ལོ་རྒྱུས་སུ་གྲགས་པའི་སངས་རྒྱས་ཀྱི་སྐུ་ཚེའི་མཛད་རྣམ་ནི་གནའ་བོའི་ནང་པའི་གཞུང་ནང་བང་རིམ་མི་འདྲ་བ་ཁ་ཤས་ཤིག་བྱུང་ཡོད་པ་མཇལ་རྒྱུ་ཡོད། ཆེས་སྔ་ཤོས་ཀྱི་པར་མ་ནི་གཞུང་གཅིག་ཁོ་ནར་གསལ་བ་མིན་པར། པཱ་ལིའི་མདོ་དང་གནས་བརྟན་སྨྲ་བའི་ (Theravada) སྲོལ་རྒྱུན་གྱི་འདུལ་བའི་གཞུང་གི་ནང་དོན་རྣམས་སྒྲིག་སྦྱོར་དང་བསྡུ་འགོད་ཐོག་ཕྱོགས་གཅིག་ཏུ་ཐོ་འགོད་བྱས་ཡོད་པ་ལས་རྟོགས་ཐུབ། ཕྱིས་སུ་དགེ་འདུན་ཕལ་ཆེན་པའི་ལུགས་དང་། ཐམས་ཅད་ཡོད་པར་སྨྲ་བའི་ལུགས། ཐེག་པ་ཆེན་པོའི་ལུགས་བཅས་ཀྱི་གཞུང་ནང་གནའ་བོའི་གཞུང་དེ་དག་ལས་རགས་ཙམ་ཐོན་པ་ཁག་ལ་མཛེས་རྒྱན་ཁ་སྣོན་སྤྲས་ཏེ། མཚམས་རེ་མི་ལས་ཆེས་ཁྱད་དུ་འཕགས་པའི་ཁྱད་ཆོས་མང་པོ་ཞིག་དྲངས་ཡོད། འོན་ཀྱང་ཐོག་མར་པཱ་ལིའི་གཞུང་ནང་གསལ་བའི་རྣམ་ཐར་གྱིས་སངས་རྒྱས་སྐུ་ཉིད་དང་གང་གི་རྗེས་འཇུག་དགེ་འདུན་གྱི་སྡེ་རྣམས་དཀའ་སྡུག་དང་ཉེན་སྲུང་མེད་པའི་དུས་ཀྱི་ནང་གནས་ཡོད་པ་དང་། དཀའ་ངལ་དང་གདོང་ལེན་མང་པོ་དང་ལྡན་པའི་སྤྱིར་བཏང་མིའི་ངོ་བོར་འཚོ་གནས་མཛད་པ་གསལ་སྟོན་བྱེད་ཀྱི་ཡོད། འདིར་ང་ཚོས་ “ཆད་མཐའ་སྨྲ་བའི་ནང་པ་ཞིག་གི་བཤགས་པ་” ཞེས་སྐུ་ཞབས་སི་ཊཱི་ཧྥེན་བྷེ་ཆི་ལར་ (Stephen Batchelor) གྱིས་བྲིས་པའི་ཚད་ལྡན་ཉམས་ཞིབ་ཀྱི་རྩོམ་ཡིག་ཐོག་གཞི་བཞག་སྟེ། སངས་རྒྱས་ཀྱི་རྣམ་ཐར་གྱི་པར་གཞི་ཆེས་ཐོག་མ་དེའི་སྙིང་དོན་ས་བཅད་དུ་འགོད་རྒྱུ་དང་། མིང་ཚང་མ་པཱ་ལིའི་སྐད་དུ་འགོད་རྒྱུ་ཡིན།
སངས་རྒྱས་ནི་ཡེ་ཤུའི་དུས་རབས་སྔོན་ལོ་ ༥༦༦ ལོར་ལུམ་བི་ནིའི་སྐྱེད་མོས་ཚལ་དུ་སྐུ་བལྟམས་ཤིང་། ད་ལྟའི་ཆར་བལ་ཡུལ་གྱི་ལྷོ་མཚམས་སུ་ཡིན། ལུམ་བིའི་ཚལ་ནི་ས་ཀི་ཡའམ་ཤཱཀྱའི་རྒྱལ་ས་གྲོང་ཁྱེར་སེར་སྐྱའི་གནས་ལས་མི་རིང་བའི་སར་ཆགས། མ་གཞི་སངས་རྒྱས་སྐུ་ན་གཞོན་དུས་ཀྱི་མཚན་ལ་གཞོན་ནུ་དོན་གྲུབ་ཅེས་པ་པཱ་ལི་གཞུང་ནང་མི་ཐོན་ཀྱང་། སྟབས་བདེ་བའི་ཆེད་དུ་ང་ཚོས་འདིར་བེད་སྤྱོད་བྱ་རྒྱུ་ཡིན། གོའུ་ཏ་མ་ནི་སངས་རྒྱས་ཀྱི་མཚན་གཞན་ཞིག་རེད། དོན་དངོས་སུ་མཚན་དེ་ནི་ཁོང་གི་རིགས་རྒྱུད་ཀྱི་མིང་ཡིན།
ཕྱིས་ཀྱི་ནང་པའི་གཞུང་ནང་འགྲེལ་བརྗོད་བྱས་པར་གཞིགས་ན། སྲས་གཞོན་ནུ་དོན་གྲུབ་ཀྱི་ཡབ་ཟས་གཙང་མ་ནི་རྒྱལ་པོ་ཞིག་མིན་པར། གོའུ་ཏ་མའི་རིགས་རྒྱུད་ཀྱི་སྐུ་དྲག་ཅིག་ཡིན་ཅིང་། ཕལ་ཆེར་ས་ཀི་ཡའམ་ཤཱཀྱའི་ཡུལ་གྱི་སྲིད་སྐྱོང་ཞིག་གནང་ཡོད་བཟོ་འདུག །པཱ་ལིའི་གཞུང་ནང་གཞོན་ནུ་དོན་གྲུབ་ཀྱི་ཡུམ་གྱི་མཚན་གསལ་མེད། འོན་ཀྱང་ཕྱིས་སུ་ལེགས་སྦྱར་གྱི་ཁུངས་ནང་ཡུམ་གྱི་མཚན་ལ་ལྷ་མོ་སྒྱུ་འཕྲུལ་མ་ཞེས་ངོས་འཛིན་གནང་ཡོད། སྲས་གཞོན་ནུ་དོན་གྲུབ་སྐུ་བལྟམས་ནས་མི་རིང་བར་ཡུམ་མྱ་ངན་ལས་འདས་སྟབས། ཡུམ་གྱི་གཅེན་མོ་དང་གཞོན་ནུ་དོན་གྲུབ་ཀྱི་ཨ་ནེ་སྐྱེ་དགུའི་བདག་མོ་ཆེན་མོས་གསོ་སྐྱོང་གནང་། སྐབས་དེའི་ལུགས་སྲོལ་ལྟར་ཡབ་ཆེན་གྱིས་སྐྱེ་དགུའི་བདག་མོ་བཙུན་མོར་བཞེས།
ས་ཀི་ཡའམ་ཤཱཀྱའི་གནས་ནི་གནའ་སྔ་མོའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པ་རེད། འོན་ཀྱང་སྲས་གཞོན་ནུ་དོན་གྲུབ་སྐུ་འཁྲུངས་པའི་ཚེ། ས་གནས་དེ་སྟོབས་འབྱོར་མངའ་ཐང་ཆེ་བའི་ཀོ་ས་ལ་རྒྱལ་པོའི་ཁབ་ཀྱི་ཆ་ཤས་ཤིག་ཡིན། ཀོ་ས་ལ་ནི་དེང་སང་བི་ཧཱར་མངའ་སྡེའི་ཆུ་མོ་གངྒའི་བྱང་ཕྱོགས་ནས་ཧི་མཱ་ལ་ཡའི་རི་འདབས་བར་ཁྱབ་ཡོད། དེའི་རྒྱལ་ས་ནི་ས་ཝ་ཐིའམ་གཉན་ཡོད་རེད།
སངས་རྒྱས་ཀྱི་སྐུ་འཚོ་བཞུགས་སྐབས་ཀྱི་ས་གནས་ཆེ་ཁག་གི་འགྲེལ་བཤད་མདོར་བསྡུས་ཤིག་བྱུང་ན་གང་གི་རྣམ་པར་ཐར་པའི་རྗེས་སུ་འཇུག་རྒྱུ་ལས་སླ་རུ་འགྲོ་ངེས་པས། འདིར་རོབ་བཤད་བྱེད་ཀྱི་ཡིན། ས་ཀི་ཡའམ་ཤཱཀྱའི་ཡུལ་ནི་ཀོ་ས་ལའི་ཤར་ཕྱོགས་སུ་ཆགས་ཤིང་། མལླའམ་གྱད་ཀྱི་ཡུལ་གྱི་མངའ་ཁུལ་ནས་ཤཱཀྱའི་ལྷོ་ཤར་བར་ཡིན། གྱད་ཀྱི་ཡུལ་གྱི་ཤར་ཕྱོགས་ནི་ཝ་ཛྫི་ (Vajji) སྤྱི་མཐུན་རྒྱལ་ཁབ་དང་། དེའི་རྒྱལ་ས་ནི་ཝེ་ས་ལིའམ་ཡངས་པ་ཅན་རེད། ཝ་ཛྫི་སྤྱི་མཐུན་རྒྱལ་ཁབ་ནི་མཐུན་ཕྱོགས་གཅིག་སྒྲིལ་གྱི་རིགས་རྒྱུད་རྣམས་ཀྱིས་དབང་སྒྱུར་བྱས་ཤིང་། རིགས་རྒྱུད་དེ་དག་ལས་ལིཅྖ་ཝི་ (Licchavi) ཞེས་པ་ནི་སྐད་གྲགས་ཆེ་ཤོས་དེ་ཡིན། ཆུ་མོ་གངྒཱའི་ཕར་ཕྱོགས་ཝ་ཛྫི་དང་ཀོ་ས་ལའི་ལྷོ་ཕྱོགས་སུ་སྟོབས་ཤུགས་ཆེ་བའི་ཡུལ་མ་ག་དྷའི་རྒྱལ་གཞིས་ཆགས་ཡོད་པ་དང་། དེའི་རྒྱལ་ས་ནི་རཱ་ཇ་ག་ཧའམ་རྒྱལ་པོའི་ཁབ་ཡིན། དེང་སང་པཱ་ཀིསྟཱན་པན་ཇཱབ་ (Pakistani Punjab) ཞེས་འབོད་པའི་ཀོ་ས་ལའི་ནུབ་ཕྱོགས་སུ་གན་དྷ་རའམ་ས་འཛིན་ (Gandhara) ཞེས་པའི་རྒྱལ་ཁམས་གནས་ཤིང་། དེ་ནི་པར་ཤི་ཡའི་ (Persian) ཨ་ཁི་མི་ནེཌ་རྒྱལ་རྒྱུད་ Achaemenid ཅེས་སྔ་དུས་སུ་པར་ཤི་ཡའི་ཡུལ་གྱི་སྲིད་སྐྱོང་ས་ཏྲབ་ཀྱིས་ Satrap དབང་སྒྱུར་འོག་ཏུ་ཡོད་པའི་མངའ་ཁུལ་ཞིག་ཡིན། དེའི་རྒྱལ་ས་རྡོ་འཇོག་ (Takkasila) ནང་སྐབས་དེའི་མཐོ་སློབ་སྐད་གྲགས་ཆེ་ཤོས་དེ་ཡོད། དེར་གྷི་རིག་དང་པར་ཤི་ཡའི་ལྟ་ཚུལ་དང་རིག་གཞུང་གཉིས་སྐབས་དེའི་འདྲ་ཡ་རྒྱ་གར་གྱི་རིག་གནས་དང་འདྲེས་ནས་ཡོད།
སྲས་གཞོན་ནུ་དོན་གྲུབ་འཚར་ལོངས་བྱུང་སའི་གྲོང་ཁྱེར་ཀ་པིལ་ཝཏྠུའམ་སེར་སྐྱའི་གནས་ནི་བྱང་ལམ་ཁྲོད་ཀྱི་གྲོང་ཁྱེར་ཆེ་གྲས་ཤིག་ཡིན་ཅིང་། སྐབས་དེའི་ཚོང་ལས་ཀྱི་འགྲུལ་བཞུད་ལམ་ཆེན་གཙོ་བོ་དེ་ཁེལ་ཡོད། བྱང་ལམ་ནི་ཀོ་ས་ལ་ནས་གན་དྷ་རའམ་ས་འཛིན་དང་། དེ་ནས་ས་ཀི་ཡའམ་ཤཱཀྱའི་ཡུལ་དང་། མལླའམ་གྱད་ཀྱི་ཡུལ། ཝ་ཛྫི་སྤྱི་མཐུན་རྒྱལ་ཁབ་བཅས་དང་། དེ་ནས་ཡུལ་མ་ག་དྷ་ནས་ལྷོ་ཕྱོགས་བར་དུ་སྦྲེལ་ཡོད། དེ་ལྟར་རྒྱལ་སྲས་གཞོན་ནུ་དོན་གྲུབ་དགུང་ལོ་ཉི་ཤུ་རྩ་དགུར་མ་ཕེབས་གོང་གི་སྐོར་ལ་པཱ་ལི་གཞུང་ནང་ཏོག་ཙམ་མ་གཏོགས་མེད་ནའང་། རིག་གཞུང་མང་པོ་ཞིག་ལ་ཐུགས་རྒྱུས་ཡོད་ཚུལ་སྐོར་གསལ་སྟོན་བྱས་ཡོད། ཁོང་གིས་ད་དུང་རྒྱལ་ས་རྡོ་འཇོག་གམ་ཏཀྐ་སི་ལར་སློབ་གཉེར་གནང་ཡོད་ཤས་ཆེ། འོན་ཀྱང་ཁ་མཚོན་གཅོད་མི་ཐུབ།
སྲས་གཞོན་ནུ་དོན་གྲུབ་བྷདྡ་ཀཅྕ་ནའམ་ལེགས་སྦྱར་སྐད་དུ་ཡ་ཤོ་དྷ་རཱ་ (གྲགས་འཛིན་མ་) དང་མཉམ་དུ་གཉེན་སྒྲིག་གནང་བ་དང་། གྲགས་འཛིན་མ་ནི་གཞོན་ནུ་དོན་གྲུབ་ཀྱི་ཕ་མ་སྤུན་ཕྲུག་ཡིན་པ་དང་དེ་ཝ་དཏྟའམ་ལྷས་བྱིན་གྱི་གཅེན་མོ་ཡིན། ཕྱིས་སུ་ལྷས་བྱིན་སངས་རྒྱས་ཀྱི་དགྲ་གཙོ་བོར་གྱུར། གཞོན་ནུ་དོན་གྲུབ་དང་གྲགས་འཛིན་མར་ཕྲུ་གུ་གཅིག་འཁྲུངས་པ་ནི་སྲས་རཱ་ཧུ་ལའམ་སྒྲ་གཅན་འཛིན་ཡིན། ཕྲུ་གུ་དེ་བཙས་ནས་མི་རིང་བའི་རྗེས་སངས་རྒྱས་དགུང་ལོ་ཉི་ཤུ་རྩ་དགུར་ཕེབས་སྐབས་སེར་སྐྱའི་གནས་ལས་ཐོན་ཏེ་ཆོས་འཚོལ་ཕྱིར་ཡུལ་མ་ག་དྷའི་ཕྱོགས་སུ་ཕེབས། ཆུ་མོ་གངྒཱ་བརྒལ་ནས་བྱང་ལམ་བརྒྱུད་ཕེབས་ནས་རཱ་ཇ་ག་ཧའམ་རྒྱལ་པོའི་ཁབ་ཏུ་འབྱོར། སྐབས་དེར་ཡུལ་མ་ག་དྷ་ནི་རྒྱལ་པོ་བིམྦྷི་སཱ་རའམ་གཟུགས་ཅན་སྙིང་པོས་སྲིད་དབང་སྐྱོང་བཞིན་པ་དང་། ཀོ་ས་ལ་ནི་རྒྱལ་པོ་པ་སེ་ན་དིའམ་གསལ་རྒྱལ་གྱིས་རྒྱལ་སྲིད་སྐྱོང་བཞིན་པའི་སྐབས་ཡིན། ཀོ་ས་ལ་དང་ཡུལ་མ་ག་དྷ་གཉིས་མཐུན་སྒྲིལ་ཡོང་ཐབས་སུ་རྒྱལ་པོ་གཉིས་ཀྱིས་རང་རང་སོ་སོའི་སྲིང་མོ་བག་མར་སྦྱིན་རེས་བྱས། རྒྱལ་པོ་གསལ་རྒྱལ་གྱི་སྲིང་མོའི་མཚན་ལ་དེ་ཝིའམ་ལྷ་མོ་ཟེར།
ཡུལ་མ་ག་དྷའི་ནང་། སྲས་གཞོན་ནུ་དོན་གྲུབ་ཀྱིས་ཨཱལཱརཱ་ཀཱལམ་ (Alara Kalama) དང་ཨུ་དྡཀ་རཱམ་པུཏྟ་ (Uddaka Ramaputta) ཞེས་པའི་དགེ་རྒན་གཉིས་ཀྱི་དྲུང་ནས་སློབ་གཉེར་མཛད། དགེ་རྒན་དེ་གཉིས་བྲམ་ཟེའི་སྲོལ་རྒྱུན་ལས་ཕེབས་སྟབས། ཁོང་གཉིས་ཀྱིས་རྒྱལ་སྲས་ལ་ཅི་ཡང་མེད་པའི་ཏིང་ངེ་འཛིན་སྒྲུབ་ཐབས་དང་རྣམ་པར་འབྱེད་པ་མིན་ལ་མི་འབྱེད་པའང་མིན་པའི་སེམས་སྒྲུབ་ཐབས་སློབ་ཁྲིད་གནང་། འོན་ཀྱང་གཞོན་ནུ་དོན་གྲུབ་དེར་ཐུགས་བློ་མ་ཚིམས་པར་དགེ་རྒན་དེ་གཉིས་མ་བསྟེན་པར་ཕྱོགས་སུ་ཐོན། དེ་ནས་ཁོང་གིས་ཧ་ལམ་ཅི་ཡང་མ་མཆོད་པར་དཀའ་ཐུབ་ལ་བཞུགས་ཏེ་མཐར་ལྷུང་གི་འཚོ་བའི་སྤྱོད་ལམ་བསྟེན་མཛད། ཡང་བསྐྱར་དེ་ལྟ་བུའི་ཉམས་ལེན་དེས་ཐར་པ་འཐོབ་པར་མི་བྱེད་སྙམ་ཏེ། སྨྱུང་གནས་བཞག་སྟེ་ཉེ་འགྲམ་གྱི་ཡུལ་ལྡེང་རྒྱས་ (Uruvela) སུ་ཕེབས། དེང་སང་རྡོ་རྗེ་གདན་ཞེས་བྱ། དེར་བྱང་ཆུབ་ཤིང་གི་དྲུང་དུ་དགུང་ལོ་སོ་ལྔར་ཕེབས་སྐབས་རྫོགས་པའི་བྱང་ཆུབ་མངོན་དུ་བྱས། འདིའང་ཡུལ་མ་ག་དྷར་ཕེབས་ནས་ལོ་དྲུག་གི་རྗེས་སུ་རེད།
སངས་རྒྱས་པའི་རྗེས་ནུབ་ཕྱོགས་དྲང་སྲོང་ལྷུང་བར་ (Isapatana) རི་དྭགས་ཀྱི་གནས་སམ་མི་ག་ད་ཡར་ཕེབས། དེང་སང་ཝཱ་རཎཱ་སིའི་ཉེ་འགྲམ་གྱི་སཱར་ནཱཐ་ (Sarnath) ཞེས་པ་དེ་ཡིན། རྒྱལ་པོ་གསལ་རྒྱལ་གྱིས་རང་གི་སྲིང་མོ་ལྷ་མོ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཆུང་མར་སྟེར་བའི་སྐབས་ཆུ་མོ་གངྒཱའི་བྱང་ཕྱོགས་ཀྱི་ས་ཁུལ་དེ་བག་རྫོངས་ཀྱི་ཆ་ཤས་སུ་མ་ག་དྷར་བློས་གཏོང་མཛད། སངས་རྒྱས་ཀྱིས་འཁོར་ལྔ་སྡེ་བཟང་པོ་དང་ལྷན་དུ་ཆར་དུས་སུ་རི་དྭགས་གནས་སུ་བཞུགས་མ་ཐག་མི་ཉུང་ཤས་ཤིག་ཡིད་དབང་འཕྲོགས་ཏེ། ཚངས་སྤྱོད་ཀྱི་སྡེ་ཞིག་ཆགས་པས། ཁོང་ནས་དེར་གཟིགས་རྟོག་གནང་དགོས་ཀྱི་ཡོད།
ལི་ཙྪ་བཱི་ (Licchavi) རིགས་རྒྱུད་ཀྱི་ཝེ་ས་ལིའམ་ཡངས་པ་ཅན་ནས་ཡིན་པའི་སྐུ་དྲག་མ་ཧཱ་ལི་ (Mahali) ཞེས་པས་སངས་རྒྱས་ཀྱི་མཚན་ཐོས་ནས་རྒྱལ་པོ་གཟུགས་ཅན་སྙིང་པོར་སངས་རྒྱས་ཡུལ་མ་ག་དྷར་གདན་འདྲེན་དུ་གསོལ། ཆར་དུས་རྫོགས་མ་ཐག་སངས་རྒྱས་དང་ཇེ་མང་ཇེ་མང་དུ་འགྲོ་བཞིན་པའི་གང་གི་རྗེས་འཇུག་གི་ཚོགས་རྣམས་ཤར་ཕྱོགས་ནས་ཡུལ་མ་ག་དྷའི་རྒྱལ་ས་རྒྱལ་པོའི་ཁབ་ཏུ་ཕྱིར་ཕེབས། རྒྱལ་པོ་གཟུགས་ཅན་སྙིང་པོ་སངས་རྒྱས་ཀྱི་ཆོས་ལ་ཡིད་རབ་ཏུ་འཕྲོགས་ནས་བེད་མི་སྤྱོད་པའི་སྐྱེད་མོས་ཚལ་ཝེ་ལུ་ཝ་ནའམ་འོད་མའི་ཚལ་ཟེར་བ་ཞིག་ཕུལ། སྨྱུག་མའི་སྐྱེད་ཚལ་དེར་ཆར་དུས་སུ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་རྟེན་གཞི་བྱེད་ཆོག་པ་ཡིན།
མི་རིང་བར་ས་གནས་ཀྱི་བླ་མ་མཚན་སྙན་ཆེ་བ་ཞིག་སློབ་མའི་གཙོ་བོ་ཤཱ་རི་བུ་དང་མོའུ་གལ་གྱི་བུ་གཉིས་སངས་རྒྱས་ཀྱི་རྗེས་སུ་ཞུགས་ཏེ། ཕྱིས་སུ་སངས་རྒྱས་ཀྱི་ཉེ་བའི་སློབ་མར་གྱུར། ཤཱ་རིའི་བུས་སངས་རྒྱས་ལ་ཇེ་ཆེར་འཕེལ་བཞིན་པའི་རྗེས་འཇུག་རྣམས་ལ་འདུལ་ཁྲིམས་སམ་སྡོམ་པ་ཞིག་གཏན་འབེབས་གནང་རོགས་ཞེས་གསོལ་བ་བཏབ་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོས་གཅེར་བུ་པ་ལྟ་བུ་བསོད་སྙོམས་ལ་བརྟེན་པའི་སྡེ་པ་གཞན་གྱི་ལམ་སྲོལ་འགའ་རང་སྡེར་གཏན་འབེབས་གནང་རྒྱུར་དགོངས་ཚུལ་ཞུས། དམིགས་བསལ་རྒྱལ་པོས་སངས་རྒྱས་ལ་ཆོས་ཀྱི་ཆེད་བགྲོ་གླེང་གནང་ཆེད་ལོ་རེར་གསོ་སྦྱོང་ངམ་ཚོགས་དུས་ཐེངས་བཞི་འཚོགས་རྒྱུའི་མཚམས་སྦྱོར་བྱས།
ཀོ་ས་ལའི་རྒྱལ་ས་གཉན་ཡོད་ནས་ཡིན་པའི་དངུལ་ཁང་ཕྱུག་བདག་ཨ་ན་ཐ་པིཎྜི་ཀའམ་མགོན་མེད་ཟས་སྦྱིན་ཞེས་བྱ་བ་ཉིན་གཅིག་རྒྱལ་པོའི་ཁབ་ཏུ་ཚོང་དོན་ཆེད་བསླེབས། སངས་རྒྱས་ལ་དགའ་མགུ་ཚད་མེད་སྐྱེས་ནས་རྒྱལ་པོ་གསལ་རྒྱལ་གྱི་རྒྱལ་ས་གཉན་ཡོད་དུ་ཆར་དུས་སྐབས་བཞུགས་སའི་ས་ཆ་ཞིག་ཕུལ། མི་རིང་བའི་རྗེས་སུ་སངས་རྒྱས་དང་དགེ་འདུན་གྱི་སྡེ་རྣམས་ཀོ་ས་ལར་ཕེབས། འོན་ཏེ་དེ་ནི་མགོན་མེད་ཟས་སྦྱིན་གྱིས་ས་ཆ་ཡག་པོ་ཞིག་འབུལ་ཐུབ་པའི་ལོ་ཁ་ཤས་ཀྱི་སྔོན་ནས་ཡིན།
དུས་མཚུངས་སངས་རྒྱས་ཀྱིས་གང་གི་ནང་མི་ཐུག་འཕྲད་ཆེད་སེར་སྐྱའི་གནས་སུ་ཕྱིར་ཕེབས། ཡབ་ཟས་གཙང་མ་སངས་རྒྱས་ཀྱི་རྗེས་འཇུག་གདུལ་བྱར་གྱུར་བ་དང་། དགུང་ལོ་བརྒྱད་ལ་ཕེབས་པའི་སྲས་སྒྲ་གཅན་འཛིན་ཡང་རབ་ཏུ་བྱུང་། རྗེས་ལོ་ཤས་ནང་སངས་རྒྱས་ཀྱི་ཕ་མ་སྤུན་ཕྲུག་ཀུན་དགའ་པོ་དང་། མ་འགག་པ། (Anuruddha) ལྷས་བྱིན། དེ་བཞིན་སངས་རྒྱས་ཀྱི་ཕྱེད་སྤུན་མཆེད་དགའ་བོའམ་མཛེས་དགའ་བཅས་ཐེ་བའི་ཤཱཀྱའི་ཡུལ་གྱི་སྐུ་དྲག་མང་པོ་དགེ་འདུན་གྱི་སྡེའི་ཁོངས་སུ་ཞུགས།
སངས་རྒྱས་ཀྱི་མ་ཚབ་དང་ཨ་ནེ་སྐྱེ་དགུའི་བདག་མོས་རབ་བྱུང་གི་སྡེའི་ཁོངས་སུ་ཞུགས་འཇུག་རོགས་ཞེས་གསོལ་བ་དང་། དང་པོ་སངས་རྒྱས་ཀྱིས་གནང་བ་མ་བསྩལ། ཁོ་མོས་སེམས་ཤུགས་མ་ཆག་པར། རང་གི་མགོ་སྐྲ་བྲེགས། ཆོས་གོས་སེར་པོ་གྱོན་ནས་བུད་མེད་གཞན་ཚོ་ཁག་ཆེན་པོ་དང་མཉམ་དུ་སངས་རྒྱས་ཀྱི་རྗེས་སུ་ཞུགས། དེ་ནས་སྐྱེ་དགུའི་བདག་མོས་སངས་རྒྱས་ལ་སྡོམ་པ་གནང་རོགས་ཞེས་ཐེངས་གཉིས་པ་གསོལ་ནའང་། སངས་རྒྱས་ཀྱིས་མ་བསྩལ། མཐར་ཐེངས་གསུམ་པའི་སྐབས་སངས་རྒྱས་མྱ་ངན་ལས་མ་འདས་པའི་ལོ་ཁ་ཤས་སྔོན་ཀུན་དགའ་བོས་ཁོ་མོའི་ཚབ་ཏུ་ཞུ་ངོ་བྱས་ཏེ་གསོལ་བ་བཏབ་པ་དང་། མཐར་སངས་རྒྱས་ཀྱིས་ཞལ་བཞེས་གནང་ནས་སྡོམ་པ་བསྩལ། དེ་ཡང་ཝ་ཛྫི་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་ཡངས་པ་ཅན་དུ་ནང་པའི་སྲོལ་རྒྱུན་ཁྲོད་བཙུན་མའི་སྡོམ་རྒྱུན་ཐོག་མ་དེ་འགོ་ཚུགས།
མགོན་མེད་ཟས་སྦྱིན་གྱིས་སྦྱིན་པ་རྒྱ་ཆེར་གཏོང་བར་བརྟེན་མཚན་སྙན་ཧ་ཅང་ཆེན་པོ་ཡོད། སངས་རྒྱས་ཀོ་ས་ལར་ཕྱིར་ཕེབས་ནས་ལོ་ཤས་རྗེས་མགོན་མེད་ཟས་སྦྱིན་གྱིས་གསེར་ཕོན་ཆེན་བཏང་ནས་གཉན་ཡོད་དུ་རྒྱལ་བྱེད་ཀྱི་ཚལ་ཞེས་བྱ་བའི་གླིང་ག་ཞིག་ཉོས་ཏེ། དེར་སངས་རྒྱས་དང་དགེ་འདུན་པ་རྣམས་ཆར་དུས་སུ་བཞུགས་ས་གྲ་རྒྱས་པོ་ཞིག་བཞེངས། མཐར་མངོན་པར་རྫོགས་པ་སངས་རྒྱས་ནས་ལོ་ངོ་ཉི་ཤུ་ཙམ་གྱི་རྗེས་སུ་དགེ་འདུན་པའི་ཆེད་དུ་སངས་རྒྱས་ཀྱི་ཆར་དུས་སུ་དབྱར་གནས་ཀྱི་སྲོལ་ཐོག་མར་འགོ་འཛུགས་གནང་། དབྱར་གནས་སྐབས་དགེ་འདུན་རྣམས་ཆར་དུས་སུ་ཟླ་བ་གསུམ་རིང་ལོ་ལྟར་ས་ཆ་གཅིག་ཏུ་སྡོད་དགོས་པ་ལས་ནམ་རྒྱུན་འགྲོ་བ་ལྟར་གང་སར་འགྲོ་སྐྱོད་མི་ཆོག མདོར་ན། སངས་རྒྱས་ཀྱི་རྒྱལ་བྱེད་ཚལ་དུ་ཆར་དུས་སྐབས་དབྱར་གནས་ཐེངས་བཅུ་དགུ་བཞུགས། སྐབས་དེའི་རིང་ཁོང་གིས་ཆོས་ཕུང་ ༨༤༤ གནང་། མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ཀྱི་རྗེས་འཇུག་དགེ་འདུན་གྱི་སྡེའི་སྦྱིན་བདག་གཙོ་བོར་མུ་མཐུད་མཛད། འོན་ཀྱང་མགོན་མེད་ཟས་སྦྱིན་གྱི་སྐུ་ཚེའི་མཐར་མ་རྩ་བརྡིབས་པ་རེད།
སངས་རྒྱས་དགུང་ལོ་བཞི་བཅུ་ཙམ་ལ་ཕེབས་སྐབས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་བྱེད་ཚལ་དུ་སངས་རྒྱས་ཐོག་མར་མཇལ། སངས་རྒྱས་མཇལ་བ་དང་རྒྱལ་པོའི་ཡིད་རབ་ཏུ་འཕྲོགས་ནས་སངས་རྒྱས་ཀྱི་སྦྱིན་བདག་དང་རྗེས་འཇུག་པ་ཞིག་ཏུ་གྱུར། འོན་ཀྱང་སངས་རྒྱས་དང་རྒྱལ་པོ་གསལ་རྒྱལ་དབར་གྱི་འབྲེལ་བ་ནི་རྟག་ཏུ་འགྱུར་ཆོག་ཆོག་ཅིག་ཡིན། མ་གཞི་རྒྱལ་པོ་ཁོང་ཤེས་རབ་ལྡན་པའི་སྦྱིན་བདག་ཅིག་ཡིན་ནའང་། དབང་ཤེས་ཀྱི་བདེ་བར་ཆགས་པ་དང་རྒྱུན་དུ་གདུག་རྩུབ་ཆེ་བ་ཞིག་ཡིན། དཔེར་ན། འཁྲུལ་སྨྱོ་འདྲ་བའི་སེམས་ནད་ཀྱིས་རྐྱེན་པས་གྱད་ཀྱི་ཡུལ་ (Malla) ནས་ཡིན་པའི་རྒྱལ་པོ་ཁོ་རང་གི་གྲོགས་པོ་བན་དྷུ་ལཱ་ (Bandhula) བསད་དེ་ཕྱིས་སུ་བློ་འགྱོད་དྲག་པོ་བྱུང་།
བན་དྷུ་ལཱ་ནི་རྒྱལ་པོའི་དམག་དཔུང་གི་སྤྱི་ཁྱབ་དམག་དཔོན་ཞིག་ཡིན། དེ་རྗེས་བན་དྷུ་ལཱའི་ཚ་བོ་ཀ་རཱ་ཡ་ན་ (Karayana) དམག་དཔུང་གི་འགོ་འཛིན་དུ་བསྐོས། ལོ་མང་རྗེས་དམག་དཔོན་ཀ་རཱ་ན་ནས་ཁོ་རང་གི་ཞང་པོ་བསད་པའི་དགྲ་ཤ་ལེན་ཆེད་རྒྱལ་པོ་གསལ་རྒྱལ་གནས་ནས་ཕྱུང་། འོན་ཀྱང་སངས་རྒྱས་ཀྱིས་རྒྱལ་པོའི་སྤྱོད་ཚུལ་ངེས་མེད་དང་འགྱུར་བ་ཅན་གྱི་དབང་ཐང་ལ་བཟོད་སྒོམ་མཛད། གང་ཡིན་ཞེ་ན། གང་གི་རྗེས་འཇུག་དགེ་འདུན་གྱི་ཚོགས་རྣམས་རྐུ་མ་དང་བདག་མེད་སྲོག་ཆགས་ལས་སྲུང་སྐྱོབ་དགོས་ཀྱི་ཡོད་པ་མ་ཟད་འཚོ་རྟེན་དུ་སྦྱིན་པའི་བདག་པོ་ཁག་ལ་སྙོབ་དགོས་ཀྱི་ཡོད།
རྒྱལ་པོའི་རྒྱལ་རྒྱུད་ཤུལ་འཛིན་གྱི་ཆེད་དུ་རྒྱལ་པོ་གསལ་རྒྱལ་ལ་བུ་ཞིག་དགོས་ཀྱི་ཡོད། ཁོང་གི་བཙུན་མོ་དང་པོ་ཡུལ་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲིང་མོར་ཕྲུ་གུ་བྱུང་མེད། དེ་ནས་རྒྱལ་པོས་བཙུན་མོ་གཉིས་པ་མཱ་ལི་ཀཱ་ (Mallika) དེ་བླངས། བཙུན་མོ་ཁོང་ནི་རིགས་རུས་དམའ་བའི་སངས་རྒྱས་ཀྱི་རྗེས་འཇུག་པ་ཞིག་ཡིན། བྲམ་ཟེའི་བླ་མ་རྣམས་ཀྱིས་རྒྱལ་པོའི་ཁྲིམས་ཁང་ནང་རིགས་རུས་དམའ་བའི་བཙུན་མོ་ཁོང་ལ་མིང་རྗེས་བཟོས། མཱ་ལི་ཀཱ་དང་རྒྱལ་པོར་རྡོ་རྗེ་མ་ (Vajiri) ཞེས་བྱ་བའི་བུ་མོ་ཞིག་བྱུང་།
དེ་རྗེས་བུ་ཞིག་སྐྱེ་བའི་ཆེད་རྒྱལ་པོས་བཙུན་མོ་གསུམ་པ་ལེན་རྒྱུའི་བསམ་བློ་འཁོར། དེར་བརྟེན་སངས་རྒྱས་ཀྱི་ཚ་བོ་མིང་ཆེན་ (Mahanama) གྱི་བུ་མོ་ཝ་ས་བྷཱ་ (Vasabha) དང་གཉེན་སྒྲིག་བྱས། སངས་རྒྱས་ཀྱི་ཡབ་དགོངས་པ་རྫོགས་པའི་རྗེས་ཚ་བོ་མིང་ཆེན་ཤཱཀྱའི་ཡུལ་གྱི་སྲིད་སྐྱོང་སུ་གྱུར། མིང་ཆེན་ནི་སངས་རྒྱས་ཀྱི་ཉེ་བའི་སློབ་མ་ཀུན་དགའ་བོ་དང་ཨཱ་ནུ་རུ་དྷའམ་མ་འགག་པའི་ (Anuruddha) གཅེན་པོ་ཡིན། མིང་ཆེན་གྱིས་བུ་མོ་ཝ་ས་བྷཱ་བུད་མེད་སྐུ་དྲག་ཅིག་ཡིན་ཚུལ་བརྗོད་ནའང་། དོན་དངོས་སུ་ཁོ་མོ་ནི་གཡོག་མོ་ཞིག་གི་བྱི་ཕྲུག་རེད། བཙུན་མོ་ཝ་ས་བྷཱས་རྒྱལ་པོ་གསལ་རྒྱལ་ལ་ཝི་ད་དྷ་བྷཱ་ (Vidadabha) ཞེས་པའི་བུ་ཞིག་བཙས་ནའང་། བུ་ཝི་ད་དྷ་བྷཱའི་ཡུམ་གྱི་རིགས་རྒྱུད་ལ་དྭོགས་གཞི་ཡོད་པའི་རྐྱེན་གྱིས་ཀོ་ས་ལའི་རྒྱལ་པོའི་སྲིད་དབང་རྒྱུད་འཛིན་གྱི་གནས་སྟངས་དེ་ཉེན་ཚབས་ཅན་དུ་གྱུར། དྭོགས་གཞི་དེས་སངས་རྒྱས་སྐུ་ཉིད་ལའང་སྐུ་ངལ་ཆེན་པོ་བཟོས། རྒྱུ་མཚན་ནི་སངས་རྒྱས་དང་རྒྱལ་པོའི་བཙུན་མོ་ཝ་ས་བྷཱ་གཉིས་རིགས་རུས་ཀྱི་ཆ་ནས་འབྲེལ་བ་ཡོད།
ཝི་ད་དྷ་བྷཱ་དགུང་ལོ་བཅུ་དྲུག་ལ་སོན་པའི་ཚེ་ཁོ་རང་བྱི་ཕྲུག་ཡིན་པ་མ་མཁྱེན་པར། ཤཱཀྱའི་ཡུལ་དང་ཁོ་རང་གི་པོ་པོ་མིང་ཆེན་ཐུག་འཕྲད་དུ་ཐེངས་དང་པོ་བསྐྱོད། སྐབས་དེར་རྒྱལ་པོ་གསལ་རྒྱལ་གྱི་བཀོད་འདོམས་དམག་དཔོན་ཀ་རཱ་ཡ་ནས་ (Karayana) ཝི་ད་དྷ་བྷཱའི་ཡུམ་གྱི་རྒྱབ་ལྗོངས་ངོ་མ་དེ་མཁྱེན། བུ་ཝི་ད་དྷ་བྷཱ་ནི་གཡོག་མོ་ཞིག་གི་བྱི་ཕྲུག་ཡིན་ཚུལ་དམག་དཔོན་དེས་རྒྱལ་པོའི་སྙན་དུ་གསོལ་བའི་སྐབས། རྒྱལ་པོ་ཁོང་ཁྲོ་རབ་ཏུ་འབར་ཏེ། བཙུན་མོ་དང་བུ་གཉིས་ཀྱི་རྒྱུ་ནོར་ཡོངས་རྫོགས་འཕྲོགས་ནས་གཡོག་པོར་བཀོལ་སྤྱོད་བྱས། སངས་རྒྱས་ཀྱིས་ཁོང་གཉིས་ཀྱི་ཚབ་ཏུ་ཞུ་ངོ་གནང་བ་དང་། མཐར་རྒྱལ་པོས་གོ་གནས་སླར་གསོ་བྱས།
འོན་ཀྱང་དེའི་རྗེས་སུ་ཀོ་ས་ལའི་ནང་སངས་རྒྱས་ཀྱི་གནས་སྟངས་བརྟན་པོ་མེད་པར་གྱུར་བ་དང་། དགུང་ལོ་བདུན་བཅུ་ཙམ་ལ་ཕེབས་སྐབས། ཡུལ་མ་ག་དྷ་དང་དེའི་རྒྱལ་ས་རྒྱལ་པོའི་ཁབ་ཏུ་ཐེངས་དང་པོ་ཕྱིར་ཕེབས་མཛད་དེ། དེ་གར་འཚོ་བྱེད་ (Jivaka) ཅེས་རྒྱལ་པོའི་ལྷ་རྗེ་ཞིག་གིས་བདག་ཏུ་བཟུང་བའི་ཤིང་འབྲས་ཨམྲའི་སྐྱེད་ཚལ་ཞིག་གི་ནང་བཞུགས་པ་མ་གཏོགས་རྒྱལ་པོའི་སྨྱུག་མའི་སྐྱེད་ཚལ་ནང་བཞུགས་མེད། དེས་ཕལ་ཆེར་སངས་རྒྱས་སྔོན་ཚུད་ནས་སྙུན་གཞི་བཞེས་ཡོད་པ་སྟོན་གྱི་ཡོད།
སངས་རྒྱས་དགུང་ལོ་བདུན་ཅུ་དོན་གཉིས་ལ་ཕེབས་སྐབས། གང་གི་སྦྱིན་བདག་ཐོག་མ་ཡུལ་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོས་རང་གི་བུ་མ་སྐྱེས་དགྲ་ལ་རྒྱབ་སྐྱོར་སླད་བཙན་གྱིས་རྒྱལ་སྲིད་སྤངས་བཅུག་པ་དང་། བུ་མ་སྐྱེས་དགྲས་ཁོ་རང་གི་ཡབ་བཙོན་དུ་བཅུག་སྟེ་ལྟོགས་ཤི་ཐེབས་སུ་བཅུག །རྒྱལ་པོ་གསལ་རྒྱལ་གྱི་སྲིང་མོ་ཡིན་པ་གཟུགས་ཅན་སྙིང་པོའི་ཡུགས་མོ་ལྷ་མོ་མྱ་ངན་གྱིས་མནར་ཏེ་གྲོངས། ཡུགས་མོ་ལྷ་མོ་གྲོངས་རྗེས་དགྲ་ཤ་ལེན་ཆེད་རྒྱལ་པོ་གསལ་རྒྱལ་གྱིས་ཁོ་རང་གི་ཚ་བོ་དང་གཟུགས་ཅན་སྙིང་པོའི་བུ་མ་སྐྱེས་དགྲའི་ཁ་གཏད་དུ་དམག་དྲངས་ཏེ། སྔར་ལྷ་མོ་གཟུགས་ཅན་སྙིང་པོའི་ཆུང་མར་སྟེར་བའི་སྐབས་བག་རྫོངས་སུ་སྤྲད་པའི་ཝཱ་རཱ་ཎ་སིའི་གཡས་གཡོན་གྱི་གྲོང་གསེབ་ཁུལ་ནས་ཆུ་མོ་གངྒཱའི་བྱང་ཕྱོགས་བར་གྱི་ས་ཆ་རྣམས་ཚུར་ལེན་ཐབས་བྱས། དམག་འཁྲུག་གིས་ཐག་མ་ཆོད་པར་ཞི་བདེ་ཡོང་ཕྱིར་རྒྱལ་པོ་གསལ་རྒྱལ་གྱིས་ཁོ་རང་གི་བུ་མོ་རྡོ་རྗེ་མ་ (Vajiri) མ་སྐྱེས་དགྲའི་བཙུན་མོར་སྟེར་དགོས་བྱུང་།
དེ་དང་ཕལ་ཆེར་དུས་མཚུངས་སུ་སངས་རྒྱས་ཀྱི་ཚ་བོ་ལྷས་བྱིན་མ་སྐྱེས་དགྲའི་དགེ་རྒན་ཆགས་ཏེ། སངས་རྒྱས་ཀྱི་རྗེས་འཇུག་དགེ་འདུན་གྱི་སྡེའི་སྟངས་འཛིན་ཧམ་འཕྲོག་བྱེད་ཐབས་བྱས། དགེ་འདུན་པ་རྣམས། དཔེར་ན། ནགས་སུ་བསྡད་ནས། ཤིང་སྡོང་འོག་ཉལ་དགོས་པ། མི་སྐྱའི་ཁྱིམ་ནང་དུ་འགྲོ་མི་ཆོག་པ། གོས་ཧྲུལ་མ་གཏོགས་གྱོན་མི་ཆོག་པ། ཁྱིམ་པའི་འབུལ་བ་ལེན་མི་ཆོག་པ། མཐའ་གཅིག་ཏུ་དཀར་ཟས་བསྟེན་དགོས་པ་སོགས་ཀྱི་འདུལ་ཁྲིམས་འཕར་མ་འགའ་ཁ་སྣོན་རྒྱག་དགོས་ཞེས་ལྷས་བྱིན་གྱིས་སངས་རྒྱས་ལ་ཞུ་འབུལ་བྱས། དེ་ལྟར་བསྣན་ན་བསོད་སྙོམས་སོགས་ཀྱི་ཆ་ནས་དགེ་འདུན་པ་རྣམས་ལ་དཀའ་ངལ་ཚད་མེད་འབྱུང་ངེས་པར་དགོངས་ནས་སངས་རྒྱས་ཀྱིས་ཞལ་བཞེས་མ་གནང་། དེར་བརྟེན་ལྷས་བྱིན་གྱིས་སངས་རྒྱས་ཀྱི་ཁ་གཏད་དུ་ལངས་ཏེ། སངས་རྒྱས་ཀྱི་སློབ་མ་དགེ་འདུན་པ་གཞོན་པ་མང་པོ་ཁོ་རང་གི་ཕྱོགས་སུ་བཀུག་པ་དང་། འགྲན་ཚོགས་ཟུར་དུ་བཙུགས། མདོར་ན། ལྷས་བྱིན་གྱིས་ལན་མང་སངས་རྒྱས་དཀྲོངས་ཐབས་བྱས་ཀྱང་འགྲུབ་འབྲས་མ་ཐོན། མཐའ་མ་ཤཱ་རིའི་བུ་དང་མོའུ་གལ་གྱི་བུ་གཉིས་ཀྱིས་སངས་རྒྱས་ཀྱི་སློབ་མའི་ཚོགས་ལས་ཕྱིན་པའི་སློབ་མ་རྣམས་ཚུར་བསྐོངས།
ཕྱིས་སུ་ལྷས་བྱིན་ལ་བློ་འགྱོད་དྲག་པོ་བྱུང་ཡོད་བཟོ་འདུག །འོན་ཀྱང་སངས་རྒྱས་དགོངས་ཡངས་གནང་རོགས་ཞེས་གསོལ་བ་འདེབས་མ་ཐུབ་པའི་སྔོན་ཁོ་རང་གྲོངས་པ་རེད། གང་ལྟར་ཡང་། སངས་རྒྱས་ཀྱིས་ལྷས་བྱིན་ལ་འཁོན་འཛིན་ནམ་ངན་སེམས་རྩ་བ་ནས་མཛད་མེད། རྒྱལ་པོའི་ལྷ་རྗེ་འཚོ་བྱེད་ (Jivaka) ཀྱིས་བསླབ་བྱ་གནང་བར་བརྟེན་རྒྱལ་པོ་མ་སྐྱེས་དགྲས་ཁོ་རང་གི་ཡབ་དཀྲོངས་སྟབས་ཕྱིས་སུ་འགྱོད་པ་ཆེན་པོ་བྱུང་སྟེ། སངས་རྒྱས་ཀྱི་སྐུ་དྲུང་དུ་མཐོལ་བཤགས་བྱས།
ལོ་གཅིག་ཙམ་གྱི་རྗེས་སུ་སླར་ཡང་སངས་རྒྱས་འཁྲུངས་ཡུལ་ཤཱཀྱའི་ཡུལ་དུ་ཕེབས། རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་གུས་བཀུར་ཞུ་ཆེད་སངས་རྒྱས་མཇལ་བར་བཅར་བའི་སྐབས་དེར། དམག་སྤྱི་ཀ་རཱ་ཡ་ནས་ (Karayana) ནས་གློ་བུར་དུ་གྱེན་ལངས་བྱས་ཏེ་སྲས་ཝི་ད་དྷ་བྷཱ་ (Vidadabha) ཀོ་ས་ལའི་རྒྱལ་ཁྲིར་བསྐོས། གནས་དབྱུང་བཏང་བའི་རྒྱལ་པོ་གསལ་རྒྱལ་འུ་ཐུག་ཐབས་ཟད་ཀྱིས་རང་གི་ཚ་བོའི་སྲུང་སྐྱོབ་དང་རྒྱལ་པོའི་ཁབ་ནས་རང་གི་བུ་མོའི་མག་པ་རྒྱལ་པོ་མ་སྐྱེས་དགྲའི་སྲུང་སྐྱོབ་འཐོབ་ཆེད་ཡུལ་མ་ག་དྷར་བྲོས། འོན་ཏང་རྒྱལ་པོ་གསལ་རྒྱལ་ཡུལ་དེའི་ནང་འཛུལ་དུ་མ་བཅུག་སྟབས་ཕྱི་ཉིན་དེར་འདས་གྲོངས་སུ་སོང་བར་ཤེས།
དེ་དང་དུས་མཚུངས་ཀོ་ས་ལའི་རྒྱལ་པོ་གསར་པ་ཝི་ད་དྷ་བྷཱས་ཁོ་རང་གི་པོ་པོ་མིང་ཆེན་ (Mahanama) གྱི་ཁྲག་རྒྱུད་ཐད་དོགས་གཞི་བྱས་ཏེ་མིང་རྗེས་བཟོས་པར་དགྲ་ཤ་ལེན་ཆེད་ཤཱཀྱའི་ཁ་གཏད་དུ་དམག་དྲངས། མིང་ཆེན་ནི་སངས་རྒྱས་ཀྱི་ཚ་བོ་དང་ད་ལྟའི་ཤཱཀྱའི་ཡུལ་གྱི་སྲིད་སྐྱོང་བ་ཡིན། སངས་རྒྱས་ཀྱིས་རྒྱལ་པོར་འཐབ་རྒོལ་མི་བྱེད་ཅེས་ཐེངས་གསུམ་བཀའ་གནང་ཀྱང་། མཐར་རྒྱལ་པོར་ལམ་འགྲོ་མ་བྱུང་། ཀོ་ས་ལའི་དྲག་པོའི་དཔུང་དམག་ཡོངས་ལ་ཤཱཀྱའི་ཡུལ་གྱི་རྒྱལ་ས་སེར་སྐྱའི་གནས་ཀྱི་མི་ཚང་མ་གསོད་དགོས་པའི་བཀའ་རྒྱ་བཏང་། མི་མང་སྡེབ་གསོད་ཀྱི་ལས་ངན་བཀག་མ་ཐུབ་པར། སངས་རྒྱས་ཡུལ་མ་ག་དྷའི་རྒྱལ་པོའི་ཁབ་ཏུ་ཕེབས་ནས་རྒྱལ་པོ་མ་སྐྱེས་དགྲའི་སྲུང་སྐྱོབ་འཚོལ་དགོས་བྱུང་། རྒྱལ་པོ་གསལ་རྒྱལ་གྱིས་དེ་སྔོན་ཐབས་ཤེས་གནང་ཡོད་ཀྱང་ལམ་ལྷོང་བྱུང་མེད།
ཡུལ་མ་ག་དྷར་འགྲོ་སའི་ལམ་ནི་ཝ་ཛྫི་སྤྱི་མཐུན་རྒྱལ་ཁབ་བརྒྱུད་དགོས་ཤིང་། དེ་གར་སངས་རྒྱས་ཀྱི་སློབ་མའི་ནང་ནས་ཉེ་ཤོས་ཤཱ་རིའི་བུ་རྒྱལ་ས་ཡངས་པ་ཅན་དུ་ (Vesali) སངས་རྒྱས་ཕེབས་སྒུག་ཞུས་ནས་ཡོད། འོན་ཀྱང་དེར་ཡངས་པ་ཅན་གྱི་སྐུ་དྲག་ཅིག་སྟེ། སྔོན་མ་གྲྭ་ཆས་ཕུད་དེ་ནང་པའི་སྡེ་ལས་ཕྱིར་ཐོན་མཁན་དང་། སངས་རྒྱས་ཀྱི་འཁོར་གྱི་ཐོག་མའི་གྲས་ལེགས་པའི་སྐར་མ་ (Sunnakkatta) གྱིས་ཝ་ཛྫིའི་གྲོས་ཚོགས་ནང་སངས་རྒྱས་ལ་མིང་ཆད་བཟོས། ཁོ་པས་གྲོས་ཚོགས་ཀྱི་ཚོགས་མིར་སངས་རྒྱས་ལ་མི་ལས་ཆེས་འཕགས་པའི་ནུས་སྟོབས་ཅི་ཡང་མེད་པ་དང་འདོད་སྲེད་སྤོང་ཚུལ་རིག་པ་ཙམ་ལ་བརྟེན་ནས་ཆོས་ཁྲིད་བྱེད་ཀྱི་ཡོད། འོན་ཀྱང་འཇིག་རྟེན་ལས་འདས་པའི་གོ་འཕང་སྒྲུབ་ཚུལ་སློབ་ཀྱི་མེད་ཅེས་ཟེར། སངས་རྒྱས་ཀྱིས་ཁོ་པས་མཚན་དམད་ཞུས་པ་དེ་བསྟོད་བསྔགས་ཤིག་ཏུ་བླངས། འོན་ཀྱང་དེ་ལྟའི་སྐྱོན་བརྗོད་སྡིགས་ར་དང་ཕལ་ཆེར་སྐབས་དེར་རབ་བྱུང་མའི་སྡོམ་རྒྱུན་སྤེལ་བའི་རྐྱེན་གྱིས་ཝ་ཛྫིའི་ནང་མི་རྣམས་ཀྱིས་སངས་རྒྱས་ལ་རྒྱབ་སྐྱོར་ཞུ་རྒྱུ་དང་སངས་རྒྱས་ཀྱི་མཚན་སྙན་ཐད་ཉམས་རྒུད་ཅུང་ཟད་སོང་། དེ་ནས་རིམ་བཞིན་སངས་རྒྱས་ཀྱིས་ཆུ་མོ་གངྒཱ་བརྒལ་ནས་རྒྱལ་པོའི་ཁབ་ཏུ་ཕེབས་ཏེ། གི་ཛྫ་ཀུ་ཊའམ་བྱ་རྒོད་ཕུང་པོ་རིའི་ཉེ་འགྲམ་གྱི་བྲག་ཕུག་ཅིག་གི་ནང་བཞུགས།
རྒྱལ་པོ་མ་སྐྱེས་དགྲའི་སྤྱི་ཁྱབ་བློན་ཆེན་ཝ་སཱ་ཀ་ར་ (Vassakara) སངས་རྒྱས་མཇལ་བར་བཅར་ཏེ། རྒྱལ་པོ་མ་སྐྱེས་དགྲས་རྒྱལ་གཞིས་རྒྱ་སྐྱེད་བཏང་ནས་མི་རིང་བར་ཝ་ཇི་སྤྱི་མཐུན་རྒྱལ་ཁབ་དབང་སྒྱུར་བྱ་རྒྱུའི་ཀུན་སློང་ངམ་འཆར་གཞི་ཡོད་ཚུལ་བློན་ཆེན་དེས་སངས་རྒྱས་ཀྱི་སྙན་ལམ་དུ་གསོལ། སངས་རྒྱས་ཀྱིས་ཝ་ཇིའི་མི་རྣམས་དྲག་ཤུགས་ཀྱི་ཐོག་ནས་རྒྱལ་ཁ་ཐོབ་མི་ཐུབ་ཀྱང་། ཁོ་རང་ཚོའི་སྲོལ་རྒྱུན་ཚུལ་བཞིན་དུ་སྲུང་སྐྱོབ་བྱེད་ངེས། ཤཱཀྱའི་ཡུལ་དུ་ཀོ་ས་ལས་དབང་སྒྱུར་བྱས་པའི་གནད་དོན་ལྟར་ངས་འབྱུང་ལ་ཉེ་བའི་དམག་འཐབ་འགོག་མི་ཐུབ་ཅེས་གསུངས། སྐབས་དེར་ད་དུང་གོད་ཆག་དང་ཕམ་ཉེས་ཤིག་བྱུང་བ་ནི་སངས་རྒྱས་ཀྱི་ཉེ་བའི་སློབ་མ་ཤཱ་རིའི་བུ་དང་མོའུ་གལ་གྱི་བུ་གཉིས་ཀའི་སྐུ་སྲོག་ཤོར། སློབ་མ་རྒན་པ་ཤཱ་རིའི་བུ་ནི་ནད་ཀྱིས་རྐྱེན་པས་གྲོངས་པ་དང་། མོའུ་གལ་གྱི་བུ་ནི་བསྙེན་མཚམས་སུ་བཞུགས་པའི་སྐབས་ཆོམ་རྐུན་གྱིས་བརྡུངས་ནས་གྲོངས།
ཡུལ་མ་ག་དྷའི་ནང་ནས་མོས་མཐུན་ནམ་རྒྱབ་སྐྱོར་མ་ཐོབ་སྟབས། སངས་རྒྱས་སླར་བྱང་ཕྱོགས་སུ་ཕེབས་རྒྱུའི་ཐུགས་ཐག་བཅད། དེའི་ནང་ནས་གང་གི་འཁྲུངས་ཡུལ་ཤཱཀྱའི་ཡུལ་དུ་ཀོ་ས་ལས་འཐབ་རྒོལ་བྱས་པའི་རྗེས་གང་ལྷག་ཡོད་མེད་གཟིགས་པར་ཕེབས། མ་ཕེབས་གོང་སངས་རྒྱས་ཀྱིས་ཀུན་དགའ་བོར་དགེ་འདུན་པ་ཚང་མ་བྱ་རྒོད་རིར་འཛོམས་ཤོག་ཅེས་བཀའ་གནང་། དེར་སངས་རྒྱས་ཀྱིས་ཁོང་ཚོར་མཐའ་མའི་ཆོས་སམ་བསླབ་བྱ་གནང་བ་རེད། སངས་རྒྱས་ཀྱིས་ཁོང་ཚོར་ཝ་ཇིའི་གྲོས་ཚོགས་ནང་ནས་དམངས་གཙོའི་ལམ་ལུགས་ཤིག་གཏན་འབེབས་བྱུང་བའི་རྗེས་ཁྱེད་རང་ཚོས་མིག་དཔེར་འོས་པའི་དགེ་འདུན་གྱི་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས། འཆར་ཅན་གསོ་སྦྱོང་འཚོགས་དགོས་པ་དང་། ཕན་ཚུན་མཛའ་མཐུན་ངང་གནས་དགོས་པ། བསོད་སྙོམས་བྱུང་བ་ཁག་མཉམ་སྤྱོད་བྱེད་དགོས་པ། དེ་བཞིན་རྒན་པ་རྣམས་ལ་བརྩི་བཀུར་ཞུ་དགོས་ཞེས་བཀའ་གནང་།
དེ་རྗེས་བྱ་རྒོད་ཕུང་པོ་རི་དང་ཡུལ་མ་ག་དྷ་ནས་སངས་རྒྱས་ཕྱོགས་སུ་ཕེབས་ཏེ། ཝ་ཛྫིའི་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་ཡངས་པ་ཅན་དུ་ཕེབས་འབྱོར་བྱུང་བ་དང་། དེ་གར་ཆར་དུས་རིང་དབྱར་གནས་སུ་བཞུགས། སྐབས་དེར་དམག་གི་འཇིགས་སྐུལ་འབྱུང་ལ་ཉེ་ནའང་ད་དུང་སངས་རྒྱས་ཀྱིས་སྤྱི་ཚོགས་ནི་ཉམས་རྒུད་ཀྱི་དུས་རབས་ནང་སིམས་ཡོད་པར་གཟིགས། ཝ་ཛྫིའི་གྲོས་ཚོགས་ནས་རྒྱབ་སྐྱོར་དང་ཕན་འབྲས་མ་བྱུང་སྟབས། སངས་རྒྱས་ཀྱིས་ཆར་དུས་རིང་གཅིག་པུར་བཞུགས་ནས་རྗེས་འཇུག་དགེ་འདུན་པ་རྣམས་ལ་སོ་སོའི་གྲོགས་སམ་རོགས་རམ་བྱེད་མིའི་དྲུང་དུ་འདུག་གནས་འཚོལ་བར་རྒྱུག་ཅེས་བཀའ་གནང་།
ཆར་དུས་ཀྱི་རིང་ལ་དགུང་ལོ་བརྒྱད་བཅུར་ཕེབས་པའི་སངས་རྒྱས་ལ་ནད་གཞི་ཚབས་ཆེན་ཕོག་ནས་ཧ་ལམ་མྱ་ངན་ལས་འདའ་བར་ཉེ། ཀུན་དགའ་བོས་སངས་རྒྱས་ལ་དགེ་འདུན་ཚོར་མཐའ་མའི་བཀའ་སློབ་ཅིག་གནང་རོགས་ཞེས་གསོབ་བ་བཏབ། སངས་རྒྱས་ཀྱི་ཞལ་ནས་ངས་རང་གིས་གང་ཤེས་པ་ཚང་མ་བསླབས་ཟིན། མ་འོངས་པར་ཆོས་དེ་ཉིད་ཁྱེད་རང་ཚོའི་རྩ་བའི་སྐྱབས་དང་ལམ་སྟོན་གྱི་འབྱུང་ཁུངས་ཤིག་ཏུ་བརྩི་དགོས། སྡུག་བསྔལ་ལས་ཐར་བའི་ཐར་པ་འཐོབ་པར། ཆོས་དེ་དག་ཤེས་པ་ཙམ་མིན་པར་ཉམས་ལེན་ནང་དུ་སྒྲིལ་དགོས་པ་ལས་འགོ་འཛིན་དཔོན་པོ་ལྟ་བུ་ཁ་ཤས་ཤིག་གམ་ཚོགས་སྡེ་ཞིག་ལ་སྐྱབས་བཅོལ་ནས་འདུག་མི་ཉན་ཅེས་བཀའ་གནང་། དེ་རྗེས་མི་རིང་བར་སངས་རྒྱས་སྐུ་མྱ་ངན་ལས་འདའ་རྒྱུ་ཡིན་ཅེས་གསུངས།
སངས་རྒྱས་ཀྱི་སློབ་མ་དང་ཚ་བོ་ཀུན་དགའ་བོ་དང་མ་འགག་པའམ་ཨཱ་ནུ་རུ་དྷ་ (Anuruddha) ལྷན་དུ་ཆར་དུས་རྗེས་ཕྱིར་ཐེངས་གཅིག་ཕེབས། ཤཱཀྱའི་ཡུལ་དུ་ཕེབས་པའི་ལམ་བར་དུ་པཱ་ཝ་ (Pava) ཞེས་བྱ་བའི་ཡུལ་དེར་འགྲུལ་མཚམས་བཞག པཱ་ཝ་ནི་གྱད་ཀྱི་ཡུལ་ (Malla) གྱི་གྲོང་ཁྱེར་ཆེ་ཁག་གཉིས་ལས་གཅིག་ཡིན། ཡུལ་དེ་ནས་མིང་ལ་ཚུནྡ་ (Chunda) ཞེས་པའི་མགར་བ་ཞིག་གིས་སངས་རྒྱས་སྐུ་འཁོར་ལ་དུག་བཏབ་པའི་ཕག་ཤ་ཕུལ། སངས་རྒྱས་ཀྱིས་མཁྱེན་ནས་ཕག་ཤ་ཟ་མི་ཉན་ཅེས་ཚ་བོར་བཀའ་གནང་སྟེ། སངས་རྒྱས་སྐུ་ཉིད་ཀྱིས་མཆོད་དེ་ལྷག་མ་རྣམས་ས་འོག་ཏུ་སྦོས་ཤིག་ཅེས་གསུངས། མལླའམ་གྱད་ཀྱི་ཡུལ་ནི་སྤྱི་ཁྱབ་དམག་དཔོན་ཀ་རཱ་ཡ་ནའི་ (Karayana) སྐྱེ་ཡུལ་ཡིན། དམག་དཔོན་དེས་ཤཱཀྱའི་ཡུལ་དུ་མི་རིགས་སྡེབ་གསོད་འགོ་བཙུགས། ཕག་ཤའི་ནང་དུག་བཏབ་སྟེ་ཕུལ་བའི་དམིགས་དོན་ནི་ཀུན་དགའ་བོ་གསོད་རྒྱུ་ཡིན་པ་ཕལ་ཆེར་གསལ་པོ་རེད། གང་ཡིན་ཞེ་ན། ཀུན་དགའ་བོ་ནི་སྐབས་དེ་དུས་སངས་རྒྱས་ཀྱི་ཆོས་རྣམས་བློར་འཛིན་གནང་མཁན་གཅིག་པུ་དེ་ཡིན་པས་སྙན་གྲགས་གང་སར་ཁྱབ་ཡོད། གལ་སྲིད་ཀུན་དགའ་པོ་བསད་ན། སངས་རྒྱས་ཀྱི་ཆོས་དང་དགེ་འདུན་གྱི་སྡེ་གནས་མི་ཐུབ།
ཁྲག་བཤལ་གྱི་ནད་ཚབས་ཆེན་ཞིག་ཕོག་སྟེ། སངས་རྒྱས་ཀྱིས་ཀུན་དགའ་བོར་ཉེ་འགྲམ་གྱི་ཀུ་ཤའི་གྲོང་ངམ་རྩ་མཆོག་གྲོང་དུ་འཁྲིད་ཅིག་ཅེས་གསུངས། དེ་གར་ཤིང་སྡོང་གཉིས་ཀྱི་དབུས་སུ་གཟིམས་ཁྲི་ཞིག་བཤམས་ནས། སངས་རྒྱས་ཀྱིས་དགེ་འདུན་པ་ཁ་ཤས་ཤིག་ལ་དྲི་བའམ་དོགས་པ་ཡོད་ན་ཤོད་ཅེས་གསུངས། ཀུན་དགའ་བོ་སོགས་ཚང་མ་མྱ་ངན་གྱིས་ཡོངས་སུ་མནན་ཏེ། ཁུ་སིམ་མེར་ལུས་པ་དང་། དགུང་ལོ་བརྒྱ་བཅུ་དང་ཡེ་ཤུའི་དུས་རབས་སྔོན་ལོ་ ༤༨༥ ལོར་སངས་རྒྱས་དགོངས་པ་ཆོས་དབྱིངས་སུ་ཐིམས།
སངས་རྒྱས་ཀྱི་སྐུ་ཕུང་ཞུགས་འབུལ་མ་ཞུས་གོང་། འོད་སྲུངས་ཆེན་པོས་འགོ་ཁྲིད་དེ་པཱ་ཝ་ (Pava) ནས་དགེ་འདུན་པ་འགའ་བསླེབས་ཏེ། ཁོང་ཚོས་ཁོ་རང་ཚོས་མཐའ་མའི་གུས་ཕྱག་མ་ཕུལ་བར་སྒུག་དགོས་ཞེས་བཤད། འོད་སྲུངས་ཆེན་པོ་ནི་དགུང་ལོ་མཐོན་པོར་སོན་རྗེས་ལོ་ཤས་སྔོན་རབ་ཏུ་བྱུང་བའི་ཡུལ་མ་ག་དྷའི་བྲམ་ཟེ་ཞིག་ཡིན། སངས་རྒྱས་ཀྱིས་ཁོང་ཐེངས་དང་པོ་གཟིགས་པའི་སྐབས། བྲམ་ཟེའི་གོས་གསར་པ་དེ་དང་བརྗེ་པོ་སློག་ཆེད་སངས་རྒྱས་ཉིད་ཀྱི་ན་བཟའ་ཟད་དོ་དེ་འོད་སྲུངས་ལ་གནང་། ཕྱིས་སུ་སངས་རྒྱས་ཀྱི་ན་བཟའི་མཚོན་དོན་དེ་དབང་ཚད་དར་ཁྱབ་དང་ནང་པའི་རྒྱུད་པ་འདི་གཏད་རབས་ཀྱིས་འགོ་འཛུགས་མཚོན་པར་བསྙད།
འོན་ཀྱང་སངས་རྒྱས་ཀྱིས་གང་གི་རྗེས་འཇུག་སློབ་མ་ཚོར་བཀའ་གསལ་པོ་ག་རེ་གནང་ཡོད་ཅེ་ན། སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་དམ་པའི་ཆོས་དེ་ཉིད་ཁྱེད་རང་ཚོའི་བླ་མའམ་དགེ་རྒན་དུ་བཀུར་དགོས། རྗེས་འཇུག་དགེ་འདུན་གྱི་སྡེ་མུ་མཐུད་ཝ་ཇིའི་གྲོས་ཚོགས་ལམ་ལུགས་ཀྱི་མིག་དཔེ་བྱེད་དགོས་པ་ལས་ཀོ་ས་ལ་དང་ཡུལ་མ་ག་དྷའི་རྒྱལ་གཞིས་ཀྱི་མི་རྣམས་དགེ་འདུན་གཙོ་བོ་གཅིག་ཁོ་ནས་འགོ་འཛིན་བྱས་ཏེ་མིག་དཔེ་སྟོན་རྒྱུ་ནི་གང་གི་དགོངས་པ་མ་ཡིན་ཅེས་བཀའ་གནང་།
དེ་ལྟ་ནའང་སངས་རྒྱས་མྱ་ངན་ལས་འདས་རྗེས་འོད་སྲུངས་ཆེན་པོ་དང་ཀུན་དགའ་བོའི་དབར་དབང་ཆའི་འཐབ་རྩོད་བྱུང་བར་གྲགས། ཡང་ན་དགེ་རྒན་གྱི་སློབ་མར་བརྒྱུད་པའི་རྒྱ་གར་གྱི་སྲོལ་རྒྱུན་གྱི་མི་གཅིག་དབང་སྒྱུར་དར་སྲོལ་དང་སྤྱི་ཚོགས་ཆུང་ཆུང་ཞིག་ནང་བསོད་སྙོམས་ལ་བརྟེན་ནས་སྡོད་མཁན་གྱི་དགེ་འདུན་པ་ལས་གྲུབ་པའི་དམངས་གཙོའི་ལམ་ནས་ཁེ་དབང་འདྲ་མཉམ་སྲུང་སྐྱོབ་བྱེད་མཁན་གྱི་ལམ་ལུགས་དང་ཐུན་མོང་གི་ཉམས་ལེན་དང་རྩ་འཛིན་ངེས་ཅན་ཞིག་གི་རྗེས་སུ་འཇུག་མཁན་དབར་འཐབ་རྩོད་བྱུང་བའི་རྗེས། མཐར་འོད་སྲུང་ཆེན་པོར་རྒྱལ་ཁ་ཐོབ།
སངས་རྒྱས་ཀྱི་སྐུ་ཕུང་ཞུགས་འབུལ་དང་རིང་བསྲེལ་བགོ་འགྲེམས་གྲུབ་པའི་རྗེས། སངས་རྒྱས་ཀྱི་བཀའ་ལ་དག་ཐེར་དང་། ཞུ་དག ། གཏན་འབེབས་བཅས་ཀྱི་སླད་དུ་ཟླ་བ་རྗེས་མ་དེར་ཆར་དུས་སྐབས་རྒྱལ་པོའི་ཁབ་ཏུ་བཀའ་བསྡུ་འཚོགས་རྒྱུའི་གྲོས་འཆར་ལ་དགེ་འདུན་དམངས་ཀྱིས་མོས་མཐུན་བྱས། འོད་སྲུངས་ཆེན་པོས་བཀའ་བསྡུ་མཛད་སར་ཡོང་མཁན་བསླབ་པ་རྒན་པ་རྣམས་བདམས། ཁོང་གིས་དགྲ་བཅོམ་པ་སྟེ་ཐར་པ་ཐོབ་ཟིན་པའི་གང་ཟག་ཤ་སྟག་བདམས། དགྲ་བཅོམ་པ་ ༤༩༩ བྱུང་། དང་པོ་འོད་སྲུངས་ཆེན་པོས་ཀུན་དགའ་བོར་དགྲ་བཅོམ་པའི་གོ་འཕང་ཐོབ་མེད་པ་རྒྱུ་མཚན་དུ་བྱས་ཏེ་བཀའ་བསྡུ་མཛད་སར་ཡོང་མཁན་ནང་མ་བཅུག །ཀུན་དགའ་བོ་ནི་སངས་རྒྱས་ཀྱི་ཆོས་ལ་མཁྱེན་པ་གཏིང་ཟབ་ཤོས་ལྡན་མཁན་ཞིག་ཡིན་ནའང་། འོད་སྲུངས་ཆེན་པོས་དེའི་གྲལ་ནས་ཕུད། མ་ཟད་ཀུན་དགའ་བོ་ནི་སངས་རྒྱས་ཀྱི་ཆོས་ལ་རྒྱབ་སྐྱོར་དང་ངག་ཐོག་ནས་དར་སྤེལ་གནང་མཁན་གཙོ་བོ་དེ་ཡིན་ཅིང་། གང་ཟག་བྱེ་བྲག་པ་གཅིག་གིས་འགོ་ཁྲིད་མི་རུང་བའི་ལྟ་བ་འཛིན་མཁན་དེ་ཡིན། གཅིག་བྱས་ན་འོད་སྲུངས་ཆེན་པོས་ཀུན་དགའ་བོར་ཐུགས་མ་མཉེས་པའི་རྒྱུ་མཚན་ནི་ཀུན་དགའ་བོས་སངས་རྒྱས་ལ་རབ་བྱུང་མའི་སྡོམ་པ་གསོལ་བ་བཏབ་པ་དེ་ཡིན་ཤས་ཆེ། དེས་འོད་སྲུངས་ལ་གནོད་ཡོད་རྒྱུ་རེད། གང་ཡིན་ཟེར་ན། འོད་སྲུངས་ནི་བྲམ་ཟེའི་རིགས་ཀྱི་སྔར་སྲོལ་ལ་དགའ་ཞེན་ཅན་ཞིག་ཡིན། འོན་ཀྱང་མཐའ་མ་དེར་དགེ་འདུན་བསླབ་པ་རྒན་པ་རྣམས་ཀྱིས་ཀུན་དགའ་བོ་ཕུད་པ་དེར་ངོ་རྒོལ་བྱས་པས་འོད་སྲུངས་ཆེན་པོས་ཀུན་དགའ་བོ་ཡོང་དུ་བཅུག །གནས་བརྟན་སྨྲ་བའི་ (Theravada) འགྲེལ་བ་གཞིར་བཟུང་བྱས་ན། བཀའ་བསྡུ་མཛད་པའི་ཉིན་དེའི་གོང་གི་མཚན་མོར་ཀུན་དགའ་བོར་དགྲ་བཅོམ་པའི་གོ་འཕང་ཐོབ་བོ།
འོན་ཀྱང་བཀའ་བསྡུ་མཛད་ཁ་མར་ཀུན་དགའ་བོར་རྒྱལ་པོ་མ་སྐྱེས་དགྲའི་སྤྱི་ཁྱབ་བློན་ཆེན་དབྱར་གྱི་རྣམ་པ་ (Vassakara) དང་ཐུག་འཕྲད་བྱུང་། ཝ་ཛྫིར་འཐབ་རྒོལ་བྱ་རྒྱུར་ཡུལ་མ་ག་དྷའི་དམག་དཔུང་ལ་གྲ་སྒྲིག་ཡོད་པའི་ཁར། ད་དུང་ཨ་ཝནྟིའི་ (Avanti) ཡུལ་གྱི་རྒྱལ་པོ་རབ་གསལ་ (Pajjota) གྱིས་དཔུང་འཇུག་གྲ་སྒྲིག་བྱེད་བཞིན་ཡོད་པའི་སྐོར་ཀུན་དགའ་བོས་དབྱར་གྱི་རྣམ་པའི་དྲུང་ནས་གསན། ཨ་ཝནྟི་ནི་ཡུལ་མ་ག་དྷའི་ནུབ་ཕྱོགས་ཀྱི་རྒྱལ་གཞིས་ཤིག་ཡིན། དེས་ན་མ་གཞི་འདུས་ཚོགས་ནང་གཏད་རབས་ཀྱི་རྒྱུད་པས་རྒྱུན་སྐྱོང་བྱེད་པའི་ལམ་སྲོལ་ལ་སངས་རྒྱས་ཀྱིས་ཐུགས་མོས་མི་མཛད་ཀྱང་། འོད་སྲུངས་ཆེན་པོས་གཉན་འཕྲང་ཅན་གྱི་དུས་དེའི་སྐབས་སངས་རྒྱས་ཀྱི་བསྟན་པ་དང་དགེ་འདུན་གྱི་སྡེ་མི་ཉམས་པར་གནས་ཆེད་ཐེ་ཚོམ་མེད་པར་སྣེ་ཁྲིད་མཛད།
བཀའ་བསྡུ་དང་པོའི་སྐབས་དགྲ་བཅོམ་པ་ལྔ་བརྒྱ་འཛོམས་ནས་རྒྱལ་པོའི་ཁབ་ཀྱི་འགྲམ་དུ་ལོ་མ་བདུན་པའི་ཕུག་ (Sattipanniguha) ཏུ་བཀའ་བསྡུ་མཛད། འོད་སྲུངས་ཆེན་པོས་གཙོ་སྐྱོང་གནང་སྟེ། ཀུན་དགའ་བོས་ཤེར་ཕྱིན་གྱི་མདོ་དང་འཕགས་པ་ཉེ་བར་འཁོར་གྱིས་འདུལ་བའི་གཞུང་རྣམས་ངག་ཐོག་ནས་གསུངས། གནས་བརྟན་སྨྲ་བའི་ (Theravada) པར་མ་གཞིར་བཟུང་ན། བཀའ་བསྡུ་དེའི་སྐབས་ཆོས་མངོན་པ་མཛོད་གསུངས་མེད། འོན་ཀྱང་ཐམས་ཅད་ཡོད་པར་སྨྲ་བའི་སྡེའི་ནང་བྱེ་བྲག་སྨྲ་བས་འོད་སྲུངས་ཆེན་པོས་ཆོས་མངོན་པ་གསུངས་ནའང་ཆ་ཚང་གསུངས་མེད་པར་འདོད། འོན་ཀྱང་མདོ་སྡེ་པ་གཞི་བཞག་བྱས་ན། ཆོས་མངོན་པ་མཛོད་ནི་སངས་རྒྱས་ཀྱི་བཀའ་ངོ་མ་མིན་པར། དགྲ་བཅོམ་པ་བདུན་གྱིས་བརྩམས་པར་འདོད།
བོད་བརྒྱུད་ནང་བསྟན་ལ་གཞིགས་ན། འོད་སྲུངས་ཆེན་པོས་སྟོན་པའི་གཏད་རབས་བདུན་གྱི་རྒྱུད་པ་དབུ་བཙུགས། རྒྱ་ནག་གི་ཆེན་ (Chan) སྲོལ་རྒྱུན་དང་། དེ་ག་ནང་བཞིན་ཀོ་རི་ཡའི་སྲས་ (Korean Son) དང་ཉི་ཧོང་གི་ཛེན་བསམ་གཏན་པའི་སྲོལ་རྒྱུན་བྱས་ན། རྒྱ་གར་ནང་གཏད་རབས་ཉེར་བརྒྱད་ཀྱི་རྒྱུད་པ་བྱུང་བ་ལས་བོ་དྷི་དྷརྨ་ (Bodhidharma) ཉེར་བརྒྱད་པར་འདོད། བོ་དྷི་དྷརྨ་ནི་ཆེན་སྲོལ་རྒྱུན་རྒྱ་ནག་ཏུ་དར་སྤེལ་མཛད་མཁན་གྱི་རྒྱ་གར་གྱི་མཁས་པ་ཞིག་ཡིན། ཤར་ཨེ་ཤི་ཡའི་ནང་། ཁོང་ནི་ཆེན་གཏད་རབས་ཉེར་བརྒྱད་ལས་དང་པོར་བརྩི་གི་ཡོད།
སྙིང་པོར་བསྡུས་ན། གནས་བརྟན་སྨྲ་བའི་ (Theravada) པཱ་ལིའི་གཞུང་ནང་། སངས་རྒྱས་ནི་གཞན་ཡིད་དབང་འཕྲོག་ནུས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་དང་། དཀའ་ཚེགས་ཤིན་ཏུ་ཆེ་བའི་གནས་སྟངས་འོག་སློབ་མའི་ཚོགས་ཇེ་ཆེར་འཕེལ་བཞིན་པའི་གང་གི་རྗེས་འཇུག་པ་དང་སློབ་མའི་སྡེ་གསར་འཛུགས་དང་ཁོང་ཚོར་རྒྱབ་སྐྱོར་གནང་རྒྱུར་ཐབས་ཤེས་མཛད་མཁན་གྱི་བྱུས་ཉེས་བྱུང་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་གསལ། སྐུ་འཚོ་བཞུགས་རིང་ཆབ་སྲིད་ཀྱི་གྱ་གྱུ་དང་། དམག་འཁྲུགས་མང་པོ། གང་གི་འཁྲུངས་ཡུལ་གྱི་མི་རིགས་སྡེབ་གསོད། སྲིད་གཞུང་གི་མདུན་དུ་སྐུ་ཉིད་ལ་སྐྱོན་འཛུགས། གང་གི་སློབ་མའི་ཁྲོད་དུ་དབང་ཆའི་འཐབ་རྩོད། ཉེ་བའི་སློབ་མ་ཞིག་དཀྲོངས་པ། མཐར་དུག་གིས་སྐུ་དཀྲོངས་པ་སོགས་རྐྱེན་ངན་ཧ་ཅང་མང་པོ་བྱུང་། འོན་ཀྱང་རྐྱེན་ངན་དེ་དག་ཕྲད་ནའང་། སངས་རྒྱས་ཀྱི་ཐུགས་ཞི་བདེའི་ངང་བཞུགས་ཏེ་ཐུགས་རྩ་བ་ནས་ཞུམ་མེད། སངས་རྒྱས་ནས་ལོ་ངོ་ཞེ་དྲུག་རིང་ཆོས་གསུངས་ཤིང་། གང་གི་ཐུགས་ཀྱི་དགོངས་པ་ལྟར་སེམས་ཅན་ཐམས་ཅད་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱེད་པའི་ལམ་ཚང་ལ་མ་ནོར་བ་སྟོན་རྒྱུའི་ཐུགས་ཀྱི་དམ་བཅའ་གཡོ་བ་མེད་པའི་ངང་བཞུགས་གནང་ཡོད།།