རྒྱལ་པོ་སྲོང་བཙན་སྒམ་པོ།
སྤྱི་ལོའི་དུས་རབས་ ༧ ནང་། རྒྱལ་པོ་སྲོང་བཙན་སྒམ་པོས་བོན་གྱི་བསྟན་པ་ཐོག་མར་དར་ཡུལ་དང་བོད་ཀྱི་ནུབ་ཕྱོགས་སུ་ཡོད་པའི་ཞང་ཞུང་རྒྱལ་ཕྲན་དབང་དུ་བསྡུས་ཏེ། བོད་དེ་རྒྱལ་ཁམས་ཆེན་པོ་ཞིག་ཏུ་གཅིག་གྱུར་བཟོས་གནང་མཛད་པ་རེད། སྔར་གྱི་ལུགས་སྲོལ་ལྟར་གཉེན་སྒྲིག་ལ་བརྟེན་ནས་མཐུན་ཕྱོགས་རྒྱལ་འབྲེལ་ཡོང་ཆེད་ཁོང་གིས་བཙུན་མོ་འགའ་ཤས་ཁབ་ཏུ་བཞེས། དེའི་ནང་ནས་ཉུང་མཐར་ཡང་རྒྱ་ནག་དང་། བལ་ཡུལ། ཞང་ཞུང་བཅས་སོ་སོ་ནས་བཙུན་མོ་རེ་བླངས། བཙུན་མོ་དེ་དག་རེ་རེས་རང་རང་སོ་སོའི་སྲོལ་རྒྱུན་ནས་མདོ་མང་པོ་ཞིག་བོད་ཀྱི་དབུས་ཕྱོགས་སུ་ལྷན་དུ་བསྣམས་ཕེབས། དེ་ལྟར་བོད་ཀྱི་ནང་ཆོས་ཀྱི་ཐོག་མའི་བྱུང་རབས་དེ་ནམ་རྒྱུན་དེ་ནས་འགོ་ཚུགས་ཡོད། ཡང་བཤད་སྲོལ་གཞན་ཞིག་ལ། སྤྱི་ལོའི་སྔོན་གྱི་དུས་རབས་ ༡ ནང་ནམ་མཁའ་ནས་ནང་བསྟན་གྱི་མདོ་མང་པོ་ཞིག་ལྷུང་ཡོད་པར་གྲགས་པའི་ལྷ་སྒྲུང་འདྲ་པོ་ཞིག་ཀྱང་ཡོད་པ་རེད། གང་ལྟར་ཡང་། སྐབས་དེ་དུས་ནང་ཆོས་ནས་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་ཤུགས་རྐྱེན་དེ་ཙམ་ཆེན་པོ་ཐེབས་མེད།
རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཡུལ་དུ་ཡི་གེ་ཞིག་དགོས་པའི་ཐུགས་འདོད་བྱུང་བ་ལ་བརྟེན་ནས། རང་གི་བློན་པོ་ཐོན་མི་སམ་བྷོ་ཊ་ལི་ཡུལ་ (Khotan) དུ་མཛངས། ཡུལ་གྲུ་དེ་ནི་སྐབས་དེ་དུས་བོད་ཀྱི་ནུབ་བྱང་ངོས་དང་དར་སྐུད་ཚོང་ལམ་དུ་ཡོད་པའི་ནང་པའི་རྒྱལ་ཕྲན་ཤུགས་ཆེན་ཞིག་རེད། ས་ཆའི་ས་བབས་ཀྱི་ངོས་ནས་བཤད་ན། མཐོ་སྒང་བོད་ཀྱི་རི་རྒྱུད་ནས་མར་ཐུར་དུ་རྒྱ་མཚོའི་ངོས་ལ་གནས་པའི་ཡུལ་དང་། འདིའི་ཕ་རོལ་ན་མཛེས་སྡུག་ལྡན་ལ་འཇིགས་སུ་རུང་བའི་བྱེ་ཐང་ཐག་ལ་མ་གན་ (Taklamakan Desert) ཞེས་པ་དེ་ཡོད། དེ་ནི་ཏུར་ཀིའི་ཐ་སྙད་ཅིག་ཡིན་པ་དང་། དེའི་གོ་དོན་ནི་ “ནང་དུ་འཛུལ་ནས་ཕྱིར་མི་ཐོན་པའི་” དོན་རེད། དེང་སང་ས་གནས་དེ་རྒྱ་ནག་གི་མངའ་འོག་ཤིང་ཅང་གི་ས་ཆའི་ནང་དུ་ཡོད་ཀྱང་། སྲོང་བཙན་སྒམ་པོའི་སྐུ་དུས་ལ་རི་རྒྱུད་དེ་དག་གི་གཤམ་དང་བྱེ་ཐང་དེ་འགོ་མ་ཚུགས་པའི་བར་ལ་ཡོད་པའི་གནས་དེ་ལི་ཡུལ་རེད།
མངའ་ཁུལ་དེ་ནི་ནང་ཆོས་ཤུགས་ཆེ་དར་བའི་ཡུལ་གྲུ་ཞིག་ཡིན་པ་དང་ཨི་རན་གྱི་རིག་གཞུང་གི་ཤུགས་རྐྱེན་གཙོ་བོ་ཐེབས་དང་ཐེབ་མུས་རེད། ཡུལ་དེའི་སྐད་ཡིག་ལ་མཚོན་ན་ཨི་རན་གྱི་སྐད་ཡིག་ཁག་དང་འབྲེལ་ནས་ཡོད། ནམ་རྒྱུན་ཡིག་ཐོག་ཏུ་འཁོད་པའི་ལོ་རྒྱུས་ཡིག་ཆ་ཁག་གི་ནང་ནན་བཤད་བྱས་མེད་ཀྱང་། ལི་ཡུལ་གྱིས་བོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཔེར་ན། བོད་ཀྱི་ཀ་མད་རྣམས་དོན་དངོས་ཐོག་ལི་ཡུལ་གྱི་འབྲི་གཟུགས་ལ་དཔེ་བླངས་ནས་བྱུང་ཡོད། ལི་ཡུལ་གྱི་འབྲི་གཟུགས་ལའང་ཁོ་རང་ཚོས་རྒྱ་གར་ལེགས་སྦྱར་གྱི་ཀ་ཁ་ལ་གཞི་བཞག་སྟེ་རན་འཚམས་ཀྱི་བཟོ་བཅོས་བྱས་ཡོད། ཐོན་མི་སམ་བྷོ་ཊས་ལི་ཡུལ་གྱི་སློབ་དཔོན་རྣམས་དང་མཇལ་འཆར་ཡོད་པ་རྣམས་སྐབས་དེ་དུས་ཀཥྨིར་ནང་དུ་བཞུགས་ཡོད་པ་དང་སྟབས་འཁེལ་ཡོད། སྔར་ལི་ཡུལ་ལ་འགྲོ་བར་ཀཥྨིར་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ནམ་རྒྱུན་ང་ཚོས་བོད་ཀྱི་ཡི་གེ་དེ་ཀཥྨིར་ནས་བྱུང་ཡོད་པ་བཤད་ཀྱང་། ལོ་རྒྱུས་ལ་དཔྱད་ཞིབ་ནན་པོ་བྱས་ན་དེ་ལྟར་མིན་པ་ཤེས་ཐུབ། དེའི་སྟེང་དུ། བོད་ཡིག་ནང་ཡིག་སྒྱུར་བྱེད་པའི་སྐབས་ཐ་སྙད་གཅིག་དུམ་བུར་བགོས་ནས། ཡིག་འབྲུ་རེ་རེར་དོན་འགྲེལ་བྱེད་པའི་ལམ་ལུགས་དེ་ལི་ཡུལ་གྱི་བྱེད་སྟངས་ལས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཤེས་ཐུབ།
འདིའི་སྐབས་ལ། བོད་ནང་ད་དུང་ཡང་ནང་ཆོས་དེ་ཙམ་འཕེལ་རྒྱས་བྱུང་མེད། ལོ་རྒྱུས་ཡིག་ཆ་འགའ་ཤས་ཀྱི་ནང་། བོད་ཀྱི་ཡུལ་འདི་སྲིན་མོ་སའི་སྟེང་གན་རྐྱལ་དུ་ཉལ་བ་དང་འདྲ་བར་གསུངས་ཡོད། སྲིན་མོའི་གནོད་འཚེ་ཅན་གྱི་མཐུ་ནུས་འཇོམས་པའི་ཆེད་དུ་དེའི་ལུས་ཀྱི་གནད་ཆེ་བའི་ས་གནས་ངེས་ཅན་ལ་ལྷ་ཁང་བཞེངས་དགོས་ཀྱི་ཡོད། བྱས་ཙང་། མ་གདུལ་བའི་བོད་ཀྱི་སྲིན་མོ་འདུལ་བའི་ཆེད་གཞི་རྒྱ་ཆེ་བའི་ས་བབས་སྟེང་དུ་ལྷ་ཁང་བཅུ་གསུམ་བཞེངས་པ་རེད། ལྷ་ཁང་དེ་དག་དང་མཉམ་དུ་བསྟན་བཅོས་དང་སངས་རྒྱས་ཀྱི་སྐུ་འདྲ་རྒྱ་བལ་གྱི་བཙུན་མོ་རྣམས་ནས་བསྣམས་ཕེབས་པའི་དུས་དེ་ནས་བོད་ནང་དུ་ནང་པའི་བསྟན་པ་ཐོག་མར་དར་འགོ་ཚུགས་པ་རེད།
ཕྱིས་སུ་རྒྱ་ནག་དང་ལི་ཡུལ། དེ་ནས་རྒྱ་གར་དང་འབྲེལ་བ་སྔར་ལས་ལྷག་པ་བྱུང་ཡོད། ཞང་ཞུང་གི་སྲས་མོས་བོན་གྱི་ཆོ་གའི་དཔེ་ཆ་འདྲ་མིན་ཞིག་བསྣམས་ཕེབས་ཡོད། འོན་ཀྱང་དེ་དག་ནི་དེང་སང་ང་ཚོའི་མཐོང་ཆོས་སུ་ཡོད་པའི་བོན་གྱི་ཆོ་ག་ཁག་དང་ཡོངས་སུ་མི་འདྲ་བ་ཡོད།