ལེན་ཌོ། དེང་སང་མི་མང་པོས། “ཇི་ལྟར་ཧེ་ཏིའི་ (Haiti) གླིང་ཕྲན་དུ་ས་ཡོམ་གྱིས་ཚབས་ཆེའི་གནོད་སྐྱོན་བཏང་བ་ནང་བཞིན་ཐུན་མོང་གི་ལས་ཀྱིས་ས་ཡོམ་གྱི་རྒྱུ་བྱེད་སྲིད་དམ་” ཞེས་འདྲི་གི་འདུག དེ་ལ་ལན་འདེབས་པར།
སྤྱིར་བཏང་འཇིག་རྟེན་འདིའི་སྟེང་གི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ནི་འཇིག་རྟེན་འདིའི་སྤྱི་ཡོངས་ཀྱི་ཐུན་མིན་ཁྱད་ཆོས་དང་དེ་གྲུབ་པར་བྱེད་པའི་འབྱུང་བའི་ཁམས་ལ་འགན་ཡོད་པར་འགྲེལ་བརྗོད་བྱས་ཡོད། འབྱུང་བ་དེ་དག་གི་བྱེད་ལས་ལ་བརྟེན་ནས་བྱེད་པོ་མི་གསལ་བའི་དངོས་ཁམས་རིག་པའི་ཆོས་ཉིད་ཀྱིས་དབང་སྒྱུར་སྟངས་འཛིན་བྱེད་ཀྱི་ཡོད། དཔེར་ན། གླིང་ཆེན་གྱི་ས་སྐོགས་རྡོ་ལེབ་སྤོ་ཤུད་བྱེད་པ་སོགས་ཚ་དྲོད་འཕེལ་བ་དང་གཡོ་འགུལ་སྣ་ཚོགས་པ་འབྱུང་གི་ཡོད། གཡོ་འགུལ་དེ་དག་ལས་མངོན་དུ་གྱུར་བ་གཅིག་ནི་ས་ཡོམ་རེད། ལྟ་ཚུལ་དེ་གཞིར་བཞག་ན། ས་ཡོམ་ནི་ང་ཚོའི་འཇིག་རྟེན་གྱི་ཆགས་ཚུལ་གང་ཡིན་པ་ལས་བྱུང་བའི་འབྲས་བུ་འགོག་ཏུ་མེད་པ་ཞིག་ཡིན་པ་དང་། དེ་ཡང་ཇི་ལྟར་ཡོད་པ་དེ་བཞིན་དུ་བྱུང་བ་དང་དེ་ནི་འཇིག་རྟེན་འདིའི་སྟེང་དུ་གནས་མྱོང་མཁན་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱ་ཆེ་བའི་ཐུན་མོང་ལས་ཀྱི་འབྲས་བུ་དེ་སྨིན་པ་ཞིག་ཡིན། ཁྱེད་ཀྱིས་འདིའི་ཐད་ལ་དགོངས་ཚུལ་ཞིག་གསུང་རོགས་གནང་།
འབུམ་རམས་པ་བྷར་ཛིན། ལས་སམ་ཡང་ན་དེ་ལས་གནད་དུ་ཁེལ་བའི་ཐོག་ནས་བཤད་ན། བསོད་ནམས་དང་སྡིག་པ་དེ་བཞིན་ས་བོན་བཅས་ཐུན་མིན་དང་ཐུན་མོང་གང་ཡིན་རུང་འབྲས་བུ་ནི་མི་འདྲ་བ་སྣ་ཚོགས་པ་སྨིན་གྱི་ཡོད། འབྲས་བུ་དེ་དག་ལས་གཅིག་ནི་བདག་པོའི་འབྲས་བུ་རེད། བདག་པོའི་འབྲས་བུ་ནི་ང་ཚོ་གང་དུ་སྐྱེས་པའམ་དེར་འཛུལ་བཞུགས་བྱེད་པ། དེའི་ང་ཚོར་ལྟ་ཚུལ་འཛིན་སྟངས་གང་འདྲ་ཡོད་པའམ་ཡང་ན་རྒྱུ་དངོས་ལོངས་སྤྱོད་ཅི་ཡོད་པ། དེ་དག་ལ་གང་འབྱུང་གི་ཡོད་པ་ཉམས་སུ་མྱོང་བའི་ང་ཚོའི་ཁོར་ཡུག་གམ་སྤྱི་ཚོགས་ཤིག་ཡིན་པ་རེད།
སྤྱི་མཐུན་ལས་ཀྱི་བདག་པོའི་འབྲས་བུ་ལ་མཚོན་ན། དེ་ལ་ཐུན་མིན་གྱི་བརྡ་ཆད་ནི་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ཐུན་མོང་གི་ལས་སམ་ཨིན་སྐད་དུ་ (shared karma) ཟེར་བ་དེ་རེད། དེ་ནི་སེམས་ཅན་མང་པོ་འདུས་པའི་ཐུན་མོང་གི་ལས་ཡིན་པ་དང་། དེ་ནི་གཙོ་བོ་སེམས་ཅན་དེ་དག་གི་ཐུན་མོང་ཉམས་སུ་མྱོང་བའི་ཁོར་ཡུག་དང་། སྤྱི་ཚོགས་ཀྱི་གནས་སྟངས། ཡང་ན་བྱུང་རྐྱེན་དེ་དག་སེམས་ཅན་འདུས་སྡེས་ཉམས་སུ་མྱོང་བར་རྐྱེན་བྱེད་ཀྱི་ཡོད།
བཤད་པ་མཐའ་མ་འདིས་སྡེ་ཁག་འདིའི་ཐུན་མོང་གི་ལས་ནི་ཁོར་ཡུག་གི་རྒྱུ་གཅིག་པུ་དེ་ཡིན་པར་སྟོན་གྱི་མེད། དཔེར་ན། ཁོང་ཚོས་ཉམས་སུ་མྱོང་བའི་སྐབས། དངོས་སུ་མྱོང་གི་ཡོད་པ་ལྟ་བུ་རེད། ས་དང་འཇིག་རྟེན་གྱི་བཟོ་བཀོད་ལྟ་བུ་ཁོང་ཚོས་ཉམས་སུ་མྱོང་བའི་ཁོར་ཡུག་ནི་རྒྱུ་དང་རྐྱེན་གཞན་གྲངས་ལས་འདས་པའི་འབྲས་བུ་ཡིན་པ་རེད། འཇིག་རྟེན་ལ་ཆ་བཞག་ན། དེའི་ཉེར་ལེན་གྱི་རྒྱུ་ནི་གས་ཐོར་ཆེན་པོ་ (Big Bang) ཟེར་བ་དེ་རེད། དེ་ནི་ང་ཚོར་རྒྱུད་འཛིན་པ་ལྟར་འཇིག་རྟེན་འདི་ཐོབ་པ་དང་འཇིག་རྟེན་འདིའི་རྒྱུད་འཛིན་པ་བསླེབ་སྐབས། འདི་མི་གནས་པར་འགག་གི་ཡོད། ང་ཚོས་ཉེར་ལེན་གྱི་རྒྱུ་འདི་ལ་ནང་གསེས་སུ་གས་ཐོར་ཆེན་པོ་ལྟ་བུ་བྱུང་ནས་དུས་ཡུན་རིང་པོ་ཕྱིན་པ་དང་། ཡང་ས་སྐོགས་རྡོ་ལེབ་སྤོ་ཤུད་བྱེད་པ་དེ་ས་ཡོམ་འབྱུང་བའི་ཉེར་ལེན་གྱི་རྒྱུ་ཡིན་པ་ལྟ་བུ་དེ་མ་ཐག་ཏུ་བྱུང་བ་ལྟ་བུ་རེད། དེ་བྱུང་ཟིན་པའི་རྗེས་སུ་ཁོར་ཡུག་ལ་སྐད་ཅིག་སྐད་ཅིག་གི་ནང་འགྱུར་བ་ཆུང་ངུའི་རིགས་ཡོད་ནའང་། དེ་ནི་ཤིང་སྡོང་ཞིག་ནས་ལོ་མ་བྱེ་བྲག་ཅིག་མར་ལྷུང་བ་ལྟ་བུ་ནི་འཇིག་རྟེན་དེའི་དངོས་ཁམས་རིག་པའི་ཆོས་ཉིད་ཀྱི་འབྲས་བུ་ཡིན་པ་རེད། དེ་ལྟ་ནའང་། སྐྱེས་བུས་བྱེད་པའི་འབྲས་བུའང་ཡོད་དེ། ཁོར་ཡུག་དང་འབྲེལ་བའི་དཔེར་ན། མིའི་བྱ་སྤྱོ་ལ་བརྟེན་ནས་བྱུང་བའི་མཁའ་རླུང་འབགས་བཙོག་ལྟ་བུ་རེད། དེའི་སྟེང་ལ་སྐད་ཅིག་བྱེ་བྲག་ནང་གི་འབྱུང་བའི་ཁམས་དཔེར་ན། སྐད་ཅིག་དེའི་འཇིག་རྟེན་གྱི་རྫས་དང་ནུས་ཤུགས་ནི་སྐད་ཅིག་དེའི་ནང་འཇིག་རྟེན་ལ་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ལྟ་བུ་རེད།
འཇིག་རྟེན་ཆགས་རིམ་ལ་རྒྱུའི་སྒོ་ནས་མཐུན་རྐྱེན་སྦྱར་བའི་ཐུན་མོང་གི་ལས་དང་དེ་ལ་ཁུངས་གཏུགས་པའི་དངོས་ཁམས་རིག་པའི་ཆོས་ཉིད་ནི་ད་ལྟའི་སྔོན་དུ་འཛམ་གླིང་འདིའི་སྟེང་ལ་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐུན་མོང་དུ་མཉམ་སྤྱོད་བྱས་པ་ཁོ་ནར་གོ་བ་མིན་པར། ད་ལྟའི་དུས་སྐབས་སུ་འཛམ་གླིང་འདིའི་སྟེང་ལ་གནས་མཁན་དང་མ་འོངས་པར་གནས་པར་འགྱུར་བའི་སེམས་ཅན་རྣམས་ལའང་གོ་བ་ཡིན། འོན་ཀྱང་། འཛམ་གླིང་འདི་ནི་ང་ཚོའི་འཇིག་རྟེན་གྱི་ཆ་ཤས་ཤིག་ཡིན་པ་དང་། དངོས་ཁམས་རིག་པའི་ཆོས་ཉིད་དེ་འཛམ་གླིང་ཙམ་ལ་འཇུག་པ་མིན་པར། འཇིག་རྟེན་ཁྱོན་ཡོངས་ལ་འཇུག་པ་སོང་ཙང་། ང་ཚོས་དེ་ལས་རྒྱ་ཆེ་བའི་ཐུན་མོང་གི་ལས་ཤིག་ལ་བལྟ་དགོས་ཀྱི་ཡོད། དེ་ནི་ང་ཚོའི་འཇིག་རྟེན་འདིའི་ནང་འདས་པའི་དུས་སུ་གནས་པ་དང་། ད་ལྟ་གནས་བཞིན་པ། མ་འོངས་གནས་པར་འགྱུར་བའི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ལ་བལྟ་དགོས། གང་ལྟར་ཡང། གལ་ཏེ་འཇིག་རྟེན་འདིའི་ཕྱིའི་རང་བཞིན་ནི་དངོས་པོ་རྡོག་རྡོག་ལས་གྲུབ་པའི་འཇིག་རྟེན་ཚང་མ་མིན་ནའང་། གྲངས་ཚད་ཧ་ཅང་མང་པོ་ཞིག་ནི་དུས་སྐབས་ཤིག་ན་མི་བརྟན་པ་ཆགས་ནས་ས་ཡོམ་རྒྱག་གི་རེད།
ང་ཚོས་ད་ལྟ་འཇིག་རྟེན་ཆགས་ཚུལ་གྱི་སྐོར་ཤོད་བཞིན་ཡོད་པ་སོང་ཙང་། དེའི་ཆགས་རིམ་ལ་རྐྱེན་བྱས་པའི་ཐུན་མོང་གི་ལས་དང་སེམས་ཅན་ཧ་ཅང་མང་པོས་འཇིག་རྟེན་འདི་མྱོང་བཞིན་པ་ནི་སེམས་ཅན་ཐམས་ཅད་འཇིག་རྟེན་འདིའི་ནང་སྐྱེ་བའི་ལས་ལ་བརྟེན་ནས་འཇིག་རྟེན་གྱི་གས་ཐོར་ཆེན་པོའི་གོང་རོལ་ནས་བསགས་ཡིན་ངེས་རེད།
ལེན་ཌོ། འོན་ཀྱང་། བདུན་ཕྲག་སྔོན་མའི་ནང་ཧེ་ཏིའི་ཡུལ་དུ་བྱུང་བ་ལྟ་བུ་ཚབས་ཆེ་བའི་ས་ཡོམ་གྱིས་གནོད་སྐྱོན་བྱེད་སའི་ས་ཆ་ཏག་ཏག་དེ་གར་གནས་མཁན་གྱི་མི་རྣམས་ཀྱི་སྐོར་ལ་ཅི་ལྟར་རེད་དམ། འདི་རྟོགས་པར། དྲན་དགོས་པའི་གནད་དོན་གལ་ཆེན་པོ་གཉིས་ཡོད་པ་ནི། ༡། འཇིག་རྟེན་འདིའི་ནང་གི་མི་ཚང་མས་ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེན་འདི་མྱངས་མེད་པ་དང་། ༢། ཐ་ན་ས་ཡོམ་བྱུང་སའི་ཧེ་ཏི་རང་ལའང་མི་ཚང་མ་ཤི་བའམ་རྨས་སྐྱོན་བྱུང་མེད། དེས་གཏོར་སྐྱོན་སོགས་གནོད་འཚེ་ཧ་ཅང་ཆེན་པོ་བྱས་ཡོད་ནའང་། གཏོར་སྐྱོན་བྱུང་སའི་ས་ཁུལ་ཚང་མའི་ནང་མི་བསད་པ་དང་རྨས་སྐྱོན་ཤོར་བ་བྱུང་མེད། འདིས་གང་སྟོན་གྱི་ཡོད་ཅེ་ན། ཧ་ཅང་ཚབས་ཆེན་གནོད་སྐྱོན་བྱུང་བ་རྣམས་ཀྱིས་དེའི་ཚེ་གནོད་འཚེ་དེ་མྱོང་བའི་ལས་བསགས་ཡོད་པ་དང་། ལས་དེ་ཡང་ཐུན་མིན་དང་ཐུན་མོང་གཉིས་ཀ་བསགས་ཡོད། དེ་བཞིན་ལྟོས་ས་ལྟོས་ཕྱོགས་ཀྱི་སྒོ་ནས་གནོད་སྐྱོན་དེ་ཙམ་མ་བྱུང་བ་རྣམས་ཀྱིས་དེ་འདྲ་བའི་ལས་བསགས་མེད་པ་རེད།
འདིས་མི་ཤི་མཁན་རྣམས་ནི་བྲོས་ནས་ཐར་མཁན་གྱི་མི་རྣམས་ལས་སྡུག་པ་ཡིན་པའི་དོན་སྟོན་གྱི་མེད། ང་ཚོའི་སེམས་རྒྱུད་ལ་ལས་ཧ་ཅང་མང་པོ་ཞིག་བསགས་ཡོད་པ་དང་ལས་དེ་ནི་དགེ་བའམ་བསོད་ནམས་ཀྱི་ལས་དང་སྡིག་པ་མི་དགེ་བའི་ལས་གཉིས་བསགས་ཡོད། ལས་གང་ཞིག་སྨིན་རྒྱུ་ཡིན་པ་དང་དུས་ཚོད་ག་དུས་སྨིན་རྒྱུ་ཡིན་པར་ཐག་གཅོད་བྱེད་ཀྱི་རྐྱེན་རྣམས་ནི་མང་ལ་སྣ་ཚོགས་པ་རེད། མི་འགའ་ཞིག་ནི་ས་ཡོམ་ཆེན་པོ་དེའི་སྐབས་སུ་རྫུ་འཕྲུལ་གྱི་སྒོ་ནས་འཚོ་གནས་ཐུབ་པ་བྱུང་ཡོད་སྲིད་ལ། དེ་ནི་ཉིན་རྗེས་མ་དང་། ལོ་རྗེས་མ། ཡང་ན་སྐྱེ་བ་ཕྱི་མའི་ནང་བཀྲ་མི་ཤེས་པའི་རྐྱེན་ངན་གོད་ཆག་ཆེ་བ་གཞན་ཞིག་གི་ནང་ཤི་བའི་ཆེད་དུ་ཡིན་སྲིད། འོ་ན་ང་ཚོས་འཇིག་རྟེན་འདིའི་ནང་ལ་སེམས་ཅན་ཐམས་ཅད་དང་མཉམ་དུ་སྤྱོད་པའི་ “རྒྱ་ཆེ་བའི་” ཐུན་མོང་གི་ལས་དང་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཁྲོད་ནས་གྲངས་འབོར་ངེས་ཅན་ཁོ་ན་ཞིག་དང་མཉམ་སྤྱོད་བྱེད་པའི་ལྟོས་ས་ལྟོས་ཕྱོགས་ཀྱི་ཆ་ནས་ “རྒྱ་ཆུང་བའི་” ཐུན་མོང་གི་ལས་གཉིས་ཀྱི་དབར་ལ་ཁྱེད་ཀྱིས་ཁྱད་པར་ཞིག་འབྱེད་ཐུབ་བམ།
བྷར་ཛིན། ང་ཚོས་ཁྱད་པར་འབྱེད་ཐུབ། འཇིག་རྟེན་གྱི་ཆགས་རིམ་ལ་རྐྱེན་བྱས་པའི་ཐུན་མོང་གི་ལས་རྒྱ་ཆེ་ཤོས་ཤིག་ཡོད། དེ་ནི་འཇིག་རྟེན་དེའི་ནང་གནས་པར་འགྱུར་བ་ཐམས་ཅད་ཀྱིས་མཉམ་སྤྱོད་བྱེད་ཀྱི་ཡོད། སྡེ་ཚན་དེའི་ནང་འཛམ་གླིང་ནང་གནས་པར་ཐུན་མོང་གི་ལས་དེ་དག་ལ་བརྟེན་ནས་ནང་གསེས་ཀྱི་སྡེ་ཚན་ཡོད། འདིས་དམིགས་བསལ་འཛམ་གླིང་གི་ཆགས་རིམ་ལ་རྐྱེན་བྱས་ཡོད། ནང་གསེས་ཀྱི་སྡེ་ཚན་དེའི་ནང་། དེའི་ནང་གསེས་ཀྱི་ནང་གསེས་ཤིག་ཡོད་པ་ནི་ཧེ་ཏི་ཡུལ་དུ་བྱུང་བའི་ས་ཡོམ་མྱོང་བའི་ཐུན་མོང་གི་ལས་ཡིན་པ་དང་། དེ་ནི་ས་ཡོམ་བྱུང་བར་རྐྱེན་བྱས་ཡོད་པ་ཞིག་རེད།
སྡེ་ཚན་དེའི་ནང་གསེས་ཀྱི་ནང་གསེས་དེའི་ནང་། མི་རེ་རེས་ས་ཡོམ་དེ་རང་སོ་སོའི་ཐུན་མོང་མ་ཡིན་པའི་ལས་ཀྱི་འབྲས་བུ་མི་འདྲ་བར་ཉམས་སུ་མྱངས་ཡོད་ནའང་། དེ་དག་གི་ཁྲོད་ནས་སྡེ་ཁག་ཆུང་ཆུང་ཚང་མས་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ཐུན་མོང་གི་ལས་ཀྱི་ནང་གསེས་དབྱེ་བ་གཞན་དག་ཀྱང་རྙེད་ཐུབ། དཔེར་ན། མི་འགའ་ཞིག་ནི་ཤི་བ་དང་འགའ་ཞིག་ནི་གསོན་པོར་གནས་ཡོད། ཤི་མཁན་གྱི་མི་རྣམས་ལ་ས་ཡོམ་གྱི་རྐྱེན་ངན་དེ་ཉམས་སུ་མྱོང་བ་ཙམ་མིན་པར། ས་ཡོམ་བརྒྱབ་པའི་སྐབས་སུ་འཆི་རྒྱུའི་ཐུན་མོང་གི་ལས་བསགས་ཡོད་པ་རེད། ཤི་མཁན་དེ་དག་གི་ཁྲོད་ནས་མི་འགའ་ཞིག་ལ་ནི་རྡིབ་སྐྱོན་བྱུང་བའི་ཁང་པ་གཅིག་པའི་ནང་ཤི་བའི་མི་གཞན་ཁ་ཤས་དང་མཉམ་སྤྱོད་བྱས་པའི་ཐུན་མོང་གི་ལས་ཡོད་སྲིད་པ་རེད། དེར་བརྟེན་ང་ཚོས་ཐུན་མོང་གི་ལས་ཀྱི་སྐོར་ཤོད་སྐབས། དེ་ནི་མྱོང་བ་དམིགས་བསལ་ཅན་དང་གཞན་གང་དང་མཉམ་སྤྱོད་མ་བྱས་པའི་ཐུན་མོང་མ་ཡིན་པ་ཞིག་ལ་གོ་བ་སྟེ། དཔེར་ན། ཁང་པ་རྡིབ་སྐྱོན་ཤོར་བ་དེའི་ཚེ་ན་ཀ་བ་ངེས་ཅན་ཞིག་རང་གི་མགོ་བོར་ཕོག་ནས་སྐར་མ་བཅོ་ལྔའི་རྗེས་སུ་འཆི་བ་ལྟ་བུ་རེད།
ལེན་ཌོ། ཡུད་ཙམ་དུ་འཛམ་གླིང་ལས་འདས་པའི་སྐོར་ལ་བསམ་བློ་བཏང་ན། ལས་ལ་འདང་ངེས་ཀྱི་དག་སྦྱོང་བྱེད་མཁན་དང་དད་པ་ཤུགས་ཆེན་སྐྱེད་མཁན་གྱི་སེམས་ཅན་རྣམས་ནི་ “དག་པའི་ཞིང་ཁམས་སམ་སངས་རྒྱས་ཀྱི་ཞིང་” དུ་སྐྱེ་སྲིད་པ་སྟེ། དཔེར་ན། འོད་དཔག་མེད་ཀྱི་ཞིང་ལྟ་བུ་རེད། སེམས་ཅན་དེ་དག་གིས་འཚེ་བ་ཅན་གྱི་གློ་བུར་འགྱུར་ལྡོག་སོགས་དང་བྲལ་བའི་འཛམ་གླིང་ཞིག་ཏུ་སྐྱེ་བ་ལེན་གྱི་རེད། དག་པའི་ཞིང་ཁམས་དེ་འདྲ་ཞིག་གི་ནང་སྐྱེ་བ་ཐམས་ཅད་ནི་ཤིང་སྡོང་ལ་རླུང་རྒྱག་པའི་སྐབས་ཀྱི་རླུང་སྒྲ་དང་། ཆོས་ཁྲིད་པ་དང་སེམས་ཅན་རྣམས་དག་ཞིང་དུ་འདྲེན་པ་དང་སངས་རྒྱས་ཀྱི་གོ་འཕང་དང་ཐག་ཉེ་རུ་གཏོང་གི་ཡོད། ངས་འདི་ལུང་འདྲེན་བྱེད་དགོས་དོན་ནི་ས་ཆ་ཞིག་གི་ཁྱད་ཆོས་དང་ས་ཆ་དེ་འདྲའི་ནང་གི་སེམས་ཅན་རྣམས་ཀྱི་སེམས་ཀྱི་ཁྱད་ཆོས་ཀྱི་དབར་ལ་མཐུན་པའི་ཆ་ཞིག་ཡོད་པའི་གནད་དོན་དེ་ལ་ནན་པོ་བཟོ་གི་ཡོད།
མདོར་བསྡུས་ན། འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་རང་གི་སེམས་དུག་གསུམ་གྱི་དབང་འོག་ཏུ་ཡོད་པའི་སེམས་ཅན་རྣམས་ཀྱིས་རང་ཉིད་གནོད་འཚེའི་རིགས་ཚང་མས་ཁེངས་པའི་འཛམ་གླིང་ཞིག་གི་ནང་གནས་བཞིན་ཡོད་པ་ཤེས་ཀྱི་ཡོད་པ་དང་། ཉོན་མོངས་དུག་གསུམ་པོ་དེ་དག་ལས་ཚད་གང་ཙམ་ཞིག་ཐར་བའི་སེམས་ཅན་རྣམས་ཀྱིས་ནི་དེ་ལྟ་བུའི་གནོད་འཚེའི་རིགས་གྲགས་ཆུང་བ་ཡོད་པའམ། གལ་ཏེ་སེམས་ཅན་དེ་དག་པའི་ཞིང་ཁམས་ཤིག་ཏུ་སྐྱེས་ན། དེར་གནོད་འཚེ་དེའི་རིགས་རྩ་ནས་མེད་པའི་ཁོག་ཡུག་ཅིག་ཉམས་སུ་མྱོང་གི་ཡོད།
འོད་དཔག་མེད་ཀྱི་ཞིང་ཁམས་ལྟ་བུ་དག་ཞིང་ལ་ཆ་བཞག་ན། དེ་འབྱུང་བའི་ཉེར་ལེན་གྱི་རྒྱུ་ནི་འོད་དཔག་མེད་དེ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་གོང་ལ་བསགས་པའི་དགེ་བའི་ལས་སམ་བསོད་ནམས་ཀྱི་ལས་དང་། དེ་བཞིན་སངས་མ་རྒྱས་གོང་དུ་སྨོན་ལམ་གང་བཏབ་པ་རྣམས་རེད། དེ་དག་ནི་ཁོང་གིས་བསོད་ནམས་གང་བསགས་པ་རྣམས་རང་ཉིད་སྤྲུལ་པའི་སྐུའི་རྣམ་པར་ཕེབས་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཐུབ་པའི་ཆེད་དམིགས་ནས་སྨོན་ལམ་བཏབ་ངེས་རེད་ལ། དེ་ཡང་འཕགས་མིན་པ་རྣམས་ཀྱིས་ལས་ལ་བརྟེན་ནས་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ལས་ཆོས་འཐོབ་པ་དང་དམིགས་བསལ་སྤྲུལ་པའི་སྐུའི་དག་ཞིང་དུ་སྐྱེ་བའི་ལས་ལ་བརྟེན་ནས་ཆོས་དེ་དག་འཐོབ་པར་བྱ་རྒྱུ་དེ་རེད། དེའི་སྟེང་ལ་ཁོང་གི་སྨོན་ལམ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་ཆོས་གསུང་རྒྱུ་དེ་ཡིན་ངེས་རེད་ལ། དེ་ཡང་བྱང་སེམས་འཕགས་པ་རྣམས་ཀྱིས་ལས་ལ་བརྟེན་ནས་སངས་རྒྱས་ཀྱི་ལོངས་སྐུ་ལས་ཆོས་འཐོབ་པ་དང་དམིགས་བསལ་ལོངས་སྐུའི་དག་ཞིང་དུ་སྐྱེ་བའི་ལས་ལ་བརྟེན་ནས་ཆོས་དེ་དག་འཐོབ་པར་བྱ་རྒྱུ་དེ་རེད། སངས་རྒྱས་འོད་དཔག་མེད་ཀྱིས་སངས་མ་རྒྱས་པའི་དུས་ཡུན་རིང་པོའི་གོང་ནས་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་ཆ་ནས་སྨོན་ལམ་དེ་དག་བཏབ་ཡོད་ངེས་པ་སོང་ཙང་། ཁོང་གི་དག་པའི་ཞིང་ཁམས་དེ་ནི་བསོད་ནམས་ཀྱི་ཚོགས་བསགས་པའི་བདག་པོའི་འབྲས་བུ་ཡིན་པར་ཆ་འཇོག་ཀྱང་བྱེད་ཆོག
འོད་དཔག་མེད་ཀྱི་དག་པའི་ཞིང་ཁམས་སུ་སྐྱེ་བའི་ལྷན་ཅིག་བྱེད་པའི་རྐྱེན་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱིས་འོད་དཔག་མེད་ལ་སྙིང་རྗེ་སྐྱེད་དགོས་པ་དང་སངས་མ་རྒྱས་གོང་ལ་སྨོན་ལམ་དེ་ལྟར་འདེབས་དགོས་པའི་སྐུལ་རྐྱེན་བྱས་ཡོད་ངེས་རེད། ལྷན་ཅིག་བྱེད་པའི་རྐྱེན་ནི་ཆོས་གང་ཞིག་མ་བྱུང་གོང་ནས་ཡོད་པའི་དོན་ཞིག་ཡིན་པ་དང་ཆོས་དེ་སྐྱེ་བར་རོགས་བྱེད་ཀྱི་ཡོད། འོན་ཀྱང་། དེ་ནི་གང་སྐྱེ་བའམ་འབྱུང་བའི་ཆོས་དེའི་ནང་རྣམ་པ་སྒྱུར་གྱི་མེད།
འོད་དཔག་མེད་ཀྱི་ཞིང་ཁམས་སུ་སྐྱེ་རྒྱུ་ཡིན་པའི་མི་ཞིག་གི་སྡིག་སྒྲིབ་སོགས་དག་སྦྱོང་གི་ཉམས་ལེན་རྣམས་དག་ཞིང་དེའི་ནང་སྐྱེས་མ་ཐག་པའི་མི་ཚེའི་ནང་བྱེད་པ་དེ་འོད་དཔག་མེད་ཀྱི་དག་ཞིང་དུ་སྐྱེ་བའི་རྒྱུ་རུ་རྩི་འཇོག་བྱེད་མི་ཐུབ། དེ་གང་ཡིན་ཞེ་ན། འོད་དཔག་མེད་ཀྱི་དག་པའི་ཞིང་ཁམས་དེ་ནི་མི་དེས་དག་སྦྱོང་གི་ཉམས་ལེན་དེ་གར་འཇུག་ཟིན་པའི་སྐབས་ནས་ཡོད་ངེས་པ་རེད། མི་ཞིག་དག་པའི་ཞིང་ཁམས་སུ་མ་སྐྱེ་བའི་སྔོན་དེ་མ་ཐག་ལ་དག་སྦྱོང་གི་ཉམས་ལེན་རྣམས་ཚར་བ་དང་དེའི་སྒང་ལ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་རྣམས་ཀྱང་བསྒྲུབས་ཟིན་པ་ནི་མི་དེས་སྐྱེ་བ་དཔག་ཏུ་མེད་པའི་ནང་བསོད་ནམས་ཀྱི་ཚོགས་བསགས་ནས་དེའི་འབྲས་བུར་དག་པའི་ཞིང་ཁམས་དེར་སྐྱེ་བའི་ནང་གི་ཐིགས་པ་མཐའ་མ་ལྟ་བུ་དེ་རེད། འོད་དཔག་མེད་ཀྱི་ཞིང་ཁམས་སུ་སྐྱེ་བའི་ལས་དང་ལྡན་པའི་སེམས་ཅན་ཐམས་ཅད་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཁོ་ན་ཁོང་ཚོའི་མི་ཚེའི་ནང་བཏབ་ཡོད་པ་དང་། འོད་དཔག་མེད་ནི་ད་དུང་ཡང་བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་དང་དེས་བདག་པོའི་འབྲས་བུ་ལྟ་བུར་འོད་དཔག་མེད་ཀྱི་ཞིང་ཁམས་འཐོབ་པའི་རྒྱུའི་བྱ་བ་བྱེད་སྲིད་པ་རེད། ཡིན་ནའང་། འདི་ནི་འོད་དཔག་མེད་སངས་མ་རྒྱས་གོང་གི་འོད་དཔག་མེད་ཀྱི་སྨོན་ལམ་དང་མཉམ་དུ་འབྱུང་བའི་གནས་སྟངས་ཁོ་ན་ཡིན་ངེས་རེད། འོད་དཔག་མེད་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་སྐབས་སུ་ཤེས་པ་ཁོ་ན་ལ་བརྟེན་ནས་མི་རྣམས་ཀྱིས་ཁོང་ཉིད་སངས་རྒྱས་པའི་རྗེས་སུ་ཞིང་ཁམས་བྱེ་བྲག་འདིའི་ནང་སྐྱེ་བའི་སྨོན་ལམ་བཏབ་པ་དེ་ནི་ཁོང་ཚོའི་སྨོན་ལམ་རྣམས་བདག་འབྲས་ཀྱི་ཚུལ་དུ་འོད་དཔག་མེད་ཀྱི་ཞིང་ཁམས་སུ་སྨིན་ཐུབ་ཀྱི་ཡོད།
ལེན་ཌོ། ངས་ས་ཡོམ་གྱི་སྐོར་ཆོས་ཀྱི་དཔེ་ཆ་འགའ་ཤས་བཀླགས་པ་ཡིན། དེའི་ནང་ས་ཡོམ་ནི་སེམས་ཅན་རྣམས་ཀྱི་འབྱུང་བ་ས་འདི་ཆ་མི་སྙོམས་པ་དང་འབྲེལ་བ་འདུག འདི་ནི་དོ་སྣང་བྱ་འོས་ཤིག་རེད། ཡིན་ནའང་། ངས་དེ་ཇི་ལྟར་འགྲེལ་བརྗོད་བྱེད་ཚུལ་དེ་ཤེས་ཀྱི་མེད། ཁྱེད་ནས་རོགས་པ་གནང་ཨེ་ཐུབ།
བཤད་ལ་འདི་ལ་ང་རང་ཤེས་རྟོགས་མེད། ཡིན་ནའང་། ང་ཚོས་འདི་དུས་འཁོར་ལུགས་ནས་ལས་ཀྱི་སྐོར་ལ་ངོ་སྤྲོད་བྱེད་ཚུལ་དང་བསྟུན་ནས་ཤེས་རྟོགས་ཐུབ་ཀྱི་རེད་བསམ་གྱི་འདུག བཤད་པ་རྒྱག་ཚུལ་འདི་ལ་གཞིགས་ན། འཇིག་རྟེན་གྲངས་མེད་པ་ཡོད་པ་དང་དེ་དག་རེ་རེ་བཞིན་དུ་ཆགས་པའི་བསྐལ་པ་དང་། གནས་པའི་བསྐལ་པ། འཇིག་པའི་བསྐལ་པ། སྟོངས་པའི་བསྐལ་པ་བཅས་བརྒྱུད་ནས་འགྲོ་གི་ཡོད། འཇིག་རྟེན་གཅིག་ཆགས་པའི་བསྐལ་པའི་དུས་སྐབས་ཀྱི་ནང་ཡོད་སྐབས་སུ་འཇིག་རྟེན་གཞན་ཞིག་ནི་འཇིག་པའི་བསྐལ་པར་ཡོད་སྲིད་པ་རེད། འཇིག་རྟེན་ཆགས་འཇིག་སོགས་ཀྱི་འོག་ཏུ་འགྲོ་བ་དེ་ཕན་ཚུན་དུས་མཉམ་དུ་འགྲོ་བའི་ངེས་པ་མེད།
འཇིག་རྟེན་ཡོད་པའི་བར་གྱི་སྟོངས་པའི་བསྐལ་པའི་སྐབས་སུ་འཇིག་རྟེན་རེ་རེའི་འབྱུང་བ་ལྔ་པོ་ནམ་མཁའི་རྡུལ་ཕྲན་ཞིག་གི་ནང་དུ་བརྡིབས་ནས་ཡོད། ནམ་མཁའི་རྡུལ་ཕྲན་འདི་ནི་ “བུ་ག་ནག་པོ་” ཞིག་དང་འདྲ་བ་རེད། ཡིན་ནའང་། དེ་གཉིས་ཀྱི་དབར་ལ་ཁྱད་པར་ཡོད་ངེས་རེད། འབྱུང་བ་ལྔ་ནི། ནམ་མཁའ་དང་། རླུང་། མེ། ཆུ། ས་བཅས་རེད། ཡང་ན་ང་ཚོས་ལྔ་པོ་དེ་དག་ནམ་མཁའ་དང་། རླངས་གཟུགས། ནུས་ཤུགས། དྲོད། གཤེར་གཟུགས། སྲ་གཟུགས་ལྟ་བུར་བསམ་བློ་གཏོང་སྲིད། ལྷག་པར་དུ་ནམ་མཁའི་རྡུལ་ཕྲན་ལ་འཇིག་རྟེན་གྱི་འབྱུང་བ་རགས་པའི་རྗེས་ཤུལ་ཤིག་ཡོད་པ་དང་དེ་དག་ནི་ཕན་ཚུན་གཅིག་གིས་གཅིག་ལ་མཐུད་ནས་མེད། གནས་སྟངས་འདིའི་ནང་། དེ་སྔོན་གྱི་འཇིག་རྟེན་བརྡིབས་པ་དེའི་དངོས་ཁམས་རིག་པའི་ཆོས་ཉིད་ཕལ་པ་དེས་རྗེས་ཤུལ་དེ་དག་གི་ཁྲོད་དུ་བཀོལ་སྤྱོད་བྱེད་ཀྱི་མེད། ད་བར་བྱུང་མེད་པའི་འཇིག་རྟེན་གྱི་ནམ་མཁའི་རྡུལ་ཕྲན་ནི་དེའི་རྗེས་སུ་འབྱུང་བའི་འཇིག་རྟེན་དེའི་འབྱུང་བ་ལྔའི་འབྱུང་བ་རགས་པའི་གཞི་རྩ་ལྟ་བུར་བྱ་བ་བྱེད་ཀྱི་ཡོད།
དུས་འཁོར་ནས་ཀྱང་ལས་ཀྱི་རླུང་ཟེར་བ་ཞིག་བཤད་ཀྱི་ཡོད་པ་དེ་ནི་གང་ཟག་སྒེར་སོ་སོའི་ལས་ཀྱི་ནུས་པ་དང་བག་ཆགས་ཁྱེར་མཁན་གྱི་ནུས་པ་ཕྲ་བ་རྣམས་རེད། དཔེར་ན། སྟོངས་པའི་བསྐལ་བའི་མཐའ་མཇུག་དང་ང་ཚོའི་འཇིག་རྟེན་བསྐྲུན་པའི་གས་ཐོར་ཆེན་པོའི་གོང་དུ་སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ཀྱི་རླུང་དེ་འཇིག་རྟེན་དུ་སྐྱེ་བའི་ལས་ལ་བརྟེན་ནས་ནམ་མཁའི་རྡུལ་ཕྲན་ལ་ཤུགས་རྐྱེན་སྤྲད་ཡོད། དེ་དག་གིས་གས་ཐོར་ཆེན་པོ་དང་མཉམ་དུ་ནམ་མཁའི་རྡུལ་ཕྲན་དེ་གས་ཐོར་གྱི་རྒྱུ་བྱས་ཤིང་། ཁྱད་ཆོས་ངེས་ཅན་ཁག་དང་དངོས་ཁམས་རིག་པའི་ཆོས་ཉིད་ལ་བརྟེན་ནས་ང་ཚོའི་འཇིག་རྟེན་གྱི་ནང་འགྱུར་ལྡོག་གོང་འཕེལ་འགྲོ་གི་ཡོད།
གས་ཐོར་ཆེན་པོའི་དུས་སྐབས་སུ་ང་ཚོའི་འཇིག་རྟེན་ན་སྐྱེ་བའི་ལས་དང་ལྡན་པའི་སེམས་ཅན་རྣམས་དང་། ང་ཚོའི་འཇིག་རྟེན་ཆགས་རིམ་ལ་ཤུགས་རྐྱེན་སྤྲོད་བཞིན་པའི་ཐུན་མོང་གི་ལས་དང་ལྡན་པའི་སེམས་ཅན་རྣམས་འཇིག་རྟེན་གཞན་དག་གི་ནང་དུ་གནས་ཡོད་ངེས་རེད། འཁོར་བའི་སེམས་ཅན་ཡིན་པའི་ཆ་ནས་དེ་དག་གི་ལུས་ཀྱི་འབྱུང་བ་ལྔ་ནི་ཆ་སྙོམ་དང་བྲལ་ནས་ཡོད་ངེས་པ་རེད། དེར་བརྟེན་ནས་དེ་དག་གི་ཐུན་མོང་གི་ལས་ཀྱི་རླུང་རྣམས་ཀྱིས་ང་ཚོའི་འཇིག་རྟེན་གྱི་ཆེད་དུ་ནམ་མཁའི་རྡུལ་ཕྲན་ལ་ཤུགས་རྐྱེན་སྤྲད་ཡོད་ངེས་ལ། འཇིག་རྟེན་གྱི་འབྱུང་བ་རགས་པ་ལྔ་ལས་འཕེལ་བ་རྣམས་ཀྱང་ཆ་སྙོམ་དང་བྲལ་བ་ཆགས་ཀྱི་ཡོད། དེ་ལྟར་ང་ཚོས་སེམས་ཅན་རྣམས་ཀྱི་འབྱུང་བ་སའི་ཆ་སྙོམ་མེད་པ་དེ་ང་ཚོའི་འཇིག་རྟེན་དུ་སྐྱེ་བའི་ལས་ལ་བརྟེན་ནས་འབྱུང་བ་ས་ལ་རྐྱེན་བྱས་པ་སོང་ཙང་། དེའི་འབྲས་བུར་ས་ཡོམ་བྱུང་བ་ཡིན་ཞེས་འགྲེལ་བརྗོད་བྱེད་ཆོག
ལེན་ཌོ། དུས་འཁོར་ནས་ཐུན་མོང་གི་ལས་དང་ང་ཚོའི་འཇིག་རྟེན་གྱི་བྲག་རྡོ་ལས་གྲུབ་པའི་གཟའ་རྣམས་ནི་མི་བརྟན་པའི་རང་བཞིན་དང་ས་ཡོམ་འབྱུང་གཞི་ཆགས་ཀྱི་ཡོད་པའི་བདེན་དོན་དབར་གྱི་འབྲེལ་བ་དེ་འགྲེལ་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་། མི་ཚོགས་ཤིག་གིས་ས་ཡོམ་བྱེ་བྲག་ཅིག་མཉམ་དུ་མྱོང་བའི་འབྲས་བུ་འབྱིན་ངེས་པའི་ཐུན་མོང་གི་ལས་ཀྱི་དཔེ་མཚོན་དེ་གང་ཡིན་ངེས་རེད་དམ། དེ་ནི་གྲོང་གསེབ་པ་ཚོས་དགེ་འདུན་པ་རྣམས་ལ་བྱེ་མ་འཕངས་པ་དང་ཕྱིས་སུ་དེ་དག་བྱེ་མའི་རླུང་ཚུབ་ཀྱི་ནང་སྦས་པའི་སྐོར་ཡང་སེ་ལུང་འདྲེན་བྱེད་པ་ལྟ་བུ་སེམས་ཅན་དེ་དག་གིས་དངོས་གནས་ལས་བྱས་པ་ཞིག་རེད་དམ། ཡང་ན་དེ་ལས་ཕྲ་བ་དང་ཁྱབ་གདལ་ཆེ་བ་ཞིག་རེད་དམ།
འབུམ་རམས་པ་བྷར་ཛིན། འདི་ནི་ལན་འདེབས་ཧ་ཅང་དཀའ་བའི་དྲི་བ་ཞིག་རེད། འཇིག་རྟེན་འདིའི་འབྱུང་བ་ས་ཆ་སྙོམ་མེད་པ་བྱེ་བྲག་ཅིག་སེམས་ཅན་ཁྱུ་ཚོགས་གཅིག་གིས་མཉམ་དུ་མྱོང་བཞིན་པ་དེ་ལ་ཁོང་ཚོས་ལས་བྱེ་བྲག་ཅིག་གི་ནང་མཉམ་བཞུགས་བྱེད་པའི་ཐུན་མོང་གི་ལས་བསགས་པ་ཞིག་དགོས་ཀྱི་ཡོད། ལས་དེས་ས་ཁུལ་དེའི་འབྱུང་བ་ས་ལ་ཆ་སྙོམ་མེད་པ་བཟོ་བའི་རྒྱུ་བྱེད་བཞིན་ཡོད་དགོས་ངེས་ཡིན་པ་དང་དེ་ལ་གཞན་དག་གིས་མྱངས་པ་དང་གནོད་འཚེ་བྱུང་ཡོད། དཔེར་ན། གནོད་བྱེད་ཀྱི་མི་དགེ་བའི་ལས་དེ་ནི་མི་ཚོགས་སྡེ་ཞིག་གིས་ལས་གཞི་ཞིག་ལ་མཉམ་དུ་ལས་ཀ་བྱས་ཏེ། དེས་ཁོར་ཡུག་ལ་གནོད་སྐྱོན་དང་བཅས་རི་བོ་རྡིབ་པ་དང་འདམ་ཉིལ་བ་སོགས་བྱུང་བ་ཡིན་སྲིད། ཡང་ན་མི་ཚོགས་སྡེ་དེ་གཏེར་སྔོག་འདོན་གྱི་ལས་ཀ་དང་འབྲེལ་བའི་འབར་རྫས་གཏོར་བའི་ལས་ཀར་ཞུགས་ཡོད་སྲིད།
འོན་ཀྱང་། དྲན་དགོས་པ་ཞིག་ལ། འཁོར་བའི་སེམས་ཅན་རྣམས་ནི་འཇིག་རྟེན་གྲངས་མེད་པའི་ནང་གཟའ་གྲངས་མེད་པའི་སྟེང་ལ་གནས་ཡོད། གཟའ་ངེས་ཅན་ཞིག་གི་ནང་ས་ཡོམ་གྱི་གོད་ཆག་ངེས་ཅན་ཞིག་ཉམས་སུ་མྱོང་བའི་སེམས་ཅན་གྱི་ཐུན་མོང་གི་ལས་ནི་འཇིག་རྟེན་དེའི་ནང་མཉམ་དུ་བྱས་པའི་མཉམ་སྤྱོད་ཀྱི་མི་དགེ་བའི་ལས་ཤིག་བསགས་ཡོད་པའི་ངེས་པ་མེད། ཁོང་ཚོས་འདས་པའི་དུས་ངེས་མེད་ཀྱི་ནང་གཟའ་གཞན་དག་གི་ནང་ལས་བྱས་ཡོད་སྲིད་པ་རེད། ཞེ་སྡང་དང་འདོད་རྔམ་གཏི་མུག་དབང་གིས་འཁོར་བའི་སེམས་ཅན་རྣམས་ཀྱིས་གྲངས་མེད་པའི་འཇིག་རྟེན་གྱི་ནང་ཚར་གྲངས་མེད་པ་ཁོར་ཡུག་གཏོར་སྐྱོན་བཏང་ཡོད་པ་གོར་མ་ཆག འོན་ཀྱང་། སངས་རྒྱས་ཁོ་ནས་ལས་ངེས་ཅན་གྱི་འབྲས་བུ་ངེས་ཅན་དེ་གང་ཡིན་པ་མཁྱེན་ངེས་རེད། གང་ལྟར་ཡང་། ལས་ཀྱི་རྣམ་གཞག་ཐད་ཞིབ་ཅིང་ཕྲ་ལ་ཆ་ཚང་བ་ཞིག་རྟོགས་རྒྱུ་ནི་བརྗོད་གཞིའི་ནང་གི་དཀའ་ལས་ཁག་ཤོས་དེ་ཡིན་པ་རེད།།