དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱ་ཚུལ།
བོད་རིགས་དང་། གཞན་ཡང་རྒྱ་རིགས་དང་ཉི་ཧོང་བ། ལ་དྭགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་རྣམས་ལ་ངོས་ནས། ད་ལྟ་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལ་སླེབས་ཡོད་པས། ང་ཚོས་ངེས་པར་དུ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱེད་དགོས་ཞེས་དུས་དང་རྣམ་པ་ཀུན་དུ་ཤོད་ཀྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཟེར་དུས་དེང་དུས་ཀྱི་ཤེས་ཡོན་དང་། དེང་དུས་ཀྱི་ཚན་རིག་སོགས་ཤེས་བྱ་ཚད་མཐོ་བོ་ཡོད་པ་དང་། དེ་བཞིན་དེང་དུས་ཀྱི་མཐུན་རྐྱེན་བེད་སྤྱོད་བྱེད་ཅིང་། དེའི་ཁར་སངས་རྒྱས་ཀྱི་ཆོས་ནས་གསུངས་པའི་མཐའ་མེད་པའི་གཞན་ཕན་གྱི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས། རྟེན་འབྱུང་གི་ལྟ་བ་བཅས་ལ་ཡིད་ཆེས་བརྟན་པོ་ཡོད་པ་ལ་གོ་དགོས། དེ་ལྟར་བྱུང་ན། ཁྱེད་རང་ནང་པ་མཚན་ཉིད་པ་ཞིག་ཆགས་ཐུབ་པ་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འཚུད་ཀྱི་ཡོད།
ཉེ་ཆར་ངོས་རང་ལ་དྭགས་ནུབ་རྭར་འགྲོ་བའི་སྐབས་ཉིན་གུང་ཁ་ལག་ཆེད་ལམ་བར་དུ་ཁྱུག་ཙམ་རིང་བསྡད་པ་ཡིན། ས་གནས་དེ་གའི་ཡུལ་མི་འགའ་ཞིག་སླེབས་བྱུང་། ཁ་ཤས་ངོས་དང་ངོ་ཤེས་ནས་ལོ་ངོ་ཉི་ཤུའམ་སུམ་ཅུ་ཙམ་འགྲོ་གི་འདུག །བྱས་ཙང་། ངས་ཁོང་ཚོ་དང་ལྷན་དུ་གླེང་མོལ་བྱས་པ་ཡིན། སྐབས་དེར་ངས་ཁོང་ཚོར་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱེད་དགོས་པ་དང་དེ་བཞིན་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད་ཅེས་བཤད་པ་ཡིན། དེ་ནས་ངས་ཁོང་ཚོར། “ནང་ཆོས་ཟེར་ན་གང་རེད།” ཅེས་སྐད་ཆ་དྲིས་པ་ཡིན། ཁོང་ཚོས། “སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་རེད།” ཅེས་ལན་བཏབ་བྱུང་། དེ་ནི་ནང་ཆོས་རེད། ཧ་ཅང་སྟབས་བདེ་པོ་རེད། དེ་ནས་བསྐྱར་དུ་ངས་སངས་རྒྱས་དང་། ཡེ་ཤུ་སྟོན་པ། མོ་ཧ་མ་དྷ་ Muhammad བཅས་ཀྱི་དབར་ཁྱད་པར་ག་རེ་ཡོད་དམ་ཞེས་སྐད་ཆ་དྲིས་སྐབས། ཁོང་ཚོས། “ཁྱད་པར་མེད།” ཅེས་ཟེར་གྱི་འདུག །དེ་ནོར་བ་རེད། འགྲོ་བ་མིའི་རིགས་ཀྱི་རླབས་ཆེན་གྱི་སྟོན་པ་རྣམས་ལ་བསམ་བློ་བཏང་ན། ཁོང་ཚོ་གཅིག་པ་རེད། འོན་ཀྱང་ཁོང་ཚོས་གསུངས་པའི་ཆོས་ལ་བསམས་ན། ཁྱད་པར་ཆེན་པོ་ཡོད། ནང་ཆོས་ནི་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཡིན། ཉིན་གཅིག་ངས་ཁྱེད་རང་ཚོར་ནང་ཆོས་ལྷ་མེད་སྨྲ་བའི་རིང་ལུགས་ཤིག་རེད་དམ་མ་རེད་ཅེས་སྐད་ཆ་དྲིས་སྐབས། ཁྱེད་ཚོས་ལྷ་མེད་སྨྲ་བ་ཟེར་དུས་བྱེད་པོ་དཀོན་ཅོག་ལ་དགག་པ་རྒྱག་མཁན་ལ་གོ་དགོས། ནང་ཆོས་ཀྱིས་དཀོན་ཅོག་ལ་དགག་པ་མི་བྱེད་པར། ཆོས་ལུགས་ཚང་མར་གུས་བརྩི་བྱེད་ཀྱི་ཡོད་པ་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཆ་ནས་ནང་ཆོས་ནི་ལྷ་མེད་སྨྲ་བ་རེད་ཅེས་ཟེར་གྱི་ཡོད། དེ་བཞིན་ཆོས་ཀྱི་ཆ་ནས་དང་ལྟ་གྲུབ་ཀྱི་ཆ་ནས་ནང་ཆོས་དང་ཆོས་ལུགས་གཞན་གྱི་དབར་ཁྱད་པར་ཆེན་པོ་ཡོད། འོན་ཀྱང་གྲོང་གསེབ་པ་དེ་ཚོས་གཅིག་པ་རེད་བསམ་གྱི་འདུག
དེར་བསམ་བློ་གཏོང་སྐབས། ཐེངས་གཅིག་བོད་ནང་བླ་མ་ཞིག་གིས་མི་མང་ལ་གསུང་ཆོས་གནང་བའི་སྐབས་མི་རྣམས་ཀྱིས་ཁོང་ལ་དཀོན་མཆོག་གསུམ་གང་དུ་ཡོད་དམ། སངས་རྒྱས་གང་དུ་ཡོད་དམ་ཞེས་དྲི་བ་བསྐུལ་བ་ངོས་ནས་དྲན་གྱི་འདུག །བླ་མ་དེས་ཁྱུག་ཙམ་བསམ་བློ་བཏང་རྗེས། གནམ་ལ་མཛུབ་མོ་བཙུགས་ནས། “སངས་རྒྱས་ནི་བཀྲག་མདངས་ཆེ་བའི་འོད་ཀྱི་སྐོར་ནས་མཁའ་དབྱིངས་སུ་དྭངས་ཤེལ་གྱི་ཕོ་བྲང་ནང་བཞུགས་ཡོད།” ཅེས་ལན་གསུངས་སོང་། དེ་ནི་བདེན་པ་མ་རེད། སངས་རྒྱས་ནི་མདོར་ན་ང་ཚོའི་སེམས་རྒྱུད་དུ་ཡོད། དེའང་སངས་རྒྱས་ཀྱི་རིགས་དེ་ཡིན།
དེར་བརྟེན་ང་ཚོས་ངེས་པར་དུ་སངས་རྒྱས་ཆོས་ཀྱི་གཞི་རྟེན་ངོ་མའི་ཐོག་འགྲོ་དགོས་ཞེས་ཁྱེད་རང་ཚོར་བརྗོད་འདོད་བྱུང་། ཁྱེད་རང་ཚོའི་ཁ་ལག་གཙོ་བོ་འབྲས་སམ་གྲོ་ཞིབ་དང་། བོད་པར་ཆ་བཞག་ན་རྩམ་པ་དང་མཉམ་དུ་སྔོ་ཚལ་ཞིག་བྱུང་ན་འགྲིགས་ཐག་ཆོད་རེད་ལ་ཡག་པོ་རེད། འོན་ཀྱང་ཁ་ལག་གཙོ་བོ་དེ་མེད་པར། སྔོ་ཚལ་སོགས་ཞོར་ཟས་ཁ་ཤས་ཀྱིས་འདང་གི་མེད། དེ་ཤེས་དགོས་པ་གལ་ཆེན་པོ་རེད།
སྲོལ་རྒྱུན་གྱི་སྡོང་པོ་དང་ཡལ་ག
ངོས་ནས་རྒྱུན་དུ་བོད་བརྒྱུད་ནང་བསྟན་འདི་ནི་གནའ་བོའི་རྒྱ་གར་ནཱ་ལནྜའི་ ༼གནའ་བོའི་རྒྱ་གར་གྱི་གཙུག་ལག་ཁང་ཆེན་མོ་དཔལ་ནཱ་ལནྜའི་པན་གྲུབ་བཅུ་བདུན་གྱི་གསུང་དྲི་མ་མེད་པ་རྒྱུད་འཛིན་བྱས་པའི་ཆ་ནས་༽ སྲོལ་རྒྱུན་ཡང་དག་པ་ཞིག་ཡིན་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད། དེ་ནི་གཞི་རྩའི་གནད་དོན་ཞིག་རེད། ད་དུང་ལ་དྭགས་ནང་པ་ཐེ་བའི་ནང་པའི་སྡེ་པ་རྣམས་ལ་ངས་ཤིང་གི་སྡོང་པོ་དང་དེའི་ཡལ་ག་སྣ་ཚོགས་པར་དཔེ་བཞག་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། ནཱ་ལནྜའི་སྲོལ་རྒྱུན་འདི་ནི་ཤིང་གི་སྡོང་པོ་དང་འདྲ་ཞིང་། ༼བོད་ཀྱི་སྲོལ་རྒྱུན་ཏེ་༽ རྙིང་མ་དང་། ས་སྐྱ། བཀའ་རྒྱུད། དགེ་ལུགས། བཀའ་གདམས། ཇོ་ནང་བཅས་དེ་དག་ཐམས་ཅད་ནི་ཤིང་སྡོང་གི་ཡལ་ག་དང་འདྲ་བ་ཡིན།
ཉེ་ཆར་ངོས་འབྲུག་པ་བཀའ་བརྒྱུད་ཀྱི་བསྟི་གནས་རྡོར་རྫོང་དགོན་དུ་ཕྱིན་པ་ཡིན། ཁོང་ཚོའི་རིན་པོ་ཆེ་རྣམས་ཀྱིས་སློབ་སྦྱོང་གི་ལས་འཆར་ཧ་ཅང་ཡག་པོ་འདུག །ཁོང་ཚོ་རང་གི་དགེ་འདུན་པ་ཙམ་མ་ཡིན་པར་ཁྱིམ་པ་བོད་རིགས་གཞོན་སྐྱེས་ཚོ་ལའང་དེ་ལྟར་གནང་གི་འདུག །ངས་རྡོར་རྫོང་རིན་པོ་ཆེར་བཀའ་འདྲི་ཞུས་པ་ཡིན། ཧ་ཅང་ཡག་པོ་འདུག །དེར་བརྟེན་ངས་ཁོང་ཚོར་སྡོང་པོ་དང་ཡལ་གའི་དཔེ་དང་། ས་སྐྱ། རྙིང་མ། བཀའ་བརྒྱུད། དགེ་ལུགས། བཀའ་གདམས། ཇོ་ནང་བཅས་ཀྱི་ཆིག་སྒྲིལ་ལ་བསམས་ན། ཚང་མ་ཐུག་སའི་རྩ་བ་གཅིག་ལ་ཐུག་ཡོད་ཚུལ་དང་། ཁྱད་པར་ཅི་ཡང་མེད་ཚུལ་འགྲེལ་བཤད་བརྒྱབ་པ་ཡིན། འོན་ཀྱང་ཡལ་གའམ་ཡན་ལག་ལ་ཧ་ཅང་གིས་དོ་གལ་གྱིས་ནན་བརྗོད་བྱེད་སྐབས་ཁྱད་པར་ཆུང་ངུ་རྣམས་གང་སར་འབུར་དུ་ཐོན་ཡོང་གི་ཡོད། ཡན་ལག་དེ་དག་གལ་ཆེན་པོ་རེད། དམིགས་བསལ་ཁྱད་ཆོས་དེ་འདྲ་ཡོད་རེད། དཔེར་ན། རྫོགས་ཆེན་དང་། ཕྱག་རྒྱ་ཆེན་པོ། ས་སྐྱའི་ལམ་འབྲས། གསལ་སྟོང་ཟུང་འཇུག་ལྟ་བུ། དེ་དག་ཚང་མ་ཧ་ཅང་ཡག་པོ་རེད། འོན་ཀྱང་ཚང་མ་སྡོང་པོ་གཅིག་ལ་ཐུག་ཡོད། གཞི་རྩའི་སྡོང་པོའི་ཆོས་ལ་གོ་རྟོགས་ཆ་ཚང་ལོན་པའི་སྟེང་དམིགས་བསལ་གྱི་ཁྱད་ཆོས་དེ་དག་དཔེ་མི་སྲིད་པའི་དགེ་མཚན་ཡོད། ཅི་སྟེ་གཞི་རྩའི་ཆོས་ལ་སྣང་ཆུང་བཏང་ནས་ཡན་ལག་ཙམ་བཟུང་ནས་བསྡད་ན། ཆ་ཚང་བ་ཞིག་མི་འོང་ལ་གོ་དོན་ལོག་པར་འགྲེལ་བའི་ཉེན་ཁའང་ཡོད།
དེར་བརྟེན་ནཱ་ལནྜའི་སློབ་དཔོན་གྱི་གསུང་རྣམས་སྡོང་པོ་དེ་ཡིན། ངས་རྒྱུན་དུ་ནཱ་ལནྜའི་པན་གྲུབ་བཅུ་བདུན་འགྲེལ་བཤད་རྒྱག་གི་ཡོད། ཁོང་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་རྣམས་གཞི་རྩའི་ནང་ཆོས་ཀྱི་འགྲེལ་པ་ཤ་སྟག་ཡིན། གཞན་རྣམས་ཡལ་ག་ཆགས་བསྡད་ཡོད།
ཐེ་ཚོམ་གྱི་གལ་གནད།
སྡོང་པོ་དང་འདྲ་བའི་གཞི་རྩའི་ནང་ཆོས་ལ་ཆ་བཞག་ན། ཐེ་ཚོམ་ནི་ཧ་ཅང་དགོས་གལ་ཆེན་པོ་ཡིན། ད་ང་རང་ནང་པ་ཡིན་བསམ་པ་དང་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་རི་རྒྱལ་ལྷུན་པོར་ཡིད་ཆེས་མེད། བདེན་པ་གཉིས་དང་བདེན་པ་བཞི་རྣམས་སྣོད་ཀྱི་འཇིག་རྟེན་དང་། དགུ་ཚིགས་སྐྱ་མོ། གས་ཐོར་ཆེན་མོ་བཅས་ཀྱི་འགྲེལ་བཤད་ངོ་མ་དེ་ཡིན། དེ་ནི་སངས་རྒྱས་དང་ནང་པའི་ཆོས་ངོ་མ་དེ་ཡིན།
སྔ་རབས་ཀྱི་བསྟན་བཅོས་ཁུངས་དག་ཁག་ནི་རྟོན་པ་བཞིའི་ཐོག་གཞི་རྟེན་བྱས་ཡོད་དེ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། དེ་དག་རྟོགས་པར། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་བཅས་ཡིན། སྔ་རབས་ཀྱི་བསྟན་བཅོས་ཁུངས་དག་ནང་བསྟན་བཅོས་དེ་དག་གི་ཉན་པ་པོ་ངོ་མ་དང་དོན་གཉེར་ཅན་རྣམས་ངེས་པར་དུ་ཐེ་ཚོམ་དང་ལྡན་པའི་བསམ་ཕྱོགས་ཤིག་དགོས། རྒྱུ་མཚན་ནི་བསྟན་བཅོས་དེ་དག་ནང་གང་གསུངས་པ་དེ་རང་གི་མི་ཚེ་དང་འབྲེལ་བ་འདུག་མི་འདུག་དཔྱད་པ་བྱེད་དགོས། གནས་སྐབས་དང་ཕུགས་ཀྱི་ཁེ་ཕན་གང་ཡོང་གི་འདུག་བརྟག་དགོས། དངོས་གནས་དོན་གཉེར་ཅན་གྱི་ཀློག་པ་པོ་རྣམས་ཀྱིས་བསྟན་བཅོས་དེའི་རྗེས་སུ་མ་འབྲངས་སྔོན་དེ་རང་ལ་སྐབས་དོན་འབྲེལ་བ་དང་འོས་བབས་ཡོད་མེད་ངེས་པར་དུ་གསལ་པོ་ཤེས་དགོས།
དེ་ནི་ནཱ་ལནྜའི་ཐབས་ཚུལ་ངོ་མ་དེ་ཡིན། དོན་གཉེར་ཅན་གྱི་མི་རྣམས་ལ་ཐེ་ཚོམ་ངེས་པར་དུ་དགོས། ཐེ་ཚོམ་ལ་བརྟེན་ནས་དྲི་བ་ཡོང་བ་དང་། དྲི་བ་ཡོད་ན་བརྟག་དཔྱད་བྱེད་ཀྱི་ཡོད། བརྟག་དཔྱད་བྱེད་པ་ལས་ལན་རྙེད། དེ་ནི་རྒྱུ་མཚན་དང་ལྡན་པའི་ཐབས་ཚུལ་ཞིག་ཡིན།
རི་རྒྱལ་ལྷུན་པོ་དང་དམྱལ་བའི་གནས་ཆགས་ཡུལ་ཐད་ཀྱི་ཡིད་ཆེས་ལ་སུན་འབྱིན་པ།
ལོ་ངོ་བཞི་བཅུའི་སྔོན་ངོས་རང་ “སར་ཨཱཥྲམ་” Sar Ashram ལ་ཡོད་སྐབས་ཐེངས་གཅིག་ངས། “སངས་རྒྱས་ནི་འཛམ་གླིང་འདིའི་ནང་ས་ཁྲ་བཟོ་བར་ཕེབས་མེད། དེར་བརྟེན་རི་རྒྱལ་ལྷུན་པོ་ཡོད་མེད་ནི་ནང་པའི་ལས་དོན་མ་རེད། དེ་ཁྱད་པར་གང་ཡང་མེད།” ཅེས་བརྗོད་པ་ཡིན། དེ་ག་ནང་བཞིན་སློབ་དཔོན་དབྱིན་གཉེན་གྱིས་ ༼ཆོས་མངོན་པ་མཛོད་ནང་༽ འགྲེལ་བརྗོད་གནང་བ་དེར་ཁས་ལེན་བྱེད་མི་བྱེད་པའི་རང་དབང་དེ་ང་ཚོར་ཡོད། ང་ཚོས་ངེས་པར་དུ་ཚིག་གི་དོན་དང་མཚོན་དོན་གྱི་གོ་བའི་ ༼སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་མ་ཡིན་པ་༽ དབར་ཁྱད་པར་འབྱེད་དགོས། དུས་འཁོར་གྱི་ནང་རི་རྒྱལ་ལྷུན་པ་སོགས་ཀྱིས་མིའི་གཟུགས་ཏེ་མགོ་ནས་རྐང་མཐིལ་བར་མཚོན་ཚུལ་གསུངས་ཡོད། དེ་དང་ཕྱོགས་མཚུངས་སྔགས་ཕྱོགས་ཀྱི་འགྲེལ་བའང་མང་པོ་ཡོད། དེར་བརྟེན་མཚོན་དོན་དེ་དག་ལ་ཏན་ཏན་དོན་དག་དང་དགོས་པ་རྒྱུ་མཚན་ངེས་ཅན་ཞིག་ཡོད།
དམྱལ་བའི་སྐོར་ལ་བཤད་ན། ངོས་ནས་སློབ་དཔོན་དབྱིན་གཉེན་གྱིས་ཆོས་མངོན་པ་མཛོད་ཀྱི་ནང་གང་གསུངས་པའི་དམྱལ་བའི་ལྟ་ཚུལ་དེ་ཁས་ལེན་བྱ་རྒྱུ་ཧ་ཅང་ཁག་པོ་རེད་འདུག །ཁོང་གིས་རྡོ་རྗེ་གདན་ནས་བརྩིས་པའི་དཔག་ཚད་ཉི་ཤུ་ཙམ་གྱི་འོག་ལ་དམྱལ་གནས་བརྒྱད་ཡོད་པར་གསུངས། དཔག་ཚད་ནི་ཀི་ལོ་མི་ཊར་ལས་རྦད་དེ་རིང་བ་ཡོད། དེར་བརྟེན་དེ་ནས་མུ་མཐུད་མར་ཕྱིན་པ་ཡིན་ན། ཕལ་ཆེར་དམྱལ་བ་ཨ་རིའི་ནང་ཆགས་ཡོད་ཀྱི་རེད། འོན་ཀྱང་ཨ་རི་དམྱལ་བ་རེད་ཟེར་ན་ཏག་ཏག་བསྡད་ཀྱི་མེད། སོང་ཙང་། གནད་དོན་དེ་རིགས་ཁས་མི་ལེན་རྒྱུ་ཁག་པོ་མེད།
ཆོས་རྣམས་རྟོགས་པའི་ཐབས་སམ་ལམ་གསུམ་ཡོད་དེ། མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ། དཔྱད་གསུམ་དག་པའི་ལུང་བཅས་ཡིན། དེས་ན་བསྟན་བཅོས་ནང་དེའི་དོན་ནི་གང་ཟག་གསུམ་པ་ཞིག་ལ་བརྟེན་པར་ཟེར། ངས་རྒྱུན་དུ་མི་རྣམས་དེ་ནི་ང་ཚོའི་སྐྱེས་སྐར་དང་འདྲ་བ་ཡིན་ཞེས་ཤོད་ཀྱི་ཡོད། ང་ཚོའི་སྐྱེས་སྐར་དངོས་གནས་ག་དུས་ཡིན་མིན་བརྟག་དཔྱད་བྱེད་ཐབས་མེད། ང་ཚོས་གང་ཟག་གསུམ་པ་ཞིག་ལ་བརྟེན་དགོས། དཔེར་ན། ཨ་མ་ལྟ་བུ། གང་ཟག་གསུམ་པ་དེའི་འགྲེལ་བཤད་ཁས་ལེན་ཆེད། དང་པོ་ང་ཚོས་གང་ཟག་དེ་དྲང་པོ་དང་། ཡིད་རྟོན་རུང་བ། སེམས་བརྟན་པོ་ཞིག་ཡིན་མིན་ར་འཕྲོད་དགོས། དེར་བརྟེན་གང་ཟག་གསུམ་པ་དེས་བཤད་པའི་ཡུལ་གཞན་ཞིག་ལ་བརྟག་པ་བྱེད་དགོས་ཀྱི་ཡོད། དེའང་ང་ཚོས་བརྟག་དཔྱད་བྱེད་ཐུབ་པ་ཞིག་དགོས། གལ་ཏེ་བརྟག་དཔྱད་བྱས་ནས་ནོར་བ་ཅི་ཡང་མེད་པ་ར་འཕྲོད་ཚེ། ང་ཚོས་གང་ཟག་དེ་དྲང་པོ་ཡིན་ཅིང་། རྫུན་ཤོད་པའམ་ཟོག་རྫུ་སོགས་བྱེད་པར་རྒྱུ་མཚན་མེད་པ་ཤེས་རྟོགས་ཐུབ། དེ་ནས་ང་ཚོས་གང་ཟག་དེའི་འགྲེལ་བཤད་ལ་ཁས་ལེན་བྱས་ན་ཆོག
དེ་ག་ནང་བཞིན་ཅུང་ཟད་ལྐོག་ཏུ་གྱུར་བའི་ཆོས་ཁག་ཅིག་ང་ཚོའི་ཤེས་ཚད་ཀྱི་ཡུལ་ལས་འདས་ཤིང་མྱོང་བ་ཅི་ཡང་མེད། ཅི་སྟེ་མི་འགའ་ཞིག་གིས་ངས་ལྐོག་གྱུར་གྱི་ཆོས་དེ་རིགས་དངོས་སུ་ཉམས་སུ་མྱངས་ཡོད་སྐོར་བརྗོད་ན། ང་ཚོས་མི་དེ་དག་གི་རྩོམ་བྲིས་ལ་བརྟག་དཔྱད་བྱས་ནས་མི་དེ་ཡིད་རྟོན་རུང་བ་འདུག་མི་འདུག་བལྟ་ཆོག །དེ་ལྟར་རྒྱུ་མཚན་དང་ང་ཚོའི་ཤེས་ཚད་ཀྱི་རྒྱ་ལས་བརྒལ་བའི་ཆོས་དེའི་ཐད་གང་ཟག་གསུམ་པ་དེའི་འགྲེལ་བཤད་ལ་ཡིད་རྟོན་བྱས་ན་འགྲིགས། ཐབས་ཚུལ་འདིའི་རིགས་ང་ཚོས་ནང་ཆོས་ཀྱི་རྩོམ་བྲིས་དང་གཞུང་ལུགས་ནང་གསལ་བའི་འགྲེལ་བརྗོད་ཁ་ཤས་དང་མཉམ་དུ་ལག་བསྟར་བྱེད་དགོས།
ཚད་མ་རིག་པའི་གཞུང་ལུགས་ལ་མཚོན་ན། ༼དགག་གཞག་གི་རྣམ་དབྱེ་མི་འདྲ་བ་ཡོད། དགག་པའི་རྣམ་དབྱེ་གཅིག་གི་ནང་རྟོག་ཞིབ་བྱེད་ཐུབ་པའི་ཆོས་གཏོགས་དགོས་ཀྱང། དེ་མེད།༽ དཔེར་ན། ཆོས་མངོན་པ་མཛོད་ལ་གཞིགས་ན། ཉི་མ་དང་ཟླ་བ་ནི་སའི་གོ་ལ་ནས་རྒྱང་ཐག་རིང་ལོད་གཅིག་པ་ཡིན་ཅིང་། རི་རྒྱལ་ལྷུན་པོར་སྐོར་བ་རྒྱག་པས། ཉིན་དང་མཚན་ཡོང་གི་ཡོད། སྣང་ཚུལ་དུ་ ༼མཚན་མོར་༽ ང་ཚོས་རི་རྒྱལ་ལྷུན་པོའི་གྲིབ་ནག་མཐོང་གི་ཡོད། འོན་ཏེ་གལ་ཏེ་ང་ཚོས་དེའི་གྲིབ་གཟུགས་མཐོང་ན། རི་དེའང་མཐོང་ཐུབ་པ་དགོས་ཀྱི་ཡོད། སྔ་མོ་རྒྱ་གར་ནང་སློབ་དཔོན་དབྱིག་གཉེན་གྱིས་རི་རྒྱལ་ལྷུན་པོ་ཡོད་མེད་བརྟག་དཔྱད་གནང་ཐུབ་མེད། འོན་ཀྱང་ད་ཆ་ང་ཚོར་བར་སྣང་དུ་འགྲོ་སྐྱོད་བྱེད་མཁན་མཁའ་གྲུ་ཡོད་པས། ང་ཚོས་མཐོང་ཐུབ་པ་དགོས། གལ་སྲིད་རི་རྒྱལ་ལྷུན་པོ་ཡོད་ན། ང་ཚོས་མཐོང་ཐུབ་པ་དགོས། འོན་ཀྱང་ང་ཚོས་མཐོང་ཐུབ་ཀྱི་མེད། དེས་ན་ང་ཚོས་དེ་གཞི་གྲུབ་མེད་ཅེས་མཇུག་སྡོམ་བརྒྱབ་ན་ཆོག
རྒྱུ་མཚན་དེ་བས་ན་རང་གིས་ར་སྤྲོད་བྱེད་ཐབས་བྱེད་པའམ་དེའི་ལྡོག་ཕྱོགས་ཀྱི་ཆོས་རྙེད་དེ་བརྟག་དཔྱད་བྱེད་མི་ཐུབ་པའི་ཆོས་ཅན་ཐེ་བའི་དགག་པ་དེ་འདྲ་ཡོད། སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱིས་མཛད་པའི་གཞུང་ལུགས་ཁག་གི་ནང་ཆོས་ཅན་དེ་རིགས་གསལ་པོར་གསུངས་ཡོད། དེར་བརྟེན་ནང་པའི་གཏན་ཚིགས་རིག་པ་བེད་སྤྱོད་བྱས་ནས། རི་རྒྱལ་ལྷུན་པོ་གཞི་མ་གྲུབ་པ་ནི་ལས་སླ་པོར་ར་སྤྲོད་བྱེད་ཐུབ། ཆོས་ཅན་དེ་རིགས་འགོག་པར་དཀའ་ངལ་ཅི་ཡང་མེད།
ཐེངས་གཅིག་རྒྱ་གར་ལྷོ་ཕྱོགས་སུ་དགོན་སྡེའི་སློབ་ཕྲུག་འདུས་ཚོགས་ཆེན་པོཞིག་གི་སྐབས། (དགོན་སྡེ་ཆེ་ཁག་ཚང་མའི་སློབ་ཕྲུག་རྣམས་འཛོམས་ཡོད།) ངས་ཁོང་ཚོར་ཚན་རིག་གི་གལ་གནད་དང་ཚན་རིག་དང་དེང་དུས་ཤེས་ཡོན་སྦྱོང་དགོས་པའི་གལ་གནད་སྐོར་ང་རང་གི་བསམ་ཚུལ་བཤད་པ་ཡིན། དེ་བཞིན་ངས་རི་རྒྱལ་ལྷུན་པ་སོགས་ལ་ཡིད་ཆེས་མེད་ཅེས་བརྗོད་པ་ཡིན། དེ་ནས་ངས་ཁོང་ཚོར། “འོན་ཀྱང་ང་ཆད་མཐའ་སྨྲ་བ་ཞིག་ཏུ་མ་བརྩི་རོགས་” ཞེས་བཤད་པ་ཡིན། ཉིན་དང་པོའི་ཉིན་ནང་པའི་ཚན་རིག་དང་ནུབ་ཕྱོགས་ཀྱི་ཚན་རིག་དབར་གྱི་འབྲེལ་ལམ་སྐོར་ལ་གཏོགས་ཙམ་རྒྱས་པ་ཕྱིན་པ་ཡིན། ཉིན་གཉིས་པའི་སྐབས་ནང་པའི་ཆོས་ཀྱི་སྐོར་འགྲེལ་བརྗོད་བྱས་པ་ཡིན། དེར་བརྟེན་ཉིན་དང་པོའི་སྐབས་ངོས་ཀྱི་ཆོས་བཤད་ནི་ཅུང་ཟད་གསར་གཏོད་ཀྱི་རྣམ་པ་དང་། ཉིན་གཉིས་པའི་སྲོལ་རྒྱུན་གྱི་ལམ་དུ་ཕྱིན་པ་ཡིན། གང་ལྟར་གནད་དོན་དེ་རིགས་དགག་གཞག་བྱེད་པའི་དཀའ་ངལ་ཅི་ཡང་མེད།
བླ་མ་སྟེན་སྟངས་ཐད་འབྱུང་སྲིད་པའི་ཉེན་ཁ།
ད་ལྟ་ང་ཚོས་དོན་གྱི་རྩ་བའམ་སྙིང་པོའི་ཐོག་ཕྱིན་ན། དད་གུས་ཀྱི་གལ་གནད་ལ་གཙིགས་ཆེན་པོ་འཛིན་པ་མེད། འོན་ཀྱང་རྫོགས་པ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ། དེ་ནས་བླ་མའི་རྣལ་འབྱོར་ལྟ་བུ་ཡན་ལག་རྣམས་ལ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེ་ལ་བརྟེན་ནས་བླ་མ་ཁག་ཅིག་ལ་གཅེས་ལང་གཏོང་བ་དང་ཁོང་ཚོའི་ཆོས་ཚོགས་གསོལ་མཆོད་ཙམ་དུ་གྱུར་གྱི་ཡོད། རྒྱུ་མཚན་ནི་རྩ་བའི་ནང་པའི་ཆོས་ཀྱི་བསླབ་བྱ་གཏིང་བརྗེད་དུ་བཏང་ནས་ཡན་ལག་དེ་དག་གཙིགས་ཆེན་པོར་འཛིན་པའི་རྐྱེན་གྱིས་ཡིན།
བཀའ་བརྒྱུད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་དམ་པ་མར་པ་ལོ་ཙཱ་བའི་དགེ་རྒན་ནཱ་རོ་པ་ནི་ནཱ་ལནྜའི་པན་གྲུབ་རྣམས་ཀྱི་ཁྲོད་ནས་གཅིག་ཡིན། ཕྱིས་སུ་ཁོང་གིས་སྔགས་ཀྱི་ཐེག་པ་ཉམས་ལེན་གནང་ནས་ཕྱིའི་མཐོང་སྣང་ལ་སྤྲང་པོའམ་སཱ་དྷུ་ Sadhu ཞིག་དང་གཉིས་སུ་མ་མཆིས་པ་གནང། ནཱ་རོ་པ་གཅིག་པུར་དེ་དག་ཉམས་བཞེས་གནང་བའི་ནུས་པ་ལྡན་ཡོད། གང་ཡིན་ཞེ་ན། ཁོང་གིས་ནཱ་ལནྜའི་སྲོལ་རྒྱུན་གྱི་གཞུང་ཆ་ཚང་ལ་ཐོས་བསམ་སྒོམ་གསུམ་མཐིལ་ཕྱིན་པ་མཛད་ཡོད། དེང་སང་ནུབ་ཕྱོགས་སུ་ཉམས་ལེན་པ་ཁ་ཤས་དང་། དེ་བཞིན་བོད་རིགས་དང་ལ་དྭགས་པའི་ནང་དུའང་ནང་པའི་ཆོས་ཀྱི་རྩ་བ་ཧ་མ་གོ་བར། ཁོང་ཚོའི་བླ་མས་གང་གསུངས་པ་དེའི་རྗེས་སུ་འབྲངས་རྐྱང་བྱེད་མཁན་ཡོད། མཐའ་ན་བླ་མས། “ནུབ་དེ་ཤར་རེད་” ཟེར་སྐབས་ཚང་མས་ཤར་ཡིན་ཤག་གིས་དེར་ཆ་འཇོག་བྱེད་ཀྱི་ཡོད། དེ་ནི་ནཱ་ལནྜའི་སྲོལ་རྒྱུན་དང་ཕྱོགས་ཡོངས་ནས་མཐུན་གྱི་མེད།
ནང་པའི་ཆོས་ཀྱི་གཞི་རྩའི་ཤེས་བྱ་ངོ་མ་ཚད་མཐོ་པོ་ཡོད་མཁན་གྱི་གང་ཟག་རྣམས་ཀྱི་ནང་གི་ཡོན་ཏན་ལ་ཚད་མེད་ཅིང་། ཨ་ཅང་ཅང་ང་ནང་བཞིན་ཁྲི་མཐོན་པོའི་སྒང་དུ་སྡོད་མཁན་གྱི་བླ་མ་དེ་རིགས་དང་རྦད་དེ་མི་འདྲ་བ་ཡིན། ང་ཚོའི་ཉམས་མྱོང་དངོས་དེ་ཧ་ཅང་ཚད་ངེས་ཅན་ལས་མེད། ངས་དེ་ལྟར་བཤད་དུས་གཅིག་བྱས་ན་ངས་བླ་མ་དེ་དག་ལ་ཕྲག་དོག་བྱེད་ཀྱི་ཡོད་པ་འདྲ་པོ་མཐོང་ཤས་ཆེ། འོན་ཀྱང་ངའི་ཉམས་མྱོང་ལ་གཞིགས་ན། ཁོང་ཚོར་དགོས་ངེས་ཀྱི་ཡོན་ཏན་མེད་པར་ཡན་ལག་དེ་དག་ཙམ་གྱི་ཐོག་དོ་ནན་བྱས་ནས་སྡོད་ཀྱི་ཡོད། དེ་ལྟར་བྱས་ན་གོ་ལོག་ཆེན་པོ་བཟོ་གི་ཡོད། དེ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ནུབ་ཕྱོགས་སུ་ནང་ཆོས་རང་ལུགས་སུ་བསྟེན་པ།
ནུབ་ཕྱོགས་ཀྱི་ནང་ཆོས་དགོས་པའི་བསམ་ཚུལ་ནི་རྦད་དེ་འགྲིགས་ཀྱི་ཡོད། ནོར་འཁྲུལ་ཅི་ཡང་མེད། ཁྱེད་རང་ཚོས་མཁྱེན་གསལ་ལྟར། ནང་ཆོས་ནི་ཐོག་མར་རྒྱ་གར་ནས་དར་བ་རེད། དེ་རྗེས་ས་ཆ་འདྲ་མིན་ནང་དར་བའི་སྐབས། ས་གནས་སོ་སོའི་རིག་གཞུང་དང་འདྲེས་ནས་བོད་ཀྱི་ནང་ཆོས། རྒྱ་ནག་གི་ནང་ཆོས། ཉི་ཧོང་གི་ནང་ཆོས་སོགས་སུ་གྱུར་བ་རེད།
ང་ཚོ་བོད་པའི་དགོན་སྡེ་ཁག་ནང་བེད་སྤྱོད་བྱེད་བཞིན་པའི་རོལ་མོའི་ཅ་ལག་འགའ་ཞིག་ནཱ་ལནྜའི་སྲོལ་རྒྱུན་ལས་མ་བྱུང་བར་རྒྱ་ནག་ནས་བྱུང་བ་ཞིག་ཡིན། རྒྱ་གླིང་ཟེར་བའི་རོལ་ཆས་གཅིག་ཡོད། དེའི་ཚིག་གི་དོན་ནི་ “རྒྱ་ནག་གི་གླིང་བུ་” ཟེར། དགོན་སྡེ་དེ་དག་ཁག་ཅིག་ནང་། རོལ་ཆས་དེ་གཏོང་མཁན་གྱི་མི་དེས་ཀྱང་རྒྱ་ནག་གི་ཆས་འདྲ་བར་གྱོན་གྱི་ཡོད། དེ་བྱབ་ཆུང་རང་རེད། མ་རེད་པས། དེ་ནི་ནང་ཆོས་ཀྱི་ཆ་གང་ཡང་མ་ཡིན་པར་རིག་གཞུང་གི་རྣམ་པ་ཞིག་ཡིན། དེ་ག་ནང་བཞིན་ནུབ་ཕྱོགས་སུའང་ནང་པའི་སྤྱི་ཚོགས་ནང་། ཁྱེད་རང་ཚོས་དེང་དུས་ཀྱི་རོལ་ཆས་བེད་སྤྱོད་བྱས་ཏེ་ནུབ་ཕྱོགས་ཀྱི་རོལ་དབྱངས་ཀྱི་གདངས་བཏང་ནས་སྨོན་ལམ་འདེབས་ན་ཆོག །དེ་འགྲིགས་ཀྱི་ཡོད། དཀའ་ངལ་གང་ཡང་མེད།
འོན་ཀྱང་བདེན་པ་བཞི་དང་གཞན་ཕན་གྱི་ལྟ་བ་སོགས་ལ་བསམས་ན། ཁྱེད་རང་ཚོས་གཟིགས་དང་། ནང་ཆོས་ཀྱིས་སེམས་ཚོར་དང་འབྲེལ་བའི་གནས་ལུགས་ར་སྤྲོད་བྱེད་པ་དང་། དེང་སང་གི་མིའི་སེམས་ཚོར་དང་ལོ་ངོ་ ༢༦༠༠ སྔོན་གྱི་མིའི་སེམས་ཚོར་གཅིག་པ་གཅིག་རྐྱང་ཡིན། ངའི་བསམ་པར། མི་རྣམས་ཀྱི་སེམས་ཚོར་ནི་འདས་པའི་མི་ལོ་གསུམ་སྟོང་ངམ་བཞི་སྟོང་ནས་གཅིག་པ་ཡིན་ལ་མ་འོངས་པའི་ལོ་ངོ་སྟོང་ཕྲག་དུ་མའི་རིང་གཅིག་པར་གནས་རྒྱུ་རེད། འོན་ཀྱང་ལོ་ངོ་སྟོང་ཕྲག་བཅུའམ་ཉི་ཤུའི་རྗེས་མིའི་ཀླད་པར་བཟོ་ལྟ་ཅུང་ཟད་གསར་པ་ཡོང་སྲིད་པས། ཁྱད་པར་ཕྲན་བུ་ཡོང་སྲིད། དེ་ནི་ཧ་ཅང་ཐག་རིང་པོ་རེད། དེའི་ཕྱིར་ང་ཚོའི་སྐབས་ཀྱི་མི་རབས་དང་། མི་རབས་གཉིས་པ་དང་གསུམ་པ་ཚོའི་ཆེད་དུ་ཆོས་ལ་སྒྱུར་བཅོས་གང་ཡང་གཏོང་དགོས་ཀྱི་མེད། དེ་ནི་འགྲོ་བ་མིའི་ཀླད་མ་དང་སེམས་ཚོར་གཅིག་པ་གཅིག་རྐྱང་རེད། ཁྱེད་རང་ཚོས་ཀླད་པའི་ཆེད་ལས་མཁས་པའི་ཚན་རིག་པ་རྣམས་ལ་བཀའ་འདྲི་ཞུས་དང་། ཁོང་ཚོས། “ཉུང་མཐར་འབྱུང་འགྱུར་གྱི་དུས་རབས་ཁ་ཤས་རིང་ཀླད་པའི་བཀོད་པ་གཅིག་པར་གནས་ངེས་དང་། དེར་འགྱུར་བ་མི་འགྲོ།” ཞེས་བརྗོད་ཀྱི་རེད། དེར་བརྟེན་གཞི་རྩའི་ནང་པའི་ཆོས་ནི་ངེས་པར་དུ་ཡང་དག་པ་ཞིག་དགོས།
ཐེངས་གཅིག་ཧྥ་རན་སིའི་ནང་ཕྱི་རབས་ཀྱི་གཞོན་སྐྱེས་ཚོར་ངས་འདི་ལྟར་བརྗོད་རྒྱུ་བྱུང་། ཁྱེད་རང་ཚོས་འདི་ནས་གཅིག་བླངས། དེ་ནས་གཅིག་བླངས། ཡང་འདི་ནས་གཅིག་བླངས། མཐར་གྲུབ་འབྲས་ཡང་དག་པ་ཞིག་ཡོང་གི་མེད། དེ་ནི་ཡག་པོ་མ་རེད། ངའི་བསམ་པར། ང་ཚོས་ནཱ་ལནྜའི་སྲོལ་རྒྱུན་དྲི་མ་མེད་པ་ངོ་མ་དེ་ངེས་པར་དུ་གཅེས་ཉར་བྱེད་དགོས། དེ་ནི་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་རིག་གཞུང་གི་རྣམ་པ་འགྱུར་བ་འགྲོ་སྲིད།
ཚད་མཐོ་བའི་ཆོས་ལ་གོ་ནོར་ཐེབས་པའི་དཀའ་ངལ།
ད་ལྟ་ངས་བཟང་ཕྱོགས་ནས་སྐྱོན་བརྗོད་འགའ་བྱ་རྒྱུ་ཡིན། ནུབ་ཕྱོགས་ནས་ཤེས་རྒྱ་ཆུང་བའི་མི་འགའ་དང་ངོས་རང་ཐུག་འཕྲད་བྱུང་། འོན་ཀྱང་ཁོང་ཚོས་བསམ་པར། “ང་རང་ལ་ཤེས་བྱ་ཆ་ཚང་ཡོད།” ཅེས་བསམ་གྱི་ཡོད། དེ་ནས་ཁོང་ཚོའི་ཚད་ཅན་གྱི་ཤེས་རྒྱ་དང་གོ་དོན་ལོག་འཛིན་ལ་བརྟེན་ནས། ཆོས་རྣམས་རང་བཟོ་བྱེད་ཀྱི་ཡོད། བོད་རིགས་ཁོངས་སུའང་དེ་ལྟར་ཡོང་སྲིད། ལྷག་པར་དུ་ལྟ་གྲུབ་ཀྱི་གཞུང་ལུགས་ཟབ་པོ་དེ་དག་སློབ་སྦྱོང་བྱས་མ་མྱོང་བའི་མིའི་ནང་ནས་ཡོང་ཉེན་ཡོད།
ངས་ཁྱེད་རང་ཚོར་དཔེ་མཚོན་གཅིག་བརྗོད་ན། ས་ཡོམ་གྱི་གནོད་འཚེ་ཤུགས་ཆེན་པོ་གཅིག་བྱུང་བའི་རྗེས་ང་རང་སན་ཧྥ་རེན་སི་སི་ཁོ་ San Francisco ནང་བསྐྱོད་པ་ཡིན། སྐབས་དེ་དུས་ངོས་ཀྱི་སྣུམ་འཁོར་ཁ་ལོ་བ་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་མ་རེད། ཁོང་ནི་སྒེར་གྱི་ཁ་ལོ་བ་ཞིག་རེད་འདུག །ཁ་ལོ་བ་དེ་ནི་ཆོས་ཚོགས་ཤིག་གི་ཁོངས་མི་ཡིན་ཅིང་། རྫོགས་ཆེན་ཉམས་ལེན་གནང་མྱོང་འདུག །ངས་ནང་ཚགས་བྱས་ཏེ། “ས་ཡོམ་བརྒྱབ་པའི་སྐབས་ཁྱེད་རང་གི་སེམས་ལ་ཚོར་བ་ཅི་ཞིག་བྱུང་ངམ།” ཞེས་སྐད་ཆ་དྲིས་སྐབས། ཁོང་གིས། “ཨོའོ། དེ་ནི་རྫོགས་ཆེན་ཉམས་ལེན་བྱེད་པའི་གོ་སྐབས་རླབས་ཆེན་ཞིག་རེད་འདུག །གང་ཡིན་ཞེ་ན། དེ་ནི་དངོས་གནས་དངངས་སྐྲག་ཆེན་པོ་ཞིག་རེད།” ཅེས་གསུངས་ཀྱི་འདུག
འོན་ཀྱང་སེམས་དངངས་སྐྲག་ཀྱི་གནས་བབས་སུ་ཡོད་པའི་སྐབས། བསམ་བློ་ཅི་ཡང་མེད་པར་གནས་པ་ནི་ཁོང་གིས་རྫོགས་ཆེན་གྱི་ཉམས་ལེན་ངོ་མ་ཞིག་རེད་བསམས་ན། ངའི་བསམ་པར། དེ་ནི་གང་ལ་གང་འཚམ་གྱི་སྟབས་བདེ་པོ་ཆགས་པ་རེད། བརྡབས་ཆག་བྱུང་བའི་སྐབས་རྫོགས་ཆེན་གྱི་ཉམས་ལེན་བྱེད་ཐུབ། རྫོགས་ཆེན་དེ་ལྟར་ལས་སླ་པོ་མེད། ངོས་ནས་ཀྱང་རྫོགས་ཆེན་ཉམས་ལེན་བྱས་པ་ཡིན། ཧ་ཅང་ཁག་པོ་འདུག །དེ་དངོས་གནས་དཀའ་ལས་ཁག་པོ་འདུག
ཤོད་སྲོལ་ལ། “ཤེས་ཡོན་ཕྲན་བུ་ཡོད་པ་དེ་ཉེན་ཁ་ཅན་ཞིག་ཡིན” ཞེས་ཟེར་བ་དེ་ཅུང་བདེན་པ་ཡིན། བྱས་ཙང་། གཟབ་གཟབ་བྱ་དགོས། བླ་མའི་གསུང་ལ་མ་བརྟེན་པར་ཚད་ལྡན་གྱི་གཞུང་ལུགས་དེ་དག་བརྟེན་ནས་སློབ་སྦྱོང་བྱེད་དགོས། དེ་གལ་ཆེན་པོ་ཡིན། ངའི་བཤད་པའི་ཚིག་རྣམས་ལ་མ་བརྟེན་པར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ལྷ་སོགས་ནང་པའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཁག་ལ་བརྟེན་དགོས། གཞུང་དེ་དག་དུས་རབས་མང་པོའི་རིང་མཁས་གྲུབ་དེ་དག་གིས་དཔྱད་པ་བྱས་ཏེ་རིགས་པས་གཏན་ལ་ཕབ་པ་ཤ་སྟག་ཆགས་ཡོད། འཕགས་པ་ཐོགས་མེད་ཀྱིས་བསྟན་བཅོས་བརྩམས་ནས་ལྟ་གྲུབ་སྨྲ་བ་གཞན་རྣམས་དང་ལྷན་དུ་རིགས་པས་བརྡར་ཤ་བཅད་ཡོད། དཔེར་ན། མགོན་པོ་ཀླུ་སྒྲུབ་གྱི་གསུང་ཁག་ཅིག་ལ་འཕགས་པ་ཐོགས་མེད་ཀྱི་སྐྱོན་བརྗོད་ཏོག་ཙམ་བྱས་ཡོད་ཅིང་། དེ་བཞིན་དུ་སློབ་དཔོན་གཞན་ཞིག་གིས་འཕགས་པ་ཐོགས་མེད་ཀྱི་གསུང་ལ་བརྟག་དཔྱད་བྱས་ཏེ་སྐྱོན་བརྗོད་བྱས་ཡོད། རླབས་ཆེན་གྱི་བསྟན་བཅོས་དེ་མཁས་པ་མང་པོས་བརྟག་དཔྱད་བྱས་ནས་དུས་རབས་མང་པོའི་རིང་ཉམས་བཞེས་མཛད་ཡོད་པས། དེ་དག་དངོས་གནས་ཁུངས་ལྡན་དང་ཡིད་རྟོན་རུང་བ་ཡིན།
གཞན་ཡང་དོ་ཧ་ doha སྟེ་ཉམས་མགུར་གྱི་རིགས་ཡོད། ནཱ་རོ་པའམ་ཏཻ་ལོ་པ་ལྟ་བུའི་ཉམས་ལེན་པ་རྣམས་ཀྱིས་ནཱ་ལནྜའི་སྲོལ་རྒྱུན་སློབ་གཉེར་གཏིང་ཕྱིན་པ་གནང་ཡོད། དེ་ནས་ཉམས་ལེན་གྱི་ཐོག་ནས་ཁོང་ཚོས་དགོན་སྡེ་དང་བཅས་པའི་འཁོར་བའི་ཆོས་བློས་གཏོང་མཛད་དེ་མཐའ་གཅིག་ཏུ་བསོད་སྙོམས་ལ་བརྟེན་པའི་རྣལ་འབྱོར་བའི་ངོ་བོར་བཞུགས། དེ་རྗེས་རང་གི་ཉམས་རྟོགས་ཀྱི་སྒོ་ནས་སོ་སོའི་ཉམས་རྟོགས་གཏིང་ཟབ་རྣམས་ཚིག་སླ་པོའི་ལམ་ནས་མགུར་རྩོམ་གནང་མཛད་ཀྱི་ཡོད། དེར་བརྟེན་མི་ཞིག་སྲོལ་རྒྱུན་དེའི་རྨང་གཞི་ཙམ་ལས་མ་ཤེས་ན་གོ་ནོར་ཐེབས་པའི་ཉེན་ཁ་ཆེན་པོ་ཡོད།
རྙིང་མའི་སྲོལ་རྒྱུན་གྱིས་ཐེག་པ་དགུ་བཤད་ཀྱི་ཡོད། ཐེག་པ་དང་པོ་གསུམ་ནི་ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ། བྱང་ཆུབ་སེམས་དཔའི་ཐེག་པ་བཅས་ཡིན་ཅིང་། གཙོ་བོ་བདེན་པ་བཞིའི་གནས་ལུགས་རྟོགས་པའི་ཐོག་ལ་གཞི་བཞག་ཡོད། ཐེག་པ་བར་མ་གསུམ་ནི་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་བཅས་ལོངས་སྐུ་རྡོ་རྗེ་འཆང་གིས་གསུངས་པའི་གསང་སྔགས་ཕྱིའི་རྒྱུད་སྡེ་གསུམ་སྟེ། ཁྲུས་དང་གཙང་སྦྲའི་ཉམས་ལེན་ཐོག་ནན་བཤད་མཛད་ཀྱི་ཡོད། ཐེག་པ་མཐའ་མ་གསུམ་ནི་རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་བཅས་ཡིན་ཅིང་། རང་སེམས་ཚོད་འཛིན་གྱི་ཉམས་ལེན་ལ་དམིགས་བསལ་འབྲེལ་བ་ཡོད་པའི་ནང་གི་རྒྱུད་སྡེ་གསུམ་ཡིན།
ཐེག་པ་མཐའ་མ་གསུམ་གྱི་དོན་ངོ་མ་ནི་སེམས་ཚོརརྣམས་ཡར་རྒྱས་གཏོང་འཇུག་དགོས་པ། དེའི་རྗེས་སུ་སེམས་ཚོར་དེའི་གཞན་དབང་དུ་འགྲོ་མ་བཅུག་པར། རང་གི་གཙོ་སེམས་དེས་སེམས་ཚོར་དེའི་དོན་དམ་པའི་གནས་ལུགས་ལ་ལྟ་ཐུབ་པར་བྱེད་ཀྱི་ཡོད། དེ་ནི་འོད་གསལ་གྱི་སེམས་དེ་རེད། བྱས་ཙང་། ཐེག་པ་མཐའ་མ་གསུམ་གྱི་ནང་ཉོན་མོངས་སྤང་བྱ་ལྟ་བུར་བལྟ་གི་མེད། འོན་ཀྱང་ཉོན་མོངས་དེ་དག་གི་རང་བཞིན་ལ་བལྟ་བཞིན་དེའི་གནས་ལུགས་མཐོང་བར་བྱེད། དེར་བརྟེན་འདི་ནི་ཉམས་རྟོགས་ཟབ་མོའི་ཐོག་གཞི་བྱས་ཡོད་པ་དང་། རིམ་པ་གོང་མ་རྣམས་དང་རྩ་ནས་མི་འདྲ་བའི་ཉམས་ལེན་གྱི་རིགས་ཤིག་ཡིན། ཉམས་ལེན་གྱི་རིམ་འདི་དག་འགྲིམ་ཟིན་པའི་ཚད་མཐོའི་ཉམས་ལེན་པ་རྣམས་ཀྱི་ཆོས་འགའ་ཞིག་ནི་སྤྱིར་བཏང་ང་ཚོའི་རིམ་པའི་ཐོག་ནས་ཉམས་ལེན་བྱ་རྒྱུ་ཁག་པོ་ཡོད། ཐེག་པ་རིམ་པ་དགུ་པོ་འདི་དག་ལས་སླ་པོ་ཡོད་མ་རེད།
ང་ཚོས་འགྲོ་བ་མིའི་དོན་དུ་བྱ་བ་བྱེད་དགོས་སམ། ཡང་ན་ནང་ཆོས་ཀྱི་དོན་དུ་བྱ་བ་བྱེད་དགོས།
ཉེ་ཆར་ངོས་རང་རྒྱ་གར་བི་ཧཱར་གྱི་རྒྱལ་ས་པཊ་ན་ལ་ཕྱིན་པ་ཡིན། ཁོང་ཚོས་དེ་གར་ནང་པའི་ལྷ་ཁང་ཆེན་པོ་གཅིག་བཞེངས་ཡོད་པ་དང་། ཁོང་ཚོར་དེའི་ཆེད་ནང་པའི་ལུང་པ་འདྲ་མིན་ནས་རིང་བསྲེལ་དེ་འདྲ་དགོས་ཀྱི་འདུག །དེར་བརྟེན་ངས་ཀྱང་རིང་བསྲེལ་ཁ་ཤས་ཕུལ་བ་ཡིན། མཛད་སྒོའི་ཐོག་བི་ཧཱར་གྱི་བློན་ཆེན་གྱིས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་རླབས་ལ་བརྟེན་ནས། བི་ཧཱར་གྱི་མངའ་སྡེ་མྱུར་དུ་ཡར་རྒྱས་འགྲོ་རྒྱུ་རེད་ཅེས་གསུངས་སོང་། ངས་ཁོ་རང་ངོ་ཤེས་ཀྱི་ཡོད། ངའི་གྲོགས་པོ་བློ་ཐུབ་གཅིག་ཡིན། དེར་བརྟེན་ངས་ཁོང་ལ། “གལ་སྲིད་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བི་ཧཱར་ཡར་རྒྱས་འོང་བར་རོགས་རམ་དེ་འདྲ་བྱེད་ཐུབ་ན། སྔ་མོ་ནས་ཡར་རྒྱས་འགྲོ་ངེས་ཡིན། གང་ཡིན་ཞེ་ན། སངས་རྒྱས་ཀྱི་བྱིན་རླབས་ནི་རྟག་ཏུ་དེར་ཡོད། བློན་ཆེན་འཇོན་ནུས་ཅན་ཞིག་མ་སླེབས་བར། ཡར་རྒྱས་འགྲོ་མི་ཐུབ། སངས་རྒྱས་ཀྱི་བྱིན་རླབས་ནི་མིའི་འབད་བརྩོན་བརྒྱུད་འགྲོ་དགོས་ཀྱི་ཡོད།” ཅེས་བཤད་པ་ཡིན།
མ་གཞི་སྨོན་ལམ་འདེབས་པ་ཡག་པོ་ཡིན་ནའང་། སྨོན་ལམ་འདེབས་པར་ཁ་ཡོད་ལག་ཡོད་ཀྱི་ཕན་ནུས་མེད། འོན་ཀྱང་གཅིག་བྱེད་པ་དེ་མི་འདྲ་བ་ཞིག་ཡོད། མ་རེད་པས། ཕན་ནུས་ངོ་མ་ཐོན་པར་བྱ་སྤྱོད་སྤེལ་དགོས་ཤིང་། ལག་ལེན་བསྟར་དགོས། དེ་འདྲ་སོང་ཙང་། ནང་ཆོས་ནས་ཀརྨ་ཞེས་པ་གསུང་གི་ཡོད། ཀརྨ་ཞེས་པ་ནི་ལས་ལ་གོ་བ་ཡིན། དེར་བརྟེན་ང་ཚོས་ཧུར་བརྩོན་གྱིས་བྱ་བ་བྱེད་དགོས།
ལས་དེ་ཡང་ཡིད་ཆེས་ཀྱི་ཐོག་ནས་བྱེད་དགོས། “མི་ཐེར་འབུམ་བདུན་ཡོད་པ་ལས་ང་འགྲོ་བ་མི་གཅིག་ཡིན། མི་ཐེར་འབུམ་བདུན་ཙམ་གྱི་བདེ་ཐབས་ལ་སེམས་འཁུར་བྱེད་པར་ང་ལ་ལས་འགན་ཡོད་བསམས་ནས་བྱ་བ་བྱེད་དགོས།” ནང་པ་ཚོས་སྨོན་ལམ་འདེབས་སྐབས། ང་ཚོས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཞེས་བརྗོད་ཀྱི་ཡོད། ནང་པ་སུ་གཅིག་གིས་ཀྱང་བོད་པ་གཅིག་པུའི་ཆེད་དུ་སྨོན་ལམ་འདེབས་ཀྱི་མེད། སྨོན་ལམ་དེ་འདྲ་རྩ་བ་ནས་རྒྱག་མི་ཉན། ཡང་ན་འཛམ་གླིང་འདི་གཅིག་པུའི་ཆེད་དུ་སྨོན་ལམ་འདེབས་རྒྱུ་མེད། འཛམ་གླིང་བྱེ་བ་ཁྲག་ཁྲིག་ཡོད་ལ་སེམས་ཅན་མཐའ་མེད་པ་ཡོད། དེ་ལྟར་བྱེད་དགོས་པ་ལས་དེ་མིན་ང་ཚོའི་སྨོན་ལམ་ཚུལ་འཆོས་ཙམ་ཆགས་ཀྱི་ཡོད། ང་ཚོ་ཞེས་པའི་ཐོག་ལ་གཞི་བཞག་ནས་སྨོན་ལམ་འདེབས་པ་དང་། ང་ཚོའི་ལས་ངོ་མའམ་ལས་དོན་ངོ་མའི་ཐོག་ང་ཚོ་དང་ཁོང་ཚོ་ཞེས་པའི་ཚོར་བ་ཤུགས་དྲག་པོ་ལ་གཞིར་བྱས་ནས་སྨོན་ལམ་བཏབ་ན། དེ་ནི་ཚུལ་འཆོས་རེད།
ད་ང་ཚོས་འགྲོ་བ་མིའི་དོན་དུ་བྱ་བ་བྱེད་དགོས་སམ། ཡང་ན་ནང་ཆོས་ཀྱི་དོན་དུ་བྱ་བ་བྱེད་དགོས། གལ་སྲིད་ནང་ཆོས་ལ་གཞི་རྩ་བཞག་པའི་ཐོག་ནས་འགྲོ་མིའི་གཞི་རྩའི་རིན་ཐང་ཡར་རྒྱས་གཏོང་ཐབས་བྱས་ན། དེ་བློ་ཆུང་བ་དང་གོ་ལ་སྤྱི་ཡོངས་ལ་ཁྱབ་པ་ཞིག་ཡོང་མི་ཐུབ། ལོ་ངོ་སྟོང་ཕྲག་སོང་བའི་རྒྱ་གར་གྱི་སྲོལ་རྒྱུན་ཁྲོད་ཆོས་ལུགས་སྣ་འཛོམས་གྱི་རང་བཞིན་འཕེལ་འགྱུར་བྱུང་ཡོད་པ་དང་། སྤྱི་ཡོངས་ནས་ཆོས་ལུགས་རིས་མེད་ཡིན་ཅིང་། ཆོས་ལུགས་བྱེ་བྲག་པ་གཅིག་ལ་ཕྱོགས་ཞེན་མེད། ཚང་མར་གུས་བརྩི་བྱེད་ཀྱི་ཡོད། དེར་བརྟེན་རྒྱ་གར་རང་ལ་ས་སྐྱེས་རྡོ་རྐྱེས་ཀྱི་ཆོས་ལུགས་ཙམ་དུ་མ་ཟད། འདས་པའི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་རིང་། འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་མང་ཆེ་བ་ལུང་པ་འདིའི་ནང་ཞི་མཐུན་ངང་གནས་ཡོད། དེ་ལྟར་གནས་ལུགས་ཐོག་ནས་རང་བཞིན་གྱིས་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་དར་ཡོད། དེ་ནི་ཧ་ཅང་ཡག་པོ་རེད། ང་ཚོས་ཆོས་ཕྱོགས་ཀྱི་དད་པར་འཇོག་མི་ཐུབ་པའི་ཆོས་ལུཌ་ཧ་ཅང་མང་པོ་ཡོད། དེ་འདྲ་སོང་ཙང་། ཆོས་ལུགས་ལ་མ་བརྟེན་པའི་ཁ་ཡོད་ལག་ཡོད་དང་དངོས་ཡོད་ཀྱི་ཐབས་ལམ་ནི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དེ་རེད།
ངོས་རང་ཡོངས་སུ་དམ་བཅས་པའི་ནང་པ་ཞིག་ཡིན། གལ་ཏེ་མི་ཞིག་ནང་ཆོས་ལ་དོ་དབྱིངས་ཡོད་པ་བསྟན་ཚེ། སྐབས་རེ་ང་རང་སྐྱིད་པོ་ཚོར་གྱི་འདུག །འོན་ཀྱང་ངས་ནང་ཆོས་ཁྱབ་སྤེལ་གཏོང་ཐབས་ནམ་ཡང་བྱེད་ཀྱི་མེད། ཆོས་ལུགས་ཀྱི་དད་པ་ནི་གང་ཟག་སྒེར་གྱི་གནས་དོན་རེད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི་འགྲོ་བ་མི་ཀུན་གྱི་གནད་དོན་ཡིན། དེར་བརྟེན་ནང་པ་ཞིག་གི་ངོས་ནས་སོ་སོའི་ཉིན་རེའི་ཉམས་ལེན་གྱི་སྟེང་དུ་ནང་པའི་སྤྱི་ཚོགས་ཀྱི་ངོས་ནས་ངེས་པར་དུ་དེའི་ཐོག་བསམ་བློ་མང་ཙམ་གཏོང་དགོས།
ཡེ་ཤུའི་གཅེན་གཅུང་ཚོའི་བྱ་གཞག་དང་ཕྱག་རྗེས་ལ་ངོས་རང་ཡི་རངས་ཆེན་པོ་ཡོད། ངའི་བསམ་པར། འཛམ་གླིང་འདིའི་སྟེང་ཤེས་ཡོན་གྱི་ཐད་ལ་ཁོང་ཚོས་རླབས་ཆེན་གྱི་ལེགས་སྐྱེས་ཕུལ་དང་འབུལ་བཞིན་པ་ཡིན། ཆོས་ལུགས་གཞན་པ་ཚོས་དེ་ལྟར་བྱེད་པ་མཐོང་རྒྱུ་དཀོན་པོ་རེད། ཉེ་བའི་ཆར་རྒྱ་གར་ནང་རཱ་མཱ་ཀྲིཥྞའི་ལས་འགུལ་ Ramakrishna movement ཚོགས་པས་ཤེས་ཡོན་གྱི་ཐད་བྱ་གཞག་ཅིག་སྒྲུབ་ཀྱི་འདུག །འོན་ཀྱང་ཆོས་ལུགས་གཞན་ཚང་མ་སོ་སོའི་ལྷ་ཁང་ནང་བཞུགས་ཤིང་དངུལ་བསྡུ་རུབ་བྱེད་ཀྱི་འདུག །ང་ཚོས་བདེ་སྐྱིད་དང་ཞི་བདེ། འཕྲོད་བསྟེན་གྱི་གནས་བབས་གང་ལེགས་ཤིག་བསྐྲུན་ཕྱིར་འབད་བརྩོན་ངེས་པར་དུ་བསྟེན་དགོས། རིམ་པ་དེའི་ཐོག་ནས་ཡེ་ཤུའི་གཅེན་གཅུང་སྤུན་ཟླ་ཚོས་འགྲོ་བ་མི་རྣམས་ལ་ཞབས་འདེགས་རླབས་པོ་ཆེ་ཞུས་ཡོད། འོན་ཀྱང་། དེ་དང་ཆབས་ཅིག་ཁོང་ཚོས་ཆོས་ལུགས་ཁྱབ་སྤེལ་དང་། བརྗེ་སྒྱུར་གྱི་ལས་གཞི་གཉེར་གྱི་ཡོད། དེ་ནི་དཀའ་རྙོག་ཅིག་རེད།
ཐེངས་གཅིག་ཚཱ་མཚོའི་གྲོང་ཁྱེར་ Salt Lake City ནང་ཡེ་ཤུ་མོར་མོན་ Mormon རྣམས་ནས་ངོས་རང་ཁོ་རང་ཚོའི་སྤྱི་ཁྱབ་ལས་ཁུངས་ནང་མགྲོན་འབོད་བྱས་སོང་། ངས་ཁོང་ཚོའི་དབུ་ཁྲིད་དང་མཇལ་འཕྲད་ཞུས་རྗེས་མི་མང་ལ་གཏམ་བཤད་ཅིག་བྱས་པ་ཡིན། གཏམ་བཤད་སྐབས་ཆོས་ལུགས་ཁྱབ་སྤེལ་བྱེད་མཁན་རྣམས་ས་ཁུལ་གང་ཞིག་ཏུ་འགྲོ་སྐབས་དེར་ཆོས་ལུགས་བྱེ་བྲག་པ་དང་ལྟ་གྲུབ་བྱེ་བྲག་པ་དེ་འདྲ་མེད་ན། དེ་གའི་མི་རྣམས་ཡེ་ཤུའི་རྗེས་འབྲངས་པར་སྒྱུར་ན་སྐྱོན་གང་ཡང་ཡོད་མ་རེད། འོན་ཀྱང་དེར་ཆོས་ལུགས་གང་ཡང་རུང་བ་ཞིག་ཉམས་ལེན་བྱེད་ཀྱི་ཡོད་ན། ཆོས་ལུགས་སྒྱུར་བའི་ལས་ཀ་དེས་བཀའ་རྙོག་དང་དཀའ་ཚེགས་བཟོ་ངེས་ཡིན་ཅེས་ངས་བཤད་པ་ཡིན།
སྐབས་རེ་ཁོང་ཚོས་ཆོས་ལུགས་སྒྱུར་ཐབས་ཀྱི་ལས་གཞི་སྤེལ་བའི་སྐབས་དངུལ་མཁོ་སྤྲོད་བྱེད་ཀྱི་ཡོད། མི་གཅིག་གི་ཆོས་ལུགས་བསྒྱུར་བ་དང་ཌོ་ལར་བཅོ་ལྔ་རེ་སྦྱིན་གྱི་ཡོད། སོག་པོ་རྣམས་དེའི་ཐད་ཧ་ཅང་སྤྱང་གྲུང་དོད་པོ་ཡོད། ཁོང་ཚོས་ལོ་ལྟར་ཆོས་ལུགས་བརྗེ་སྒྱུར་གྱི་རྒྱུད་རིམ་ནང་མཉམ་ཞུགས་བྱེད་ཅིང་། ལོ་རེར་ཌོ་ལར་བཅོ་ལྔ་འཐོབ་ཀྱི་ཡོད།།