏང་སྟེ་ནཱ་ཛིའི་སུའུ་ལེན་གྱི་མཐུན་གྲོས་ལ་ཆིངས་ཡིག་བཞག་པ་རེད། ཕྱི་ཟླ་ ༩ པའི་ནང་ཕྱི་ཟླ་ ༥ པའི་ནང་སུའུ་ལེན་གྱིས་ཕྱི་སོག་ལ་བཙན་འཛུལ་བྱེད་མཁན་གྱི་ཉི་ཧོང་པ་རྣམས་ཕམ་པར་བྱས། དེའི་རྗེས་སུ་ཉི་ཧོང་དང་འཇར་མིན་གྱི་བོད་གཞུང་དང་འབྲེལ་བ་ཡོད་པ་དེ་དངོས་དོན་གནད་སྨིན་ཞིག་རྩ་ནས་བྱུང་མེད།
རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་ལམ་ལུགས་སྐོར་དམག་འཁྲུག་རྗེས་ཀྱི་རྩོམ་པ་པོ་འགའ་ཞིག་གིས་ནང་ཆོས་དང་ཤམ་བྷ་ལའི་གཏམ་རྒྱུད་ཀྱིས་འཇར་མི་ནི་དང་བོད་ཀྱི་གཞུང་འབྲེལ་འབྲེལ་ལམ་ལ་ལས་འགན་བསྒྲུབས་ཡོད་ཅེས་དག་སྐྱེལ་བྱས་ཡོད། ང་ཚོས་གནད་དོན་ཐད་བརྟག་དཔྱད་བྱ་རྒྱུ་ཡིན།
ཐཱུ་ལི་ (Thule) དང་ཝི་རིལ་ (Vril) གྱི་གཏམ་རྒྱུད།
ནཱ་ཛིའི་གསང་བའི་གནས་དོན་གྱི་དད་པའི་གྲུབ་ཆ་དང་པོ་ནི་ཧ་ཡེ་པར་བྷོ་རི་ཡ་ཐཱུ་ལི་ (Hyperborea Thule) ཞེས་པའི་གཏམ་རྒྱུད་དུ་གྲགས་པའི་ས་ཆ་དེ་ཡིན་པ་རེད། ཇི་ལྟར་པི་ལེ་ཊོས་ (Plato) ཨེཊ་ལེན་ཊི་སིའི་ (Atlantis) ཆུ་འོག་ཏུ་ཤོར་བའི་གླིང་ཕྲན་གྱི་གནའ་བོའི་ཨི་ཇོབ་ཀྱི་གཏམ་རྒྱུད་ཁུངས་དྲངས་པ་ནང་བཞིན་ཧེ་རོ་ཌོ་ཊ་སིས་ (Herodotus) ཀྱང་རྒྱང་ཐག་རིང་བའི་བྱང་གི་ཕྱོགས་སུ་ཡོད་པའི་ཧ་ཡེ་པར་བྷོ་རི་ཡའི་གླིང་ཆེན་གྱི་གནའ་བོའི་ཨི་ཇིབ་ཀྱི་གཏམ་རྒྱུད་བཤད་ཡོད། གནའ་བོའི་ས་ཆ་འདི་འཁྱགས་པས་གཏོར་བཤིག་བཏང་བའི་སྐབས། དེར་གནས་འཁོད་ཀྱི་མི་རྣམས་ལྷོ་ཕྱོགས་སུ་གནས་སྤོས། ཕྱི་ལོ་ ༡༦༧༩ ལོར་སུ་ཝེ་ཌི་ཤའི་ (Swedish) རྩོམ་པ་པོ་ཨོ་ལཧྥ་རུཌ་བྷེག་ (Olaf Rudbeck) གིས་བྲིས་པའི་རྩོམ་གྱི་ནང་། ཁོང་གིས་ཨེཊ་ལེན་ཊི་སིའི་གནས་པའི་མི་རྣམས་ཧ་ཡེ་པོ་བྷོ་རི་ཡར་གནས་པའི་མི་རྣམས་དང་མཉམ་དུ་ངོས་འཛིན་བྱས་ཤིང་། ཕྱིས་སུ་དེ་དག་བྱང་གི་སྣེ་རུ་ཆགས་པ་རེད། ལོ་རྒྱུས་ཡིག་ཆ་འགའ་ཞིག་ལྟར་ན། ཧ་ཡེ་པོ་བྷོ་རི་ཡ་ནི་ཐཱུ་ལི་དང་ཨུལ་ཏི་མ་ཐཱུ་ལིའི་ (Ultima Thule) གླིང་ཕྲན་གྱི་ནང་གྱེས་ཤིང་། དེ་ནི་མི་འགའ་ཞིག་གིས་ཨ་ཡེ་སི་ལེནྜ་ (Iceland) དང་གྲཱིན་ལེནྜ་ (Greenland) ལ་ངོས་འཛིན་བྱས་ཡོད།
ནཱ་ཛིའི་གསང་བའི་གནད་དོན་གྱི་དད་པའི་རྫས་ཆ་གཉིས་པ་ནི་འཇིག་རྟེན་ཁོག་སྟོང་གི་བསམ་བློ་དེ་རེད། དུས་རབས་ ༡༧ པའི་དུས་མཇུག་ལ་ཨིན་ཡུལ་གྱི་གནམ་རིག་སྐར་དཔྱད་པ་སྐུ་ཞབས་ཨེཌ་མུནྜ་ ཧེ་ལིས་ (Edmund Halley) ཐོག་མར་འཇིག་རྟེན་ནི་སྟོང་པ་ཡིན་པ་དང་དེའི་ནང་ལྟེ་མཐུན་ཟླུམ་གཟུགས་བཞི་ (four concentric spheres) དང་ལྡན་ཞེས་བརྗོད་ཡོད། འཇིག་རྟེན་ཁོག་སྟོང་གི་བསམ་བློའི་རྣམ་གཞག་གིས་མི་མང་པོ་ཞིག་ལ་དོ་སྣང་དང་སྤྲོ་བ་བསླེབ་པར་བྱས་ཡོད། དམིགས་བསལ་ཧྥ་རན་སིའི་བརྩམས་སྒྲུང་འབྲི་མཁན་ཇུལ་སི་ ཝར་ནི་སིའི་ (Jules Vernes) “འཇིག་རྟེན་གྱི་ལྟེ་བར་མཚོ་འགྲུལ་བྱེད་པ་” (Voyage to the Center of the Earth) ཞེས་པའི་དེབ་དེ་ཕྱི་ལོ་ ༡༨༦༤ ལོར་པར་བསྐྲུན་བྱས་པ་ལ་བརྟེན་ནས་དོ་སྣང་ཆེན་པོ་སྟེར་ཡོད།
དེ་ནས་མི་རིང་བར་ཝི་རིལ་ (Vril) གྱི་བསམ་བློ་དེ་བྱུང་བ་རེད། ཕྱི་ལོ་ ༡༨༧༡ ལོར་ཨིན་ཡུལ་གྱི་བརྩམས་སྒྲུང་འབྲི་མཁན་ཨེཌ་ཝརྜ་ བྷལ་ཝར་ལི་ཊན་ (Edward Bulwer-Lytton) གྱིས་བྲིས་པའི་ (The Coming Race) ཞེས་པའི་ནང་། རིགས་ཁྱད་པར་ཅན་ནམ་མཆོག་ཏུ་གྱུར་བ་ཝི་རིལ་ཡ་ (Vril-ya) ཟེར་བ། ས་འོག་ཏུ་གནས་པ་དང་ཝི་རིལ་ལ་བརྟེན་ནས་འཛམ་གླིང་དབང་སྒྱུར་གྱི་འཆར་གཞི་བཏིངས་པའི་སེམས་ཁམས་འགུལ་སྐྱོད་ཀྱི་ཤུགས་ཤིག་འགྲེལ་བརྗོད་བྱས་ཡོད། ཧྥ་རན་སིའི་རྩོམ་པ་པོ་ལུ་ཡིཛ་ ཇེ་ཁོ་ལི་འོཊ་ (Louis Jacolliot) ཟེར་བ་དེས་ “ལྷའི་སྲས་” (Les Fils de Dieu, The Sons of God) དང་(ཕྱི་ལོ་ ༡༨༧༣) རྒྱ་གར་དང་ཡུ་རོབ་ཀྱི་སྲོལ་རྒྱུན་ལམ་ལུགས་ (Les Traditions Indo-européeenes, The Indo-European Traditions) (༡༨༧༦) ཞེས་པའི་ནང་གཏམ་རྒྱུད་གོང་འཕེལ་བཏང་ཡོད། དེབ་དེ་དག་གི་ནང་། ཁོང་གིས་ཝི་རིལ་དེ་ཐཱུ་ལིའི་ས་འོག་གི་མི་རྣམས་དང་འབྲེལ་བ་མཐུད་ཡོད། ཐཱུ་ལིའི་མི་རྣམས་ཀྱིས་གྱད་ཀྱི་མི་བོ་ཆགས་ནས་འཛམ་གླིང་དབང་དུ་སྒྱུར་བའི་ཆེད་ཝི་རིལ་གྱི་ནུས་སྟོབས་ལ་སྟངས་འཛིན་བྱེད་ཀྱི་རེད།
འཇར་མིན་གྱི་ལྟ་གྲུབ་སྨྲ་བ་ཧྥི་རི་ཌི་རིག་ ནི་ཨེཊ་ཆས་ (Friedrich Nietzsche) (༡༨༤༤-༡༩༠༠) ཀྱང་གྱད་ཀྱི་མི་བོ་ (Übermensch, superman) ཞེས་པའི་བསམ་བློ་དེ་ནན་བརྗོད་བྱས་ཏེ། ཁོང་གི་དེབ་མ་ཤི་ཀའི་རྒྱབ་འགལ་ (Der Antichrist, The Antichrist) (༡༨༨༨) ཞེས་པ་དེ་འགོ་འཛུགས་བྱས་ཡོད། དེའི་ནང་། “ང་ཚོ་གང་ཡིན་པ་ལ་བལྟ་འཇུག་དང་། ང་ཚོ་ནི་ཧ་ཡེ་པོ་བྷོ་རི་ཡའི་མི་ཡིན། ང་ཚོ་བགྲོད་ལམ་དེ་ལ་ཇི་ལྟར་བརྟེན་ནས་ཡོད་པ་དེ་ང་ཚོས་ཡག་པོ་ཤེས་ཀྱི་ཡོད་” ཅེས་གསལ་ཡོད། ནི་ཨེཊ་ཆས་ (Nietzsche) ཝི་རིལ་སྐོར་ནམ་ཡང་བཤད་མེད་ནའང་། ཁོང་འདས་གྲོངས་ཟིན་པའི་རྗེས་སུ་པར་སྐྲུན་བྱས་པའི་གཏམ་དཔེ་ཕྱོགས་བཏུས་ “ནུས་མཐུའི་འདུན་སེམས་” (Der Wille zur Macht, The Will to Power) ཀྱི་ནང་། ཁོང་གིས་གྱད་ཀྱི་མི་བོ་འཕེལ་རྒྱས་ཆེད་ནང་གི་ནུས་ཤུགས་ཤིག་གི་ལས་འགན་ལ་ནན་བརྗོད་བྱས་ཡོད། ཁོང་གིས། “ཕྱུགས་ཁྱུ་” ཟེར་བ་ནི་བཟང་སྤྱོད་དང་སྒྲིག་ཁྲིམས་སྐྲུན་པའི་སྒོ་ནས་དེའི་ནང་ལོགས་སུ་ཉེན་སྲུང་ལྡན་པར་འབད་བརྩོན་བྱེད་མཁན་གྱི་ཐུན་མོང་གི་གང་ཟག་ཅེས་པའི་དོན་ཡིན་པ་དང་། གྱད་ཀྱི་མི་བོ་ལ་ཕྱུགས་ཁྱུ་ལས་བརྒལ་ནས་འགྲོ་རུ་འཇུག་པའི་ནང་ལོགས་ཀྱི་མེད་དུ་མི་རུང་བའི་ནུས་ཤུགས་ཤིག་དང་ལྡན་པ་ཡིན་ཞེས་བྲིས་ཡོད། ནུས་ཤུགས་དེས་གཞན་ལ་མི་ལྟོས་པར་རང་རྐང་ཚུགས་པར་གནས་པ་དང་ “ཕྱུགས་ཁྱུའི་བསམ་བློའི་འཁྱེར་སོ་” དང་བྲལ་བའི་ཆེད་དེ་དག་ཕྱུགས་ཁྱུ་ལ་མ་བརྟེན་ཀ་མེད་བཟོ་ཡི་ཡོད།
“རིག་བྱེད་ཀྱི་བྱང་སྣེའི་ཁྱིམ་” (༡༩༠༣) (The Arctic Home of Vedas) ཞེས་པའི་དེབ་ཀྱི་ནང་། རྒྱ་གར་རང་བཙན་གྱི་སྔ་དུས་ཀྱི་ཁྲིམས་རྩོད་པ་བྷལ་ གངྒཱ་དྷར་ ཏི་ལག་ (Bal Gangadhar Tilak) གིས་ལྷོ་ཕྱོགས་སུ་གནས་སྤོས་པའི་ཐཱུ་ལིའི་མི་རྣམས་ཨཱརྱན་རིགས་ (Aryan race) ཀྱི་འབྱུང་ཁུངས་ཡིན་པར་ངོས་འཛིན་བྱེད་པའི་སྒོ་ནས་མུ་མཐུད་དེ་འགྲེལ་བརྗོད་ཁ་སྣོན་བྱས་ཡོད། དེར་བརྟེན་དུས་རབས་ ༢༠ པའི་འགོ་སྟོད་ཀྱི་ནང་འཇར་མན་གྱི་མི་རིགས་མང་པོ་ཞིག་གིས་ཁོང་ཚོ་ནི་ཧ་ཡེ་པོ་བྷོ་རི་ཡ་ཐཱུ་ལི་ནས་ལྷོ་ཕྱོགས་སུ་གནས་སྤོས་པའི་ཨཱརྱན་གྱི་རྒྱུད་པ་ཡིན་པ་དང་། དེ་དག་ཀྱང་ཝི་རིལ་གྱི་ནུས་སྟོབས་ལ་བརྟེན་ནས་གྱད་ཀྱི་མི་བོའི་རིགས་རྒྱུད་ཀྱི་གཙོ་བོར་ཆགས་པར་ལས་ཀྱིས་བསྐོས་ཡོད་པར་ཡིད་ཆེས་བྱས་ཡོད། ཧིཊ་ལར་ཡང་དེ་དག་གི་ནང་ཡོད་པ་རེད།
ཐཱུ་ལིའི་སྤྱི་ཚོགས་དང་ནཱ་ཛིའི་ཤོག་ཁག་ཐོག་མར་རྩ་འཛུགས།
“ནོར་ཝེའི་སྐད་ཡིག་རྙིང་པ་ཨེ་ཌ་སི་” (Old Norse Eddas) ཟེར་བ་དེ་སྒྱུར་མཁན་གྱི་འཇར་མིན་གྱི་ལོ་ཙཱ་བ་ཧྥེ་ལིགྶ་ ནི་ཨེཌ་ནར་ (Felix Niedner) ཟེར་བ་དེས་ཕྱི་ལོ་ ༡༩༡༠ ལོར་ཐཱུ་ལིའི་སྤྱི་ཚོགས་སྲོལ་གཏོད། ཕྱི་ལོ་ ༡༩༡༨ ལོར་རུ་ཌོལ་ཧྥ་ ཧྥི་རེར་ ཝོན་ སེ་བྷོ་ཊེན་ཌོར་ཧྥིས་ (Rudolf Freiherr von Sebottendorf) མུ་ནིག་ལ་དེའི་ཡན་ལག་རྩ་འཛུགས་བྱས། སེ་བྷོ་ཊེན་ཌོར་ཧྥི་ (Sebottendorf) ནི་དེ་སྔོན་ཨིསྟཱན་བྷུལ་ (Istanbul) ལ་ལོ་འགའ་བསྡད་པ་དང་། དེར་ཕྱི་ལོ་ ༡༩༡༠ ལོར་ཁོང་གིས་གསང་བའི་སུ་ཧྥི་ཆོས་ལུགས་དང་ཧྥི་རི་མེ་སན་རི་ (Freemasonry) མཉམ་སྡེབ་བྱས་པའི་གསང་བའི་སྤྱི་ཚོགས་ཤིག་བསྐྲུན་པ་རེད། དེས་མི་གསོད་ཀྱི་ཆོས་ལུགས་ལ་ཡིད་ཆེས་བྱས་ཡོད་པ་དང་དེ་ནི་ཨིས་མ་ཡི་ལི་ཁ་ཆེའི་ (Ismaili Islam) ནཱ་ཛ་རིའི་ཆོས་བརྒྱུད་ནས་འབྱུང་གི་ཡོད། དེ་ཡང་སེར་དམག་ (Crusades) གི་དུས་སྐབས་སུ་དར་ཁྱབ་བྱུང་ཡོད། ཨིསྟཱན་བྷུལ་ལ་ཡོད་པའི་སྐབས་སུ་སེ་བྷོ་ཊེན་ཌོར་ཧྥི་ནི་ཕྱི་ལོ་ ༡༩༠༨ ལོར་འགོ་ཚུགས་པའི་ཏུར་ཀིའི་གཞོན་སྐྱེས་ཚོའི་ཏུ་ར་ནི་ཡན་རྒྱལ་ཡོངས་ཀྱི་ལས་འགུལ་ལ་ཆ་རྒྱུས་ཡོད་པ་ནི་ཐེ་ཚོམ་མེད་པ་རེད། ལས་འགུལ་དེ་ནི་ཕྱི་ལོ་ ༡༩༡༥ ནས་ ༡༩༡༦ བར་ཨར་མེ་ནི་ཡའི་ (Armenian) མི་རིགས་སྡེབ་གསོད་ཀྱི་རྦད་དེ་རྒྱབ་ལ་ཡོད་པ་རེད། འཛམ་གླིང་དམག་ཆེན་དང་པོའི་སྐབས་སུ་ཏུར་ཀི་དང་འཇར་མི་ནི་གཉིས་ཕན་ཚུན་མཐུན་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཡིན་པ་རེད། འཇར་མི་ནིར་སེ་བྷོ་ཊེན་ཌོར་ཧྥི་ཁོང་ཡང་འཇར་མེ་ནེན་གྱི་བཀའ་རྒྱའི་(ཊིའུ་ཊན་གྱི་བཀའ་རྒྱ་) (Order of Teutons) ཚོགས་མི་ཞིག་ཡིན་པ་དང་། དེ་ཡང་ཕྱི་ལོ་ ༡༩༡༢ ལོར་གསང་བའི་ཤེ་མའི་སྐད་ཡིག་གི་རྒྱབ་འགལ་གནས་ཁང་ (secre ant-semitic Lodge) ཞིག་ལ་བརྟེན་ནས་སྲོལ་རྒྱུན་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཤིག་རྩ་འཛུགས་བྱས་པ་རེད། ཐབས་ཚུལ་དེ་དག་བརྒྱུད་ནས་ལྐོག་གསོད་དང་། སྡེབ་གསོད། ཤེ་མའི་སྐད་ཡིག་གི་རྒྱབ་འགལ་དེ་ཐཱུ་ལིའི་སྤྱི་ཚོགས་ཆོས་ལུགས་ཀྱི་ཆ་ཤས་སུ་གྱུར་བ་རེད། ཕྱིས་སུ་ཕྱི་ལོ་ ༡༩༡༨ ལོར་མུ་ནིག་ལ་ཡོད་པའི་ཐཱུ་ལིའི་སྤྱི་ཚོགས་དེ་གསར་བརྗེར་ངོ་རྒོལ་གྱི་ལས་འགུལ་གྱི་ལྟེ་བར་གྱུར་བའི་སྐབས། བྷ་ཝ་རི་ཡན་གྱི་དམར་པོའི་གསར་བརྗེའི་ (Bavarian Communist Revolution) རྗེས་སུ་དམར་པོའི་རིང་ལུགས་ལ་རྒྱབ་འགལ་དེ་ཁ་སྙོན་བྱས་པ་རེད།
ཕྱི་ལོ་ ༡༩༡༩ ལོར་སྤྱི་ཚོགས་དེས་འཇར་མིན་ལས་མིའི་ཤོག་ཁག་གློ་བུར་དུ་འགོ་འཛུགས་བྱས། ལོ་དེའི་ཕྱིས་སུ་ཌ་ཡེ་ཊྲིག་ ཨེག་ཁརྚ་ (Dietrich Eckart) ཟེར་བ་ཐཱུ་ལིའི་སྤྱི་ཚོགས་ཀྱི་དཀྱིལ་འཁོར་ནང་ལོགས་ཀྱི་ཚོགས་མི་ཡིན་པ་དེས་ཧིཊ་ལར་སྤྱི་ཚོགས་ནང་དུ་བཅུག་པ་དང་། ཨཱརྱན་གྱད་ཀྱི་མིའི་རིགས་རྒྱུད་ཅིག་སྐྲུན་པའི་ཆེད་ཝི་རིལ་སྟངས་འཛིན་གྱི་ཐབས་ལམ་གྱི་ནང་ཁོང་ལ་སྦྱོང་བརྡར་སྤྲོད་འགོ་ཚུགས་པ་རེད། ཧིཊ་ལར་ལ་ཆ་བཞག་ན། གཞོན་དུས་ནས་ཝཱི་ན་ལ་ཁོས་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་ལམ་ལུགས་དང་ཆོས་ལུགས་ཀྱི་རྣམ་གཞག་སྐོར་སློབ་སྦྱོང་བྱེད་སྐབས། སྦས་དོན་འཆར་སྣང་གི་སེམས་དང་ལྡན་པ་ཞིག་ཡིན་པ་རེད། དུས་ཕྱིས་སུ་ཧིཊ་ལར་གྱིས་མཻན་ཀམ་ཧྥི་ (Mein Kampf) དེ་ཨེག་ཁརྚ་ (Eckart) ལ་ཕུལ་བ་རེད། ཕྱི་ལོ་ ༡༩༢༠ ལོར་ཧིཊ་ལར་འཇར་མིན་ལས་མིའི་ཤོག་ཁག་གི་འགོ་འཛིན་ཆགས་པ་དང་ད་ལྟ་རྒྱལ་ཡོངས་སྤྱི་ཚོགས་རིང་ལུགས་ཀྱི་འཇར་མིན་ལས་མིའི་ (ནཱ་ཛི་) ཤོག་ཁག་ཅེས་པ་བསྐྱར་དུ་མིང་བཏགས་པ་རེད།
ཧཽ་ཤོ་ཧྥར་ (Haushofer) དང་། ཝི་རིལ་སྤྱི་ཚོགས། ཡུལ་བབས་སྲིད་བྱུས།
ཧིཊ་ལར་གྱི་བསམ་བློ་ལ་ཤུགས་རྐྱེན་ཆེ་ཁག་གཞན་ཞིག་ནི་ཀརླ་ ཧཽ་ཤོ་ཧྥར་ (Karl Haushofer) (༡༨༦༩-༡༩༤༦) ཡིན་པ་རེད། ཀརླ་ནི་ཕྱི་ལོ་ ༡༩༠༤ ནས་ ༡༩༠༥ བར་གྱི་རུ་སུ་དང་ཉི་ཧོང་དམག་འཁྲུག་རྗེས་ཀྱི་ཉི་ཧོང་པ་རྣམས་ཀྱི་ཆེད་དུ་འཇར་མིན་མི་རིགས་ཀྱི་དམག་དོན་སློབ་སྟོན་པ་ཡིན་པ་རེད། ཁོང་ཉི་ཧོང་གི་རིག་གཞུང་གིས་ཧ་ཅང་སེམས་བསྐུལ་བྱས་པར་བརྟེན་མི་མང་པོས་ཁོང་ནི་ཕྱིས་སུ་འཇར་མིན་དང་ཉི་ཧོང་གི་མནའ་འབྲེལ་ལ་འགན་འཁུར་ཅན་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་ད་དུང་རྒྱ་གར་དང་བོད་ཀྱི་རིག་གཞུང་ལ་ཧ་ཅང་དོ་དབྱིངས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་ལེགས་སྦྱར་ཀྱི་སྐད་སྦྱངས་པ་དང་བོད་དུ་ཕྱིན་ཡིན་ཚུལ་བརྗོད་ཡོད།
འཛམ་གླིང་དམག་ཆེན་དང་པོའི་ནང་དམག་སྤྱིའི་ལས་འཁུར་བསྒྲུབས་རྗེས་ཧཽ་ཤོ་ཧྥར་གྱིས་ཕྱི་ལོ་ ༡༩༡༨ ལོར་བྷར་ལིན་ལ་ཝི་རིལ་སྤྱི་ཚོགས་རྩ་འཛུགས་བྱས། དེས་ཐཱུ་ལིའི་སྤྱི་ཚོགས་ནང་བཞིན་གཞི་རྩའི་དད་པའི་ལམ་ལུགས་མཉམ་སྤྱོད་བྱས་ཤིང་། འགའ་ཞིག་གིས་དེ་ནི་དེའི་ནང་ལོགས་ཀྱི་དབང་ལྡན་སྡེ་ཁག་རེད་ཅེས་བརྗོད་ཀྱི་ཡོད། སྤྱི་ཚོགས་དེས་དེ་དག་ལས་ཝི་རིལ་གྱི་ནུས་མཐུ་ཐོབ་པའི་ཆེད་ས་འོག་ཏུ་ཡོད་པའི་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་ལམ་ལུགས་ཁག་དང་འབྲེལ་བ་བཙལ་བ་རེད། དེས་ཨཱརྱན་རིགས་རྒྱུད་ཀྱི་དབུས་ཨེ་ཤི་ཡའི་འབྱུང་ཁུངས་ཤིག་ཡིན་ཞེས་ཀྱང་བརྗོད་ཡོད། ཧཽ་ཤོ་ཧྥར་གྱིས་ཡུལ་བབས་སྲིད་བྱུས་ཀྱི་ཆོས་དེ་འཕེལ་རྒྱས་བཏང་བ་དང་ཕྱི་ལོ་ ༡༩༢༠ འགོ་སྟོད་ལ་ཁོང་མུ་ནིག་ལ་ཡོད་པའི་ལུཌ་ཝིཀ་མེཀྶི་མི་ལི་ཡནྶ་སློབ་ཆེན་ (Ludwig-Maxilians University) དུ་ཡུལ་བབས་སྲིད་བྱུས་ཀྱི་སློབ་གཉེར་ཁང་གི་འགན་འཛིན་ཆགས་པ་རེད། ཡུལ་བབས་སྲིད་བྱུས་ཀྱིས་དབང་ཆ་ཐོབ་པའི་ཐབས་སུ་གནས་སྡོད་ས་ཆ་ (Germ. Lebensraum) མང་བ་ཐོབ་པའི་ཕྱིར། ས་ཁུལ་དབང་སྒྱུར་ལ་རྒྱབ་རྟེན་བྱས་ཡོད།
རུ་ཌོལ་ཧྥི་ ཧཻས྄་ (Rudolf Hess) ནི་ཧཽ་ཤོ་ཧྥར་གྱི་སློབ་ཕྲུག་ཉེ་ཤོས་ནང་གི་གཅིག་ཡིན་པ་དང་ཁོང་ཕྱི་ལོ་ ༡༩༢༣ ལོར་ཧིཊ་ལར་ལ་ངོ་སྤྲོད་བྱས་པ་རེད། དེའི་སྐབས་སུ་ཧིཊ་ལར་ནི་གཞུང་ལ་དྲག་རྒོལ་གྱི་གསར་བརྗེའི་ལས་འགུལ་པཽ་ཆུ་ (Putsch) ལམ་ལྷོང་མ་བྱུང་བའི་རྐྱེན་གྱིས་བཙོན་ཁང་དུ་ཡོད་པ་རེད། དེ་རྗེས་ནས་ཧཽ་ཤོ་ཧྥར་ཡང་སེ་མ་འོངས་པའི་ཧྥུ་རེར་ (Führer) ཐུག་འཕྲད་བྱས་ཤིང་། ཁོང་ལ་ཐཱུ་ལི་དང་ཝི་རིལ་སྤྱི་ཚོགས་ཀྱི་བསམ་བློ་དང་འབྲེལ་བའི་ཡུལ་བབས་སྲིད་བྱུས་བསླབ་ཀྱི་ཡོད། དེར་བརྟེན་ཕྱི་ལོ་ ༡༩༣༣ ལོར་ཧིཊ་ལར་གཙོ་འཛིན་རིགས་བདག་ཆགས་པའི་སྐབས། ཁོས་ཤར་ཡུ་རོབ་དང་། རུ་སུ། དབུས་ཨེ་ཤི་ཡ་བཅས་ལ་དབང་སྒྱུར་བྱ་ཕྱིར་ཨཱརྱན་རིགས་རྒྱུད་ཀྱི་སྲིད་བྱུས་ཆེད་དུ་ཡུལ་བབས་སྲིད་བྱུས་མོས་འདེམས་བྱས་པ་རེད། དེ་ལམ་ལྷོང་ཡོང་བའི་རྒྱུ་གཙོ་བོ་ནི་དབུས་ཨེ་ཤི་ཡའི་ནང་ཨཱརྱན་རིགས་རྒྱུད་ཀྱི་ཕ་མེས་ཡང་མེས་ཏེ། ཝི་རིལ་གྱི་གསང་བའི་སྲུང་སྐྱོབ་བྱེད་མཁན་རྣམས་འཚོལ་རྒྱུ་དེ་ཡིན་པ་རེད།
སྭསྟི་ཀ།
སྭསྟི་ཀ་ནི་གནའ་བོའི་རྒྱ་གར་གྱི་འགྱུར་དུ་མི་གཏུབ་པའི་བསོད་བདེ་བསོད་ནམས་ཀྱི་རྟགས་ཤིག་ཡིན་པ་རེད། སྭསྟི་ཀ་ཟེར་བ་འདི་ལེགས་སྦྱར་གྱི་སྐད་ཨིན་སྐད་ལྟ་བུར་བཟོས་པ་ཞིག་རེད། དེའི་དོན་ནི་བསོད་བདེ་དང་རླུང་རྟ་ཡིན་པ་རེད། དེ་ཡང་ཧིནྡུ་དང་། ནང་པ། གཅེར་བུ་པ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་ནས་བཟུང་སྟེ་བེད་སྤྱོད་བྱས་ཡོད་པ་དང་བོད་དུའང་དེ་ཧ་ཅང་རྒྱ་ཁྱབ་ཕྱིན་པ་རེད།
སྭསྟི་ཀ་ནི་འཛམ་གླིང་ནང་གི་རིག་གཞུང་གཞན་དག་མང་ཆེ་བའི་ནང་བྱུང་ཡོད། དཔེར་ན། དེའི་ཕྱི་སྐོར་གྱི་རྣམ་པ་མི་འདྲ་བ་དེ་ནི་ནཱ་ཛིས་དང་ལེན་བྱས་ཤིང་། དེ་ནི་དུས་སྐབས་བར་མའི་བྱང་ཡུ་རོབ་ཀྱི་རུ་ནིག་གི་འབྲི་གཟུགས་ (runic script) ནང་གི་ཨིན་ཡིག་ཇཱི་ (G) ཡིན་པ་རེད། ཧྥི་རི་མེ་སན་རི་ (Freemasonry) དེ་དག་གིས་ཡི་གེ་དེ་རྟགས་གལ་ཆེན་ཞིག་ཏུ་ངོས་བཟུང་ཡོད། དེའི་རྒྱུ་མཚན་ནི་ཨིན་ཡིག་ཇཱི་ (G) དེ་དཀོན་མཆོག་ (God) ལ་གོ་ཆོག་པ་དང་འཇིག་རྟེན་འཆར་འགོད་པ་ཆེན་པོའམ་དབྱིབས་རྩིས་རིག་པ་ལ་གོ་ཆོག་པའི་ཕྱིར་རོ།།
སྭསྟི་ཀ་ནི་ནོར་ཝེ་རྙིང་པའི་འབྲུག་སྒྲ་དང་མཐུ་སྟོབས་ཀྱི་ལྷའི་ (Scandinavian Thor, German Donner, Baltic Perkunas) སྲོལ་རྒྱུན་གྱི་རྟགས་ཤིག་ཀྱང་ཡིན་པ་རེད། འབྲུག་སྒྲའི་ལྷ་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱིས་ལཏ་ཝི་ཡའི་མི་སེར་ (Latvians) དང་ཧྥི་ནི་ཤའི་མི་སེར་ (Finnish) གཉིས་ཀས་སྭསྟི་ཀ་ནི་འཛམ་གླིང་དམག་ཆེན་དང་པོའི་རྗེས་སུ་རང་བཙན་ཐོབ་པའི་སྐབས། ཁོང་ཚོའི་གནམ་དམག་གི་དམག་རྟགས་སུ་བེད་སྤྱོད་བྱས་པ་རེད།
དུས་རབས་ ༡༩ པའི་དུས་སྨད་ཙམ་ལ་གུའི་དོ་ ཝོན་ ལིསྚ་ (Guido von List) ཞུ་བ་དེས་སྭསྟི་ཀ་འཇར་མི་ནི་ལ་ཡོད་པའི་པེ་གན་གསར་མའི་ལས་འགུལ་གྱི་མཚོན་རྟགས་སུ་མོས་འདེམས་བྱས། འོན་ཀྱང་། འཇར་མིན་ཚོས་ལེགས་སྦྱར་སྐད་ཀྱི་སྭསྟི་ཀ་ཟེར་བའི་ཚིག་དེ་བེད་སྤྱོད་མ་བྱས་པར། དེའི་ཚབ་དེ་ལ་ “ཧ་ཀེན་ཁུ་རུཙ་” (Hekenkreutz) ཞེས་བརྗོད་པ་རེད། དེ་ནི་ “ལྕགས་ཀྱུའི་ཀུར་རྟགས་” ཟེར་བའི་དོན་རེད། ཇི་ལྟར་པེ་གན་རིང་ལུགས་གསར་མས་ཡེ་ཤུའི་ཆོས་ལུགས་ཕམ་པར་བྱེད་པ་དང་བརྗེ་ཚབ་བྱེད་པ་ནང་བཞིན་དེས་ཀུར་རྟགས་ཕམ་པར་བྱེད་པ་དང་བརྗེ་ཚབ་བྱེད་ངེས་རེད།
པེ་གན་གསར་མའི་ལས་འགུལ་གྱི་ཡེ་ཤུ་ལ་རྒྱབ་འགལ་གྱི་འདུ་ཤེས་མཉམ་སྤྱོད་བྱས་ཏེ། ཐཱུ་ལིའི་སྤྱི་ཚོགས་ཀྱིས་ཀྱང་ཁོང་ཚོའི་མཚོན་རྟགས་ཀྱི་ཆ་ཤས་སུ་ཧ་ཀེན་ཁུ་རུཙ་མོས་འདེམས་བྱས་ཤིང་། དེ་གྱེན་དུ་ཕྱོགས་པའི་འཇར་མིན་གྱི་རལ་གྲི་དེའི་སྟེང་དུ་གཅིག་ཐོག་གཅིག་རྩེག་བྱས་པའི་སྒོར་ཐིག་ཅིག་གི་ནང་བཞག་ཡོད། ཕྱི་ལོ་ ༡༩༢༠ ལོར་ཐཱུ་ལིའི་སྤྱི་ཚོགས་ཀྱི་འབུམ་རམས་པ་ཧྥི་རི་ཌི་རིཀ་ ཀྲཽན་ (Dr. Friedrich Krohn) གྱི་དགོངས་ཚུལ་ལྟར། ཧིཊ་ལར་གྱིས་ཧ་ཀེན་ཁུ་རུཙ་དེ་ནཱ་ཛིའི་ཤོག་ཁག་གི་དར་ཆའི་རི་མོ་གཙོ་བོར་སྒོར་ཐིག་དཀར་པོ་ཞིག་གི་ནང་མོས་འདེམས་བྱས། ཧིཊ་ལར་གྱིས་རང་གི་དོ་ཟླ་དམར་པོའི་ཤོག་ཁག་གི་དར་ཆ་དམར་པོའི་ཁ་གཏད་དུ་འགྲན་པའི་ཕྱིར་རྒྱབ་ལྗོངས་ཀྱི་ཁ་དོག་དེ་དམར་པོ་གདམ་ཀ་བྱས་པ་རེད།
ཧྥ་རན་སིའི་ཉམས་ཞིབ་པ་ལུའི་སི་ པཽ་ཝལས྄་ (Louis Pauwels) དང་ཇཻགྶ་ བྷར་གི་ཡར་ (Jacques Bergier) གཉིས་ཀྱིས་སྒྱུ་མ་མཁན་གྱི་སྔ་ཐོག་ (༡༩༦༢) (Le Matin des Magiciens, The Morning of Magicians) ཅེས་པའི་ནང་། ཧཽ་ཤོ་ཧྥར་གྱིས་ཧིཊ་ལར་ལ་ཧ་ཀེན་ཁུ་རུཙ་དེ་ནཱ་ཛིའི་ཤོག་ཁག་གི་རྟགས་སུ་བཀོལ་སྤྱོད་བྱེད་དགོས་པའི་ནན་སྐུལ་བྱས་ཞེས་བྲིས་ཡོད། དེ་ནི་ཧཽ་ཤོ་ཧྥར་རྒྱ་གར་དང་བོད་ཀྱི་རིག་གཞུང་ལ་དོ་དབྱིངས་ཡོད་པའི་རྐྱེན་གྱིས་རེད་ཅེས་ཁོང་ཚོས་དེ་ལྟར་ཆ་འཇོག་བྱེད་ཀྱི་ཡོད། དེའི་མཇུག་འབྲས་དེ་རྦད་དེ་མི་འདྲ་བ་ཞིག་བྱུང་ཡོད། གང་ཡིན་ཞེ་ན། ཧཽ་ཤོ་ཧྥར་ཕྱི་ལོ་ ༡༩༢༣ བར་དུ་ཧིཊ་ལར་དང་ཐུག་འཕྲད་བྱུང་མེད་པ་དང་ནཱ་ཛིའི་དར་ཆ་དེ་ཐོག་མར་ཕྱི་ལོ་ ༡༩༢༠ ལོར་བྱུང་ཡོད། དེ་ཡང་ཧཽ་ཤོ་ཧྥར་གྱིས་ས་ཁུལ་དེ་ཨཱརྱན་རིགས་རྒྱུད་ཀྱི་མེས་པོ་ཚོའི་ཆགས་ཡུལ་ཡིན་པར་ནན་སྐུལ་བྱེད་པའི་བདེན་དཔང་དུ་རྒྱ་གར་དང་བོད་དུ་སྭ་སྟི་ཀའི་རྒྱ་ཆེར་ཁྱབ་པ་དེ་བཀོལ་སྤྱོད་བྱས་པ་ཞིག་ཡིན་ལས་ཆེ།
རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་དོ་ཟླའི་སྡེ་ཁག་གི་ནཱ་ཛི་ལ་དྲག་གནོན།
ཕྱི་ལོ་ ༡༩༢༠ ཡས་མས་ཀྱི་ཕྱེད་དང་པོའི་སྐབས་སུ་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་སྤྱི་ཚོགས་དང་འཇར་མི་ནིར་ཡོད་པའི་གསང་བའི་གནས་ཁང་ཁག་གི་ནང་དྲག་པོའི་འགྲན་རྩོད་ཅིག་བྱུང་། ལོ་རྗེས་ནས་ཧིཊ་ལར་གྱིས་མུ་མཐུད་ནས་ཡུལ་གྲུབ་པའི་ལྟ་གྲུབ་སྨྲ་བ་ (Anthroposophists) དང་། ཆོས་ལུགས་ཀྱི་ལྟ་གྲུབ་སྨྲ་བ། (Theosophists) ཧྥི་རི་མཻ་སན། (Freemasons) རོ་སི་ཁྲུ་ཤི་ཡནྶ་ (Rosicrucians) བཅས་ལ་སྡུག་སྦྱོང་བཏང་བ་རེད། མཁས་པ་སྣ་ཚོགས་པས་སྲིད་བྱུས་འདི་དབང་སྒྱུར་ལ་དོ་ཟླར་གྱུར་བ་སུ་འདྲ་ཞིག་ཡིན་རུང་དེ་དག་མེད་པ་བཟོ་རྒྱུའི་ཧིཊ་ལར་གྱི་འདོད་དོན་དེ་ཡིན་ཞེས་བརྗོད་ཀྱི་ཡོད།
ནི་ཡཙ་ཆེའི་ (Nietszche) རྩོམ་བྲིས་དང་ཐཱུ་ལིའི་སྤྱི་ཚོགས་ཆོས་ལུགས་ཀྱི་ཤུགས་རྐྱེན་བྱས་ཏེ། ཧིཊ་ལར་གྱིས་ཡེ་ཤུའི་ཆོས་ལུགས་ནི་རྩད་ཞིབ་ཀྱི་ཆོས་ལུགས་ཤིག་ཡིན་པ་དང་། དེའི་རྩ་བ་ནི་འཇིའུའི་བསམ་བློའི་ཁྱེར་སོའི་ཤན་ཞུགས་ཡོད་པར་ཡིད་ཆེས་བྱས་ཡོད། ཁོས་དེའི་བཟོད་གསོལ་གྱི་ཆོས་རྣམས་སྐྱོ་པོའི་རྒྱལ་ཁ་དང་། རང་གིས་རང་བློས་གཏོང་ལྟ་བུ་ནི་གསར་བརྗེའི་རྒྱབ་འགལ་ལྟ་བུར་བལྟས་ཏེ། ཁོང་རང་ཉིད་ནི་དཀོན་མཆོག་དང་མ་ཤི་ཀ་གཉིས་བརྗེ་ཚབ་བྱེད་པའི་སྟོན་པ་ (messiah) ཞིག་ལྟར་མཐོང་ཡོད་པ་རེད། ས྄་ཊེ་ནར་ (Steiner) གྱིས་མ་ཤི་ཀའི་རྒྱལ་འགལ་དང་ལུ་སི་ཧྥར་ (Lucifer) གྱི་གཟུགས་བརྙན་དེ་དག་ནི་ཡེ་ཤུའི་ཆོས་ལུགས་དེ་རྣམ་པ་ཡང་དག་པ་གསར་པ་ཞིག་ཏུ་བསྐྱར་དུ་ཡར་སྐྱེད་གཏོང་ངེས་པའི་མ་འོངས་ཆོས་ཀྱི་དབུ་ཁྲིད་ལྟ་བུར་བཀོལ་སྤྱོད་བྱས་ཡོད། ཧིཊ་ལར་དེ་ལས་ལྷག་པར་ཕྱིན་ཏེ། ཁོས་སོ་སོ་རང་ཉིད་ཉམས་རྒུད་ལམ་ལུགས་ཤིག་གི་འཛམ་གླིང་སྤོངས་ནས་ཨཱརྱན་གཙོ་བོའི་རིགས་རྒྱུད་ལ་བརྟེན་ནས་འཕེལ་རིམ་གྱི་ནང་གོམ་པ་གསར་པ་ཞིག་སྐྲུན་བྱེད་ཀྱི་ཡོད། ཁོས་ད་ལྟ་དང་མ་འོངས་པ་གང་རུང་ནང་དོ་ཟླའི་ཡེ་ཤུ་མ་ཤི་ཀའི་རྒྱབ་འགལ་བ་སུ་ཡིན་ནའང་བཟོད་སྒོམ་བྱེད་ཐུབ་ཀྱི་མེད། ཡིན་ནའང་། ཁོང་ནང་ཆོས་ལ་བཟོད་སྒོམ་ཅན་ཞིག་ཡིན་པ་རེད།
ནཱ་ཛིའི་འཇར་མི་ནི་ནང་གི་ནང་ཆོས།
ཕྱི་ལོ་ ༡༩༢༤ ལོར་པཽལ་ ད་ཧལ་ཀེ་ (Paul Dahlke) ཡིས་བྷར་ལིན་གྱི་ཧྥི་རོ་ནའུ་ལ་ (Frohnau) ནང་པ་ཚོའི་ཆེད་དུ་ཁང་པ་ (House for Buddhists) རྩ་འཛུགས་བྱས། དེ་ནི་ནང་པའི་སྲོལ་རྒྱུན་གྱི་ཚོགས་མི་ཡོད་དོ་ཅོག་ལ་སྒོ་ཕྱེས་ཡོད་ནའང་། གཙོ་བོ་ནི་གནས་བརྟན་སྡེ་པ་དང་ཉི་ཧོང་གི་ནང་པ་ཚོའི་ཆེད་དུ་ཡིན་པ་རེད། དེ་གང་ཡིན་ཞེ་ན། དེ་དག་ནི་དེའི་སྐབས་སུ་ནུབ་ཕྱོགས་སུ་གྲགས་ཆེ་ཤོས་ཡིན་པས་རེད། ཕྱི་ལོ་ ༡༩༣༣ ལོར་ཁང་པ་དེའི་ནང་ཡུ་རོབ་ཀྱི་ནང་པའི་ལྷན་ཚོགས་ཐེངས་དང་པོ་དེ་གནས་པ་རེད། ནཱ་ཛིས་ཁང་པ་དེ་ནང་པ་ཚོས་དམག་འཁྲུག་གི་སྔ་ཕྱི་བར་གསུམ་དུ་སྒོ་ཕྱེ་བཅུག་པ་རེད། ཡིན་ནའང་དམ་པོའི་སྒོ་ནས་སྟངས་འཛིན་བྱས་ཡོད། ཚོགས་མི་འགའ་ཞིག་གིས་རྒྱ་སྐད་དང་ཉི་ཧོང་གི་སྐད་ཤེས་ཀྱི་ཡོད་སྟབས། ཁོང་ཚོས་ནང་ཆོས་ལ་བཟོད་བསྲན་རག་ཕྱིར་གཞུང་ལ་སྐད་སྒྱུར་བའི་ལས་ཀ་བྱས་ཡོད།
ནཱ་ཛིའི་སྲིད་ལུགས་ཀྱིས་བྷར་ལཱིན་ལ་ཕྱི་ལོ་ ༡༩༣༦ ནས་འགྲོ་བཞིན་པའི་ནང་པའི་སྤྱི་ཚོགས་སྒོ་བརྒྱབས་པ་དང་ཕྱི་ལོ་ ༡༩༤༡ ལོར་དེ་རྩ་འཛུགས་གནང་མཁན་མར་ཊིན་ ས྄་ཊེན་ཀེ་ (Martin Steinke) དུས་ཚོད་ཐུང་ངུའི་རིང་འཛིན་བཟུང་བྱས་ནའང་། དེ་དག་གིས་ནང་པ་ཚོ་ལ་སྤྱིར་བཏང་སྡུག་སྦྱོང་བཏང་མེད། ཁོང་གློད་གྲོལ་རྗེས་སུ་ས྄་ཊེན་ཀེ་དང་གཞན་འགའ་ཞིག་གིས་བྷར་ལཱིན་ལ་མུ་མཐུད་དེ་ནང་ཆོས་སྐོར་ལ་གཏམ་བཤད་གནང་ཡོད། འོན་ཀྱང་། བོད་བརྒྱུད་ནང་བསྟན་གྱི་དགེ་བའི་བཤེས་གཉེན་རྣམས་ར་ཡེཤ་གསུམ་ (Third Reich) པའི་སྐབས་སུ་ཡོད་མེད་ཀྱི་བདེན་དཔང་གང་ཡང་མེད།
ནཱ་ཛིའི་ནང་ཆོས་ལ་བཟོད་སྒོམ་ཡོད་པའི་སྲིད་བྱུས་དེས་ནང་པའི་ཆོས་ཀྱིས་ཧིཊ་ལར་དང་ཡང་ན་ནཱ་ཛིའི་སེམས་དོན་རིག་པ་ལ་ཤུགས་རྐྱེན་སྤྲད་ཡོད་པའི་ཁུངས་སྐྱེལ་བྱེད་ཀྱི་མེད། དེ་ལས་བདེན་སྲིད་ཆེ་བའི་འགྲེལ་བརྗོད་ནི་འཇར་མི་ནི་ལ་མཚོན་ན་མནའ་འབྲེལ་གྱི་ནང་པའི་རྒྱལ་ཁབ་ཉི་ཧོང་དང་མཉམ་དུ་ཡོད་པའི་འབྲེལ་ལམ་དེ་མེད་པ་བཟོ་འདོད་མེད།
ཨཱ་ནན་ཨེ་ཡར་བྷ་ (Ahnenerbe)
ཧཽ་ཤོ་ཧྥར་གྱི་ཤུགས་རྐྱེན་འོག་ཧིཊ་ལར་གྱིས་ཕྱི་ལོ་ ༡༩༣༥ ལོར་ཧྥི་རེ་ཌེ་རིཀ་ ཧཱིལ་ས྄ཆ་ (Frederick Hielscher) ལ་ཨཱ་ནན་ཨེ་ཡར་བྷ་ (མེས་པོའི་གཅེས་ནོར་གྱི་སློབ་གཉེར་གཞུང་ལས་ཁང་) རྩ་འཛུགས་བྱ་རྒྱུའི་འགན་འཁྲི་སྤྲད་པ་དང་། དེའི་འགོ་ཁྲིད་དུ་མདའ་དཔོན་ཝུལཧྥ་རེམ་ ཝོན་ སི་ཝརྶ་ (Wolfram von Sievers) བསྐོས་པ་རེད། བྱེད་ལས་གཞན་དག་གི་ནང་ནས་ཧིཊ་ལར་གྱིས་འཇར་མི་ནིའི་རུ་ནིག་ཡི་གེ་དང་། སྭསྟི་ཀའི་ཐོག་མའི་འབྱུང་ཁུངས། དེ་བཞིན་ཨཱརྱན་རིགས་རྒྱུད་ཀྱི་འབྱུང་ཁུངས་གར་ཡོད་འཚོལ་ཞིབ་ཐད་ཞབས་ཞིབ་ཀྱི་འགན་སྤྲད་པ་རེད། བོད་ནི་ཕུགས་རེ་ཆེ་ཤོས་ཀྱི་འོས་གཞི་དེ་ཡིན་པ་རེད།
ཨེ་ལེགས་ཛེན་ཌར་ ཁོསྨ་ ཌི་ ཁོ་རོས྄་ (༡༧༨༤-༡༨༤༢) (Körösi Csoma Sandor) ནི་ཧང་གྷེ་རིའི་མཁས་དབང་ཞིག་ཡིན་པ་དང་ཁོང་ནི་ཧང་གྷེ་རིའི་མི་རིགས་ཀྱི་འབྱུང་ཁུངས་འཚོལ་རྒྱུའི་ཐད་སེམས་ཡོངས་སུ་གཏད་མཁན་ཞིག་ཡིན་པ་རེད། ཧང་གྷེ་རི་དང་ཏུར་ཀིའི་སྐད་ཡིག་དབར་གྱི་སྐད་བརྡ་རིག་པའི་སྐད་གདངས་འདྲ་མཚུངས་ཡོད་པར་གཞིར་བཞག་ཐོག་ཁོང་གིས་ཧང་གྷེ་རིའི་མི་རིགས་ཀྱི་འབྱུང་ཁུངས་ནི་ཤར་ཏུར་ཀིའམ་ཤིན་ཅང་གི་ཡུ་གུར་ས་ཆ་ཡིན་པར་ཚོར་ཡོད། གལ་ཏེ་ཁོང་ལྷ་སར་བསླེབས་ཐུབ་པ་ཞིག་བྱུང་ན། དེ་ལས་ཁོང་གིས་རང་གི་ཕ་ཡུལ་གང་དུ་ཆགས་ཡོད་པའི་ཤེས་རྟོགས་ཡོང་ངེས་ཡིན་པར་ཡིད་ཆེས་བྱས་པ་རེད།
ཧང་གྷེ་རི་ (Hungarian) དང་། ཧྥི་ནི་ཤ། (Finnish) ཏུར་ཀིའི་བཅས་ཀྱི་སྐད་ཡིག་དེ་བཞིན་སོག་པོ་དང་མན་ཇུ་བཅས་ནི་ཨུ་རལ་ ཨལ་ཏའི་ (Ural-Altaic) སྐད་རིགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། དེ་དག་ལ་ཏུ་རེ་ནིའི་ (Turanian) རིགས་ཀྱང་གྲགས་ཤིང་། དེ་ནི་པར་སིག་གི་ཚིག་ཏུ་རན་ (Turan) ཟེར་བ་དེ་ཏུར་ཀིསྟཱན་ལ་གོ་བ་ལས་མིང་དེ་ལྟར་ཐོགས་པ་རེད། ཕྱི་ལོ་ ༡༩༠༩ ནས་བཟུང་སྟེ་ཏུར་ཀིའི་མི་རྣམས་ལ་ཏུ་ར་ནིའི་རྒྱལ་ཡོངས་ཀྱི་ལས་འགུལ་ཞིག་བྱུང་ཞིང་། དེ་ནི་ཏུར་ཀི་གཞོན་སྐྱེས་ཞེས་སུ་གྲགས་པའི་སྤྱི་ཚོགས་ཤིག་གིས་དཔུང་སྣེ་ཁྲིད་པ་རེད། དེ་ནས་མི་རིང་བར་ཕྱི་ལོ་ ༡༩༡༠ ལོར་ཧང་གྷེ་རིའི་ཏུ་རེ་ནིའི་སྤྱི་ཚོགས་ཀྱིས་རྗེས་སུ་བྱུང་བ་དང་ཧང་གྷེ་རིའི་ཏུ་རེ་ནིའི་མནའ་འབྲེལ་དེ་ཕྱི་ལོ་ ༡༩༢༠ ལོར་བྱུང་། མཁས་པ་འགའ་ཞིག་གིས་ཉི་ཧོང་དང་ཀོ་རི་ཡའི་སྐད་ཡིག་རྣམས་ཀྱང་ཏུ་རེ་ནིའི་རིགས་སུ་གཏོགས་པར་འདོད་ཀྱི་ཡོད། དེར་བརྟེན་ཏུ་རེ་ནིའི་རྒྱལ་ནང་གི་མནའ་འབྲེལ་དེ་ཕྱི་ལོ་ ༡༩༢༡ ལོར་ཉི་ཧོང་དུ་རྩ་འཛུགས་བྱས་པ་དང་ཕྱི་ལོ་ ༡༩༣༠ ལོའི་འགོ་སྟོད་ཙམ་ལ་ཉི་ཧོང་ཏུ་རེ་ནིའི་སྤྱི་ཚོགས་ (Japanese Turanian Society) དེ་རྩ་འཛུགས་བྱས་པ་རེད། ཧཽ་ཤོ་ཧྥར་གྱིས་ལས་འགུལ་དེ་དག་གི་སྐོར་ལ་ཤེས་རྟོགས་ཡོད་ཤག་རེད་ལ། དེ་ལ་བརྟེན་ནས་ཏུ་རེ་ནིའི་རིགས་རྒྱུད་ཀྱི་འབྱུང་ཁུངས་དེ་དབུས་ཨེ་ཤི་ཡའི་ནང་བཙལ་ཡོད། དེ་ནི་ཐཱུ་ལིའི་སྤྱི་ཚོགས་ཀྱིས་ཨཱརྱན་རིགས་རྒྱུད་ཀྱི་འབྱུང་ཁུངས་ཀྱང་དེར་འཚོལ་ཞིབ་བྱེད་པ་དང་ལེགས་པར་རན་འཚམས་ཆགས་ཀྱི་ཡོད། ཁོང་བོད་ཀྱི་རིག་གཞུང་ཐད་དོ་དབྱིངས་ཡོད་པ་དེས་ཨཱརྱན་དང་ཏུ་རེ་ནིའི་རིགས་རྒྱུད་ཀྱི་ཐུན་མོང་གི་འབྱུང་ཁུངས་ཤིག་འཚོལ་བའི་ཐབས་གཙོ་བོ་ལྟ་བུ་དེ་བོད་དེ་འོས་གཞིའི་གནས་བབས་ཆགས་པར་གལ་གནད་ཀྱི་མཐོང་བྱིན་ཡོད་པ་དང་དེའི་ཆོས་ཀྱི་དབུ་ཁྲིད་ཚོར་ཡོད་པའི་ཝི་རིལ་གྱི་ནུས་ཤུགས་ཐོབ་པའི་ཆེད་དུ་ཡིན་པ་རེད།
ཧཽ་ཤོ་ཧྥར་ནི་ཨཱ་ནན་ཨེ་ཡར་བྷའི་བོད་ལ་དོ་དབྱིངས་དང་སྤྲོ་བ་ཡོད་པའི་ཐད་ཤུགས་རྐྱེན་སྤྲོད་མཁན་གཅིག་པུ་དེ་མིན། ཧཱིལ་ས྄ཆ་ (Hielscher) ནི་ས྄ཝེན་ ཧེ་ཌིན་ (Sven Hedin) གྱི་གྲོགས་པོ་ཞིག་ཡིན་པ་རེད། ཧེ་ཌིན་ནི་ས྄ཝེ་ཌི་ཤའི་ (Swedish) མྱུལ་ཞིབ་པ་ཞིག་ཡིན་པ་དང་ཁོས་ཕྱི་ལོ་ ༡༨༩༣ དང་དེ་ནས་ཕྱི་ལོ་ ༡༨༩༩ ནས་ ༡༩༠༢ བར་དང་། དེ་བཞིན་ཕྱི་ལོ་ ༡༩༠༥ ནས་ ༡༩༠༨ བར་དུ་བོད་ལ་རྟོག་ཞིབ་སྐོར་སྐྱོད་སྣེ་ཁྲིད་བྱས་ཤིང་། ཕྱི་ལོ་ ༡༩༢༧ ནས་ ༡༩༣༠ བར་སོག་ཡུལ་དུ་རྟོག་ཞིབ་སྐོར་སྐྱོད་བྱས་ཡོད་པ་རེད། ནཱ་ཛིའི་དགའ་མོས་ཆེ་ཤོས་ཧིཊ་ལར་གྱིས་ཁོང་ཕྱི་ལོ་ ༡༩༣༦ ལོར་བྷར་ལཱིན་ཨོ་ལམ་པིག་རྩེད་འགྲན་ལ་དབུ་འབྱེད་གསུང་བཤད་ཆེད་དུ་མགྲོན་འབོད་བྱས། ཧེ་ཌིན་ས྄ཝི་ཌེན་ལ་ནཱ་ཛིའི་ཉེ་ཕྱོགས་ཀྱི་པར་སྐྲུན་བྱེད་སྒོ་ཁག་ལ་ཞུགས་པ་དང་། ཕྱི་ལོ་ ༡༩༣༩ དང་ཕྱི་ལོ་ ༡༩༤༣ བར་ལ་འཇར་མི་ནིར་ཕྱི་འབྲེལ་ཆེད་གཉེར་མི་སྣ་མང་དག་ཅིག་བསྐྲུན་ཡོད།
ཕྱི་ལོ་ ༡༩༣༧ ལོར་ཧིམ་ལར་ (Himmler) གྱིས་ཨཱ་ནན་ཨེ་ཡར་བྷ་དེ་སྲུང་སྐྱོབ་ཚན་ཁག་ (SS. Germ. Schutzstaffel, Protection Squad) དང་མཉམ་སྦྲེལ་གྱི་གཞུང་འབྲེལ་གྱི་ཚོགས་སྡེ་ཞིག་བཟོས་ཏེ། མུ་ནིག་ལ་ཡོད་པའི་ལུཌ་ཝིག་ མེཀྶི་མི་ལི་ཡན་སློབ་ཆེན་ (Ludwig-Maximilians University) གྱི་ལེགས་སྦྱར་སྡེ་ཚན་གྱི་ཚོགས་གཙོ་སློབ་དཔོན་ཆེན་མོ་ཝལ་ཐར་ ཝས྄ཊ་ (Walther Wüst) ལགས་དེའི་དབུ་འཛིན་གསར་པར་བསྐོ་བཞག་བྱས། ཨཱ་ནན་ཨེ་ཡར་བྷ་ལ་བོད་ཀྱི་སློབ་གཉེར་ཁང་ (Tibet Institute) ཞིག་ཡོད་པ་དང་དེ་ལ་ཕྱི་ལོ་ ༡༩༤༣ ལོར་ནང་ཨེ་ཤི་ཡ་དང་རྟོག་ཞིབ་སྐོར་སྐྱོད་ཀྱི་ས྄ཝེན་ ཧེ་ཌིན་སློབ་གཉེར་ཁང་ (Sven Hedin Institute for Inner Asia and Expeditions) ཞེས་བསྐྱར་དུ་མིང་བཏགས་པ་རེད།
བོད་དུ་ནཱ་ཛིའི་རྟོག་ཞིབ་སྐོར་སྐྱོད།
ཨེརྣས྄ཊ་ ཤ་ཧྥར་ (Ernst Schäfer) ཟེར་བ་འཇར་མི་ནིའི་རྔོན་པ་ཞིག་དང་སྐྱེ་དངོས་ཚན་རིག་པ་ཞིག་ཡིན་པ་དེ་བོད་དུ་རྟོག་ཞིབ་སྐོར་སྐྱོད་གཉིས་ཀྱི་ནང་མཉམ་བཞུགས་བྱས་ཡོད། གཅིག་ནི་ཕྱི་ལོ་ ༡༩༣༡ ནས ༡༩༣༢ བར་དང་གཞན་དེ་ཕྱི་ལོ་ ༡༩༣༤ ནས་ ༡༩༣༦ བར་རེད། དེ་ཡང་ཁོང་རྩེད་རིགས་དང་སྲོག་ཆགས་རིག་པའི་སྐོར་གྱི་ཉམས་ཞིབ་ཆེད་དུ་ཕྱིན་ཡོད། ཨཱ་ནན་ཨེ་ཡར་བྷ་ཡིས་ཁོང་ལ་རྟོག་ཞིབ་སྐོར་སྐྱོད་གསུམ་པ་ཞིག་གི་སྣེ་འཁྲིད་བྱེད་པར་སྦྱིན་བདག་བྱས། དེ་ནི་ཕྱི་ལོ་ ༡༩༣༨ ནས་ ༡༩༣༩ བར་ཡིན་པ་དང་དེ་ནི་བོད་གཞུང་ནས་གཞུང་འབྲེལ་གྱི་གདན་ཞུའི་ངོར་བསྐྱོད་པ་ཞིག་རེད། སྐོར་སྐྱོད་དེ་ནི་བོད་དེ་ཉི་ཧོང་དང་འབྲེལ་བ་བསྐྱར་གསོའི་སྐབས་དང་འཁེལ་བ་རེད། གདན་ཞུ་དེའི་འབྱུང་སྲིད་པའི་འགྲེལ་བརྗོད་ནི་བོད་གཞུང་ནི་ཨིན་ཡུལ་དང་རྒྱ་ནག་གི་ཁ་གཏད་དུ་ཆ་སྙོམས་ཀྱི་ཚུལ་དུ་ཉི་ཧོང་དང་ཁོང་ཚོའི་འཇར་མིན་གྱི་མནའ་འབྲེལ་མཉམ་དུ་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་ལམ་ནང་གནས་འདོད་ཡོད་པ་དེ་རེད། དེར་བརྟེན་ཕྱི་ལོ་ ༡༩༣༩ ལོའི་བོད་ཀྱི་ལོ་གསར་དུས་སྟོན་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་གཞུང་ནས་འཇར་མི་ནིའི་རྟོག་ཞིབ་སྐོར་སྐྱོད་ལ་ཕེབས་བསུ་ཞུས་པ་རེད།
སང་རས་ཁ་བཏགས་དཀར་པོའི་དུས་སྟོན། བོད་ནས་ལྷ་ས་བརྒྱུད་ཉབས་ཞིབ་རྟོག་ཞིབ་སྐོར་སྐྱོད། ལྷ་ཡུལ་གྱི་གྲོང་ཁྱེར་རྩ་ཆེན་ (༡༩༥༠) ཞེས་པའི་ནང་། ཨེརྣས྄ཊ་ ཤ་ཧྥར་ (Ernst Schäfer) གྱིས་རྟོག་ཞིབ་སྐོར་སྐྱོད་སྐབས་ཀྱི་ཁོང་གི་ཉམས་མྱོང་རྣམས་འགྲེལ་བརྗོད་བྱས་ཡོད། ཁོང་གིས་དུས་སྟོན་དེ་དག་གི་སྐབས་སུ་གནས་ཆུང་སྐུ་རྟེན་གྱི་ལུང་དུ་འཇར་མི་ནིའི་མི་རྣམས་ཀྱིས་ལེགས་སྐྱེས་ཡག་པོ་ཁྱེར་བ་དང་ཚིག་འཇམ་པོ་བཤད་ནའང་། བོད་འདི་གཟབ་གཟབ་བྱེད་དགོས་ཀྱི་འདུག འཇར་མི་ནིའི་འགོ་ཁྲིད་ནི་འབྲུག་དང་འདྲ་བ་རེད་ཅེས་ཉེན་བརྡ་བཏང་ཡོད། ཉི་ཧོང་ལ་རྒྱབ་གཉེར་བྱེད་མཁན་བོད་ཀྱི་དམག་དཔོན་གོང་མ་ཚ་རོང་ཟེར་བ་དེས་ལུང་བསྟན་དེ་ལྷོད་ཡངས་དང་ལས་སླ་ཆོས་སུ་བཟོ་ཐབས་བྱས། ཁོས་སྡེ་སྲིད་ཀྱིས་གནས་ཆུང་སྐུ་རྟེན་ལས་མང་བ་ཐོས་ཡོད་ནའང་། ཁོང་ཉིད་ནས་ཞིབ་ཕྲ་རྣམས་གསང་བ་སྒྲོག་རྒྱུའི་བཀའ་འཁྲོལ་མེད་ཅེས་བརྗོད་པ་རེད། སྡེ་སྲིད་ཀྱིས་ཨིན་ཡུལ་དང་འཇར་མི་ནིའི་དབར་དམག་འཁྲུག་མི་ཡོང་བའི་སྨོན་ལམ་ཉིན་ལྟར་འདེབས་ཀྱི་ཡོད། གང་ཡིན་ཞེ་ན། དེའི་རྐྱེན་གྱིས་བོད་ལའང་རྗེས་འབྲས་ངན་པ་ཞིག་ཡོང་ངེས་ཡིན་པས་རེད། རྒྱལ་ཁབ་གཉིས་ཀའི་ངོས་ནས་མི་བཟང་པོ་ཡོད་དོ་ཅོག་གིས་སྨོན་ལམ་གཅིག་མཚུངས་སུ་འདེབས་དགོས་པ་དེ་རྟོགས་དགོས་ཀྱི་ཡོད། དེའི་རྗེས་ནས་ཁོང་ལྷ་སར་བཞུགས་པའི་རིང་ཤ་ཧྥར་ (Schäfer) སྡེ་སྲིད་མཉམ་དུ་ཡང་སེ་མཇལ་འཕྲད་དང་བཅས་ཕན་ཚུན་མཛའ་འབྲེལ་ཡག་པོ་བཟོས་པ་རེད།
འཇར་མི་ནིའི་མི་རྣམས་ནི་བོད་དང་མཉམ་དུ་མཛའ་མཐུན་གྱི་འབྲེལ་བ་བྱེད་འདོད་ཤུགས་ཆེན་ཡོད་མཁན་ཞིག་རེད། འོན་ཀྱང་། ཁོང་ཚོའི་གྲོས་གཞི་ནི་བོད་མི་ཚོ་དང་ཏོག་ཙམ་མི་འདྲ་བ་ཡོད། ཤ་ཧྥར་ (Schäfer) རྟོག་ཞིབ་སྐོར་སྐྱོད་ཀྱི་ཚོགས་མིའི་ནང་གི་གཅིག་ནི་མི་རིགས་རིག་པ་བ་བྷྲུ་ནོ་ བྷེ་གར་ (Bruno Beger) ཡིན་པ་དང་ཁོང་ལ་རིགས་རུས་ཐོག་ཉམས་ཞིབ་བྱ་རྒྱུར་འགན་འཁྲི་ཡོད་པ་རེད། གྷུན་ཐར་ (H. F. K. Günther) དང་མཉམ་དུ་ཨེ་ཤི་ཡའི་རྒྱ་གར་དང་འཇར་མི་ནིའི་མི་རིགས་ཁྲོད་ཀྱི་བྱང་གི་རིགས་རྒྱུད་ (The Northern Race among the Indo-Germans of Asia) སྐོར་ལ་ལས་ཀ་བྱས་ཏེ། བྷེ་གར་གྱིས་དབུས་ཨེ་ཤི་ཡ་དང་བོད་ནང་བྱང་གི་རིགས་རྒྱུད་ཅེས་པའི་གྷུན་ཐར་གྱི་བསམ་བློའི་རྣམ་གཞག་ལ་མོས་མཐུན་བྱས་པ་རེད། ཕྱི་ལོ་ ༡༩༣༧ ལོར་ཁོང་གིས་བོད་ཤར་ཕྱོགས་སུ་ཉམས་ཞིབ་ཀྱི་ལས་གཞི་ཞིག་གྲོས་འཆར་བཏོན་པ་དང་ཤ་ཧྥར་ (Schäfer) གྱི་རྟོག་ཞིབ་སྐོར་སྐྱོད་ལ་བརྟེན་ནས་བོད་མི་རྣམས་ཀྱི་རིགས་རུས་ཀྱི་ཁྱད་ཆོས་ཁག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྟག་ཞིབ་བྱ་རྒྱུའི་འཆར་གཞི་སྒྲིག་བཀོད་བྱས། བོད་དང་འབྲས་ལྗོངས་ལམ་བར་དུ་གྷེ་གར་གྱིས་བོད་མི་དང་འབྲས་ལྗོངས་ཀྱི་མི་སུམ་བརྒྱའི་ཀླད་རུས་སམ་ཐོད་པ་ལ་ཚད་འཇལ་ནས་དེ་དག་གི་ལུས་ཀྱི་ཁྱད་ཆོས་དང་རྟགས་མཚན་གཞན་དག་འགའ་ཞིག་ལ་བརྟག་དཔྱད་བྱས་པ་རེད། སོག་པོ་དང་ཡུ་རོབ་ཀྱི་རིགས་རྒྱུད་དབར་ལ་བར་མིའི་གོ་གནས་ཤིག་ཟིན་ཡོད་ཅེས་ཁོང་གིས་མཇུག་སྡོམ་རྒྱག་ཡོད། དེ་དང་ཆབས་ཅིག་ཡུ་རོབ་ཀྱི་རིགས་རྒྱུད་ཆ་ལག་གིས་མངོན་གསལ་དོད་པོའི་སྒོ་ནས་སྐུ་དྲག་གི་ཁྲོད་དུ་སྟོན་བཞིན་ཡོད།
རི་ཆཱརྜ་ གྷི་རིཧྥ་ (Richard Greve) ལྟར་བྱས་ན། ཨེས྄་ཨེས྄་ཨཱ་ནན་ཨེ་ཡར་བྷའི་ནང་བོད་ཀྱི་ཉམས་ཞིབ་ (Tibetan Research in the SS-Ahnenerbe) ཅེས་པ་ཊཱི་ ཧཽས྄་ཆཡེལ་ཌི་ (T. Hauschild (ed.) ཞེས་མི་ཚེ་དང་ཕྱི་མིར་སྡང་འཛིན་ལ་ཆགས་སེམས། (Passion for Life and Xenophobia – Ethnology in the Third Reich) ར་ཡེཤ་གསུམ་ (Third Reich) པའི་ནང་གི་མི་རིགས་རྩད་ཞིབ་རིག་པར་ (༡༩༩༥) པར་སྐྲུན་བྱས། བྷེ་གར་གྱིས་ར་ཡེཤ་གསུམ་ (Third Reich) པའི་རྒྱལ་ཁ་མཐའ་མའི་རྗེས་སུ་བོད་མི་ཚོས་ལས་འགན་གལ་ཆེན་ཞིག་བསྒྲུབས་ཐུབ་པའི་སློབ་སྟོན་བྱས་ཡོད། ཁོང་ཚོས་འཇར་མི་ནི་དང་ཉི་ཧོང་གི་སྲུང་སྐྱོབ་འོག་སོག་པོ་རྒྱལ་ཡོངས་མཐུན་ཕྱོགས་གཅིག་སྒྲིལ་གྱི་ནང་དུ་མནའ་འབྲེལ་རིགས་རུས་ཀྱི་བྱ་བ་བྱེད་ཐུབ། ད་དུང་བྷེ་གར་གྱིས་བོད་མི་ཚང་མར་ཚད་འཇལ་བའི་མུ་མཐུད་ཉམས་ཞིབ་བྱེད་དགོས་པའི་སློབ་སྟོན་བྱས་ཡོད། དེ་ནས་བོད་དུ་རྟོག་ཞིབ་སྐོར་སྐྱོད་གཞན་བྱུང་མེད།
བོད་དུ་ཡིན་ཤག་གི་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་རྟོག་ཞིབ་སྐོར་སྐྱོད།
ལས་ཀྱི་བསྐོས་ཐང་གི་མདུང་ (The Spear of Destiny) (༡༩༧༣) ནང་གི་ཊྲེ་ཝོར་ རེ་ཝེནས྄་ཁྲོཧྥ་ཊ་ (Trevor Ravenscroft) ལྟ་བུ་ནཱ་ཛིའི་རིང་ལུགས་དང་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་སྐོར་ལ་དམག་འཁྲུག་རྗེས་ཀྱི་སློབ་སྦྱོང་འགའ་ཞིག་གིས་ཧཽ་ཤོ་ཧྥར་དང་ཐཱུ་ལིའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་འོག་འཇར་མི་ནིས་ཕྱི་ལོ་ ༡༩༢༦ ནས་ ༡༩༤༣ བར་དུ་ལོ་རེར་བོད་དུ་རྟོག་ཞིབ་སྐོར་སྐྱོད་བཏང་ཡོད་ཚུལ་བཤད་ཡོད། དེ་དག་གི་དམིགས་འདུན་ནི་ཧི་མ་ལ་ཡའི་ས་འོག་ཏུ་སྦས་པའི་གྲོང་ཁྱེར་ཤམ་བྷ་ལ་དང་ཨ་གྷར་ཏིའི་ནང་གི་ཨཱརྱན་མེས་པོ་ཚོ་ཐོག་མར་འཚོལ་རྒྱུ་དང་དེ་ནས་དེ་དག་དང་མཉམ་དུ་འབྲེལ་བ་རྒྱུན་སྐྱོང་རྒྱུ་དེ་ཡིན་པ་རེད། དེར་ཡོད་པའི་མཁས་དབང་ཚོ་ནི་གསང་བའི་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་ནུས་མཐུའི་སྲུང་བ་པོ་ཡིན་པ་དང་དམིགས་བསལ་ཝི་རིལ་གྱི་སྲུང་བ་པོ་ཡིན་པ་རེད། ཆེད་གཉེར་མི་སྣས་ཨཱ་རྱན་གྱི་རིགས་གཙོ་བོ་སྐྲུན་པའི་ཆེད་ནུས་མཐུ་དེ་དག་སྟངས་འཛིན་བྱེད་པའི་ནང་རོགས་བཙལ་ཡོད། ལོ་རྒྱུས་དེ་དག་ལ་གཞི་བྱས་ན། ཤམ་བྷ་ལས་རོགས་སྐྱོང་གང་ཡང་ངོས་ལེན་བྱས་མེད་ཀྱང་། ཨ་གྷར་ཏིས་མོས་མཐུན་བྱས་པ་རེད། དེའི་རྗེས་ཀྱི་ཕྱི་ལོ་ ༡༩༢༩ ལོ་ནས་བོད་མི་སྡེ་ཁག་ཅིག་ཡིན་ཤག་གི་ཐོག་ནས་འཇར་མི་ནིར་འབྱོར་བ་དང་མི་ལྗང་གི་སྤྱི་ཚོགས་ཞེས་སུ་གྲགས་པའི་གནས་ཁང་རྣམས་འགོ་འཛུགས་བྱས་པ་རེད། དེ་ནི་ཉི་ཧོང་གི་འབྲུག་ལྗང་གི་སྤྱི་ཚོགས་དང་འབྲེལ་བ་དང་ཧཽ་ཤོ་ཧྥར་གྱི་བར་མི་བརྒྱུད་ཁོང་ཚོས་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་ནུས་མཐུ་ལ་བརྟེན་ནས་ནཱ་ཛིའི་རྩ་དོན་ལ་རོགས་སྐྱོར་བྱས་ཡོད་པ་ལྟར་སྣང་། ཧིམ་ལར་ནི་བོད་མི་དང་ཨ་གྷར་ཏིའི་མཁས་པ་སྡེ་ཁག་ལ་ཡིད་དབང་འཕྲོག་སྟེ། དེ་ལྟར་ཡིན་ཤག་གི་ཐོག་ནས་ཁོང་ཚོའི་ཤུགས་རྐྱེན་དང་བཅས་ཕྱི་ལོ་ ༡༩༣༥ ལོར་ཨཱ་ནན་ཨེ་ཡར་བྷ་རྩ་འཛུགས་བྱས།
ཧིམ་ལར་གྱིས་ཨཱ་ནན་ཨེ་ཡར་བྷ་རྩ་འཛུགས་མ་བྱས་པའི་བདེན་དོན་ལས་ལོགས་སུ་དེ་ཕྱི་ལོ་ ༡༩༣༧ ལོར་ཨེས྄་ཨེས྄་ (SS) ཁོངས་སུ་བཅུག་པ་དང་རེ་ཝེནས྄་ཁྲོཧྥ་ཊ་ (Ravenscroft) ཡི་ལོ་རྒྱུས་ཡིག་ཆའི་ནང་བཤད་ཚུལ་དྭོགས་གཞི་ཅན་གཞན་ཡོད་པ་རེད། གཙོ་བོ་ནི་ནཱ་ཛིའི་རྩ་དོན་གྱི་ཡིན་ཤག་ཐོག་གི་ཨ་གྷར་ཏིའི་རྒྱབ་སྐྱོར་དེ་ཡིན་པ་རེད། ཕྱི་ལོ་ ༡༩༢༢ ལོར་པཽ་ལནྜའི་ཚན་རིག་པ་ཧྥེར་ཌི་ནནྜ་ ཨོ་སེན་ཌཽསྐི་ (Ferdinand Ossendowski) ཞེས་པ་དེས་དུད་འགྲོ་དང་། མི། ལྷ་ (Beasts, Men, and Gods) ཞེས་པ་དེ་པར་སྐུན་བྱས་པ་དང་། དེའི་ནང་ཁོང་སོག་ཡུལ་བརྒྱུད་ནས་འགྲིམ་འགྲུལ་བྱས་པའི་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད། དེའི་ནང་ཁོང་གིས་གྷོ་བྷི་བྱེ་ཐང་གི་འོག་ཏུ་ཨ་གྷར་ཏིའི་སྦས་པའི་ས་ཆ་དེ་ཡོད་པ་ཐོས་པའི་སྐོར་བཤད་ཡོད། མ་འོངས་པར་དེར་བཅའ་སྡོད་བྱེད་མཁན་ནུས་སྟོབས་ཅན་རྣམས་ས་ངོས་སུ་བསླེབས་ནས་འཛམ་གླིང་འདི་རྐྱེན་ངན་ལས་བསྐྱབ་ངེས་རེད། ཨོ་སེན་ཌཽསྐིའི་དཔེ་དེབ་ (Tiere, Menschen und Götter) ཟེར་བ་དེ་ཕྱི་ལོ་ ༡༩༢༣ ལོར་འཇར་མི་ནིའི་སྐད་དུ་བསྒྱུར་ནས་པར་སྐྲུན་བྱས་ཤིང་། གང་འཚམས་ཀྱི་སྐད་གྲགས་ཆེན་པོར་གྱུར་བ་རེད། ཡིན་ནའང་། ས྄ཝེན་ ཧེ་ཌིན་ (Sven Hedin) ནི་ཕྱི་ལོ་ ༡༩༢༥ ལོར་ཨ་སེན་ཌཽསྐི་དང་བདེན་པ་ (Ossendowski and the Truth) ཞེས་པར་སྐྲུན་བྱས། དེའི་ནང་ཁོས་པཽ་ལནྜའི་ཚན་རིག་པའི་འགྲེལ་བརྗོད་ལ་ཐེར་འདོན་བྱས་པ་རེད། ཁོ་རང་གི་ལོ་རྒྱུས་དེ་འཇར་མི་ནིའི་མང་ཚོགས་ལ་ཡིད་དབང་འཕྲོག་ནུས་ཆེ་བ་བཟོ་ཕྱིར། ཁོས་ཨོ་སེན་ཌཽ་སྐི་ཡིས་ཨ་གྷར་ཏིའི་བསམ་བློ་དེ་ཕྱི་ལོ་ ༡༨༨༦ ལོར་བདག་ཉིད་ཆེན་པོ་ཝེས྄་ ཌི་ཨལ་ཝེ་ཌྲེའི་བརྩམས་སྒྲུང་ཡུ་རོབ་ནང་གི་རྒྱ་གར་གྱི་ཆེད་གཉེར་མི་སྣ་ཞེས་པ་ལས་བརྐུས་པ་རེད། ཧེ་ཌིན་ལ་ཆ་བཞག་ན། ཨཱ་ནན་ཨེ་ཡར་བྷ་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་པ་སོང་ཙང་། གཞུང་ལས་ཁང་འདིས་དམིགས་བསལ་ཤམ་བྷ་ལ་དང་ཨ་གྷར་ཏི་འཚོལ་བའི་ཕྱིར་རྟོག་ཞིབ་སྐོར་སྐྱོད་བཏང་ཡོད་པའི་བཟོ་འདྲ་ཞིག་མི་འདུག དེའི་རྗེས་ཐོགས་སུ་ཕྱི་མ་ནས་རོགས་སྐྱོར་རག་ཡོད་ངེས་རེད།།