ནང་པའི་ལྟ་ཚུལ་གྱི་ཐོག་ནས་ནུབ་ཕྱོགས་ཀྱི་སྤྱི་ཚོགས།

ཆོས་ལུགས།

ཆོས་ལུགས་ཀྱི་ཐོག་ནས་བསམ་བློ་བཏང་ན། དུས་དང་རྣམ་པ་ཀུན་ཏུ་ངས་ནུབ་ཕྱོགས་པ་ཚོར། ཁྱེད་རང་ཚོའི་ཕ་མེས་ཀྱི་ཆོས་དེ་ག་རང་བྱས་ན་ལེགས་ཤོས་ཡིན་ཅེས་གསལ་པོ་བྱས་ནས་ཤོད་ཀྱི་ཡོད། ཁྱེད་ཚོ་དང་འདྲ་བར། མི་དུང་ཕྱུར་མང་པོའི་དཀྱིལ་ནས་གང་ཟག་བྱེ་བྲག་པ་འགའ་ཞིག་ཐ་ན་ཁྱེད་རང་ཚོའི་ནུབ་ཕྱོགས་ཀྱི་ཆོས་དད་ཚུད་པའི་སོ་སོའི་སེམས་ནང་མགོ་རྙོག་བྱུང་བ་དང་། ད་ཡོད་ཀྱི་གནས་སྟངས་ལ་ངོ་ལོག་པའི་བསམ་ཕྱོགས་དེ་འདྲ་འཛིན་གྱི་ཡོད་པ་བརྗོད་མི་དགོས། མ་རེད་པས། ངའི་བསམ་པར། ཁྱེད་རང་ཚོ་ཁ་ཤས་དྲུག་བཅུའི་ནང་ཧི་པཱི་ hippies ༼སྐྲ་རིང་སྨྱོ་རྫས་སྤྱོད་མཁན་༽ བྱས་ནས་བསྡད་ཡོད་ཤག་རེད། དེར་བརྟེན་དམིགས་ཡུལ་ངེས་ཅན་མེད་པར་ཕར་ཕྱིན་ཚུར་ཕྱིན་འཁྱམས་ནས་དུས་ཚོད་སྐྱེལ་གྱི་ཡོད། མཐར་ནང་ཆོས་ནང་ནས་ལྟ་ཚུལ་གསར་པ་དེ་འདྲ་རྙེད་ཡོད། གལ་ཏེ་རང་ལ་ཕན་ཐོགས་འདུག་བསམ་ན། འགྲིགས་ཀྱི་རེད།

བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་ཙམ་ནང་པ་ཡིན། འོན་ཀྱང་བོད་རིགས་ཀྱི་ནང་ཁ་ཆེ་ཡང་ཡོད། དུས་རབས་ཉི་ཤུ་པ་ནས་བཟུང་ངའི་བསམ་པར་ཡི་ཤུའང་ཡོད། དེ་སྲིད་པ་ཞིག་ཡིན། འཇེའུ་དང་ཡི་ཤུ་གཉིས་ཀ་རྒྱབ་ལྗོངས་ལྡན་པའི་ནུབ་ཕྱོགས་པའི་ནང་དང་། ཁ་ཆེའི་ ནང་དུའང་ཁག་ཅིག་གིས་སོ་སོའི་ཕ་མེས་ཀྱི་སྲོལ་རྒྱུན་དེ་རང་ཉིད་ལ་ཕན་ནུས་ལྡན་པ་དེ་ཙམ་མེད་པར་མཐོང་ནས། ཆོས་ཁས་མི་ལེན་མཁན་ཞིག་ཏུ་གདམ་ཀ་བྱས་ཡོད། སེམས་ཀྱི་ཐོག་ནས་དལ་ལྷོད་མེད་པ་ལྟ་བུ་བྱས་ཏེ། ནང་པའི་གཞུང་ནང་གི་བློ་སྦྱོང་ལ་བརྟེན་ནས་ཁོང་ཚོར་ཁེ་ཕན་འཐོབ་ཀྱི་ཡོད། དེར་བརྟེན་ཁོང་ཚོས་ནང་ཆོས་ཀྱི་རྗེས་སུ་འབྲང་རྒྱུར་ཐག་གཅོད་བྱེད་ཀྱི་ཡོད། དེ་འགྲིགས་ཀྱི་ཡོད། གང་ཟག་སྒེར་གྱི་ཐོབ་ཐང་རེད།

ཤེས་ཡོན།

ནང་པ་ཞིག་ཡིན་པའི་ཆ་ནས་དང། ཡང་ན་མི་ག་འདྲ་ཞིག་ཡིན་ནའང་། ང་ཚོས་དངོས་ཡོད་དང་མཐུན་པ་བྱེད་དགོས། དོན་དངོས་དང་མི་མཐུན་པའི་ཐབས་ཀྱིས་དཀའ་རྙོག་དང་རྐྱེན་ངན་འཁྱེར་ཡོང་གི་ཡོད། དེར་བརྟེན་དོན་དངོས་དང་མཐུན་པ་བྱེད་དགོས། ངའི་གོ་རྟོགས་ལ་ཤེས་ཡོན་གྱི་དགོས་དོན་ངོ་མ་ནི་སྣང་ཚུལ་དང་གནས་ཚུལ་དབར་གྱི་སྟོང་ཆ་མེད་པ་བཟོ་ཆེད་ང་ཚོར་རོགས་བྱ་རྒྱུ་དེ་ཡིན། དངོས་ཡོད་དང་མི་མཐུན་པའི་ཚོར་བ་མང་པོ་སྐྱེ་ཡི་ཡོད་པའི་རྒྱུ་མཚན་ནི། སྣང་ཚུལ་དང་གནས་ཚུལ་བར་ལ་སྟོང་ཆ་ཡོད་པའི་རྐྱེན་གྱིས་རེད། ང་ཚོར་མིའི་རྣམ་དཔྱོད་ལྡན་ཡོད། དེར་བརྟེན་ང་ཚོར་ཤེས་ཡོན་དགོས། ཤེས་ཡོན་གྱི་དམིགས་ཡུལ་ངོ་མ་ནི་བློ་གྲོས་དང་ལྡན་ཞིང་། རྒྱུ་མཚན་དང་ལྡན་པ། དོན་དངོས་དང་མཐུན་པ་བཟོ་རྒྱུ་དེ་ཡིན། ཤེས་ཡོན་གྱི་དགོས་དོན་ངོ་མ་ནི་ང་ཚོའི་མི་ཚེ་སྐོར་གྱི་གནད་དོན་ཐམས་ཅད་དང་དམིགས་ཡུལ་ཐམས་ཅད་དོན་དངོས་དང་མཐུན་པ་བཟོ་རྒྱུ་དེ་ཡིན། ཐ་ན་མི་དགེ་བའི་དམིགས་ཡུལ་དཔེར་ན། དྲག་སྤྱོད་པའམ་འཇིགས་སྐུལ་རིང་ལུགས་པ་ལྟ་བུ། དམིགས་ཡུལ་དེ་སྒྲུབ་པའི་ཆེད་དུ་ཁོ་ཚོའི་ཐབས་ལམ་དེ་དོན་དངོས་དང་མཐུན་པ་དགོས། དེ་མིན་དམིགས་ཡུལ་མ་གྲུབ་གོང་རང་ཉིད་རྐྱེན་ལམ་དུ་འགྲོ་དགོས་སྲིད། མིའི་བྱ་སྤྱོད་གང་ཡིན་ཀྱང་དོན་དངོས་དང་མཐུན་པ་དགོས་ཀྱི་ཡོད།

གཞན་ཡང་ང་ཚོར་དཔལ་འབྱོར་གྱི་དཀའ་ཉེན་འཕྲད་ཀྱི་ཡོད། འབྱུང་འགྱུར་གང་ཞིག་འབྱུང་མིན་གསལ་པོ་མ་ཤེས་པར་ཚོད་དཔག་ཤུགས་ཆེན་པོ་བྱེད་ཅིང་འགྲིག་གི་ཡོད་ཁུལ་བྱེད་ཀྱི་ཡོད། སྐབས་རེ་མི་དེ་དག་གིས་ག་རེ་འབྱུང་གི་ཡོད་མེད་ཤེས་ནའང་ཆེད་མངགས་མི་མང་ལ་ཕྱི་ཚུལ་གཞན་ཞིག་སྟོན་གྱི་ཡོད། དེ་ནི་ཀུན་སྤྱོད་དང་མི་མཐུན་པ་རེད། དེར་བརྟེན་མི་ཤེས་པ་དང་འདོད་རྔམ་གྱི་དབང་དུ་འགྲོ་གི་ཡོད། ངོས་ཀྱི་གྲོགས་པོ་ཁ་ཤས་ལ་གཞིགས་ན། དེ་ལྟར་བྱེད་པ་ནི་གོ་ལའི་དཔལ་འབྱོར་དཀའ་ཉེན་གྱི་ཆ་ཤས་ཤིག་རེད་ཟེར་གྱི་འདུག །གལ་ཏེ་མི་རྣམས་ཀྱིས་ཐོག་མ་ཉིད་ནས་སྦ་གསང་མེད་པར་ཕྱི་གསལ་ནང་གསལ་གྱིས་བདེན་པ་བརྗོད་ཡོད་ན། ཆེས་མཐའ་མའི་ཁྱབ་བསྒྲགས་དེ་ཐོས་པ་དང་། མི་མང་གི་སེམས་ནང་ཧ་ལས་ཧོན་འཐོར་བའི་གནས་ཚུལ་ཡོང་གི་མེད། ཁོང་ཚོས་ཐོག་མ་ཉིད་ནས་ཧ་ཅང་གསལ་པོ་བཟོ་དགོས་ངེས་རེད། འོན་ཀྱང་ད་ལྟ་ཕྱོགས་ཡོངས་ནས་གནས་སྟངས་ཐ་དད་རེད། རེད་དམ་མ་རེད། དེར་བརྟེན་ང་ཚོས་སོ་སོའི་མི་ཚེའི་ཐད་དོན་དངོས་དང་མཐུན་པ་ཞིག་བྱེད་དགོས། དེ་བཞིན་རྒྱལ་སྤྱིའི་འབྲེལ་བ་དང་། ཁོར་ཡུག་གི་གནད་དོན་སོགས་གང་ལ་མཚོན་ནའང་ང་ཚོས་དོན་དངོས་དང་མཐུན་པ་ཞིག་བྱེད་དགོས།

དེང་དུས་ཀྱི་ཤེས་ཡོན་ལ་གཅིག་འདང་གི་མེད། དེ་ནི་ཚོར་བ་འདྲེན་ནུས་ཀྱི་སེམས་པ་བཟང་པོ་དེ་ཡིན། འོན་ཏེ་ས་ཕྱོགས་གང་སར་ཤེས་ཡོན་གྱི་བསྟི་གནས་དང་གཙུག་ལག་སློབ་གཉེར་ཁང་སོགས་ཀྱི་ནང་ཚང་མས་དེའི་ཐད་ཉམས་ཞིབ་གནང་དང་གནང་བཞིན་པ་ཡིན། ཁོང་ཚོས་སོ་སོའི་སློབ་ཕྲུག་ལ་ཚོད་ལྟ་བྱས་ཡོད་དེ། སློབ་ཕྲུག་རྣམས་ཀྱི་ཉིན་རེའི་སློབ་སྦྱོང་གི་ཆ་ཤས་སུ་ཁོང་ཚོར་སྙིང་རྗེའི་ཐོག་སྒོམ་སྦྱོང་གི་དུས་ཡུན་ཐུང་ཐུང་རེ་གཏན་འབེབས་བྱས་ཡོད་ན། གཟའ་འཁོར་བརྒྱད་ཀྱི་སྦྱོང་བརྡར་རྗེས་དེས་ཁྱད་པར་ཆེན་པོ་བཟོ་ཐུབ། གང་ལྟར་ཡང་། དེ་ནི་རྣམ་པ་གཅིག་རེད།

འཕྲོད་བསྟེན།

དུད་འགྲོ་དང་སྲོག་ལྡན་གཞན་རྣམས་དང་བསྡུར་ན། ང་ཚོར་མིའི་ལུས་རྟེན་འདི་ཐོབ་པ་བསོད་ནམས་ཆེན་པོ་རེད། གང་ཡིན་ཞེ་ན། ང་ཚོར་རླབས་ཆེན་གྱི་ཀླད་པ་འདི་ཡོད། ང་ཚོར་མཐའ་མེད་པའི་གཞན་ཕན་གྱི་ལྟ་བ་གོང་འཕེལ་གཏོང་བའི་ནུས་པ་ཡོད་ལ་མཐར་ཐུག་དངོས་པོའི་གནས་ལུགས་ལ་བརྟག་དཔྱད་བྱེད་པའི་ནུས་པའང་ཡོད། མིའི་ཀླད་པ་ལས་ཅུང་ཟད་མགོ་རྙོག་ཆུང་བའི་ཚེ་སྲོག་གང་ཡིན་ཀྱང་ཁོང་ཚོར་ནུས་པ་དེ་ལྟར་མེད། སྤྱིར་བཏང་སེམས་ཅན་ཕལ་པ་ཚང་མ་མ་རིག་པའི་བྲན་གཡོག་ཏུ་གྱུར་ཡོད། འོན་ཀྱང་མི་འབའ་ཞིག་གི་ཀླད་པར་མ་རིག་པའི་སྐྱོན་དང་ཉེས་དམིགས་ཤེས་པའི་ནུས་པ་ལྡན། དེར་བརྟེན་མིའི་ལུས་རྟེན་འདི་དངོས་གནས་རྩ་ཆེན་པོ་ཡིན་པས། ང་ཚོས་འདི་ལ་གཅེས་སྲུང་བྱེད་དགོས། ལོ་ངོ་སྟོང་ཕྲག་རིང་ང་ཚོར་བྱིན་རླབས་དང་ཚེ་དབང་འཐོབ་ཆེད་ང་ཚོས་ལྷ་སྲུང་དེ་དག་ལ་སྨོན་ལམ་བཏབ་ཡོད། འོན་ཀྱང་ད་ཆ་ང་ཚོར་ཡོ་ག་ yoga ཐེ་བའི་དེང་དུས་ཀྱི་སྨན་དང་ལུས་སྦྱོང་ཡོད་པ་རྣམས་ཀྱང་ལུས་རྟེན་འདི་སྲུང་སྐྱོབ་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། མ་རེད་པས། དེ་ལྟར་རེད།

དཔལ་འབྱོར།

དཔལ་འབྱོར་གྱི་ཐད་ལ་ངོས་ཀྱི་ཤེས་རྒྱ་ཧ་ཅང་ཆུང་ཆུང་ཡིན་པ་བརྗོད་མི་དགོས། ཀརླ་མརྐ་སིའི་ Karl Marx དཔལ་འབྱོར་གྱི་རྣམ་གཞག་ལ་མཚོན་ན། དཔལ་འབྱོར་བགོ་འགྲེམས་གཅིག་མཚུངས་དགོས་པའི་ཁོང་གི་དཔལ་འབྱོར་རྣམ་གཞག་ཁྲོད་ཀྱི་ལྟ་ཚུལ་ལ་ང་རང་རྦད་དེ་ཡིད་དབང་འཕྲོགས་སོང་། དེ་ནི་བཟང་སྤྱོད་ཀྱི་རྣམ་གཞག་རེད། འོན་ཏེ་ཕྱོགས་གཞན་ནས་མ་རྩ་རིང་ལུགས་ཀྱིས་སྐད་ཆ་དེ་ལྟར་མི་བཤད་པར་ཁེ་སང་ཇི་ལྟར་བཟོ་སྐོར་གླེང་གི་ཡོད། དེར་བརྟེན་སྤྱི་ཚོགས་དཔལ་འབྱོར་གྱི་རྣམ་གཞག་ལ་བསམས་ན། ང་རང་ད་དུང་ཡང་མརྐ་སིའི་ Marxist རིང་ལུགས་པ་འདྲ་པོ་ཞིག་རེད།

སྤྱི་ཚོགས་རིང་ལུགས་ཟེར་བ་དེ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་གོང་མའི་ནང་དང་དེང་དུས་རྒྱ་ནག་གི་དུས་འགོར་ལག་བསྟར་བྱས་ཡོད། དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཞན་ཁག་ཅིག་ནང་ལག་བསྟར་བྱས་ཡོད། འོན་ཀྱང་མཐར་ཁོང་ཚོའི་དཔལ་འབྱོར་གནས་སྟངས་ཐད་ཡར་རྒྱས་མ་སོང་བར་རང་སོར་ལུས་ཡོད། དེ་ནི་དངོས་ཡོད་རེད། དཔལ་འབྱོར་གྱི་ཡར་རྒྱས་ལ་གཞིགས་ན། ནུབ་ཕྱོགས་ཀྱི་མ་རྩ་རིང་ལུགས་ནི་སྟོབས་ཤུགས་ཆེ་བ་ཡོད། ཏིང་ཞའོ་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་གིས་མརྐ་སིའི་ Marx དཔལ་འབྱོར་ལག་ལེན་བློས་བཏང་ནས་རང་འདོད་ཀྱིས་མ་རྩ་རིང་ལུགས་སུ་ཁ་ཕྱོགས་ཡོད། ད་ལྟ་རྒྱ་ནག་ལ་འཕྲད་བཞིན་པའི་དཀའ་ཚེགས་ཐམས་ཅད་ནི་ངའི་བསམ་པར་མ་རྩ་རིང་ལུགས་ལ་ཁག་དཀྲི་བྱ་རྒྱུ་མེད། རང་དབང་ཅན་གྱི་ལུང་པ་ཞིག་གིས་དཀའ་ངལ་དེ་མེད་པར་མ་རྩ་རིང་ལུགས་ལག་བསྟར་བྱེད་ཐུབ་སྙམ། འོན་ཏེ་དུས་མཚུངས་དེའི་ནང་རང་དབང་ཅན་གྱི་ཁྲིམས་ཞིབ་ལྷན་ཚོགས་དང་གསར་འགོད་ཀྱི་རང་དབང་དགོས། ཅི་སྟེ་གསར་འགྱུར་བརྒྱུད་ལམ་ཁག་གིས་ཕྱི་གསལ་ནང་གསལ་རྩ་དོན་ལག་བསྟར་བྱས་པ་ན། འདེམས་ཐོན་བྱུང་བའི་སྲིད་གཞུང་གིས་འགན་འཁུར་ཅན་གྱི་གཞུང་འཛིན་སྐྱོང་བྱེད་ཐུབ། དེས་ན་མ་རྩ་རིང་ལུགས་དང་མཉམ་དུ་སྤྱི་ཚོགས་ཆ་སྙོམས་པོ་བཟོ་ཕྱིར་ང་ཚོར་ཐབས་ལམ་གཞན་ཁག་དགོས་ཀྱི་ཡོད།

རྒྱ་ནག་ནི་ད་ལྟ་མ་རྩ་རིང་ལུགས་ཡིན། འོན་ཀྱང་རང་དབང་ཅན་གྱི་ཁྲིམས་ཞིབ་ལྷན་ཚོགས་མེད་ལ་རང་དབང་ཅན་གྱི་གསར་འགོད་བརྒྱུད་ལམ་ཡང་མེད་ཅིང་། དེ་བཞིན་འགན་འཁྲི་འཁུར་བའི་སྲོལ་ཡང་མེད། ཁྲིམས་ཞིབ་ལྷན་ཚོགས་དང་། དཔལ་འབྱོར། གསར་འགོད་བརྒྱུད་ལམ་བཅས་ཆབ་སྲིད་ཚོགས་པ་ཤོག་ཁག་གིས་སྟངས་འཛིན་བྱས་ཡོད། དེར་བརྟེན་ད་ལྟ་རྒྱ་ནག་ལ་དཀའ་ངལ་འཕྲད་བཞིན་པའི་རྒྱུ་མཚན་གཙོ་བོ་དེ་རེད། གཞན་ཡང་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་མང་བ་དང་། དེ་ཚོད་འཛིན་བྱེད་མཁན་གྱི་ཚུལ་དང་མཐུན་པའི་ལམ་ལུགས་མེད། ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་ནང་ཚུད་པའི་མི་སྐྱོ་པོ་རྣམས་ལ་སྲོག་ཐོག་གི་ཉེས་ཆད་གཅོད། འོན་ཀྱང་གོ་གནས་མཐོ་བའི་མི་རྣམས་ཁྲིམས་ཀྱི་རྒྱ་ལས་བརྒལ་གྱི་ཡོད། རྒྱུ་མཚན་དེ་འདྲ་རེད།

འཇར་མི་ནི་ལ་ཡོད་པའི་བྷར་ལིན་ལྕགས་རི་ Berlin Wall རྡིབ་སྐྱོན་བྱུང་བའི་སྐབས། སྔོན་མ་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ལ་སོ་སོའི་རང་དབང་ཐོབ། དཔེར་ན། ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic དང་སོ་ལོ་ཝཀྱ་ Slovakia ལྟ་བུ། ངོས་ཀྱི་བསམ་པར། སྲིད་འཛིན་ཧེ་ཝེལ་ Havel གྱིས་མགྲོན་འབོད་གནང་བ་བཞིན་ང་རང་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ལྟ་སྐོར་དུ་འགྲོ་མཁན་དང་པོ་ཆགས་ཡོད། དེ་རྗེས་ངས་བལ་ཊིག་མངའ་ཁུལ་ Baltic state དང་དེ་བཞིན་ཧང་གྷེ་རི་ Hungary དང་བལ་གྷེ་རི་ཡཱ་ Bulgaria བཅས་སུ་ཕྱིན་པ་ཡིན། རོ་མེ་ནི་ཡ་ Romania རྩ་བ་ནས་འགྲོ་མྱོང་མེད། འོན་ཀྱང་ངས་སྔོན་གྱི་ཡུ་གོ་ས་ལ་ཝི་ཡ་ Yugoslavia དང་། ཀོ་སོ་ཝོ། Kosovo སོ་ལོ་ཝེ་ནི་ཡ་ Slovenia བཅས་ཀྱི་ནང་ཕྱིན་པ་ཡིན། ངོས་རང་ཐེངས་དང་པོ་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་ཕྱིན་པའི་སྐབས། ངས་ཁོང་ཚོར། “ད་ཆ་ཉམས་ཞིབ་ཀྱི་ལས་གཞི་གང་མང་གཉེར་རྒྱུའི་དུས་ལ་བབས་ཡོད། སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་ལེགས་པའི་ཆ་བླངས་ནས། དེ་གཉིས་ཟུང་འབྲེལ་ཐོག་དཔལ་འབྱོར་གྱི་ལམ་ལུགས་གསར་པ་ཞིག་གཏན་འབེབས་ཐུབ་སྲིད་” ཅེས་བརྗོད་པ་ཡིན། ཡིན་ནའང་ངས་བཤད་པ་དེ་ཚིག་སྟོང་པ་ཙམ་ཆགས་སོང་། འོན་ཀྱང་ང་རང་དཔལ་འབྱོར་རྣམ་གཞག་ཐད་ཤེས་ཡོན་མེད་མཁན་ཞིག་ཡིན།

དངོས་གཙོ་སྨྲ་བའི་མི་ཚེ་སྐྱེལ་སྟངས།

ཁ་སང་ངས་ནུབ་ཕྱོགས་སུ་དངོས་གཙོ་སྨྲ་བའི་མི་ཚེ་སྐྱེལ་སྟངས་སྐོར་མདོར་བསྡུས་ཤིག་ཞུས་པ་ཡིན། ནུབ་ཕྱོགས་པ་གཅིག་པུ་མ་རེད། ད་ལྟ་རྒྱ་གར་ནང་དུའང་དངོས་གཙོ་སྨྲ་མའི་སྤྱི་ཚོགས་མང་པོ་ཡོད། མི་འདུག་གམ། ཁོང་ཚོས་སོ་སོའི་བདེ་སྐྱིད་ནི་རེག་ཚོར་དང་། ཟློས་གར། གློག་བརྙན། རོལ་དབྱངས། ཟས་ཞིམ་པོ། དྲི་ཞིམ་པོ། མཁྲིག་སྤྱོད་ཐེ་བའི་ཕྱི་ལུས་ཀྱི་ཚོར་བ་བདེ་བ་བཅས་ལ་བརྟེན་ནས་འཚོལ་གྱི་ཡོད། བྱས་ཙང་། ཁོང་ཚོས་ཕྱིའི་ཐབས་ལམ་སྟེ་སྒོ་ལྔའི་ཤེས་པ་ལ་བརྟེན་ནས་ནང་སེམས་ཀྱི་འདོད་བློ་བསྐོང་ཐབས་བྱེད་ཀྱི་ཡོད།

འོན་ཀྱང་ནང་སེམས་ཀྱི་འདོད་བློ་ཁེངས་པའི་འབྱུང་ཁུངས་མཐར་ཐུག་དེ་ནི། ང་ཚོའི་སེམས་ལ་སྦྱོང་བརྡར་བཏང་ནས་ཡོང་གི་ཡོད་པ་ལས་དབང་ཤེས་ཀྱི་མྱོང་བར་བརྟེན་ནས་མི་ཡོང་། ཟག་བཅས་ཀྱི་ལས་རྣམས་སྤོང་དགོས་པ་ཡིན། ཟག་པ་དེའང་ཕྱིའི་ཁོར་ཡུག་གིས་རྐྱེན་པས་མ་ཡིན། ང་ཚོའི་ཟག་བཅས་ཀྱི་ལས་ནི་ལོག་ལྟའམ་མ་རིག་པ་ལ་བརྟེན་ནས་ཡོང་གི་ཡོད། དེར་བརྟེན་ང་ཚོའི་དཀའ་ངལ་གྱི་རྒྱུ་ཟག་བཅས་ཀྱི་ལས་མེད་པ་བཟོ་ཆེད་དང་པོ་ང་ཚོས་སོ་སོའི་སེམས་ནང་གི་མ་རིག་པ་དེ་རྩ་མེད་གཏོང་དགོས། དེ་ནི་ནང་པའི་ཐབས་ལམ་ཡིན། ངས་གོང་དུ་བརྗོད་པ་བཞིན། ཤེས་ཡོན་བསྟི་གནས་ཁག་གིས་ད་ཆ་ང་ཚོའི་སེམས་ཚོར་དང་སེམས་ལ་དོ་སྣང་བྱ་རྒྱུ་ཉིན་རེ་ལས་མ་བསྡད་པར་གལ་ཆེར་ཚོར་གྱི་ཡོད། དེ་ནི་རྟགས་མཚན་བཟང་པོ་ཞིག་རེད།

གང་ལྟར་ཡང་། “ངའི་མི་ཚེ་ནི་ཧ་ཅང་ཡག་པོ་རེད།” ཅེས་བརྗོད་ཐུབ་པ་ཡག་པོ་རེད། ནང་ཆོས་ནང་དེའི་ཕྱིར་མི་ཚེ་དོན་དང་ལྡན་པ་ཡོང་བར་རྨད་དུ་བྱུང་བའི་ཆ་རྐྱེན་བཞི་སྟེ། ཕུན་ཚོགས་སྡེ་བཞི་གསུང་གི་ཡོད། དང་པོ། འདོད་པ་སྟེ་བདེ་འགྲོའམ་སྐྱེ་བ་བཟང་པོ། གཉིས་པ། ནོར་ཏེ་རྒྱུ་ནོར་ལོངས་སྤྱོད་དང་ལྡན་པ། གསུམ་པ། ཆོས་ཏེ་སངས་རྒྱས་ཀྱི་ཆོས་དར་བ་དང༌། བཞི་པ། ཐར་པ་སྟེ་ཆོས་ལ་བརྟེན་ནས་ཐར་པ་མྱ་འདས་ཀྱི་གོ་འཕང་འཐོབ་རྒྱུ་ཡོད་པ་བཅས་རེད། ཕུན་ཚོགས་སྡེ་བཞི་ལས་དང་པོ་གཉིས་ནི། མངོན་མཐོ་ལྷ་མིའི་གོ་འཕང་ཕྱིར་དང་། དེ་ནས་མི་ཚེ་བཟང་པོ་ཞིག་དང་སྐྱིད་པོ་ཞིག་ཡོང་བའི་དགོས་མཁོའི་རྐྱེན་རྒྱུ་ནོར་དང་། མཁར་དབང་། གྲོགས་སོགས་གསུང་གི་ཡོད། དེ་ཡོང་བར་མཐུན་རྐྱེན་དགོས་པས་དངུལ་དགོས་པ་གསུང་གི་ཡོད། དེར་བརྟེན་དེའི་ནང་དངུལ་གྱི་སྐོར་གསུངས་ཡོད། འོན་ཀྱང་ང་ཚོའི་མཐའ་མའི་དམིགས་ཡུལ་ནི་མ་རིག་པ་དང་ཉོན་མོངས་སྤངས་པའི་སྤངས་པ་འགོག་བདེན་ཏེ། གཏན་གྱི་བདེ་བ་ཐར་པ་འཐོབ་དགོས་པ་ཡིན། དེ་ནི་གཏན་གྱི་སེལ་ཐབས་ཤིག་ཡིན་པ་དང་དེའི་ཕྱིར་ང་ཚོས་ཆོས་ཉམས་ལེན་བྱེད་དགོས།

དབུལ་ཕྱུག་གི་ཁྱད་པར།

གཞན་ཡང་དཀའ་ངལ་གཅིག་ནི་དབུལ་ཕྱུག་གི་ཁྱད་པར་འདི་ཡིན། འདི་ནི་ཚབས་ཆེ་ཞིང་ཛ་དྲག་གི་གནད་དོན་ཞིག་རེད། ངོས་རང་ཝ་ཤིང་ཊོན་ Washington ཏུ་མི་མང་གི་འདུ་འཛོམས་ཆེན་པོ་ཞིག་ལ་ཡོད་པའི་སྐབས། ངས། “འདི་ནི་རྒྱལ་ཁབ་ཕྱུག་ཤོས་ཀྱི་རྒྱལ་ས་རེད། འོན་ཀྱང་ཝ་ཤིང་ཊོན་གྱི་མཐའ་ཁུལ་དུ་མི་མང་དང་ཁྱིམ་ཚང་སྐྱོ་པོ་མང་པོ་ཡོད། དེ་ནི་ཀུན་སྤྱོད་ཀྱི་ཆ་ནས་ནོར་བ་ཙམ་མ་ཟད། དཀའ་ངལ་མང་པོ་ཞིག་གི་འབྱུང་ཁུངས་རེད།” ཅེས་བརྗོད་པ་ཡིན། དགུ་པའི་བཅུ་གཅིག་གི་དོན་རྐྱེན་དང་འདྲ་བར། འདི་ཡང་ཤིན་ཏུ་སྟོང་ཆ་ཆེན་པོ་དེ་དང་འབྲེལ་ཡོད། ཨ་རབ་ Arab ཀྱི་རྒྱལ་ཁབ་དབུལ་པོར་གནས་ཤིང་། ཁོང་ཚོའི་རང་བྱུང་ཐོན་ཁུངས་རྣམས་ནུབ་ཕྱོགས་པས་ཕོན་ཆེན་གནོད་སྐྱོན་བཏང་བ་སོང་ཙང་། ཨ་རབ་ཁུལ་གྱི་མི་མང་གིས་སྐབས་རེ་དྲང་བདེན་མེད་པར་ཚོར་གྱི་ཡོད།

དེ་དག་ནི་ཧ་ཅང་རྙོག་འཛིངས་ཆེ་བའི་གནས་སྟངས་ཤིག་ཡིན། ངའི་བསམ་པར། ནང་པའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་བྱ་སྤྱོད་ཅིག་སྤེལ་དགོས་ཀྱི་འདུག །མ་མཐར་རང་གི་ཁྱིམ་མཚེས་ཚོར་ལྟ་རྟོག་བྱ་ཐབས་བྱེད་པ་དང་། ཁོང་ཚོའི་སེམས་ནང་རེ་བ་ཞིག་དང་རང་གིས་རང་ལ་གདེང་འཇོག་ཅིག་སྦྱིན་དགོས།

ངས་རྒྱུན་དུ་རང་གི་རྒྱ་གར་གྲོགས་པོ་ཚོར། “རིགས་དམའ་བ་” ཟེར་བའི་ཌོར་ཌར་ཨམ་བེདྐར་ Dr. Ambedkar གྱི་རྗེས་འཇུག་པ་མང་པོ་ཞིག་ནང་པ་ཡིན་ཞེས་བརྗོད་པ་དང་། དབུལ་ཕྱུག་གི་སྟོང་ཆ་འདི་ངེས་པར་དུ་འགྱུར་བ་གཏོང་དགོས། སྐད་འབོད་བྱེད་པ་དང་ཁོང་ཁྲོ་སྟོན་པའི་ཚབ་ཏུ་ཉམས་ཐག་པའི་མི་རྣམས་ཀྱི་སེམས་ནང་ཚང་མ་གཅིག་པ་ཡིན་ཅེས་རང་གིས་རང་ལ་གདེང་ཚོད་སྐྲུན་རོགས་བྱེད་དགོས། “ཚངས་པས་རིགས་བཞི་ཁོང་གི་དབུ་བཞི་ལས་སྤྲུལ་ཡོད། འོན་ཀྱང་ཚང་མ་ཚངས་པ་ཡིན་པ་གཅིག་པ་ཡིན། མ་རེད་པས།” ཞེས་ངས་ཤོད་ཀྱི་ཡོད། དེར་བརྟེན་ང་ཚོ་ཚང་མ་གཅིག་པ་ཡིན་དགོས།

ངོས་ནས་དུས་རྟག་ཏུ་མི་ཉམས་ཐག་རྣམས་ཀྱི་ཤེས་ཡོན་ཐད་ནན་སྐུལ་བྱེད་ཀྱི་ཡོད། ཕྱུག་པོ་དང་འབྱོར་ལྡན་གྲལ་རིམ་ཚོས་དབུལ་པོ་རྣམས་ལ་ཤེས་ཡོན་དང་། སྦྱོང་བརྡར། མཁོ་ཆས་སོགས་ཀྱི་ཐད་མཐུན་རྐྱེན་སྦྱོར་དགོས་པ་དང་། ཁོང་ཚོའི་འཚོ་བའི་ཆ་རྐྱེན་དང་གནས་རིམ་ཡར་རྒྱས་གཏོང་ཕྱིར་མཐུན་སྦྱོར་བྱེད་དགོས། དེ་བཞིན་ཨ་ཕི་རི་ཁའི་ནང་སྐབས་འགའ་ཞིག་ལ་ངས་གཅིག་མཚུངས་འབོད་སྐུལ་ཞུས་པ་ཡིན། ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནང་ཧ་ཅང་དཀའ་ལས་ཁག་པོ་རེད། བྱང་ཕྱོགས་ཀྱི་རྒྱལ་ཁབ་ནང་རྒྱུན་དུ་འབེལ་པོ་ཡོད། ལྷོ་ཕྱོགས་པ་རྣམས་ལ་ཐ་ན་གཞི་རྩའི་དགོས་མཁོ་དག་ཀྱང་མེད། འོན་ཀྱང་མི་རིགས་དེ་དག་ཚང་མ་གཅེན་གཅུང་སྤུན་ཟླའི་མི་རིགས་གཅིག་པ་ཆགས་ཡོད།

འགྲོ་བ་མིའི་ཐོབ་ཐང་།

གཞན་ཡང་ངོས་ནས་ཁྱེད་རང་ཚོར་བརྗོད་འདོད་བྱུང་བ་གཅིག་ནི། ང་ཚོས་མི་རིགས་དང་། ཆོས་ལུགས་ཀྱི་དད་པ། རིགས་རུས་སོགས་ཀྱི་རིམ་པ་གཉིས་པར་གལ་ཆེན་པོ་བརྩིས་ནས་དེའི་ཐོག་དོ་ནན་ཤུགས་ཆེན་པོ་བྱེད་པའི་སྐོར་ལ་ཡིན། རིམ་པ་གཉིས་པ་འདིའི་ཐོག་ཁེ་ཕན་ཕྲན་བུ་འཐོབ་ཕྱིར། ང་ཚོས་གཞི་རྩའི་འགྲོ་བ་མིའི་རིན་ཐང་བརྗེད་འགྲོ་གི་ཡོད། དེ་ནི་དཀའ་ངལ་ཞིག་རེད། སྟབས་མ་ལེགས་པ་ཞིག་ལ་ངའི་བསམ་པར། ཁོ་པན་ཧ་གྷན་ Copenhagen གྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས། ཕྱི་ལོ་ ༢༠༠༩ ལོའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ཚོགས་ཆེན་སྐབས་ལྟ་བུར། གལ་ཆེའི་རྒྱལ་ཁབ་ཚོས་གོ་ལ་ཡོངས་ཀྱི་ཁེ་ཕན་ལ་བསམ་བློ་མ་བཏང་བར་སོ་སོའི་རྒྱལ་ཁབ་གཅིག་པུའི་ཁེ་ཕན་ལ་དོ་སྣང་ཤུགས་ཆེ་བ་བྱེད་ཀྱི་ཡོད། རྒྱུ་མཚན་དེ་འདྲ་སོང་ཙང་། ང་ཚོར་དགོས་མེད་ཀྱི་དཀའ་ངལ་མང་དག་ཅིག་ཕྲད་དང་འཕྲད་བཞིན་པ་ཡིན།

ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་པ་ཡིན་སྐོར་ཐད་ང་ཚོས་མི་རྣམས་ལ་གོ་རྟོགས་སྤེལ་སླད་ནུས་ཤུགས་ཡོད་རྒུ་འདོན་དགོས། དེ་ནས་ང་ཚོའི་གལ་གནད་ཆེ་ཤོས་ཨང་དང་པོ་དེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡིན་དགོས། རྒྱལ་ཁབ་འདྲ་མིན་དང་ཆོས་ལུགས་འདྲ་མིན་ཐད་སེམས་འཁུར་བྱེད་པ་ནི་རིམ་པ་གཉིས་པའི་ཁོངས་སུ་གཏོགས་པ་ཡིན། དཔེར་ན། རྒྱ་ནག་ལ་མཚོན་ན། ངོས་ནས་དུས་རྟག་ཏུ་མི་རྣམས་ལ། “རྒྱ་ནག་སྟོབས་ཤུགས་ཇི་ཙམ་ཆེ་ནའང་གལ་བྱེད་ཀྱི་མ་རེད། ད་དུང་འཛམ་གླིང་འདིའི་ཆ་ཤས་ཤིག་ཡིན། དེར་བརྟེན་མ་འོངས་པར་འཛམ་གླིང་གི་འཕེལ་ཕྱོགས་དང་མཉམ་དུ་བསྟུན་ནས་རྒྱ་ནག་སྐྱོད་དགོས་པ་ཆགས་ཀྱི་རེད།” ཅེས་ཤོད་ཀྱི་ཡོད།

ང་ཚོས་འཛམ་བུ་གླིང་འདིའི་ནང་མི་འབོར་ཐེར་འབུམ་བདུན་ལ་ཉེ་བ་ངོ་བོ་གཅིག་དང་ཁྱིམ་ཚང་ཆེན་པོ་གཅིག་གི་ནང་མཉམ་དུ་གནས་ཡོད་པ་བསམ་བློ་གཏོང་དགོས། ངའི་བསམ་པར། དེ་ནི་ང་ཚོར་དངོས་གནས་དགོས་པ་ཞིག་ཡིན། འོན་ཀྱང་ང་ཚོས་དེ་ཆོས་བཤད་པའི་ཐོག་ནས་སྒྲུབ་མི་ཐུབ་པར། ཤེས་ཡོན་འབའ་ཞིག་དང་སྤྱིར་བཏང་གི་བསམ་ཤེས་ཀྱི་ཐོག་ནས་སྒྲུབ་དགོས་པ་ཡིན། དེ་ནི་ཧ་ཅང་གལ་ཆེན་པོ་རེད།

དམག་འཁྲུག

ང་ཚོས་བདེ་སྐྱིད་དང་། ཞི་བདེ། སྙིང་རྗེ་བཅས་དང་ལྡན་པའི་འགྲོ་བ་མིའི་རིགས་ཀྱི་སྐོར་ཤོད་སྐབས། ང་ཚོས་དྲག་སྤྱོད་དང་འཇིགས་སྐུལ་རིང་ལུགས་པའི་དཀའ་ངལ་དང་དམག་གི་དཔུང་ཤུགས་བེད་སྤྱོད་བྱེད་པའི་དཀའ་ངལ་སེལ་ཐབས་ཆེད་འབད་བརྩོན་གང་ཡོད་འདོན་དགོས། དེང་དུས་ཀྱི་དངོས་ཡོད་གནས་སྟངས་ཁྲོད། ཚང་མ་གཅིག་ལ་གཅིག་བརྟེན་ནས་ཡོད། ཡོ་རོབ་ཀྱི་དཔལ་འབྱོར་དང་མ་འོངས་པ་ནི་ཨེ་ཤི་ཡ་དང་དབུས་ཤར་ཡུལ་གྲུ་ཁག་ལ་བརྟེན་ཡོད། དེ་ག་ནང་བཞིན་ཨ་རིའང་རེད། དེ་བཞིན་རྒྱ་ནག་གི་འབྱུང་འགྱུར་ཡང་ཨེ་ཤི་ཡ་དང་འཛམ་གླིང་གི་ཡུལ་གྲུ་གཞན་རྣམས་ལ་བརྟེན་ནས་ཡོད། དེ་ནི་དངོས་ཡོད་རེད། དེར་བརྟེན་དངོས་ཡོད་ཀྱི་གནས་སྟངས་དེ་ལ་གཞིགས་ནས། ང་ཚོས། “འདི་ངའི་གྲོགས་པོ་རེད། འདི་ངའི་དགྲ་བོ་རེད།” ཅེས་བརྗོད་དེ་དབྱེ་མཚམས་བཟོ་མི་ཐུབ། དགྲ་དང་གཉེན་གྱི་དབར་ཁྱད་པར་འབྱེད་པའི་གཞི་རྩ་བརྟན་ཚུགས་པ་ཞིག་ཡོད་མ་རེད། དེས་ན་ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ཏེ། ང་ཚོས། “ང་ཚོ་དང་ཁོང་ཚོ་” ཞེས་པའི་ཚབ་ཏུ་ “ང་ཚོ་ཚང་མ་” ཞེས་པའི་ཚོར་བ་སྐྱེད་ཐུབ་པ་ངེས་པར་དུ་དགོས།

གནའ་དུས་སུ་ལོ་ངོ་སྟོང་ཕྲག་ཅིག་ལྷག་གི་གོང་། “ང་ཚོ་དང་ཁོང་ཚོ་” ཞེས་པའི་གཞི་རྩ་བརྟན་ཚུགས་པ་དེ་ཡོད་རེད། གཞི་རྟེན་དེའི་ཐོག་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། “ཁོང་ཚོ་” ཞེས་པའི་རང་གི་དགྲ་བོ་ཚར་གཅོད་ཐུབ་ན་རང་ལ་རྒྱལ་ཁ་ཐོབ་པ་ཡིན། དེར་བརྟེན་དམག་འཁྲུག་གི་ལྟ་ཚུལ་ནི་མིའི་ལོ་རྒྱུས་ཀྱི་ཆ་ཤས་སུ་གྱུར། འོན་ཀྱང་ད་ཆ་འཛམ་གླིང་གི་དངོས་ཡོད་གནས་ཚུལ་ནི་རྦད་དེ་གསར་པ་རེད། ང་ཚོས་འཛམ་གླིང་ཧྲིལ་པོའི་ཆ་ཤས་ཡོད་དོ་ཅོག་དེ་ང་ཚོ་ཚང་མའི་ཆ་ཤས་ཡིན་པར་བསམ་བློ་གཏོང་དགོས། ང་ཚོས་དེ་དག་གི་བདེ་ཐབས་ཐད་བསམ་བློ་ཞིབ་མོ་དང་སེམས་འཁུར་དོ་ནན་བྱེད་དགོས། ང་ཚོ་ཚང་མ་ངེས་པར་དུ་མཉམ་གནས་བྱེད་དགོས་པའི་འཛམ་གླིང་འདིའི་ནང་དྲག་སྤྱོད་དམ་འཚེ་བའི་ལས་བྱེད་ས་མེད་ཅིང་། ཚང་མ་གཅིག་ལ་གཅིག་བརྟེན་ནས་ཡོད།།

Top