མི་དགེ་བ་བཅུའི་རྒྱས་བཤད།

གལ་ཏེ་ངས་དེ་སྔ་ནང་བཞིན་འགྲེལ་བཤད་བྱས་ན། ཁྱེད་རྣམས་ཀྱིས་དེ་ཕན་ཐོགས་ཅན་ཞིག་མཐོང་གི་འདུག་གམ། ངས་འདི་སྐད་ཆ་འདྲི་དགོས་དོན་ནི། ཆོས་འཆད་ཁྲིད་བྱེད་ཚུལ་མི་འདྲ་བ་མང་པོ་ཡོད་པས་རེད།

འབུམ་རམས་པ་བྷར་ཛིན། རིན་པོ་ཆེ་ནས་རྒྱབ་རྟེན་གྱི་འགྲེལ་བརྗོད་ལམ་སྟོན་འགའ་ཞིག་ཞུ་བཞིན་འདུག །རྒྱུ་ཆ་འདི་ཁྱེད་ལ་སྤྱན་འབུལ་ཞུ་རྒྱུ་དེ་འོས་ཤིང་འཚམས་པའི་སྤྱོད་ཚུལ་ཞིག་རེད་དམ།

གལ་ཏེ་ཁྱེད་ཀྱིས་འདི་འགོ་འཛུགས་བྱེད་སྟངས་ཡག་པོ་ཞིག་ཏུ་མཐོང་ན། ངས་མུ་མཐུད་དེ་ག་ནང་བཞིན་འཁྲིད་ཀྱི་ཡིན། གང་ཡིན་ཟེར་ན། གནད་འགགས་གཙོ་བོ་ནི་ཁྱེད་རྣམས་ལ་ཕན་ཐོགས་པའི་གནད་དོན་ཞིག་འགྲེལ་བརྗོད་བྱ་རྒྱུ་དང་། ཆོས་ཁྲིད་འདི་ཕན་ཐོགས་ལྡན་པའི་ཉམས་མྱོང་ཞིག་བཟོ་རྒྱུ་དེ་རེད། ཁྱེད་ཀྱིས་ཆོས་གང་འདྲ་ཞིག་ཐོས་པ་དང་། སྔོན་འགོག་གི་ཐབས་ལམ་འདི་དག་གི་སྐོར་ལ་ཁྱེད་ཀྱིས་གང་སྦྱངས་ཡོད་ནའང་། ཐོག་མར་ཁྱེད་ཀྱིས་ཉན་དགོས་ཤིང་། དེ་གཞི་རྩར་བཞག་ནས་ཁྱེད་ཀྱིས་དེ་དག་གི་སྐོར་ལ་ཤེས་ཀྱི་ཡོད། དེ་དག་གི་སྐོར་ཤེས་པ་དང་སོ་སོའི་ཉམས་ལེན་གྱི་ནང་སྒྲིལ་ཐབས་བྱེད་དགོས།

ང་ཚོས་སྔོན་འགོག་གི་ཐབས་ལམ་དེ་དག་ལག་བསྟར་དང་ཉམས་ལེན་རྩ་ནས་མ་བྱས་པར་ཤེས་པ་ཙམ་ནི་གྲུབ་འབྲས་ཆེན་པོ་ཐོན་པ་གང་ཡང་མིན། ཐ་ན་ཁྱེད་ཀྱིས་སྔོན་འགོག་གི་ཐབས་ལམ་བསྟེན་ནས་ཉམས་ལེན་བྱེད་འདོད་ཡོད་ནའང་། གལ་ཏེ་ཐབས་ལམ་གང་བསྟེན་དགོས་མིན་མ་ཤེས་ན། ཁྱེད་ཀྱིས་དེ་དག་ཉམས་ལེན་བྱེད་མི་ཐུབ། དེར་བརྟེན་ང་ཚོས་ཐོས་པའམ་སློབ་སྦྱོང་དང་ཉམས་ལེན་གཉིས་ཀ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན། ཁྱེད་ཀྱིས་ཆོས་ཉན་དགོས་ཤིང་ཐབས་ལམ་དེ་དག་གི་འགྲེལ་བ་ལ་ཉན་དགོས། དེ་དག་ལེགས་པར་སྦྱངས་ནས་ཉམས་སུ་ལེན་དགོས། དེ་དག་ཚང་མ་རྒྱུད་རིམ་གཅིག་གི་ནང་མཉམ་དུ་འགྲོ་དགོས།

ལུས་ཀྱི་མི་དགེ་བ་གསུམ། ༼མུ་མཐུད།༽

སྲོག་གཅོད་སྤོང་བའི་སྐོར་གྱི་བསྐྱར་ཞིབ།

སེམས་ཅན་གཞན་གང་འདྲ་ཞིག་གི་སྲོག་གཅོད་པའི་མི་དགེ་བའི་ལས་ཀྱི་ནང་གང་གཏོགས་ཀྱི་ཡོད་པའི་སྐོར་ལ་ངས་འགྲེལ་བརྗོད་བྱས་ཡིན། ད་གཟོད་ཁྱེད་རྣམས་ཀྱིས་ངས་གང་འགྲེལ་བརྗོད་བྱས་པ་དེ་ཐོས་པ་ལ་གཞི་བཞག་ནས་ཤེས་རྟོགས་བྱུང་ཡོད། འོ་ན་ཁྱེད་རྣམས་ཀྱིས་གང་ཐོས་ཡོད་དམ་ཞེ་ན། ཁྱེད་ཀྱིས་སྲོག་གཅོད་ཀྱི་ལས་ལ་བརྟེན་ནས་བྱུང་བའི་ཉེས་དམིགས་དང་སྐྱོན་གྱི་ཆ་ཡོངས་སུ་རྫོགས་པ་དང་། སེམས་ཅན་གཞན་གྱི་སྲོག་གཅོད་རྒྱུ་སྤོང་བའི་ཕན་ཡོན་དང་དགེ་མཚན་ཡོངས་སུ་རྫོགས་པའི་སྐོར་ཐོས་ཡོད། ད་གཟོད་ཁྱེད་ཀྱིས་དེའི་སྐོར་ཤེས་ཀྱི་ཡོད་པ་དང་། དེ་ཉམས་སུ་ལེན་པ་ཞེས་པ་ནི། ད་ནས་བཟུང་སྟེ། “ངས་སེམས་ཅན་སྲོག་ཆགས་གཞན་གང་གི་སྲོག་འཕྲོག་གི་མིན། ཐ་ན་འབུ་སྲིན་ཡན་ཆད་ཀྱི་སྲོག་གཅོད་ཀྱི་མིན་” ཞེས་ཁས་ལེན་དང་དམ་བཅའ་བརྟན་པོ་ཞིག་བྱེད་པའི་དོན་ཡིན།
 
མི་དགེ་བའི་ལས་དེ་དག་མི་བྱ་རྒྱུའི་དམ་བཅའ་བྱེད་པ་དང་རང་གིས་རང་ལ་སྟངས་འཛིན་བྱས་ནས་མི་དགེ་བའི་ལས་སྤོང་བ་ནི་དོན་ངོ་མའི་ཉམས་ལེན་ཆགས་ཀྱི་ཡོད། འོན་ཀྱང་སོ་སོའི་ཉིན་རེའི་མི་ཚེའི་ནང་། ཁྱེད་རང་ས་ཆ་གང་སར་གོམ་པ་སྤོས་ནས་འགྲོ་དགོས་ཀྱི་ཡོད་པས། དེའི་སྐབས་སའི་སྟེང་གི་འབུ་སྲིན་མནན་ནས་གསོད་ཀྱི་ཡོད་པ་གོར་མ་ཆག །དཔེ་མཚོན་འདིའི་ནང་། ཁྱེད་ཀྱིས་གང་བྱེད་བཞིན་པ་དེ་གསལ་པོའི་སྒོ་ནས་ངོས་འཛིན་མེད་པར་སྟེས་དབང་གིས་ལས་དེ་བྱེད་ཀྱིན་ཡོད། ཁྱེད་རང་ཕྱི་ལ་ཕྱིན་ནས་འབུ་སྲིན་དེ་དག་གི་སྒང་ལ་བསམ་བཞིན་དུ་གོམ་པ་སྤོ་རྒྱུའི་ཀུན་སློང་མེད། དེ་ནི་བསམ་བཞིན་དུ་མ་ཡིན་པ་དང་ལས་དེ་ཡོངས་སུ་རྫོགས་པའི་ཆ་རྐྱེན་ཚང་མེད། བྱས་ཙང་། དེ་ནི་གནད་དོན་གཞན་ཞིག་རེད།

སྔོན་འཕགས་པ་ཀཱཏྱཱ་ཡ་ནའི་སྐུ་དུས་སུ་ཤན་པ་ཞིག་ཡོད་པ་རེད། ཤན་པ་དེ་འཕགས་པ་ཀཱཏྱཱ་ཡ་ན་མཇལ་བའི་སྐབས། ཁོས་སྲོག་གཅོད་སྤོང་བའི་སྡོམ་པ་ཞིག་བླངས་པ་རེད། དེའི་སྐབས་ཁོས། “ངས་དུད་འགྲོ་རྣམས་ཉིན་མོར་གསོད་རྒྱུ་སྤོང་ཐུབ་ས་མ་རེད། འོན་ཀྱང་ངས་མཚན་མོ་མི་གསོད་རྒྱུའི་དམ་བཅའ་བྱེད་ཐུབ་” ཅེས་བརྗོད་པ་རེད། དེ་ལྟར་ཁོས་སྡོམ་པ་དེ་བླངས་ནས་ཉིན་མོའི་གུང་ལ་མུ་མཐུད་སྲོག་གཅོད་པ་དང་། མཚན་མོ་ས་རུབ་ནས་ཁོས་དུད་འགྲོ་ནམ་ཡང་གསོད་ཀྱི་མེད། དེའི་འབྲས་བུར། ཤན་པ་དེའི་སྐྱེ་བ་ཕྱི་མའི་ནང་། མཚན་མོ་ཁོས་སྲོག་གཅོད་སྤོང་བ་དང་མཐུན་པར་བཟའ་རྒྱུ་འཐུང་རྒྱུ་འདང་ངེས་ཡོད་པ་དང་། བདེ་ཐང་ཡོད་པ་སོགས་གནས་སྟངས་ཚང་མ་ཧ་ཅང་ཡག་པོ་ཡོད་པ་རེད། ཡིན་ནའང་ཉིན་མོའི་གུང་ལ་ཁོའི་ཉེ་འཁོར་དུ་ཡོད་པའི་དུད་འགྲོ་ཚང་མས་ཁོ་ལ་གནོད་འཚེ་བྱེད་པ་དང་། བདག་མེད་སྲོག་ཆགས་དེ་དག་གིས་ཁོ་ལ་ར་ཅོ་དང་མཆེ་བས་འབིགས་པ་སོགས་གནས་སྟངས་ཧ་ཅང་འཇིགས་སུ་རུང་བ་མྱོང་གི་ཡོད།
 
གལ་ཏེ་ཁྱེད་ཀྱིས་དེ་ལྟ་བུའི་གནས་སྟངས་དེ་གོ་རིམ་ལྡོག་པའི་དཔེ་མཚོན་ཞིག་ལ་བསམ་བློ་བཏང་ན། དཔེར་ན། མཚན་མོའི་དུས་སུ་སྲོག་གཅོད་པ་དང་ཉིན་མོའི་གུང་ལ་སྲོག་གཅོད་སྤོང་བ་ལྟ་བུ་ཆ་བཞག་ན། དེ་འདྲའི་གནས་སྟངས་སྐབས་སུ། ཉིན་མོའི་གུང་ལ་ཧ་ཅང་སྐྱིད་པོ་ཡོང་ངེས་རེད། དེ་ག་ནང་བཞིན་ཁྱེད་ལ་བཟའ་རྒྱུ་འཐུང་རྒྱུ་འཛོམས་པོ་དང་། ཚང་མ་བདེ་པོ་དང་རང་གི་ཉེ་འཁོར་དུ་ཡོད་པ་ཚང་མ་ཕན་ཚུན་མཐུན་པོ་ཡོང་གི་རེད། སྔོན་རབ་ཏུ་བྱུང་བའི་དགེ་འདུན་པ་ཞིག་ལ་དེ་ལྟ་བུའི་གནས་སྟངས་མྱོང་མཁན་ཞིག་དང་ཕྲད་པ་རེད། མི་དེ་ལ་ཉིན་མོ་ཧ་ཅང་སྐྱིད་པོ་དང་ཡག་པོ་ཡོད་པ་དང་མཚན་མོའི་དུས་སུ་དུད་འགྲོ་རྣམས་ཀྱིས་འཐབ་རྒོལ་བྱེད་པའི་སྡུག་བསྔལ་མྱོང་གི་ཡོད། དགེ་འདུན་པ་དེས། དེ་འདྲ་མྱོང་བའི་རྒྱུ་གང་རེད་དམ་ཞེས་སངས་རྒྱས་ལ་ཞུས་པར། སངས་རྒྱས་ཀྱིས། དེ་ནི་མི་དེ་སྐྱེ་བ་སྔོན་མ་ཤན་པ་ཡིན་པ་དང་ཁོས་ཉིན་མོ་དུད་འགྲོ་སྲོག་གཅོད་རྒྱུ་སྤོང་བ་དང་མཚན་མོ་དུད་འགྲོ་སྲོག་ཆགས་ཚང་མ་བསད་པའི་འབྲས་བུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།

རྐུ་མ་རྐུ་བ། མ་བྱིན་པར་ལེན་པ།

ལུས་ཀྱི་མི་དགེ་བ་གཉིས་པ་དེ་ནི་རྐུ་མ་རྐུ་བ་དེ་རེད། དེ་ལ་གང་མ་བྱིན་པར་ལེན་པ་ཟེར། འདི་ནི་ཁྱེད་རང་གི་མིན་པའམ་ཁྱེད་རང་ལ་དག་མེད་པའི་དངོས་པོ་གང་འདྲ་ཞིག་གཞན་གྱིས་མ་བྱིན་པར་རང་གིས་ལེན་པར་གོ་བ་ཡིན། མ་བྱིན་པར་ལེན་པའི་ནང་རྐུ་མ་དངོས་སུ་རྐུ་བ་ཚུད་པ་མ་ཟད། དེའི་ནང་དཔེར་ན། ས་ཆ་གཅིག་ནས་གཞན་དུ་འགྲུལ་བཞུད་སྐབས། སྒོ་ཁྲལ་དང་ལམ་ཁྲལ་གྱི་དོད་དུ་དངུལ་མ་སྤྲད་པར་མོ་ཊ་བཏང་ནས་ཕྱིན་པ་ལྟ་བུའང་ཚུད་ཡོད། དེ་ནི་མ་བྱིན་པར་ལེན་པ་ཡིན་པས་རྐུ་མ་རྐུ་བ་རེད།

མ་བྱིན་པར་ལེན་པའི་མི་དགེ་བ་དེའི་སླར་སྐྱེ་བ་དང་འབྲེལ་བའི་འབྲས་བུ་གང་ཞིག་སྨིན་གྱི་ཡོད་ཅེ་ན། མི་དགེ་བའི་ལས་གཞན་དག་ནང་བཞིན་སྐྱེ་བ་ཕྱི་མར་དམྱལ་བ་དང་། ཡི་དྭགས། དུད་འགྲོ་བཅས་ངན་འགྲོའི་སྐྱེ་གནས་གང་རུང་ཞིག་ཏུ་སྐྱེ་ངེས་པ་རེད། གལ་ཏེ་ཁྱེད་རང་མིའི་ལུས་རྟེན་དུ་སླར་ཡང་སྐྱེ་བ་བླངས་ནའང་། དེའི་འབྲས་བུ་ནི། མི་ཚེ་དེ་གའི་ནང་ཁྱེད་རང་ཧ་ཅང་སྐྱོ་པོ་དང་དབུལ་ཞིང་ཕོངས་པར་འགྱུར་གྱི་རེད། ཁྱེད་རང་ཧ་ཅང་སྐྱོ་པོ་ཆགས་པ་དེ་ནི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཆགས་ཀྱི་ཡོད། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ལ་མཚོན་ན། ཁྱེད་རང་ག་ཚོད་ཀྱིས་ཕྱུག་པོ་ཆགས་ནའང་འདྲ། ག་ཚོད་ཀྱིས་མཁས་པ་དང་རིག་རྩལ་ཅན་ཆགས་ནའང་འདྲ་སྟེ། ཁྱེད་རང་གི་ལྷན་སྐྱེས་བག་ཆགས་ལ་བརྟེན་ནས་རྐུ་མ་རྐུ་མཁན་ཆགས་ཀྱི་རེད། དེ་ལ་བདག་པོའི་འབྲས་བུའི་སྒོ་ནས་བཤད་ན། ཆར་ཆུ་དུས་སུ་མི་འབབ་པ་དང་བཟའ་རྒྱུ་འཐུང་རྒྱུ་ཧ་ཅང་དཀོན་པའི་ས་ཆ་ཤིན་ཏུ་དབུལ་ཕོངས་ཤིག་ཏུ་ཁྱེད་རང་སྐྱེ་གི་རེད། 
 
དཔེར་ན། ཨ་རི་ནི་རྒྱལ་ཁབ་ཕྱུག་པོ་ཞིག་ཡིན་པ་དང་། བཟའ་རྒྱུ་དང་འཐུང་རྒྱུ་འབེལ་ལྷུག་ཡོད་པ་རེད། དེ་ནི་རྒྱལ་ཁབ་དེའི་ནང་ཡོད་པའི་མི་རྣམས་ཀྱིས་སྐྱེ་བ་སྔོན་མ་རྐུ་མའམ་མ་བྱིན་པར་བླངས་མེད་པའི་འབྲས་བུ་རེད། བྱས་ཙང་། ཁྱེད་རང་མུ་མཐུད་དེ་རྒྱལ་ཁབ་དང་ས་ཆ་ཕྱུག་པོའི་ནང་སྐྱེ་འདོད་ཡོད་ན། ཁྱེད་ཀྱིས་མ་བྱིན་པར་ལེན་པ་སྤོང་དགོས། ཁྱེད་ཀྱིས་གཞན་ལ་དག་པའི་རྒྱུ་ནོར་ལོངས་སྤྱོད་སོགས་གང་ཡིན་ནའང་མ་བྱིན་པར་ལེན་རྒྱུ་མེད། མ་བྱིན་པར་ལེན་པ་སྤོང་བའི་རྣམ་སྨིན་གྱི་འབྲས་བུ་ནི་ཁྱེད་རང་ས་ཆ་དང་རྒྱལ་ཁབ་ཕྱུག་པོའི་ནང་སྐྱེ་གི་རེད། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ལ་མཚོན་ན། ཁྱེད་རང་ཧ་ཅང་ཕྱུག་པོ་ཆགས་པ་དང་རང་ཉིད་ལ་གང་འདོད་པ་ནང་བཞིན་འཐོབ་ཀྱི་རེད། དེའི་བདག་པོའི་འབྲས་བུ་ནི་ཁྱེད་རང་གང་དུ་སྐྱེ་ས་དེ་ནི་བཀྲ་ཤིས་པ་དང་འབྱོར་བ་དང་ལྡན་པ་ཡོང་གི་རེད། དེར་བརྟེན་ཁྱེད་ཀྱིས་རྐུ་མ་རྐུ་བ་དང་རང་ཉིད་རྐུ་མ་ཡིན་པའི་ཉེས་དམིགས་དང་སྐྱོན་རྣམས་ལ་བསམ་བློ་གཏོང་དགོས་པ་དང་། དེ་སྤོང་བའི་ཕན་ཡོན་དང་འབྲས་བུ་བཟང་པོ་ལ་བསམ་བློ་གཏོང་དགོས། གལ་ཏེ་ཁྱེད་ཀྱིས་ནམ་ཡང་མ་བྱིན་པར་ལེན་གྱི་མིན་ཞེས་དམ་བཅས་ན། དེ་ནི་དགེ་བའི་ལས་ཡིན་པ་དང་དེ་ལ་བརྟེན་ནས་འབྲས་བུ་བཟང་པོ་སྨིན་ངེས་རེད།

ཆོས་ནི་སྐྱེ་བ་ཕྱི་མའི་དོན་དུ་སྔོན་འགོག་གི་ཐབས་ལམ་ཁག་བསྟེན་དགོས་པའི་སེམས་དོན་དང་འབྲེལ་བའི་ཉམས་ལེན་ཞིག་རེད། དེ་འདྲ་ཡིན་ཙང་། དེ་ནི་དཔེར་ན། སྐྱེ་བ་རྗེས་མ་རང་ཉིད་ལ་མི་ཚེ་སྐྱིད་པོ་དང་རིང་པོ་ཞིག་འདོད་པ་དང་། དེའི་བར་དུ་ངས་སྲོག་གཅོད་སྤོང་རྒྱུའི་སྔོན་འགོག་གི་ཐབས་ལམ་བསྟེན་གྱི་ཡིན། སྐྱེ་བ་ཕྱི་མར་ང་རང་ཕྱུག་པོ་དང་བཀྲ་ཤིས་པ་ཞིག་འདོད་ཀྱི་ཡོད་པ་སོང་ཙང་། ངས་མ་བྱིན་པར་ལེན་རྒྱུ་དུས་ནམ་ཡང་སྤོང་བའི་སྔོན་འགོག་གི་ཐབས་ལམ་བསྟེན་གྱི་ཡིན། ང་ཚོས་ཆོས་ཀྱི་སྔོན་འགོག་གི་ཐབས་ལམ་ལག་བསྟར་བྱེད་པའི་སྐོར་ཤོད་པའི་སྐབས། དོན་ངོ་མར་དེ་དག་ཐམས་ཅད་ཚུད་ཡོད།  

ལོག་གཡེམ།

དེའི་རྗེས་ཀྱི་ལུས་ཀྱི་མི་དགེ་བ་ནི་ལོག་གཡེམ་རེད། འོས་འཚམས་མིན་པའི་འཁྲིག་པའི་སྤྱོད་ལམ་གྱི་ནང་དུ་གང་ཚུད་ཡོད་པ་ནི་ལོག་གཡེམ་རེད། དཔེར་ན། སོ་སོ་རང་ཉིད་ཀྱི་གདུག་རོགས་སམ་བཟའ་ཟླ་ལས་གཞན་པ་ཞིག་དང་མཉམ་དུ་འཁྲིག་སྦྱོར་གྱི་འབྲེལ་བ་བྱེད་པ་ལྟ་བུ་རེད། སྐྱེ་བ་ཕྱི་མར་དེ་ལྟ་བུའི་ལོག་གཡེམ་གྱི་མི་དགེ་བའི་ལས་ཀྱི་འབྲས་བུ་ནི། ངན་སོང་གི་གནས་སུ་སྐྱེ་བ་སྟེ། དཔེར་ན། ས་ཆ་ཧ་ཅང་མི་སྡུག་པ་དང་བཙོག་པར་སྐྱེ་བ་ལྟ་བུ་རེད། དཔེ་ཆ་བཞག་ན། འབུ་སྲིན་དང་སྦྲང་བུའི་རིགས་དེ་དག་ཐམས་ཅད་ཆུ་སྙིགས་འབབ་དོང་དང་ཧ་ཅང་འབགས་བཙོག་ཤོར་བའི་འདམ་གཞུང་གི་ནང་གནས་ཀྱི་ཡོད་པ་ཁྱེད་ཀྱིས་མིག་མཐོང་ལག་ཟིན་ཐུབ་པ་ལྟར་རེད། དེ་འདྲའི་ནང་སྐྱེ་བ་ལེན་པ་ནི་ལོག་གཡེམ་གྱི་རྣམ་སྨིན་འབྲས་བུ་ཡིན། དེའི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི་ཕྱིས་སུ་ཁྱེད་རང་མིའི་ལུས་རྟེན་དུ་སྐྱེ་བའི་སྐབས། སོ་སོ་རང་ཉིད་ཀྱི་བཟའ་ཟླ་བློས་ཐུབ་ཅན་ཞིག་མི་རག་པ་དང་དེས་རང་ཉིད་ལ་མགོ་སྐོར་གཏོང་བ། དེ་བཞིན་མི་ཚེའི་གཏན་གྲོགས་ཡག་པོ་ཞིག་རག་མི་ཐུབ་པ་དང་སོ་སོའི་ལུས་པོ་ལས་དྲི་ངན་ཁ་གི་རེད། ཕྱོགས་གཞན་ཞིག་ནས་ལོག་གཡེམ་སྤོང་བའི་འབྲས་བུར། རང་གི་ལུས་ལས་དྲི་ཞིམ་ཁ་བ་དང་འོད་མདངས་ལྡན་པ། སོ་སོའི་བཟའ་ཟླའམ་དགའ་རོགས་དང་མཉམ་དུ་ཞི་མཐུན་བདེ་སྐྱིད་ངང་གནས་ཐུབ་པ་ཡོང་གི་ཡོད།

ང་ཚོས་མ་བྱིན་པར་ལེན་པའི་སྐོར་བཤད་པའི་སྐབས་དེར་ང་ཚོས་ལས་ལ་བརྟག་དཔྱད་བྱེད་པའི་རྒྱུད་རིམ་གྱི་ནང་ལས་དེ་ཡོངས་སུ་རྫོགས་པར། ཆ་རྐྱེན་བཞི་ཚང་དགོས་པ་དྲན་གྱི་འདུག་གམ། མ་བྱིན་པར་ལེན་པའི་ལས་དེ་ཡོངས་སུ་རྫོགས་པའམ་མཐར་ཕྱིན་པ་ནི། ཁྱེད་ཀྱིས་གང་ཞིག་རྐུས་པ་དེ་སོ་སོ་ལ་དག་ཟིན་བསམ་པའི་ཚོར་བའམ་ཀུན་སློང་དེ་བསྐྱེད་པ་དང་ལས་དེ་ཡོངས་སུ་རྫོགས་ཀྱི་ཡོད། ལོག་གཡེམ་གྱི་མི་དགེ་བའི་ལས་དེ་ཡོངས་སུ་རྫོགས་པར་དགོས་ངེས་ཀྱི་ཆ་རྐྱེན་ལ་མཚོན་ན། འཁྲིག་སྦྱོར་གྱི་བདེ་བ་དངོས་སུ་ཉམས་སུ་མྱོང་བ་དེ་རེད། དེ་དག་ནི་ལུས་ཀྱི་མི་དགེ་བ་གསུམ་རེད།  

ངག་གི་མི་དགེ་བའི་ལས་བཞི་ལས།

རྫུན་སྨྲ་བ།

མི་དགེ་བའི་ལས་བཞི་པ་ནི་ངག་གི་མི་དགེ་བའི་ལས་ཀྱི་སྡེ་ཚན་ནས་ཡོང་གི་ཡོད། དེ་ཡང་ངག་གི་མི་དགེ་བ་ལ་དབྱེ་བ་བཞི་ཡོད་པ་དང་། དེ་དག་ལས་དང་པོ་ནི་རྫུན་བཤད་པ་དེ་རེད། ཁྱེད་ཀྱིས་རྫུན་བཤད་པའི་གཞི་ནི། ཁྱེད་ཀྱིས་གནས་ཚུལ་ཞིག་ཐོས་པའམ་མཐོང་བ་དང་། འཕྲད་པ། ཡང་ན་ཁྱེད་ཀྱིས་དེའི་སྐོར་ཤེས་པ་བཅས་གནད་དོན་བཞི་ལས་གང་རུང་ཡིན་ཆོག །དེ་ག་ནང་བཞིན་དེ་ནི་དེ་དག་གི་ལྡོག་ཕྱོགས་བཞི་ཡིན་ཆོག་པ་དཔེར་ན། ཁྱེད་ཀྱི་མཐོང་མེད་པ་དང་། ཐོས་མེད་པ། འཕྲད་མེད་པའམ་མྱོང་མེད་པ། དེའི་སྐོར་ཤེས་ཀྱི་མེད་པ་ཡིན་སྲིད།
 
དེའི་ནང་གི་ངོས་འཛིན་ནམ་འདུ་ཤེས་ནི་ཁྱེད་ཀྱིས་གང་མྱོང་བ་དེའི་ལྡོག་ཕྱོགས་ཡིན་དགོས། ཕྱོགས་གཞན་ཞིག་ནས་ཁྱེད་ཀྱིས་གང་མཐོང་ཡོད་པ་དེ་ངོས་འཛིན་བྱེད་དགོས་ཀྱང་། ཁྱེད་ཀྱིས་མཐོང་མ་སོང་ཞེས་བརྗོད་པའམ། ཡང་ན་ཁྱེད་ཀྱིས་ཐོས་ཡོད་ཀྱང་ཐོས་མ་སོང་ཞེས་བརྗོད་པ་དང་། ཡང་དེ་དག་གི་ལྡོག་ཕྱོགས་སུ་ཁྱེད་ཀྱིས་མཐོང་མེད་པ་ངོས་འཛིན་བྱེད་ཀྱང་། ཁྱེད་ཀྱིས་མཐོང་སོང་ཞེས་བརྗོད་པ་ལྟ་བུ་དེ་འདྲ་བའི་འདུ་ཤེས་ཤིག་དགོས་ཀྱི་ཡོད།

རྫུན་བཤད་པར་ཀུན་སློང་གང་ཡིན་ནའང་ཆོག་པ་དང་། དེ་དག་ཀྱང་འདོད་ཆགས་དང་། ཁོང་ཁྲོ། གཏི་མུག་གང་རུང་གི་སྡེ་ཚན་ཡིན་ཆོག །དེ་ལྟར་མི་དགེ་བའི་ལས་གང་འདྲ་ཞིག་ལའང་གཅིག་པ་འཇུག་གི་ཡོད། དེ་དག་ནི་འདོད་ཆགས་དང་། ཞེ་སྡང་ངམ་ཁོང་ཁྲོ། གཏི་མུག་བཅས་ཉོན་མོངས་དུག་གསུམ་པོ་དེ་དག་གང་རུང་ལས་ཡོང་ཆོག་པ་ཡིན།

རྫུན་བཤད་པའི་སྐུལ་སློང་རྐྱེན་ནི་སོ་སོའི་རྒྱུན་ཆད་མེད་པའི་རྫུན་ཤོད་རྒྱུར་གོམས་པ་དེ་རེད། ཕྱོགས་གཞན་ཞིག་ནས་གལ་ཏེ་ཁྱེད་ཀྱིས་རྟག་ཏུ་གཞན་རྣམས་མགོ་སྐོར་གཏོང་བ་དང་གནས་ཚུལ་རྫུན་བཟོ་བྱེད་ཀྱི་ཡོད་ན། དེའི་ནུས་ཤུགས་དེ་རང་ཉིད་ངང་ངམ་ཤུགས་ཀྱི་རྫུན་ཤོད་མཁན་ཞིག་ཏུ་རང་བཞིན་གྱིས་ཆགས་པའི་རྒྱུ་བྱེད་ཀྱི་ཡོད། རྫུན་དེ་བཤད་པའི་ནང་གི་སྦྱོར་བ་དངོས་ནི་སྐད་ཆ་ཞིག་བཤད་པ་ཡིན་ཆོག་ཀྱང་། ཁྱེད་ཀྱིས་ཅི་གང་ཤོད་དགོས་མེད་པར། དེ་ནི་སོ་སོའི་ལུས་ཀྱི་རྣམ་འགྱུར་རམ་རང་གིས་རང་ལ་འཛིན་སྟངས་སམ། ཡང་མིན་ན་ལུས་ངག་གང་རུང་གི་རྫུན་གྱི་བརྡ་མཚོན་ཡིན་ཆོག །དེའི་མཐར་ཐུག་ནི། ཚིག་དང་རྣམ་འགྱུར་གྱི་ཐོག་ནས་ཡིན་མིན་ལ་མ་བལྟོས་པར། ཁྱེད་ཀྱིས་རྫུན་བཤད་པ་དེ་ཕ་རོལ་པོ་དེས་ཤེས་རྟོགས་བྱུང་བའམ་དོན་གོ་བ་དེ་རེད། ཁོང་ཚོས་ཤེས་ཀྱི་ཡོད་པ་དང་། ཁྱེད་ཀྱིས་གང་འབྲེལ་བ་གཏུག་ཐབས་བྱེད་ཀྱི་ཡོད་པ་དེ་ཤེས་པའི་སྐབས་ལས་ལམ་ཡོངས་སུ་རྫོགས་པ་རེད། ངས་ཕ་རོལ་པོ་དེས་ཁྱེད་ཀྱིས་རྫུན་གང་ཞིག་གི་སྐོར་བཤད་པའི་དོན་དེ་ཤེས་པ་ཞེས་བརྗོད་དུས་ཁྱེད་ཀྱིས་རྫུན་བཤད་པ་དེ་ཤེས་ཀྱི་ཡོད་པའི་དོན་མིན། དེ་ནི་ཁྱེད་ཀྱིས་གང་བཤད་པའི་སྐད་ཆ་དེ་ཤེས་པ་དང་ཡིད་ཆེས་བྱེད་ཀྱི་ཡོད་པའི་དོན་རེད། དེ་ཡང་ཁྱེད་ཀྱིས་མ་མཐོང་ནའང་མཐོང་སོང་བརྗོད་པ་དང་། ཕ་རོལ་པོ་དེས་ཁྱེད་ཀྱིས་གང་བརྗོད་པའི་དོན་དེ་རྟོགས་པ་དང་། ཕ་རོལ་པོ་དེས་ཁྱེད་ཀྱིས་དོན་ངོ་མར་མཐོང་མེད་པའི་སྐབས། ད་གཟོད་ཁྱེད་ཀྱིས་དངོས་སུ་མཐོང་བ་དེ་རྟོགས་པ་རེད། ཕ་རོལ་པོ་དེས་ཁྱེད་ཀྱིས་རྫུན་བཤད་པ་ཤེས་པའི་དོན་མིན། འོན་ཀྱང་ཁྱེད་ཀྱིས་ཕ་རོལ་པོ་དེ་དང་མཉམ་དུ་འབྲེལ་བ་བྱས་ཡོད་པ་དང་། ཕ་རོལ་པོ་དེས་ཀྱང་ཁྱེད་ཀྱིས་གང་ཞིག་འབྲེལ་བ་བྱེད་ཐབས་བྱེད་ཀྱིན་ཡོད་པ་དེ་ཤེས་པ་ཙམ་དེ་རེད།

ད་ངས་ད་ལྟ་རང་གང་བཤད་པ་དེ་ཁྱེད་ཀྱིས་གསུང་དང་། རྫུན་གྱི་མཐར་ཐུག་དེ་གང་རེད་དམ། དེའི་ལས་ལམ་ཡོངས་སུ་རྫོགས་ཚུལ་གང་རེད་དམ།

གལ་ཏེ་ཁྱེད་ཀྱིས་ཕ་རོལ་པོ་དེ་མགོ་སྐོར་བཏང་ན། མི་དེས་ཁྱེད་རང་ཤེས་སམ།

ཤེས་པའམ་རྟོགས་པ་ཟེར་བའི་དོན་གང་རེད་དམ།

ཁྱེད་ཀྱིས་གང་བརྗོད་པར་འདོད་པའི་དོན་དག་དེ་ཁོང་ཚོས་ཤེས་པ་རེད་དམ།

དེ་ནི་ཕ་རོལ་པོ་དེས་ཁྱེད་ཀྱིས་རྫུན་བཤད་པ་དེ་ཤེས་པ་མིན་པར། ཁྱེད་ཀྱིས་གང་བཤད་པ་དེ་ཁོང་ཚོས་རྟོགས་པ་ཙམ་དང་ཁྱེད་ཀྱི་རྣམ་འགྱུར་དེ་ཁོང་ཚོས་རྟོགས་པ་རེད། གལ་ཏེ་ཁོང་ཚོས་ཁྱེད་ཀྱིས་རྫུན་བཤད་པ་དེ་རྟོགས་མེད་ན། ཁྱེད་ཀྱིས་གང་བཤད་པའམ་རྣམ་འགྱུར་གྱི་བརྡ་བསྟན་པ་དེ་བདེན་པ་ཡིན་པ་ཁོང་ཚོས་རྟོགས་པ་སྟོན་གྱི་ཡོད།

ཕྲ་མ།

མི་དགེ་བའི་ལས་བཅུ་ལས་ལྔ་པ་དང་ངག་གི་མི་དགེ་བའི་ལས་བཞི་ལས་གཉིས་པ་ནི་ཕྲ་མ་བྱེད་པ་སྟེ། ཁྱེད་ཀྱིས་གང་བཤད་པ་དེས་གཞན་ཕན་ཚུན་དབྱེན་བྱེད་པ་དེ་རེད། གཞི་ནི་ཕ་རོལ་པོ་རྣམས་ཕན་ཚུན་ཞི་མཐུན་པའི་སྡེ་ཁག་གམ་ཕན་ཚུན་འཆམ་པོ་ཡོད་པ་དང་མེད་པའི་གནས་སྟངས་དེ་གཉིས་གང་རུང་ཡིན་ཆོག །དེ་ཡང་གོང་དུ་ཞུས་ལྟར། བསམ་པ་ནི་སྡེ་ཁག་འདུ་ཤེས་པ་དང་དེ་ལ་ཀུན་སློང་ཞིག་ཀྱང་ཡོད། འདུ་ཤེས་ནི་དཔེར་ན། ཁྱེད་ཀྱིས་མི་གཉིས་མཐོང་བ་དང་། མི་དེ་གཉིས་ནི་ཁྱེད་ཀྱིས་དབྱེ་བར་འདོད་པའམ་ཁ་བྲལ་གཏོང་བར་འདོད་པ་དེ་ཡིན་པ་ངོས་འཛིན་པའམ་འདུ་ཤེས་པ་དེ་རེད། ཁྱེད་ཀྱིས་དེ་གཉིས་ཕན་ཚུན་མི་འཆམ་པ་དང་མི་མཐུན་པ་བཟོ་འདོད་ཡོད། དེ་ནི་ཁྱེད་ཀྱིས་དབྱེ་བར་འདོད་པའི་སྡེ་ཁག་གཉིས་པོ་འདུ་ཤེས་པ་དེ་རེད། དེ་ལ་ཀུན་སློང་ནི། གལ་ཏེ་གྲོགས་པོ་ཡིན་ན། ཁ་བྲལ་གཏོང་བ་དང་མི་དགའ་བ་བཟོས་ནས་ཕན་ཚུན་དགྲ་རུ་འགྱུར་བཅུག་པའམ། ཡང་ན་དགྲ་བོ་ཡིན་ན། གནས་སྟངས་དེ་ལས་སྡུག་ཏུ་གཏོང་བ་དེ་གཉིས་གང་རུང་ཞིག་ཡིན་དགོས།

སྦྱོར་བ་ནི་ལས་རྩོམ་པ་སྟེ། བདེན་རྫུན་གང་ཡིན་མ་བལྟོས་པར་དབྱེན་བྱེད་པའི་སྐད་ཆ་ཞིག་ཤོད་པ་དེ་རེད། ཁྱེད་ཀྱིས་དེའི་སྐོར་ཐོས་ཡོད་ནའང་འདྲ། ཐོས་མེད་ནའང་འདྲ་སྟེ། དེ་ལ་ཁྱད་པར་མེད། འོན་ཀྱང་གང་བཤད་པ་དེས་ཕ་རོལ་པོ་གཉིས་ཕན་ཚུན་ཁ་བྲལ་དུ་གཏོང་བའམ། ཡང་ན་དེ་གཉིས་སྔོན་ནས་ཁ་བྲལ་ཡིན་པའི་དབང་དུ་བཏང་ན། དེ་ལས་ད་དུང་ཇེ་སྡུག་ཏུ་གཏོང་བ་ལྟ་བུ་རེད། འདིའི་མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བ་སྟེ། ཁྱེད་ཀྱིས་བཤད་པའི་ཚིག་དེ་དག་གིས་ཕན་ཚུན་ཞི་མཐུན་ཡོད་པ་དེ་མེད་པ་བཟོ་བའི་རྒྱུ་བྱེད་པ་ནི་ལས་དེའི་མཐར་ཐུག་རེད། སླར་ཡང་ཁྱེད་ཀྱིས་ཕན་ཚུན་མི་འཆམ་པའམ་ཞི་མཐུན་མེད་པ་བཟོ་རྒྱུ་ཙམ་གྱི་ཆེད་དུ་གང་བྱས་པ་དེ་བཤད་པ་ཕ་རོལ་པོ་དེས་ཤེས་ཀྱི་ཡོད་པའི་དོན་མིན།

ཁྱེད་ཀྱིས་གང་བཤད་པ་དེའི་ནང་བྱ་བ་གང་ཚུད་ཡོད་པ་ལ་གཞིགས་ན། ཕྲ་མ་བྱེད་པའམ་དབྱེན་བྱེད་པའི་སྐད་ཆ་བཤད་པའི་སྐབས། དེའི་ནང་སོ་སོ་རང་ཉིད་ལས་གཞན་པའི་དབྱེན་བྱེད་ས་ཉུང་མཐའ་ཡང་སྡེ་ཁག་གཉིས་ཡོད་དགོས། དེ་ནི་མི་གཉིས་ལས་འདས་པའི་གང་ཡང་ཡིན་སྲིད། དཔེར་ན། རྒྱལ་ཁབ་ཁྱོན་ཡོངས་ཀྱི་ནང་དབྱེན་བྱེད་པའམ་ཁ་བྲལ་གཏོང་ཐབས་བྱེད་པ་དང་། ས་ཁུལ་ཁྱོན་ཡོངས་ཀྱི་ནང་ཚང་མ་ཕན་ཚུན་མི་མཐུན་པ་བཟོ་བ་ལྟ་བུ་རེད།

ཚིག་རྩུབ།

མི་དགེ་བའི་ལས་བཅུ་ལས་དྲུག་པ་དང་ངག་གི་མི་དགེ་བའི་ལས་བཞི་ལས་གསུམ་པ་ནི་ཚིག་རྩུབ་སྨྲ་བ་དེ་རེད། དེའི་ནང་སྡེ་ཁག་རང་ལས་ཐ་དད་པའི་གང་ཟག་དཔེར་ན། དགྲ་བོ་དང་། གྲོགས་པོ། སྤུན་ཉེ་འདུ་སོགས་གང་རུང་ཡིན་དགོས་ཤིང་། དེ་དག་གིས་འདས་མ་ད་གསུམ་གྱི་ནང་ཁྱེད་དང་གཞན་ཞིག་ལ་གནོད་པ་བྱེད་པའམ། ཁྱེད་ལ་བསུན་གཙེར་བཟོ་བ་ལྟ་བུ་རེད། ཀུན་སློང་དང་འདུ་ཤེས་ནི་གོང་གི་མི་དགེ་བའི་ལས་དང་གཅིག་མཚུངས་རེད། དེའི་ནང་འདུན་སེམས་ནི་གང་ཟག་འདི་དང་སྲོག་ཆགས་འདི་ལ་སྐད་ལོག་རྒྱག་པའམ་ཚིག་རྩུབ་སྨྲ་བར་འདོད་པ་དེ་རེད།

སྦྱོར་བ་ནི་བདེན་རྫུན་གང་ཡིན་ལ་མ་བལྟོས་པར། ཕ་རོལ་པོ་དེའི་སྤྱི་ཚོགས་ཀྱི་གནས་རིམ་དང་། རྒྱུ་ནོར། ལུས་ཀྱི་ལེགས་ཉེས། བཟང་སྤྱོད་སོགས་གང་རུང་གི་སྐོར་ལ་མི་སྙན་པ་བརྗོད་པའམ་སྐད་ལོག་རྒྱག་པ་དང་ཚིག་རྩུབ་སྨྲ་བར་བརྩོན་པ་དེ་རེད། དེ་ནི་ཕ་རོལ་པོའི་ཁྱད་རྣམ་འགའ་ཞིག་ལ་བསམ་ཤེས་དང་སྙིང་རྗེ་མེད་པའི་སྒོ་ནས་ཚིག་རྩུབ་སྨྲ་བ་ལྟ་བུ་རེད།

དེ་དག་ལས་དང་པོ་ལ་མཚོན་ན། མི་ཞིག་ལ་རིགས་རུས་དང་སྤྱི་ཚོགས་ཀྱི་གནས་རིམ་དང་འབྲེལ་བའི་མིང་ངན་རིགས་འབོད་པ་དཔེར་ན། མི་ཞིག་ལ་མི་ངན་ཁྱོད་ཟེར་བ་ལྟ་བུ་རེད། རྒྱ་གར་ནང་ཆ་བཞག་ན། དུས་སྟོན་གྱི་ཉིན་མོ་འགའ་ཤས་ནང་རྔ་བརྡུང་མཁན་གྱི་མོས་ཕོ་ཆས་སྤྲོད་རྒྱུར་དགའ་ཞེན་ཅན་གྱི་ཉུག་རུམ་པ་དང་། གད་པ། ཡང་མིན་ན་སྒོ་སྲུང་བ་སོགས་ནི་ཧ་ཅང་རིགས་དམའ་པོ་བརྩི་གི་ཡོད། དེར་བརྟེན་མི་ཞིག་ལ་གད་པ་དང་སྒོ་སྲུང་བ་ཞེས་འབོད་ན། དེ་ནི་ཧ་ཅང་སྡུག་ཅག་རེད། དེ་ག་ནང་བཞིན་བོད་དུ་དཔེར་ན། མགར་བ་དང་ཤན་པ། དེ་བཞིན་དུར་སའི་འགན་འཁུར་བ་རྣམས་རིགས་ཧ་ཅང་དམའ་པོ་བརྩི་གི་ཡོད། བྱས་ཙང་། མི་ངན་ཁྱོད་ཟེར་བ་ལྟ་བུ་གོང་སྨྲོས་ཀྱི་མིང་དེ་དག་གང་རུང་མི་ཞིག་ལ་འབོད་པ་ལྟ་བུ་ནི་ཚིག་རྩུབ་ཆགས་ཀྱི་ཡོད།

ལུས་ཀྱི་སྒོ་ནས་བསམས་ན། མི་ཞིག་ལ་ཞ་བོ་དང་། ལོང་བ། འོན་པ། མདོག་ཉེས་སོགས་ནི་ཕ་རོལ་པོ་དེའི་ལུས་ཀྱི་གནས་སྟངས་དང་འབྲེལ་བའི་སྒོ་ནས་ཚིག་རྩུབ་སྨྲ་བ་ལྟ་བུ་རེད། དེ་ག་ནང་བཞིན་ཁྱེད་ཀྱིས་གཞན་ཞིག་ལ་སྤྱོད་ལམ་གྱི་ཆ་ནས་མི་ལེགས་པའི་ཚིག་རྩུབ་སྨྲ་ཆོག །དཔེར་ན། ཕ་རོལ་པོ་དེ་ལ་ལྐུགས་པ་དང་། བོང་བུ། ཁྱི་སོགས་བརྗོད་པ་ལྟ་བུ་རེད། མདོར་བསྡུས་ན། ཁྱེད་ཀྱིས་གཞན་ཞིག་ལ་བཤད་པའི་ཚིག་རྩུབ་ཀྱི་རིགས་གང་འདྲ་ཞིག་ཡིན་ནའང་ཆོག །ཚིག་རྩུབ་སྨྲ་བའི་མི་དགེ་བའི་ལས་ཀྱི་མཐར་ཐུག་ནི། ཁྱེད་ཀྱིས་གང་བཤད་པ་དེ་ཕ་རོལ་པོས་དོན་གོ་བ་དེ་རེད།

ངག་འཁྱལ་བ།

མི་དགེ་བའི་ལས་བཅུ་ལས་བདུན་པ་དང་ངག་གི་མི་དགེ་བའི་ལས་བཞི་ལས་བཞི་པ་ནི་ངག་འཁྱལ་བ་དེ་རེད། འདིའི་གཞི་ནི་དོན་དག་རྩ་ནས་མེད་པ་དང་བྱབ་མེད་པའི་སྐད་ཆ་བཤད་པ་ཞིག་དགོས། ཁྱེད་ཀྱིས་དོན་མེད་བཤད་པ་དེ་དོན་མེད་ཡིན་པ་འདུ་ཤེས་དགོས། བསམ་པ་ནི་དོན་མེད་དང་བྱབ་མེད་ཀྱི་སྐད་ཆ་ཤོད་འདོད་ཡོད་པ་དེ་རེད། དེའི་སྦྱོར་བ་དངོས་ནི་དོན་མེད་ཀྱི་སྐད་ཆ་དེ་དག་སྐད་ཤུགས་ཆེན་པོའི་སྒོ་ནས་དངོས་སུ་བཤད་པ་དེ་རེད། མཐར་ཐུག་ནི་ཁྱེད་ཀྱིས་གང་བཤད་པ་དེ་གཞན་གྱིས་ཤེས་མི་དགོས་ནའང་། ཁྱེད་ཀྱིས་རང་གིས་རང་ལ་བརྗོད་པ་ཙམ་དེ་རེད། དཔེར་ན། ངག་འཁྱལ་གྱི་ལས་ལམ་ཡོངས་སུ་རྫོགས་པར་རང་གིས་རང་ལ་གོ་ལ་མ་གོ་བཤད་པ་དེ་འགྲིག་ངེས་རེད།

ཁྱེད་རང་སྒོམ་རྒྱག་བཞིན་པའི་སྐབས་ཀྱི་རྣམ་རྟོག་ལྟ་བུ་འདིའི་ནང་འཇུག་རྒྱུ་དེ་ངས་ཤེས་པ་རེད་དམ།

མ་རེད། སྒོམ་གྱི་ནང་ཡོད་པའི་རྣམ་རྟོག་རྣམས་སྐད་ཤུགས་ཆེན་པོའི་སྒོ་ནས་བརྗོད་པ་དཔེར་ན། ཁྱེད་ཀྱིས་ང་ཞེས་བྱ་བ་དེ་འཚོལ་བའི་སྐབས། ང་ཟེར་བ་དེ་ཁྱེད་ཀྱི་མགོའི་ནང་ཡོད་དམ་རྐང་པའི་ནང་ཡོད་ཅེས་འཚོལ་བ་ནི་ངག་འཁྱལ་ཆགས་ཀྱི་མེད། ངག་འཁྱལ་གྱི་ནང་། གཞི་ནི་རྦད་དེ་དོན་དག་མེད་པ་དང་ཆོ་མེད་ཅིག་ཡིན་དགོས། ཐ་ན་སྒོམ་གྱི་ནང་འབྱུང་བའི་རྣམ་རྟོག་རྣམས་སྐད་ཤུགས་ཆེན་པོའི་བརྗོད་ནའང་། དེ་ནི་ངག་འཁྱལ་མིན། གང་ཡིན་ཞེ་ན། རྣམ་རྟོག་རྣམས་ཆོ་མེད་དང་དོན་མེད་ལྟ་བུ་ཡིན་ནའང་། སྒོམ་གྱི་རྒྱུད་རིམ་ནི་དོན་མེད་དང་ཆོ་མེད་ཅིག་མིན།

ཁྱེད་ཀྱིས་སྒོམ་གྱི་ནང་གློ་བུར་དུ་འབྱུང་བའི་རྣམ་རྟོག་ངེས་མེད་ལྟ་བུ་ལ་ཟེར་གྱི་ཡོད་དམ།

འབུམ་རམས་པ་བྷར་ཛིན། ངས་གང་བཤད་པའི་དོན་དག་ནི་ངེས་མེད་ཀྱི་རྣམ་རྟོག་རྣམས་རེད། 

ངས་སོ་སོའི་སེམས་དེ་གཡེང་བཞིན་པ་ཧ་གོ་དུས་ངག་འཁྱལ་དེ་གང་ལ་བསམ་དགོས་སམ།

འབུམ་རམས་པ་བྷར་ཛིན། དཔེར་ན།

སེམས་ནང་ག་རེ་འབྱུང་ནའང་འདྲ་སྟེ། སྒོམ་རྒྱག་ཟིན་པའི་རྗེས་སུ་ང་ཚོས་གང་བྱེད་རྩིས་ཡོད་པ་ལྟ་བུ་རེད།

འབུམ་རམས་པ་བྷར་ཛིན། དེ་སྐད་ཤུགས་ཆེན་པོའི་སྒོ་ནས་བརྗོད་པ་དེ་ཨེ།

མ་རེད། བསམ་བློ་གཏོང་བ་ཙམ་དེ་རེད།

འབུམ་རམས་པ་བྷར་ཛིན། གནད་དོན་ཞིག་ལ་བསམ་བློ་གཏོང་བ་དེ་ངག་གི་ལས་མ་རེད། འོན་ཀྱང་ངག་འཁྱལ་དེ་སྐད་ཤུགས་ཆེན་པོའི་སྒོ་ནས་བརྗོད་དགོས་མིན་ཐད་ངས་རིན་པོ་ཆེ་ལ་བཀའ་འདྲི་ཞུ་གི་ཡིན།
 
སེར་ཀོང་རིན་པོ་ཆེ། ཐོག་མར་ངག་འཁྱལ་ཆགས་པར་སྐད་ཤུགས་ཆེན་པོའི་སྒོ་ནས་བརྗོད་དགོས། ཡིད་ཀྱི་ངག་འཁྱལ་དེ་ནི་གནད་དོན་གཞན་ཞིག་རེད། སྐབས་འདིར་གང་གྲོས་བསྡུར་བྱས་པ་ནི་ངག་གི་ལས་དངོས་དེའི་སྐོར་རེད། དེ་ལ་གཞིགས་ན། ངག་འཁྱལ་ནི་དོན་དག་རྩ་ནས་མེད་པ་དང་ཆོ་མེད་པ་ཞིག་ཡིན་དགོས། གལ་ཏེ་ཁྱེད་རང་སྒོམ་རྒྱག་བཞིན་པའི་སྐབས། གྲོད་ཁོག་ལྟོགས་ནས་ཁྱེད་ཀྱིས། “ང་རང་ལྟོགས་ཀྱི་འདུག །ཉིན་གུང་ཁ་ལག་ག་རེ་བཟོ་དགོས་རེད་དམ་” ཞེས་སྐད་ཤུགས་ཆེན་པོས་བརྗོད་ན། དེ་ནི་ངག་འཁྱལ་མ་རེད། གང་ཡིན་ཟེར་ན། དེ་ལྟར་བརྗོད་པ་ལ་གོ་དོན་ཞིག་ཡོད། འོན་ཀྱང་ཆོ་རྩ་ནས་མེད་པ་དང་དོན་དག་མེད་པ། དགོས་དོན་རྩ་ནས་མེད་པ་དེ་འདྲ་བརྗོད་པ་ནི་ངག་འཁྱལ་ཆགས་ཀྱི་ཡོད།

ཡིད་ཀྱི་མི་དགེ་བའི་ལས་གསུམ།

བརྣབ་སེམས།

མི་དགེ་བའི་ལས་བཅུ་ལས་བརྒྱད་པ་དང་ཡིད་ཀྱི་མི་དགེ་བའི་ལས་གསུམ་གྱི་དང་པོ་ནི་བརྣབ་སེམས་རེད། དེ་ནི་ཕ་རོལ་པོར་དག་པའི་ཕྱི་ནང་གི་རྫས་རྣམས་རང་ཉིད་ལ་འཐོབ་འདོད་སྐྱེ་བ་དེ་རེད། འདིའི་གཞི་ནི་གཞན་གྱི་རྒྱུ་དངོས། བསམ་པ་ནི་ཁྱེད་ཀྱིས་བརྣབ་སེམས་བྱས་ནས་བདག་གིར་བྱེད་འདོད་ཡོད་པའི་དངོས་རྫས་དེ་གང་ཡིན་པར་འདུ་ཤེས་པ་དེ་རེད། དཔེར་ན། གལ་ཏེ་ཁྱེད་ཀྱིས་མི་གཞན་ཞིག་གི་ཁང་པ་མཐོང་ན། ཁང་པ་ནི་བརྣབ་སེམས་སྐྱེ་ཡུལ་དེ་ཡིན་པ་དང་བསམ་པ་ནི། “ཨོ། ང་ལ་ཁང་པ་དེ་རག་ན་ཅི་མ་རུང་” བསམ་པ་ནི་འདུ་ཤེས་པ་དེ་རེད། དེ་ནི་ཁྱེད་ཀྱིས་གང་བརྣབ་སེམས་བྱེད་པ་དེ་ཏག་ཏག་འདུ་ཤེས་པ་དེ་རེད། ཀུན་སློང་ལ་ཆ་བཞག་ན། དངོས་པོ་རྣམས་རང་ཉིད་ལ་དགོས་འདོད་ཀྱི་བསམ་བློ་རྒྱུན་ཆད་མེད་པའི་བརྣབ་སེམས་བྱེད་པ་དེ་རེད། སྦྱོར་བ་ནི་དངོས་པོ་དེ་འཐོབ་འདོད་དང་། གང་ལ་བརྣབ་སེམས་བྱེད་པའི་དངོས་པོ་དེ་འཐོབ་པའི་ཆེད་དུ་ཐབས་ཤེས་དང་འབད་བརྩོན་བྱེད་པ་དེ་རེད། བྱས་ཙང་། སྦྱོར་བ་ནི་ཁྱེད་ཀྱིས་དངོས་པོ་དེ་འཐོབ་པའི་ཆེད་དུ་འབད་བརྩོན་བྱེད་པ་དང་། དེའི་མཐར་ཐུག་ནི་གང་ལ་བརྣབ་སེམས་བྱེད་པ་དེ་འཐོབ་པར་དངོས་སུ་ཐག་གཅོད་བྱེད་པ་དེ་རེད།

གནོད་སེམས།

ཡིད་ཀྱི་མི་དགེ་བའི་ལས་གཉིས་པ་ནི་གནོད་སེམས་རེད། དེ་ནི་གཞན་ལ་ངན་སེམས་དང་འཚེ་བ་བྱེད་འདོད་ཀྱི་སེམས་དེ་རེད། འདིའི་གཞི་ནི་གོང་དུ་ཞུས་པའི་ཚིག་རྩུབ་སྨྲ་བ་དང་གཅིག་མཚུངས་རེད། དེ་ནི་དཔེར་ན། འདས་པའི་དུས་སུ་ཁྱེད་ལ་གནོད་འཚེ་བྱས་པ་དང་། ད་ལྟ་གནོད་འཚེ་བྱེད་བཞིན་པ། ཡང་ན་མ་འོངས་པར་གནོད་འཆེ་བྱེད་སྲིད་པའི་དགྲ་བོའམ་རང་ཉིད་མི་དགའ་སའི་མི་གང་རུང་ཡིན་ཆོག །དེ་ག་ནང་བཞིན་འདས་པའི་དུས་སུ་ཁྱེད་ལ་གནོད་འཚེ་བྱས་པའམ་བསུན་གཙེར་བཟོས་པ་དང་། ད་ལྟ་བཟོ་བཞིན་པ། ཡང་ན་མ་འོངས་པར་གནོད་སྲིད་པའི་སོ་སོའི་གྲོགས་པོ་དང་སྤུན་མཆེད་རྣམས་ཀྱང་ཡིན་ཆོག །བྱས་ཙང་། སེམས་ཅན་གང་འདྲ་ཞིག་ཡིན་ནའང་གནོད་སེམས་ཀྱི་ཡུལ་ཡིན་ཆོག །འདིའི་ཀུན་སློང་ངམ་འདུན་སེམས་ནི། ཕ་རོལ་པོ་དེ་ལ་བསམས་ནས་ཁུ་ཚུར་གྱིས་རྡེག་འདོད་སྐྱེ་བ་དང་། གཞུ་འདོད་སྐྱེ་བ། དེ་བཞིན་སྡུག་ཅག་ཅིག་བྱེད་འདོད་སྐྱེ་བ་དེ་རེད། དེའི་སྐུལ་སློང་ནི་མུ་མཐུད་དེ་ལས་རྩོམ་རྒྱུའི་བསམ་བློའི་ནང་ནས་གཅིག་ཡིན་དགོས། དཔེར་ན། ཕ་རོལ་པོ་དེ་ལ་དངོས་སུ་ཁུ་ཚུར་རྡེག་པ་ལྟ་བུ་རེད། དེའི་སྦྱོར་བ་ནི་མི་དེའི་འགྲམ་དུ་ཕྱིན་ནས་གནོད་སེམས་ཀྱི་ལས་དངོས་སུ་བརྩམ་པ་དེ་རེད། གཞན་ལ་གནོད་པའི་སེམས་སམ་བསམ་བློ་ཞིག་ཡོད་པ་ཙམ་དུ་མ་ཟད། བསམ་བློ་དེ་དངོས་སུ་ལག་ལེན་བསྟར་ནས་བྱེད་དགོས། མཐར་ཐུག་ནི་དཔེར་ན། ཁྱེད་ཀྱིས། “ངས་དབྱུག་པ་སྦོམ་པོ་དེ་བླངས་ནས་མི་དེ་ལ་གཞུ་གི་ཡིན་” ཞེས་ཐག་གཅོད་བརྟན་པོ་བྱེད་པ་དེ་རེད། ཁྱེད་ཀྱིས་དེ་ལྟར་བྱ་རྒྱུའི་ཐག་གཅོད་བརྟན་པོ་ཞིག་བྱེད་པའི་སྐབས། ཁྱེད་ཀྱི་གནོད་སེམས་ཀྱི་ལས་ལམ་ཡོངས་སུ་རྫོགས་པ་རེད།

ལོག་ལྟ། རྒྱབ་འགལ་ཕྱིན་ཅི་ལོག་པའི་བློ།

རྒྱབ་འགལ་ཕྱིན་ཅི་ལོག་པའི་ལོག་ལྟའི་བསམ་བློ་ལ་མཚོན་ན། དེ་ལ་གཞི་ནི་དགེ་མི་དགེའི་ཆོས་གང་རུང་ཞིག་དགོས། འདུ་ཤེས་ནི་གང་བདེན་པ་མིན་པ་དེ་བདེན་པར་ཡིད་ཆེས་པ་དང་། དེའི་བསམ་པའམ་ཀུན་སློང་ནི་བདེན་པ་ཡིན་པར་ངོས་ལེན་མི་བྱེད་པ་དེ་རེད། སྦྱོར་བ་ནི་སོ་སོས་གང་བསམ་པ་དེ་གཞན་ལ་བརྗོད་དགོས་བསམ་པ་སྟེ། དཔེར་ན། དོན་ངོ་མར་སྐྱེ་བ་ཕྱི་མ་ཡོད་ཀྱང་མེད་ཅེས་བརྗོད་པ་དང་། རྒྱུ་དང་འབྲས་བུའི་འབྲེལ་བ་ཟེར་བ་མེད་ཅེས་ཟེར་བ། ཡང་ན་བདེ་སྐྱིད་ནི་དགེ་བའི་ལས་ཀྱི་འབྲས་བུ་མིན་ཞེས་བརྗོད་པ་ལྟ་བུ་རེད། མཐར་ཐུག་ནི་ཁྱེད་ཀྱིས་ལོག་ལྟ་ཕྱིན་ཅི་ལོག་པའི་བསམ་བློ་དེ་ཁྱབ་སྤེལ་གཏོང་ངེས་ཡིན་པར་ཐག་གཅོད་པ་དེ་རེད།

ཕྱོགས་བསྡོམས།

གནད་དོན་དེ་དག་གི་སྐོར་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མི་དགེ་བའི་ལས་མི་འདྲ་བ་དེ་དག་གི་སྐོར་ཤེས་དགོས་པ་ཙམ་དུ་མ་ཟད། མི་དགེ་བའི་ལས་བྱ་རྒྱུ་སྤོང་བའི་སྒོ་ནས་ཆོས་ཚུལ་དེ་དག་ཉམས་སུ་བླང་དགོས། དེ་ནི་ང་ཚོས་ཤོད་ཐུབ་པའི་གནད་དོན་གལ་འགངས་ཆེ་ཤོས་དེ་རེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་པའི་སྐབས། ཁོང་གདན་འདྲེན་ཞུ་མཁན་གྱིས་རྒྱལ་པོས། “ཐུགས་རྗེས་གཟིགས། ཁྱེད་ཀྱིས་ང་ཚོར་ཐོག་མར་ལས་ཀྱི་སྐོར་གསུང་རོགས། ལས་རྒྱུ་འབྲས་ཀྱི་རྣམ་གཞག་ལས་བརྩམས་པའི་ཆོས་ཤིག་གསུང་རོགས། ང་ཚོར་ལམ་སེང་ཚད་མཐོ་སྔགས་ཀྱི་ཉམས་ལེན་སྐོར་མ་གསུང་རོགས་གནང་” ཞེས་ཞུས་པ་རེད། ཇོ་བོ་རྗེས་དེ་གསན་པ་དང་ཁོང་ཧ་ཅང་ཐུགས་སྤྲོ་པོ་བྱུང་ཡོད།
 
ང་ཚོའི་བསམ་བློའི་ཁྱེར་སོར་སྦྱོང་བརྡར་དང་དག་སྦྱོང་ཆེད་བློ་སྦྱོང་དང་འབྲེལ་བའི་ཆོས་ཚུལ་སྣ་ཚོགས་པ་དང་། དངོས་པོའི་གནས་ལུགས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་པོའི་ཆོས་ཚུལ་སྣ་ཚོགས་པ་དེ་དག་ཐམས་ཅད་ཀྱི་ནང་། ཐོག་མའི་སྔོན་འགྲོའི་རིམ་པའི་ཚུལ་དུ་ལས་འབྲས་ཀྱི་རྣམ་བཞག་དང་སྤྱོད་ལམ་སོགས་ཀྱི་སྐོར་ཡོད་པ་རེད། དེ་དག་ནི་གཞི་རྩ་ལྟ་བུ་ཡིན་པས། དེ་དག་མ་རྟོགས་པར་ཆོས་ཚུལ་དེ་དག་ལ་འཇུག་པའི་ཐབས་ཡང་དག་པ་ཞིག་མེད།
 
བྱས་ཙང་། ད་ང་ཚོ་གོ་བསྡུར་འདི་ཐོག་མར་འབྱུང་སའི་དྲི་བ་ངོ་མ་སྟེ། ཆོས་ཟེར་བ་དེ་གང་རེད་དམ། སྔོན་འགོག་གི་ཐབས་ལམ་ཟེར་བ་དེ་གང་རེད་དམ། ཆོས་ཉམས་ལེན་ཟེར་བ་དེ་གང་རེད་དམ་ཞེས་པའི་ཐོག་ལ་སླེབ་ཀྱི་ཡོད། ཐོག་མའི་རིམ་པའི་སྐབས་སུ་ཆོས་ཉམས་ལེན་གྱི་ནང་། སྐྱེ་བ་ཕྱི་མ་འཇིགས་སུ་རུང་བའི་ངན་སོང་གི་གནས་སུ་མི་སྐྱེ་བའི་སྔོན་འགོག་གི་ཐབས་ལམ་བསྟེན་རྒྱུ་དེ་རེད། ཕྱོགས་གཞན་ཞིག་ནས་དེ་ནི་སོ་སོའི་སྐྱེ་བ་ཕྱི་མའི་དོན་དུ་འབད་བརྩོན་བྱེད་པ་དེ་རེད། དེར་བརྟེན་ཁྱེད་ཀྱིས་སོ་སོའི་སྤྱོད་ལམ་ལ་བརྟག་དཔྱད་བྱས་ནས་སྤྱོད་ལམ་དེ་ལྟ་བུའི་མ་འོངས་པའི་འབྲས་བུ་གང་ཡོང་བར་བསམ་ཞིབ་བྱེད་པ་དང་། སྐྱེ་བ་ཕྱི་མའི་ནང་སྡུག་བསྔལ་མྱོང་བའི་རྒྱུ་བྱེད་པའི་མི་དགེ་བའི་ལས་སྤོང་བའི་སྐབས། དེ་ནི་ཆོས་ཉམས་ལེན་ཆགས་ཀྱི་ཡོད།

ལས་འབྲས་སྤྱིར་བསམ་ཚུལ་བཞི།

དཔེ་ཆ་བཞག་ན། ཁྱེད་རང་ཧ་ཅང་རྨོངས་ནས་གཏི་མུག་དབང་དུ་ཤོར་ནས་ཁྲག་གི་མཆོད་པའམ་དམར་མཆོད་བྱེད་པ་དེས་མ་འོངས་པར་ཁྱེད་ལ་བདེ་སྐྱིད་ཅིག་འབྱུང་གི་རེད་བསམ་སྲིད། དེ་འདྲའི་རིགས་བྱེད་མཁན་རྣམས་ནི་འཁྲུལ་བ་རེད། གང་ཡིན་ཟེར་ན། སེམས་ཅན་སྲོག་ཆགས་གཞན་གྱི་སྲོག་གཅོད་པའི་མི་དགེ་བའི་ལས་བྱེད་པ་དེའི་འབྲས་བུར། མ་འོངས་པར་གནས་སྟངས་ཡག་པོ་ཞིག་དང་སྐྱིད་པོ་ཞིག་ཡོང་མི་སྲིད་པ་རེད། སྲོག་གཅོད་པའི་དམར་མཆོད་ཀྱི་འབྲས་བུ་གཅིག་ཁོ་ན་ཡོད་པ་ནི། མི་སྐྱིད་པ་དང་སྡུག་བསྔལ་འབའ་ཞིག་རེད། དེ་ནི་ལས་ཀྱི་རང་བཞིན་ནམ་ཆོས་ཉིད་དང་པོ་དེ་རེད། གལ་ཏེ་ཁྱེད་ཀྱིས་སྡུག་བསྔལ་མྱོང་གི་ཡོད་ན། དེ་ནི་སྔོན་གྱི་མི་དགེ་བའི་ལས་བྱས་པའི་འབྲས་བུ་ཡིན་པ་ངེས་པ་རེད།

སྤྱོད་ལམ་ཀྱི་ལས་འབྲས་ཀྱི་རྣམ་པ་གཉིས་པ་ནི་ལས་འཕེལ་ཆེ་བ་དེ་རེད། འདི་ནི་ཕྱིའི་རིམ་པའི་ཆ་ནས་རྟོགས་ཐུབ། དཔེར་ན། གལ་ཏེ་ཁྱེད་ཀྱིས་ཁམ་བུའི་ས་བོན་ནམ་ཚི་གུ་ཞིག་བཏབ་ན། དེའི་འབྲས་བུར་ཁམ་སྡོང་ཆེན་པོ་ཞིག་སྐྱེ་གི་རེད། གལ་ཏེ་ཁྱེད་ཀྱིས་ཀུ་ཤུའི་ས་བོན་ཆུང་ངུ་ཞིག་བཏབ་ན། དེའི་འབྲས་བུར་ཀུ་ཤུའི་སྡོང་པོ་ཆེན་པོ་ཞིག་སྐྱེ་གི་རེད། དེ་ག་ནང་བཞིན་གལ་ཏེ་ཁྱེད་ཀྱིས་རྒྱུའི་ཚུལ་དུ་དགེ་བའི་ལས་ཆུང་ངུ་ཞིག་གི་ས་བོན་བཏབ་ན། དེ་ལས་འབྲས་བུ་བདེ་སྐྱིད་མི་ཟད་པ་ཞིག་འབྱུང་སྲིད་པ་ཡིན།
 
དཔེར་ན། གལ་ཏེ་ཁྱེད་ལ་དངོས་གནས་དྲང་གནས་དགེ་བའི་བསམ་བློ་ཡང་དག་པ་ཞིག་ཡོད་པ་དང་། དགེ་བའི་བསམ་བློ་དེ་ལ་བརྟེན་ནས་ཁྱེད་ཀྱིས་བརྐྱངས་ཕྱག་གཅིག་འཚལ་བ་ཡིན་ན། རང་གིས་བརྐྱངས་ཕྱག་འཚལ་བའི་ལུས་ཀྱི་འོག་ཏུ་ས་རྡུལ་གྱི་ཟེགས་མ་ཇི་ཙམ་ཡོད་པ་དེ་ཚོད་ཀྱིས་འཇིག་རྟེན་ཁམས་ཀྱི་རྒྱལ་པོའི་སྐྱེ་བ་ལེན་པའི་ནུས་པའམ་ཚོགས་གསོག་ཐུབ། དེ་དང་མཚུངས་པར་མི་དགེ་བའི་ལས་བྱེད་པའི་སྐབས་སུའང་མི་དགེ་བའི་ལས་ཆུང་ངུ་ལས་སྡུག་བསྔལ་དང་དཀའ་ངལ་ཧ་ཅང་ཆེན་པོ་མྱོང་སྲིད་པ་ཡིན། དེ་དཔེ་མཚོན་ཞིག་ཡོད་པ་ནི། སྔོན་མི་ཞིག་གི་དགེ་འདུན་པ་ཞིག་ལ་ “ཁྱེད་ཀྱི་སྐད་ནི་ཁྱིའི་སྐད་དང་འདྲ་པོ་འདུག་” ཅེས་ཚིག་རྩུབ་སྨྲས་པ་དང་། དེའི་འབྲས་བུར་མི་དེ་ཁྱིའི་སྐྱེ་བ་ཐེངས་མ་ལྔ་བརྒྱ་བླངས་དགོས་བྱུང་ཡོད་པ་ལྟ་བུ་རེད། བྱས་ཙང་། མི་གཞན་ལ་ཚིག་རྩུབ་སྨྲ་བའམ་སྐད་ལོག་རྒྱག་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད། གལ་ཏེ་ཁྱེད་ཀྱིས་མི་ཞིག་ལ་སྐད་ལོག་རྒྱག་ནས་ཁྱི་ཞེས་བོས་ན། དེ་བརྗོད་པ་ཙམ་གྱིས་མི་དེ་ཁྱི་རུ་བསྒྱུར་བའི་ནུས་པ་མེད། འོན་ཀྱང་སོ་སོ་རང་ཉིད་ཁྱི་ལྟ་བུ་ཞིག་གི་སྐྱེ་བ་ལེན་པའི་ཉེན་ཁ་ཆེན་པོ་ཡོད།
 
སངས་རྒྱས་བཅོམ་ལྡན་འདས་ཀྱི་དངོས་སློབ་ཤེས་རབ་མཆོག་ཏུ་གྱུར་བ་ཞེས་ཡོངས་སུ་གྲགས་པ་ནི་ཤཱ་རིའི་བུ་རེད། ཁོང་གི་སློབ་མ་ཚང་མའི་ཁྲོད་ནས་ཤཱ་རིའི་བུ་ལ་བློ་གྲོས་དང་རིག་པ་རྣོ་ཤོས་དང་གསལ་ཤོས་ཡོད། དེའི་རྒྱུ་མཚན་གང་རེད་ཅེ་ན། ཁོང་གི་སྐྱེ་བ་སྔོན་མའི་ནང་། ཁོང་ཡི་གེ་ཕར་ཚུར་སྐྱེལ་མཁན་གྱི་སྦྲག་པ་ཞིག་ཡིན་པ་དང་། ཐེངས་ཤིག་ཁོང་ཡི་གེ་སྐྱེལ་བཞིན་དུ་བསྐྱོད་པའི་སྐབས། མཚན་མོ་ལམ་དཀྱིལ་དུ་ཡོངས་སུ་དོར་བའི་ལྷ་ཁང་རྙིང་པ་ཞིག་གི་ནང་བཞུགས་པ་རེད། ལྷ་ཁང་དེའི་ནང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཚོན་པའི་ལྡེབས་རིས་མང་པོ་ཡོད་པ་རེད། ཤཱ་རིའི་བུ་དགོང་མོ་དེར་བཞུགས་པའི་སྐབས། ཁོང་གིས་ལྷམ་སྒྲོག་རྒྱག་པའི་ཆེད་མར་མེ་ཞིག་སྤར་བ་དང་སངས་རྒྱས་ཀྱི་ཡོན་ཏན་མཚོན་པའི་ལྡེབས་རིས་དེ་དག་ཀྱང་མར་མེའི་འོད་ཀྱིས་གསལ་བར་བྱས་པ་རེད། ལྡེབས་རིས་དེ་དག་གསལ་པོ་དང་འོད་མདངས་སྦྱིན་པའི་འབྲས་བུར། ཁོང་ནི་ཤེས་རབ་དང་བློ་གྲོས་མཆོག་ཏུ་འགྱུར་བ་ཆགས་པ་རེད། བྱས་ཙང་། ཁྱེད་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་འདྲ་དང་རི་མོ་སོགས་ཡོད་སའི་ཁང་པ་གང་འདྲ་ཞིག་གི་ནང་དུ་ཡོད་ནའང་འདྲ་སྟེ། དེ་དག་ལ་ཁྱེད་ཀྱིས་གློག་གི་མཆོད་པ་དང་། མར་མེའི་མཆོད་པ། བཞུ་མར་གྱི་མཆོད་པ་སོགས་ཕུལ་ནས་གསལ་བར་བྱས་ན། དེའི་ཕན་ཡོན་དཔག་ཏུ་མེད་པ་རེད། དེའི་སྐབས་སུ་ཁྱེད་ཀྱིས་རྣམ་དཔྱོད་དང་ལྡན་པའི་སྒོ་ནས་གཟབ་ནན་བྱེད་དགོས་པ་དང་། སྤྱིར་བཏང་གི་བསམ་ཤེས་བེད་སྤྱོད་བྱེད་དགོས་ངེས་རེད། གང་ཡིན་ཞེ་ན། ཁྱེད་ཀྱིས་བཞུ་མར་དང་། མར་མེ། སྤོས་སོགས་འབུལ་བའི་སྐབས། ཁང་པ་དེ་མེས་འཚིག་པའི་ཉེན་ཁ་ཡོད་སྲིད།  བྱས་ཙང་། མཆོད་པ་དེ་དག་འབུལ་སྟངས་ཐད་གཟབ་ནན་བྱེད་དགོས།
 
དེ་ནས་ལས་ཀྱི་རང་བཞིན་གསུམ་པ་ལ་ཆ་བཞག་ན། སངས་རྒྱས་ཀྱི་སློབ་མ་བགྲེས་པའི་ནང་གནས་བརྟན་བཅུ་དྲུག་ཡོད་པ་རེད། དེ་དག་སྐབས་རེར་དགྲ་བཅོམ་པ་བཅུ་དྲུག་ཅེས་ཟེར། དེ་དག་ལས་གཅིག་གི་མཚན་ལ་འཕགས་པ་ཀ་ན་ཀ་ཝཏྶ་ཞེས་སུ་གྲགས། སྐྱེ་བ་སྔོན་མ་ཁོང་བསྐལ་པ་འདིའི་སངས་རྒྱས་དང་པོའི་སྐབས་ཡོད་པ་རེད། སངས་རྒྱས་དེས་བརྗིད་ཅིང་ལྟ་ན་སྡུག་པའི་གླང་ཆེན་ཞིག་བཞོན་རྟ་རུ་བྱས་ཏེ་ཕེབས་སྲོལ་ཡོད། ཀ་ན་ཀ་ཝཏྶས་དད་པ་དང་གུས་པ་ཆེན་པོའི་སྒོ་ནས་གླང་ཆེན་ལ་གསེར་ཤོག་རྒྱན་གྱི་མཆོད་པ་ཕུལ་བ་རེད། དེའི་འབྲས་བུར་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་དུས་སུ་ཁོང་ཁྱིམ་པ་ཞིག་གི་སྐྱེ་བ་ལེན་པའི་སྐབས། ཁོང་དེར་སྐྱེས་པ་དང་མཉམ་དུ་གསེར་གྱི་གླང་ཆེན་གསེར་རྡོག་གི་ལྕི་བ་གཏོང་མཁན་ཞིག་ཁྱིམ་ཚང་དུ་བྱུང་བ་རེད། ཁོང་སྐྱེ་སའི་ས་ཆ་དེའི་རྒྱལ་པོ་ནི་སྟོབས་ཆེན་གྱི་རྒྱལ་པོ་མ་སྐྱེས་དགྲ་ཡིན་པ་དང་། རྒྱལ་པོས་གསེར་གྱི་གླང་ཆེན་དེ་ཕོ་བྲང་དུ་འཁྲིད་ཤོག་ཅེས་བཀའ་བཏང་བ་རེད། གང་ལྟར་ཡང་། བློན་པོ་ཚོས་གླང་ཆེན་དེ་ཁྱིམ་ཚང་དེ་ནས་ག་དུས་འཁྲིད་ཐབས་བྱས་ཀྱང་། གླང་ཆེན་དེ་སའི་འོག་ཏུ་ཡལ་ཕྱིན་པ་དང་སླར་ཡང་རྫུ་འཕྲུལ་དང་བཅས་ཀ་ན་ཀ་ཝཏྶའི་ཁང་པའི་ནང་མངོན་དུ་གྱུར་གྱི་ཡོད། ཁོང་ཚོས་གླང་ཆེན་དེ་རྒྱལ་པོའི་ཕོ་བྲང་དུ་འཁྲིད་ཐབས་ཐེངས་མ་གསུམ་བྱས་ཀྱང་། ཐེངས་མ་རེ་རེའི་ནང་གླང་ཆེན་དེ་ཡལ་ནས་ཁྱིམ་ཚང་དེའི་ནང་ཡང་བསྐྱར་བྱུང་བ་རེད། དེའི་རྒྱུ་མཚན་ནི་གླང་ཆེན་དེ་རྒྱལ་པོ་རང་ཉིད་ལ་དག་པའི་རྒྱུའམ་ཚོགས་གང་ཡང་བསགས་མེད་པ་དང་། ཁྱིམ་ཚང་དེའི་ནང་གི་བུ་དེས་དགེ་བའི་ནུས་པའམ་ཚོགས་དེ་བསགས་ཡོད་པ་སོང་ཙང་རེད། འདི་ནི་གལ་ཏེ་ཁྱེད་ཀྱིས་ལས་གང་རུང་ཞིག་ནས་དགེ་བའི་ནུས་པ་བསགས་མེད་ན། ཁྱེད་ཀྱིས་དེའི་འབྲས་བུ་མྱོང་གི་མེད་པ་སྟེ། ལས་མ་བྱས་པ་དང་མི་འཕྲད་པའི་དཔེ་མཚོན་ཞིག་རེད།
 
ལས་ཀྱི་རང་བཞིན་བཞི་པ་ལ་མཚོན་ན། གལ་ཏེ་ཁྱེད་ཀྱིས་ལས་ཤིག་བྱས་ཡོད་ན། དེའི་ནུས་པའམ་འབྲས་བུ་དེ་ནམ་ཡང་འཕྲོ་བརླག་མི་འགྲོ་བ་སྟེ། ལས་བྱས་པ་ཆུད་མི་ཟ་བ་ཡིན། དེ་ནི་བྱིས་པ་དེ་ལ་གསེར་གྱི་གླང་ཆེན་དག་པའི་ལས་ཀྱི་ནུས་པ་བསགས་པ་ནང་བཞིན་ལས་གང་བསགས་པ་དེའི་འབྲས་བུ་སྨིན་ངེས་རེད། དེ་ལྟར་བྱིས་པ་དེ་གཞོན་དུས་སུ་མཐར་ཁྱིམ་སྤངས་ནས་སངས་རྒྱས་ཀྱི་སྐུ་མདུན་དུ་རབ་ཏུ་བྱུང་བ་རེད། དེ་ནས་སངས་རྒྱས་ཀྱིས། “ད་ཁྱེད་ལ་གསེར་གྱི་གླང་ཆེན་འདིའི་དགོས་མཁོ་གང་ཡང་མེད་” ཅེས་གསུངས་པ་དང་དེའི་ནུས་སྟོབས་ཀྱིས་གླང་ཆེན་དེ་ཡལ་བ་རེད། གཞོན་ནུ་དེས་འབད་བརྩོན་ཤུགས་དྲག་བསྟེན་ནས་མཐར་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་ཁོང་གི་མཚན་ལ་གནས་བརྟན་དགྲ་བཅོམ་པ་ཀ་ན་ཀ་ཝཏྶ་ཞེས་སུ་གྲགས་སོ།།

Top