ངོ་སྤྲོད།
མཚུངས་མེད་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་དང། བླ་མ། དགེ་བཤེས། དགེ་འདུན་པ་བཅས་རྣམ་པ་ལྷན་རྒྱས་མཆོག་ལ་ཞུ་རྒྱུར། དེ་རིང་ཁྱེད་རང་ཚོ་དང་མཇལ་རྒྱུའི་གོ་སྐབས་ཐོབ་པར་ང་རང་ཧ་ཅང་དགའ་པོ་བྱུང་། ༸གོང་ས་མཆོག་གིས་ང་རང་སེ་ར་དང་། འབྲས་སྤུངས། དགའ་ལྡན་གདན་ས་གཙོ་བོ་གསུམ་གྱི་དགེ་འདུན་པ་ཚོར་ཕྱིའི་རྒྱལ་ཁབ་ཁག་གི་ནང་ནང་ཆོས་དང་ནང་པའི་ཆོས་ཚོགས་ཀྱི་གནས་སྟངས་སྐོར་སྐད་ཆ་ཞིག་ཤོད་དུ་ཤོག་ཅེས་བཀའ་གནང་བྱུང་། གཅིག་བྱས་ན་ཁྱེད་རང་ཚོ་ཁ་ཤས་མ་འོངས་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཟིགས་སྐོར་ལ་མགྲོན་འབོད་བྱེད་སྲིད་པ་དང་། མང་པོ་ཞིག་ལ་ཆོས་ཚོགས་དེ་དག་ནང་སློབ་ཁྲིད་གནང་མཁན་གྲོགས་པོའང་ཡོད་ཤས་ཆེ། དེར་བརྟེན་གནས་སྟངས་དེའི་ཐད་འགྲེལ་བཤད་ཕྲན་ཙམ་ཞིག་བྱས་ན་ཕན་ཐོགས་ཆེན་པོ་ཡོང་སྲིད་སྙམ། ངས་མང་པོ་ཤེས་ཀྱི་མེད། འོན་ཀྱང་འདས་པའི་མི་ལོ་དགུའི་རིང། ཕལ་ཆེར་རྒྱལ་ཁབ་གྲངས་སུམ་ཅུ་ཙམ་གྱི་ནང་། དགེ་ལུགས་དང་། བཀའ་རྒྱུད། རྙིང་མ། ས་སྐྱ། དེ་བཞིན་ཛཻན་བསམ་གཏན་པའི་ཆོས་བརྒྱུད། Zen གནས་བརྟན་སྨྲ་བའི་སྡེ་ Theravada བཅས་ཀྱི་ནང་པའི་ཆོས་ཚོགས་ཁག་བརྒྱ་དང་ལྔ་བཅུ་ཙམ་གྱི་ནང་ངས་ལྟ་སྐོར་ལ་ཕྱིན་ཏེ་དོ་སྣང་བྱས་པ་ཡིན། དེས་བས་ན། རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་ཏེ་སྙན་ཐོ་ཞིག་དང། ལོ་རྒྱུས་ཉུང་ངུ་། དེ་བཞིན་ང་རང་སྒེར་གྱི་འགྲེལ་བཤད་དང་བསམ་འཆར་འགའ་རེ་ཞུ་འདོད་བྱུང་།
ནུབ་ཕྱོགས་སུ་ནང་པའི་ཆོས་ཚོགས་ཀྱི་འཕེལ་རིམ།
བོད་བརྒྱུད་ནང་བསྟན་ནི་ད་ལྟའི་ཆར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དར་ཁྱབ་ཆེ་ཤོས་དང་སྙན་གྲགས་ཆེ་ཤོས་ཀྱི་ནང་པའི་ཆོས་བརྒྱུད་ཅིག་ཡིན། བོད་བརྒྱུད་ནང་བསྟན་ཁོངས་ནས། བཀའ་བརྒྱུད་ཀྱི་ཆོས་ཚོགས་ཕལ་ཆེར་མང་ཤོས་ཆགས་ཡོད། དེ་རྗེས་རིམ་པ་བཞིན་དུ་དགེ་ལུགས་དང། རྙིང་མ། ས་སྐྱ་བཅས་ཡིན། དེ་དང་ཕྱོགས་མཚུངས་ཛཻན་བསམ་གཏན་པ་དང་གནས་བརྟན་སྨྲ་བའི་ཆོས་ཚོགས་ཀྱང་ཧ་ཅང་མང་པོ་ཡོད་པ་དང་། དེ་དག་ནི་བོད་ཀྱི་ནང་པའི་ཆོས་ཚོགས་ཀྱི་སྔོན་ནས་འགོ་ཚུགས་ཟིན། འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ། དཔེར་ན། ཡུ་རོབ་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཚང་མ་དང་། ཨ་རི། ཁེ་ན་ཌ། ཨོ་སི་ཊྲེ་ལི་ཡ། ནེའུ་ཛི་ལེནྜ། New Zealand ད་དུང་ལྷོ་ཨ་རིའི་ South America ལུང་པ་མང་པོ་དང་། སིངྒ་པུར། Singapore དང། མཱ་ལེ་ཤི་ཡ། Malaysia ཧོང་ཀོང་། Hong Kong ཐེ་ཝན། Taiwan སོགས་ལྷོ་ཤར་ཨེ་ཤི་ཡ་དང་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ། ལྷོ་ཨ་ཧྥེ་རི་ཁ། South Africa ཐ་ན་ཨུ་རུ་སུ་ Russia དང་། པོའོ་ལེནྜ་ Poland དང་ཧང་གྷེ་རི་ Hungary ལྟ་བུ་ཤར་ཡོ་རོབ་ཀྱི་དམར་ཤོག་རྒྱལ་ཁབ་བཅས་མང་ཆེ་བའི་ནང་བོད་པའི་ཆོས་ཚོགས་ཡོད། ཆོས་ཚོགས་དང་ཆོས་ལུཌ་ཀྱི་འདུ་འཛོམས་བཀག་སྡོམ་བྱེད་པའི་དམར་ཤོག་ལུང་པ་ཁག་ཅིག་གི་ནང་དུའང་མི་རྣམས་ཀྱིས་ནང་ཆོས་ལ་དགའ་མོས་ཀྱིས་གསང་བའི་ངང་ནས་འདུ་འཛོམས་དང་། ཐོས་བསམ་སློབ་གཉེར། དེ་བཞིན་རང་སོ་སོའི་སྐད་ཡིག་ནང་ཕབ་སྒྱུར་བྱ་རྒྱུའི་སླད་དམ་བསྒྲགས་བྱེད་པའི་ནང་པའི་དཔེ་ཆ་ཁག་ལྐོག་ཏུ་ཉོ་འཚོང་རྒྱག་གི་ཡོད།
འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་པའི་རྒྱུ་མཚན་ནི་༸གོང་ས་མཆོག་གཙོས་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཆིབས་སྒྱུར་དང་འབད་བརྩོན་གནང་བའི་མཐུ་ལས་ཡིན། འོན་ཏེ་སྔ་མོ་ནས་དེ་ལྟའི་དོ་སྣང་ཞིག་རྟག་ཏུ་མེད། ཡོ་རོབ་ནང་ནང་ཆོས་ཐོག་མར་ལོ་ངོ་བརྒྱ་ཕྲག་གཅིག་དང་ཕྱེད་ཀའི་སྔོན་དར་བ་དང་། ཐོག་མར་མང་ཆེ་བ་ཤྲཱི་ལངྐ་ནས་བརྒྱུད་པའི་གནས་བརྟན་སྨྲ་བའི་ཆོས་ཡིན། དེས་ན་ཐོག་མར་ཨིན་བསྒྱུར་བྱས་པའི་ཕྱག་དཔེ་དག་ཀྱང་གནས་བརྟན་སྨྲ་བའི་གཞུང་ལུགས་ཆགས་ཡོད། ནང་ཆོས་ལ་ཐོག་མར་དོ་སྣང་བྱེད་མཁན་གྱི་ཁོངས་སུ་རིགས་གཉིས་ཡོད་པ་ལས། ནང་ཆོས་ཉམས་ལེན་ལ་དོ་དབྱིངས་མེད་ཀྱང་། སྐད་ཡིག་འབའ་ཞིག་སྦྱོང་འདོད་ཡོད་པའི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་མོ་རྣམས་དང་བློ་གྲོས་ལྡན་པའི་མཁས་དབང་ཁག་ཡིན་པའམ། ཡང་ན་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་རྣམས་ཡིན། དེའི་དགོས་པ་གཙོ་བོ་ནི། ཁོང་ཚོས་ཡེ་ཤུའི་གསུང་རབ་བོད་སྐད་དུ་ཕབ་སྒྱུར་དང་ནང་པ་རྣམས་ཡེ་ཤུའི་ཆོས་སུ་བློ་ཁ་བསྒྱུར་ཐུབ་ཆེད་སྐད་ཡིག་ལ་དོ་སྣང་གིས་སྦྱོང་འདོད་བྱས་ཡོད།
དེ་ནི་ཉེ་དུས་མ་ཡིན་པར་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཕྱི་ལོ་ ༡༩༥༠ མཚམས་ནས་ནུབ་ཕྱོགས་པ་ཚོར་ནང་པའི་ཆོས་ཉམས་ལེན་ལ་དོ་དབྱིངས་ཤུགས་ཆེར་སླེབས་པ་དང་། དེ་ཡང་ཐོག་མར་ཉི་ཧོང་གྱི་ཛཻན་བསམ་གཏན་པའི་ཆོས་ལུགས་ལ་དོ་དབྱིངས་སླེབས་ཡོད། ཛཻན་ཆོས་སྲོལ་ལ་དོ་དབྱིངས་སླེབས་པ་དེའི་ཡ་ལན་གྱི་ཚུལ་དུ་དེ་རྗེས་མི་རྣམས་ཀྱིས་ནུབ་ཕྱོགས་སུ་ཛཻན་ཆོས་ཚོགས་གསར་འཛུགས་བྱེད་འགོ་བཙུགས། མ་གཞི་དེའི་སྔོན་ལ་ནང་པའི་ཆོས་དང་བསྟན་བཅོས་ལ་དོ་སྣང་ཕྲན་བུ་ཡོད་ནའང་། ནང་པའི་ཆོས་ཚོགས་ཧ་ལམ་མེད། ཛཻན་ཆོས་ཚོགས་གསར་འཛུགས་བྱས་པ་ནས་བཟུང་གནས་བརྟན་སྨྲ་བ་དང་བོད་བརྒྱུད་ནང་བསྟན་ཆོས་རྒྱུད་ཀྱི་གནད་རྣམས་ཤེས་རྟོགས་སླད་མི་རྣམས་ཀྱི་དོ་སྣང་ཇེ་ཆེར་སོང་། དེ་ནས་རིམ་བཞིན་གནས་བརྟན་སྨྲ་བ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་དངོས་སུ་འགོ་ཚུགས་ཡོད།
བོད་བརྒྱུད་ནང་བསྟན་ལ་དོ་སྣང་།
བོད་ལ་དོ་སྣང་བྱེད་མི་ཐོག་མ་དེའང་སྐད་ཡིག་འབའ་ཞིག་ལ་དོ་སྣང་ཡོད་པའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ནམ་ཡང་ན་མཁས་དབང་ཁག་ཡིན་ཞིང་། དེ་ཡང་ལོ་ངོ་བརྒྱ་ཕྲག་གཅིག་དང་ཕྱེད་ཀ་ལྷག་གི་སྔོན་ནས་འགོ་ཚུགས། ཁོང་ཚོ་ནི་ཚིག་མཛོད་བཟོ་མཁན་ཡིན། གང་ལྟར་ཁོང་ཚོ་མང་པོ་ཞིག་ནི་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་གྱི་རྒྱབ་ལྗོངས་ཡོད་པར་བརྟེན་ཚིག་མཛོད་ནང་བེད་སྤྱོད་བྱས་པའི་དབྱིན་ཇིའི་མིང་ཚིག་མང་པོ་ཞིག་གི་ནང་དོན་ལ་ཡེ་ཤུ་ཡི་ཤན་ཞུགས་ཤིང་། དེ་དག་ནི་འགྱུར་ཁུངས་དག་པོ་མེད་པ་དང་། དམིགས་བསལ་ནང་ཆོས་ཀྱི་བརྡ་ཆད་ཁག་ཕབ་སྒྱུར་ཏག་ཏག་བྱས་མེད། རྒྱུ་མཚན་དེ་བས་ན། ནང་ཆོས་ཀྱི་ཐད་གོ་བ་ལོག་སྒྲུབ་མང་པོ་ཞེ་དྲགས་བྱུང་ཡོད། དེ་དག་གི་སྐོར་ཞིབ་ཕྲ་ངས་རྗེས་སུ་ཞུ་རྒྱུ་ཡིན།
བོད་ལ་དོ་སྣང་བྱེད་མི་སྡེ་ཁག་གཉིས་པ་དེ་ནི། སོ་སོའི་ཆོས་ལུགས་དེ་ཁུངས་ལྡན་ཞིག་ཏུ་འགྱུར་ཆེད་རང་ཁེའི་སླད་བོད་དེ་བཀོལ་སྤྱོད་བྱེད་མི་ཚོ་ཡིན། ཕྱི་ལོ་ ༡༩༥༩ གོང་དང་ལྷག་པར་དུ་མི་ལོ་ལྔ་བཅུའམ་བརྒྱའི་གོང་དུ། འཛམ་གླིང་ནང་གི་མི་མང་ཆེ་བས་བོད་དང་བོད་བརྒྱུད་ནང་བསྟན་སྐོར་གང་ཡང་ཤེས་ཀྱི་མེད། མི་རྣམས་ཀྱིས་བོད་ནི་གནའ་བོའི་ཐུན་མིན་གྱི་རིག་གནས་གཅེས་སྲུང་བྱས་ནས་ཡོད་པའི་ས་ཆ་ཞིག་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་ཁོང་ཚོས་ཐུན་མིན་གྱི་རིག་གནས་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དང་བཀའ་ཡིན་པ་ཤེས་རྟོགས་ཐུབ་མེད། གང་ལྟར་ཡང་། ནུབ་ཕྱོགས་པ་ཚོས་ཐུན་མིན་གྱི་རིག་གནས་དེ་བོད་ནང་བཞུགས་ཡོད་པར་ཆ་འཇོག་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན། གང་ཡིན་ཞེ་ན། ཁོང་ཚོ་རང་གི་ཆོས་ལུགས་ཀྱི་ཐུན་མིན་གྱི་རིག་གནས་ཕལ་ཆེ་བ་བོར་བརླག་ཏུ་སོང་ཟིན། ནུབ་ཕྱོགས་པའི་ཐུན་མིན་རིག་གནས་དང་གསུང་རབ་ཀྱི་རྒྱུད་པ་ཆད་ཟིན་པ་དང་ཕལ་ཆེར་སུ་གཅིག་གི་དྲན་ལམ་དུ་མེད།
མ་གཞི་དེའི་ཐོག་ནས་མི་རྣམས་ཀྱིས་བོད་ལ་བརྩི་བཀུར་ཞིག་ཡོད་ཀྱང་། གནས་སྟངས་དེ་ཉེན་ཁ་ཅན་ཞིག་ཆགས་ཡོད། གང་ལགས་ཟེར་ན། བོད་དུ་ཉར་ཚགས་བྱས་ནས་ཡོད་པའི་གསུང་རབ་ཀྱི་བརྗོད་བྱ་རྣམས་གཞི་རྩའི་མ་རིག་པས་བསྒྲིབས་ཏེ། མི་རྣམས་ལ་ཡ་མཚན་ཅན་གྱི་བསམ་ཚུལ་མང་པོ་ཡོད་པ་དང་། མང་ཆེ་བས། བོད་ནི་རྫུ་འཕྲུལ་གྱི་སྒོ་ནས་ཡ་མཚན་ཆེ་བའི་དངོས་པོ་འབྱུང་བའི་ས་ཆ་ཞིག་དང་། དེར་མི་ཕལ་ཆེ་བར་གནམ་ལ་འཕུར་བ་དང་ཕན་ཚུན་སེམས་ཀྱི་ཐོག་ནས་བརྡ་སྤྲད་དེ་འབྲེལ་བ་བྱེད་པའི་ནུས་པ་དམིགས་བསལ་དེ་འདྲ་ཡོད་ཅེས་བསམས་པ་རེད།
བོད་བརྒྱུད་ནང་བསྟན་དང་འདྲ་བའི་ཆོས་སྲོལ་ལམ་ལུགས་ཡོད་པའི་རྐྱེན་གྱིས་མགོ་རྨོངས་པ།
སྐབས་རེ་ནུབ་ཕྱོཌ་པ་འགའ་ཞིག་ལ་རང་གི་འཆར་སྣང་ཡོད་པའམ། ཡང་ན་རྣམ་ཤེས་འགའ་ཞིག་བརྒྱུད་ངག་ནས་གང་སྨྲས་པར་གཞི་བཞག་སྟེ། ཁོང་ཚོས་ཆོས་ཕྱོགས་ཀྱི་ལམ་ལུགས་གསར་པ་ཞིག་འགོ་འཛུགས་བྱེད་ཀྱི་ཡོད། ཆོས་ལུགས་དེ་དག་ཁུངས་ལྡན་ཡིན་མིན་གནས་ཚུལ་ཐ་དད་རེད། བོད་ནང་དུའང་དག་སྣང་གི་ཆོས་སྲོལ་ཞིག་ཀྱང་ཡོད། འོན་ཏེ་མཚམས་རེ་ཁོང་ཚོས་གསར་གཏོད་བྱས་པའི་ཆོས་ལུགས་དེ་ཁུངས་ལྡན་ཡིན་པར་མི་རྣམས་ཀྱིས་ཆ་འཇོག་བྱ་ཕྱིར། ཆོས་ལུགས་དེ་བོད་ནས་བརྒྱུད་པ་ཞིག་ཡིན་པའམ། ཡང་ན་བོད་ཀྱི་བླ་མའམ་སློབ་དཔོན་འགའ་ཞིག་གིས་ཁོང་ཚོར་སེམས་ཉིད་ཀྱི་ལམ་ནས་ཆོས་རྣམས་བརྡ་སྤྲོད་ཚུལ་བརྗོད་ཀྱི་ཡོད། དེར་ཁུངས་ལྡན་མིན་པར་ཤོད་ཐུབ་མཁན་བོད་རིགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མེད་པ་དང་། དོན་དམ་པའི་བོད་ཀྱི་ཆོས་སྲོལ་དེ་གང་ཡིན་ཤེས་མཁན་ཕྱི་རྒྱལ་བ་མེད་སྟབས། མི་རྣམས་ཀྱིས་བསམ་པར། བོད་རིགས་ཚོར་དད་པ་བྱ་ཡུལ་སྣ་ཚོགས་ཡོད་པར་ཡིད་ཆེས་བྱས་ཡོད། སྐབས་རེ་ཆོས་ལུགས་གསར་པ་དེ་ཧིན་དྷུ་དང་། སུ་ཧྥི་ཁ་ཆེ། Sufi Muslim ནང་པ། ནུབ་ཕྱོགས་ཀྱི་ལྟ་གྲུབ་མཉམ་བསྲེས་བྱས་པ་ཞིག་དང་། སྐབས་རེ་ཡ་མཚན་ཅན་གྱི་ལྟ་བ་རང་ལས་མ་འདས། དེ་ལྟར་ཕྱོགས་གཅིག་ནས། ལྷ་ལམ་སྨྲ་བའི་ཆོས་ལུགས་ Theosophy ཞེས་པ་ཞིག་ཡོད་ཅིང་། འཛམ་གླིང་ས་ཕྱོགས་གང་སར་དེའི་ཆོས་ཚོགས་ཡོད་པ་དང་བྱ་བ་བཟང་པོ་སྒྲུབ་ཀྱི་ཡོད། ཆོས་ཚོགས་གཙོ་བོ་དེ་མ་ཌ་ར་སི་ Madras ལ་རྟེན་གཞི་བྱས་ཡོད། དེ་ཡང་མཐར་གཏུགས་ན་མིང་ལ་བློ་བཟང་རམ་པ་ཞེས་པའི་དབྱིན་འཇིའི་རྩོམ་པ་པོ་ཞིག་ལ་ཐུག་གི་ཡོད། ཁོ་པས་བོད་པ་ཚོས་མིག་གསུམ་པ་ཞིག་འདོན་ཕྱིར་མིའི་དཔྲལ་བར་ཨི་ཁུང་འབིག་སྐོར་བརྗོད་ཡོད།
བོད་པའི་ཆོས་ཚོགས་སུ་ཡོང་མཁན་མི་གསར་པ་ཁ་ཤས་དེང་སང་ཡང་ཆོས་ལུགས་དེ་དག་ལས་ཐོན་པའི་དཔེ་དེབ་བཀླགས་པ་བརྒྱུད་བོད་ལ་དོ་སྣང་སླེབས་པའི་རྐྱེན་གྱིས་ཡོང་བ་དང་། དེ་དག་གིས་ཁུངས་བོད་ལ་ཐུག་ཡོད་ཚུལ་བརྗོད་ཀྱི་ཡོད། མི་དེ་དག་གིས་བོད་ལ་གུས་བརྩི་བྱེད་པ་དང་ཡོན་སྦྱོར་བྱེད་མཁན་ཡང་ཆགས་ཀྱི་རེད། ལྷ་ལམ་སྨྲ་བའི་སྤྱི་ཚོགས་ཀྱི་ཆོས་ཚོགས་ཁག་ཅིག་གིས་ཁོང་ཚོའི་ལྟེ་གནས་སུ་༸གོང་ས་མཆོག་གཟིགས་སྐོར་དང་གསུང་བཤད་གནང་བར་གདན་འདྲེན་ཞུས་ཡོད་པ་མ་ཟད། ༸གོང་ས་མཆོག་གི་ཕྱག་དཔེ་འགའ་དབྱིན་ཡིག་ནང་པར་སྐྲུན་ཞུས་ཡོད། དེས་ན་མི་དེ་ཚོར་བོད་བརྒྱུད་ནང་བསྟན་ངོ་མ་གང་ཡིན་དང་། གང་ཞིག་ནང་ཆོས་དང་འདྲ་པོ་ཡོད་པ། ཐབས་མཁས་པའི་ཐོག་ནས་ཇི་ལྟར་བྱ་དགོས་པ་དབྱེ་འབྱེད་ཐུབ་ཕྱིར་ཆོས་ལུགས་གཞན་གྱི་སྐོར་ཕྲན་བུ་ཤེས་རྟོགས་བྱ་རྒྱུ་གལ་ཆེན་པོ་ཡིན། དེ་མིན་མི་རྣམས་ལ་ནང་ཆོས་ཐད་གོ་ནོར་ཐེབ་ཉེན་ཡོད། དཔེར་ན། དུས་རབས་གསར་པའི་ནང་ཐོན་པའི་ལམ་ལུགས་ཁ་ཅིག་གིས། འགྲོ་བ་མི་ཤི་བའི་རྗེས་སུ་མི་ཁོ་ནར་སྐྱེ་བ་ལེན་པ་དང་། དུད་འགྲོ་རྣམས་ཀྱང་དུད་འགྲོ་ཁོ་ནར་སྐྱེ་བ་བླངས་སྟེ། སྐྱེ་བ་བཟང་སར་མ་གཏོགས་ངན་སར་ལེན་གྱི་མེད་ཚུལ་བརྗོད་ཀྱི་ཡོད། ལམ་ལུགས་དེ་དག་ཁས་ལེན་བྱེད་མཁན་མི་མང་པོ་ཞིག་གིས་དེ་ནི་ནང་པའི་ཆོས་སྲོལ་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད།
སློབ་གཉེར་ཚད་མ་ལོངས་པའི་རྐྱེན་གྱིས་མགོ་རྨོངས་པ།
ནང་ཆོས་ཐོག་ལ་ད་དུང་མགོ་རྨོངས་ཀྱི་འབྱུང་གཞི་གཞན་ཡོད་དེ། ནང་ཆོས་ལ་སློབ་གཉེར་དཔྱིས་ཕྱིན་པ་བྱ་རྒྱུའི་གོ་སྐབས་མ་ཐོབ་པའི་སྲོལ་འབྱེད་བྱེད་པོ་ཁག་གིས་གནའ་བོའི་གསུང་རབ་ཁག་ཅིག་བོད་ཡིག་ནས་དབྱིན་ཡིག་ཏུ་ཕབ་སྒྱུར་ཞུས་པ་དག་ཡིན། དེ་ནི་ཁོང་ཚོ་རང་གི་ནོར་འཁྲུལ་མ་ཡིན། དཔེ་ཆ་དེ་དག་ལས་མང་པོ་ཞིག་གིས་རྫུ་འཕྲུལ་ཐོག་ལ་ནན་བརྗོད་བྱེད་པ་དང། ཁོང་ཚོས་འགྲེལ་བཤད་མེད་པའམ། ཡང་ན་ཡ་མཚན་ཅན་གྱི་འགྲེལ་བཤད་ཐོག་ནས་མིའི་རུས་པ་གསང་སྔགས་ཉམས་ལེན་གྱི་ཡོ་ཆས་ཡིན་པ་ལྟ་བུའི་ཡ་མ་ཟུང་གི་རྣམ་པ་མང་པོ་ཞིག་ངོ་སྤྲོད་བྱས་ཡོད། དཔེ་ཆ་དེ་དག་ལས་མི་ཚོར་བོད་བརྒྱུད་ནང་བསྟན་ཐོག་ལ་བསམ་ཚུལ་ཁྱད་མཚར་པོ་དེ་འདྲ་བྱུང་ཡོད།
ད་དུང་དཔེ་ཆ་མང་པོ་ཞིག་བོད་པའི་བླ་མ་སུ་གཅིག་དང་མཉམ་དུ་གོ་བསྡུར་མ་བྱས་པར་གཙུག་ལག་སློབ་གྲྭ་ཁག་ནང་གི་ནུབ་ཕྱོགས་དང་རྒྱ་གར་མཁས་པ་ཁག་ཅིག་གིས་ཕབ་སྒྱུར་བྱས་པ་དང་། ཁོང་ཚོར་རང་གི་ཚིག་མཛོད་དང་ལེགས་སྦྱར་སྐད་ཀྱི་འགྲེལ་བ་ཡོད་ཅིང་། ང་རྒྱལ་དང་བཅས་དཔེ་ཆའི་ནང་དོན་ཐོག་ནང་པ་རང་ལས་མཁས་པར་རློམ་སེམས་སྐྱེ་ཡི་ཡོད། འོན་ཀྱང་། དཔེ་ཆའི་ནང་དོན་མང་ཆེ་བ་ཁོང་ཚོས་ཚོད་དཔག་འབའ་ཞིག་བྱེད་པ་མ་ཟད། ལག་ལེན་ནམ་ལུང་རྒྱུན་ཐོག་ལ་དོ་དབྱིངས་མེད། ཁོང་ཚོའི་འགྱུར་ལ་ནོར་འཁྲུལ་མང་པོ་ལྡན་ཞིང་། མ་གཞི་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་ཐོབ་པའི་ནུབ་ཕྱོགས་ཀྱི་གཞོན་སྐྱེས་མཁས་དབང་རྣམས་ད་ཆ་བློ་ཁ་ཡངས་པ་ཡོད་ནའང་། ད་དུང་ནུབ་ཕྱོགས་གཙུག་ལག་སློབ་གྲྭའི་མཁས་པ་ཚོས་དཔེ་ཆ་དེ་འདྲ་སྒྱུར་བཞིན་མཆིས།
འཁྲིག་སྤྱོད་ཀྱི་འཆར་སྣང་ཐད་མགོ་རྨོངས་པ།
དེ་མིན་བོད་བརྒྱུད་ནང་བསྟན་ཐོག་གནས་ཚུལ་ནོར་བ་འབྱུང་གཞི་གཅིག་ནི། གསང་སྔགས་ཀྱི་ནང་འཁྲིག་སྤྱོད་ཀྱི་འཆར་སྣང་ལ་གོ་ལོག་ཐེབས་པའི་རྐྱེན་གྱིས་རེད། དུས་རབས་བཅུ་དགུ་པའི་ནང་ནུབ་ཕྱོགས་ཀྱི་མཁས་དབང་ཚོས་བོད་བརྒྱུད་ནང་བསྟན་ལ་ཐོག་མར་རྒྱུས་མངའ་བྱུང་། དེའང་སྔགས་ཀྱི་ཡི་དམ་གྱི་ལྷ་རྣམས་ཡབ་ཡུམ་ཟུང་འབྲེལ་གྱི་རྣམ་པར་བཞུགས་པའི་སྣང་བརྙན་མཇལ་བ་དང་འཁྲིག་སྦྱོར་དང་འབྲེལ་བའི་གོ་དོན་ཅན་གྱི་ཚིག་འཁོད་པའི་སྔགས་ཀྱི་དཔེ་ཆ་བཀླགས་པ་ལས་བྱུང་། ཡོ་རོབ་ཀྱི་མི་དང་ལྷག་པར་དུ་དབྱིན་འཇི་མི་ཚོའི་བསམ་པར། དུས་སྐབས་དེ་ནི་དབྱིན་ཇིའི་རྒྱལ་མོ་ཝིག་ཊོ་རི་ཡའི་ Queen Victoria རྗེས་ཀྱི་ལྦིག་ཊོ་རི་ཡའི་དུས་སྐབས་ཡིན་པར་སེམས། མི་རྣམས་ཀྱིས་འཁྲིག་སྦྱོར་དང་འབྲེལ་བ་གང་ཡིན་པ་ཐམས་ཅད་སྡུག་ཅག་ཏུ་འཛིན་ཞིང་། དེ་བས་ན་ཁོང་ཚོས་གསང་སྔགས་དང་སྔགས་ལུགས་ཀྱི་ཐང་ཀར་གོ་ནོར་ཐེབས་ཡོད་པ་རེད། ཁོང་ཚོས་བོད་བརྒྱུད་གསང་སྔགས་ཀྱི་ནང་ཆོས་དེ་ནི་ནང་ཆོས་ཉམས་ཆག་ཕྱིན་པའི་རིགས་ཤིག་སྟེ། དེ་ལ་ཁོ་ཚོས་བླ་མའི་ཆོས་ལུགས་ཞེས་བརྗོད། དོན་དངོས་སུ་བླ་མའི་ཆོས་ལུགས་ཞེས་པའི་ཐ་སྙད་དེ་ནི་བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་གི་གྲུབ་མཐའ་ཁག་ལས་དབྱེ་བ་འབྱེད་པའི་ཕྱིར་རྒྱ་ནག་གི་མན་འཇུ་གོང་མས་བཏགས་པ་ཞིག་རེད། གནའ་བོའི་ནུབ་ཕྱོགས་མཁས་པ་ཚོས་བོད་ཀྱི་བླ་མ་དང་དགེ་འདུན་པ་རྣམས་ཀྱིས་ཆོས་ཀྱི་ཉམས་ལེན་དུ་འཇིག་རྟེན་པའི་འཁྲིག་སྤྱོད་ལ་ཞུགས་པ་དང་། ཆོས་སྐྱོང་སྲུང་མའི་དཔེ་ཆ་བཀླགས་པ་ལས་ཁོང་ཚོའི་བསམ་པར། བོད་ཀྱི་བླ་མ་ཚོས་གང་སར་ཕེབས་ཏེ་རྫུ་འཕྲུལ་གྱི་སྟོབས་ལས་སོ་སོའི་དགྲ་བོ་བསད་པ་དང་ཀ་པཱ་ལའི་ནང་ཁྲག་འཐུང་གི་ཡོད་པར་བསམ་གྱི་ཡོད།
བོད་བརྒྱུང་ནང་བསྟན་སྐོར་དཔེ་ཆ་མང་དག་ཅིག་མཁས་པ་དེ་དག་གིས་དེ་ལྟ་བུའི་ཡ་མ་ཟུང་གི་བསམ་ཚུལ་དང་བཅས་བྲིས་པ་དང་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད། དེ་ལ་བརྟེན་པའི་འབྲས་བུ་གཉིས་བྱུང་བ་ནི། དང་པོ། བོད་བརྒྱུད་ནང་བསྟན་ནི་ཉམས་ཆག་ཕྱིན་པའི་ཆོས་ལུགས་ཤིག་དང་དེའི་ཁོངས་སུ་འཁྲིག་སྤྱོད་ལག་ལེན་གཏོགས་ཡོད་པར་མི་རྣམས་ཀྱིས་ཡིད་ཆེས་བྱེད་པར་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དེས་ན་ཁོང་ཚོས་ཕྱོགས་ལྷུང་གི་བསམ་པ་ཤུགས་ཆེན་པོས་བོད་བརྒྱུད་ནང་བསྟན་ཁས་ལེན་བྱས་མེད། གལ་སྲིད་ད་དུང་ནང་ཆོས་ལ་དོ་དབྱིངས་ཡོད་ཀྱང་། གནས་བརྟན་སྨྲ་བའི་ཆོས་སྲོལ་ལྟ་བུ་ཡང་དག་པ་ཞིག་ཏུ་ཡིད་ཆེས་ནས་དེར་ཁ་ཕྱོགས་ཀྱི་ཡོད།
འབྲས་བུ་གཉིས་པ་དེ་ཉེན་ཚབས་ཆེ་བ་ཡོད། དཔེ་ཆ་དེ་དག་བཀླགས་པ་བརྒྱུད། འཁྲིག་སྦྱོར་ལ་ཆགས་སྲེད་ཤུགས་ཆེན་པོ་ཡོད་པའི་མི་འགའ་ཞིག་གིས་བོད་བརྒྱུད་ནང་བསྟན་གྱིས་སྤྱིར་བཏང་འཁྲིག་སྤྱོད་བྱེད་པ་དེ་ཆོས་ཉམས་ལེན་གྱི་ལམ་དུ་སློབ་པར་ཡིད་ཆེས་བྱེད་པ་དང་། ཁོང་ཚོས་འཁྲིག་སྤྱོད་ཀྱི་སྐོར་མང་ཙམ་ཤེས་འདོད་དང་དེ་ཇི་ལྟར་བློ་མགུ་ནུས་ཆེ་བ་བཟོ་ཐབས་ཀྱི་སྐོར་ལ་སྦྱོང་འདོད་ཀྱིས་བསམ་པས་བོད་བརྒྱུད་ནང་བསྟན་ལ་འཇུག་གི་ཡོད། དེ་ནས་ལྷའི་ཡབ་ཡུམ་གྱི་སྟངས་སྟབས་སམ་བཞུགས་སྟངས་ལྟར་བསྡད་ནས་རང་གི་ཟླ་བོ་དང་མཉམ་དུ་སྤྱིར་བཏང་འཁྲིག་སྦྱོར་བྱས་ཏེ། སོ་སོ་ཡར་ཐོན་ཅན་ནམ་ཚད་མཐོན་པོར་སླེབས་པའི་ཆོས་ཉམས་ལེན་པ་ཞིག་ཡིན་པར་བསམ་གྱི་ཡོད། ཐ་ན་གནས་སྟངས་དེ་ལས་ཟླ་བོ་མང་པོ་ཞིག་དང་མཉམ་དུ་འཁྲིག་སྤྱོད་ཀྱི་འདོད་པ་བསྐངས་ནས་ཁེ་ཕན་ལེན་འདོད་པའི་ཕྱི་རྒྱལ་དང་བོད་རིགས་གཉིས་ཀའི་དགེ་རྒན་འགའ་ཞིག་ཡོད། ཁོང་ཚོས་སོ་སོ་ཡར་ཐོན་ཅན་གྱི་གསང་སྔཌ་ཉམས་ལེན་པ་ཞིག་ཡིན་ཚུལ་མཐོང་སྣང་བྱིན་ཏེ། སྤྱིར་བཏང་འཁྲིག་སྤྱོད་ཀྱི་ལམ་དེ་ལྟར་སློབ་པའམ། ཡང་ན་རང་གི་སློབ་ཕྲུག་མང་པོ་ཞིག་རང་དང་མཉམ་དུ་འཁྲིག་པའི་བདེ་བ་རོལ་འཇུག་གི་ཡོད་པས། དོན་དངོས་སུ་དེས་གནོད་སྐྱོན་ཤུགས་ཆེན་པོ་བཟོ་གི་ཡོད།
དགེ་བའི་བཤེས་གཉེན་གྱི་གནས་ཚད་མ་ལོངས་པའི་རྐྱེན་གྱི་དཀའ་ངལ།
མགོ་རྨོངས་དང་ཕྱོགས་ལྷུང་གི་འབྱུང་གཞི་གཞན་ཞིག་ནི། འཛམ་གླིང་ནང་ནང་པ་མིན་པའམ། ཐ་ན་ནང་པ་ཡིན་ཁུལ་བྱེད་མཁན་གྱི་དགེ་རྒན་ཚོས་བཙུགས་པའི་ཆོས་ཚོགས་ཧ་ཅང་མང་པོ་ཡོད། ཁོང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་སོ་སོའི་སྟོབས་ཤུགས་སྤེལ་ནས་རང་གི་དགེ་ཕྲུག་དབང་སྒྱུར་བྱ་ཐབས་བྱས་ཏེ། དངུལ་གང་མང་འཐོབ་ཐབས་བྱེད་ཀྱི་ཡོད། ཁོང་ཚོས་རང་གི་དགེ་ཕྲུག་ཚོར་རྒྱུ་ནོར་ཐམས་ཅད་བློས་བཏང་ནས། རང་གི་དགེ་རྒན་ལ་འབུལ་དགོས་ཚུལ་བརྗོད་ཀྱི་ཡོད། དེ་བཞིན་བླ་མར་མོས་གུས་བྱེད་པའི་མིང་ཁྱེར་ནས། དགེ་རྒན་གྱིས་གང་གསུངས་པ་ཚང་མ་ངེས་པར་དུ་ལག་བསྟར་བྱ་དགོས་པ་ལས་ཡར་དྭོགས་དྲི་བྱ་མི་ཉན་ཞེས་རང་གི་དགེ་ཕྲུག་ཚོར་ཤོད་ཀྱི་ཡོད། དེ་དང་འབྲེལ་བའི་ཡོངས་གྲགས་ཀྱི་དཔེ་མཚོན་གཅིག་ནི། ལྷོ་ཨ་རིའི་ནང་དགེ་རྒན་ཞིག་གིས་རང་གི་ཚན་པའི་སྡེར་གཏོགས་དགེ་ཕྲུག་ཚང་མར་དུག་བཟའ་དགོས་ཞེས་བརྗོད་པའི་རྐྱེན་གྱིས་མི་བརྒྱ་ཕྲག་དུ་མའི་རང་སྲོག་ཤོར་ཡོད་པ་ལྟ་བུ་རེད།
དེའི་ཕྱིར་མི་རྣམས་ཀྱིས་བཤེས་གཉེན་དང་རྨོངས་དད་ཐོག་ཚད་ལས་འདས་པའི་ནན་བརྗོད་བྱེད་མཁན་གྱི་དགེ་རྒན་ཚོར་དོགས་ཟོན་ཚ་པོ་ཆགས་ཡོད། གལ་སྲིད་སློབ་ཕྲུག་སོ་སོས་དོགས་ཟོན་ཚ་པོ་མི་བྱེད་ནའང་། ཁོང་ཚོའི་ཕ་མས་སེམས་འཁྲལ་ཆེན་པོ་བྱེད་ཀྱི་ཡོད། མཚམས་རེ་ཉེན་རྟོག་པ་དང་ཆབ་སྲིད་དང་འབྲེལ་བའི་མཐོང་མཆན་གཉིས་ཀའི་ཐོག་ནས་དཀའ་ངལ་ཡོང་སྲིད། ཅི་སྟེ་བོད་པའི་དགེ་རྒན་ཞིག་ལ་གནད་དོན་དེ་ལྟར་རྒྱུན་དུ་འབྱུང་ན། དེས་བོད་ཀྱི་གནད་དོན་ལ་གནོད་ཚབས་ཆེན་པོ་དང་༸གོང་ས་མཆོག་གི་མཚན་སྙན་ལའང་གནོད་སྲིད། གང་ཡིན་ཟེར་ན། ཕྱི་རྒྱལ་བ་ཚོས་གསར་ཤོག་ནང་དེ་དག་གི་སྐོར་འགོད་རྒྱུ་དགའ་པོ་ཡོད། དེ་ལྟ་བས་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དང་པོ་སླེབས་སྐབས་དང་ཕྱིས་སུ་དགེ་ཕྲུག་གསར་བུ་བ་ཚོར་སློབ་འཁྲིད་བྱེད་སྐབས་བཤེས་གཉེན་ལ་དད་པ་དང་མོས་གུས་སྐོར་ཧ་ཅང་མང་པོ་སློབ་འཁྲིད་བྱ་རྒྱུ་མེད་པ་གལ་ཆེན་པོ་ཡིན།
བརྡ་ཆད་ཕབ་སྒྱུར་བྱས་པའི་གོ་དོན་ཏག་ཏག་མེད་པའི་རྐྱེན་གྱིས་མགོ་རྨོངས་པ།
ཉེ་བའི་ཆར་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་བརྒྱ་ཕྲག་མང་པོ་ཡོད་པ་དང་། མང་པོ་ཞིག་གི་ནང་བོད་པའི་དགེ་བཤེས་དང་བླ་མ་ཚོས་སློབ་འཁྲིད་གནང་ཞིང་། དགེ་རྒན་ཚད་ལྡན་ཡོད་ནའང་ད་དུང་གོ་ལོག་ཐེབས་པ་མང་པོ་ཡོད། ང་རང་གི་ཉམས་མྱོང་ལས་མཐོང་བར་གཞིགས་ན། གལ་སྲིད་མི་རྣམས་ཀྱིས་དཔེ་ཆ་ཡ་མ་ཟུང་དེ་དག་བཀླགས་པ་ལས་ལོག་རྟོག་སྐྱེས་མེད་ནའང་། དགེ་རྒན་ཚད་ལྡན་དེ་དག་གི་གསུང་སྒྱུར་བའི་སྐད་ཡིག་བེད་སྤྱོད་གཏོང་སྟངས་ལས་མགོ་རྨོངས་སུ་བཅུག་པའམ། ཡང་ན་དགེ་བཤེས་དང་བླ་མ་དེ་དག་གིས་དབྱིན་ཇིའམ་ཕྱི་རྒྱལ་གྱི་སྐད་ཡིག་གཞན་ནང་ཐད་ཀར་སློབ་ཁྲིད་བྱེད་སྐབས་སྐད་ཡིག་གི་ཐོག་ནས་ཁོང་ཚོ་མགོ་རྨོངས་སུ་བཅུག་སྟེ་ལམ་ལོག་པར་འཁྲིད་ཀྱི་ཡོད།
ངས་གོང་དུ་བརྗོད་ཟིན་ལྟར། ཚིག་མཛོད་མང་ཆེ་བ་ཡེ་ཤུ་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ནམ་ཝིག་ཊོ་རི་ཡའི་ Victorian མཁས་དབང་ཚོས་དུས་རབས་བཅུ་དགུ་པའི་ནང་བརྩམས་པ་རེད། ཁོང་ཚོས་བེད་སྤྱད་པའི་མིང་ཚིག་མང་ཆེ་བར་ཡེ་ཤུའི་ཤན་ཞུགས་པ་དང་མི་རྣམས་ལ་གོ་བ་ལོག་པ་སྟེར་གྱི་ཡོད། ནུབ་ཕྱོགས་པ་ཞིག་གིས་ཚིག་མཛོད་ཀློག་པའི་སྐབས་དགེ་བ་དང་། མི་དགེ་བ། བསོད་ནམས། སྡིག་པ་ཞེས་པའི་ཐ་སྙད་ཀྱི་དབྱིན་ཇིའི་འགྱུར་ལ་རིམ་པ་བཞིན་དུ་ “virtue” དང་། “nonvirtue” “merit” “sin” བཅས་མཐོང་དུས། རང་བཞིན་གྱིས་བོད་ཚིག་གི་ནང་དོན་དངོས་གང་ཡིན་པ་དེ་དབྱིན་ཇིའི་འགྱུར་གྱི་གོ་དོན་ངོ་མ་དེ་རེད་སྙམ་གྱི་ཡོད། འོན་ཀྱང་དབྱིན་ཇིའི་ཚིག་དེ་དག་གིས་ཤུགས་ལ་འཇིག་རྟེན་བཀོད་པ་པོ་ཡོད་པར་སྟོན་པ་དང་། འཇིག་རྟེན་བཀོད་པ་པོས་ལས་བྱེ་བྲག་པ་ཞིག་བཟང་པོ་དང་གང་ཞིག་ངན་པ་ཡིན་པར་བརྗོད། གལ་སྲིད་རང་གིས་བྱ་བ་བཟང་པོ་བསྒྲུབས་ནས་དཀོན་མཆོག་ཐུགས་དགྱེས་པར་བྱས་ཚེ། རང་ལ་བྱ་དགའ་སྤྲོད་ཅིང་། ལས་ངན་པ་བྱས་ཚེ་ཐུགས་འཁྲུགས་ནས་རང་ལ་ཉེས་ཆད་འགེལ་གྱི་ཡོད། དེར་བརྟེན་མི་རྣམས་ཀྱིས་དབྱིན་ཇིའི་མིང་ཚིག་ལས་ཤེས་རྟོགས་བྱུང་བའི་བཟང་སྤྱོད་དང་འབྲེལ་བའི་ཐུན་མིན་གྱི་གོ་དོན། དཔེར་ན། ཨིན་སྐད་ནང་གི་ virtue དང་ sin སོགས་ནི་ནང་ཆོས་ཀྱི་གོ་བ་དང་ཁྱད་པར་ཆེ་ཞིང་། དེ་བཞིན་བོད་པ་ཞིག་གིས་ཚིག་མཛོད་དེ་ཀློག་སྐབས། མིང་ཚིག་དེ་དག་མཐོང་ནས་དབྱིན་ཇིའི་མིང་ཚིག་ virtue ལ་སོགས་པའི་གོ་དོན་རྣམས་བོད་ཚིག་གི་གོ་དོན་གང་ཡིན་པ་ལྟར་རེད་སྙམ་གྱི་ཡོད། འོན་ཀྱང་གོ་དོན་གཅིག་པར་མི་གནས། དེས་ན། མ་གཞི་བོད་པ་དང་ནུབ་ཕྱོགས་པ་སུ་གང་གི་ནོར་འཁྲུལ་མ་ཡིན་ཀྱང་། མགོ་རྨོངས་དང་གོ་བ་ལོག་སྒྲུབ་དུ་མ་ཞིག་ནི་རྒྱུ་མཚན་དེ་དག་ལ་བརྟེན་ནས་འབྱུང་གི་ཡོད།
དེ་ལྟར་བརྡ་ཆད་ཕབ་སྒྱུར་བྱས་པའི་ཉེར་ལེན་ལ་བརྟེན་ནས་ལམ་ལོག་པར་འཁྲིད་པའི་དཔེ་མཚོན་བརྒྱ་ཕྲག་དུ་མ་ཡོད། ལྷག་པར་དུ་དབྱིན་སྐད་ནས་ཕྱི་རྒྱལ་གྱི་སྐད་རིགས་གཞན་ནང་ཕབ་སྒྱུར་བྱེད་སྐབས་དཀའ་ངལ་དེ་བས་ཚབས་ཆེ་རུ་འགྲོ་གི་ཡོད། ཐོག་མ་ནས་འགྱུར་ཁུངས་མ་དག་པའི་དབྱིན་ཇིའི་མིང་ཚིག་ཁག་སི་པེ་ནི་ཤི་དང་འཇར་མན་སྐད་ཡིག་ནང་བསྒྱུར་བས། དེས་དབྱིན་ཇིའི་གོ་དོན་དེ་ཡང་ཏག་ཏག་སླེབས་ཀྱི་མེད།
བརྡ་ཆད་ཕབ་སྒྱུར་དང་འབྲེལ་བའི་བསམ་འཆར།
དེ་བས་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་འཁྲིད་བྱེད་སྐབས། ནང་ཆོས་ཀྱི་ཐ་སྙད་གནད་འགག་ཆེ་ཤོས་ཁག་གི་མཚན་ཉིད་འགྲེལ་བརྗོད་བྱ་རྒྱུ་གལ་ཆེན་ཆགས་ཡོད། དེ་ལྟར་བྱུང་ན་ནང་ཆོས་ནང་གང་གསུང་གི་ཡོད་པ་མི་རྣམས་ཀྱིས་ཤེས་རྟོགས་ཐུབ། ཕྱི་རྒྱལ་བ་རྣམས་ཀྱིས་མཚན་ཉིད་རྩོད་རྒྱུའམ་རྟགས་གསལ་གཏོང་དགོས་ངེས་ཅན་ཞིག་མ་ཡིན། འོན་ཀྱང་ཁོང་ཚོས་བྱམས་པ་དང་ངེས་འབྱུང་ལ་སོགས་པའི་ཐ་སྙད་ཀྱི་གོ་དོན་ལ་ཤེས་དགོས་ངེས་རེད། དབྱིན་ཇི་དང་ཕྱི་རྒྱལ་སྐད་རིགས་གཞན་ནང་བེད་སྤྱོད་བྱས་པའི་བོད་པའི་ཐ་སྙད་དེའི་ནང་དོན་གང་ཡིན་དགེ་བཤེས་དང་། བླ་མ། སྐད་སྒྱུར་བ་ཚོས་སྐད་ཆ་འདྲི་དགོས། དེ་འདྲའི་ཐོག་ལོག་རྟོག་གང་ཡིན་ངོས་འཛིན་ཐུབ། ཅི་སྟེ་བོད་པ་དང་ཕྱི་རྒྱལ་གྱི་ཐ་སྙད་ཀྱི་གོ་དོན་ཏག་ཏག་མཐུན་པ་མེད་ན། བོད་པའི་ཐ་སྙད་དེས་བརྗོད་བྱ་གང་ཞིག་སྟོན་གྱི་ཡོད་པ་དང་ཐག་ཉེ་ཤོས་ཀྱི་དབྱིན་ཇིའམ་སྐད་ཡིག་གཞན་གྱི་ཐ་སྙད་འཚོལ་ཐབས་བྱ་དགོས། དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། མགོ་རྙོག་བྱུང་བ་དང་ཕྱི་རྒྱལ་སློབ་ཕྲུག་གི་དྲི་བ་ལས་ཁོང་ཚོར་གོ་ལོག་ཐེབས་པ་མངོན་གསལ་དོད་པོ་ཡིན་ཚེ། ཐབས་ལམ་ཡག་ཤོས་ནི་གོ་དོན་འགྲེལ་བརྗོད་བྱ་རྒྱུ་དེ་ཡིན། དེ་ནས་ང་ཚོས་མཚན་ཉིད་འདིའི་ནང་དོན་གང་ཡིན་བརྗོད་པ་ལས་སྐད་སྒྱུར་བས་བེད་སྤྱོད་བྱེད་པའི་དབྱིན་ཇིའི་མིང་ཚིག་སྐོར་ལ་ཤོད་ཀྱི་མེད་ཅེས་བརྗོད་དགོས། གང་ཡིན་ཞེ་ན། སྐད་སྒྱུར་བས་དུས་རབས་བཅུ་དགུ་པའི་ནང་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ཚོས་བཟོས་པའི་ཚིག་མཛོད་ནང་གི་མིང་ཚིག་ཁག་བེད་སྤྱོད་བྱེད་བཞིན་ཡོད། འོན་ཀྱང་དབྱིན་ཇིའི་ཚིག་དེ་དག་གི་གོ་དོན་ཏག་ཏག་མེད།
མཐར་ཕྱི་རྒྱལ་སྐད་ཡིག་སོ་སོའི་ནང་ཕབ་སྒྱུར་ཞུས་པའི་བརྡ་ཆད་རྣམས་གཏན་འབེབས་ཐུབ་ན་དགེ་མཚན་ཆེ་ནའང་། ད་ལྟ་ལག་བསྟར་བྱ་རྒྱུ་སྔ་དྲགས་ཡོད། དེར་བརྟེན་སྐད་སྒྱུར་བ་གསར་པ་རྣམས་ཀྱིས་རྨོངས་ཚོད་ཀྱི་ངང་ནས་ཡོངས་སུ་གྲགས་པའི་ཕྱི་རྒྱལ་སྐད་སྒྱུར་བ་འགའ་ཞིག་གིས་བེད་སྤྱོད་བྱེད་བཞིན་པའི་ཐ་སྙད་དེ་དག་རང་ལུགས་སུ་བསྟེན་མི་ཉན། སྐབས་རེ་ཕྱི་རྒྱལ་སྐད་སྒྱུར་བ་དེ་ཚོས་ཐ་སྙད་མ་ནོར་བ་བེད་སྤྱད་ནའང་། མི་མང་བྱིངས་ཀྱིས་གོ་དཀའ་བའི་ཚིག་དཀྱུས་མ་མིན་པའམ་མཁྲེགས་པོ་དེ་འདྲ་བེད་སྤྱོད་བྱས་པས། གང་བསྒྱུར་བ་རྣམས་མི་མང་ཆེ་བས་རྟོགས་ཀྱི་མེད། ཁྱད་པར་དུ་རང་གི་མ་སྐད་དབྱིན་སྐད་མ་ཡིན་པའི་སྐད་སྒྱུར་བ་ཞིག་གིས་དབྱིན་ཇིའི་ནང་སྒྱུར་སྐབས་མགོ་རྙོག་ཆེན་པོ་བཟོ་བ་དང་། གནས་སྟངས་དེ་ཡང་ཡང་ཡོང་གི་ཡོད།
ད་དུང་བོད་པའི་ཐ་སྙད་ཁག་རང་འཇགས་ལེགས་སྦྱར་སྐད་ནང་བསྒྱུར་བ་ན། མི་མང་ཆེ་བས་ལེགས་སྦྱར་གྱི་སྐད་ཤེས་ཀྱི་མེད། དཔེར་ན། མི་མང་ཆེ་བའི་ཨ་མ་ཚོས་ལེཌ་སྦྱར་གི་སྐད་མི་ཤེས་པ་ལྟ་བུ་རེད། ཁོང་ཚོས་ཆོས་ཀྱི་གོ་དོན་ཤེས་རྟོགས་ཐུབ་ཀྱི་མེད། གལ་ཏེ་ཁོང་ཚོས་ལེགས་སྦྱར་གྱི་སྐད་ཤེས་ནའང་། དེ་དག་ལ་རྒྱུན་དུ་གོ་ལོག་ཐེབས་ཀྱི་ཡོད། དཔེར་ན། “karma” ལས་ཞེས་པའི་དོན་ལ་ང་ཚོར་གང་བྱུང་བ་དང་འབྱུང་བཞིན་པ་རྣམས་རླུང་རྟའམ་དཀོན་མཆོག་ལ་བརྟེན་ནས་འབྱུང་བར་བསམས་པ་ལྟ་བུ། དེར་བརྟེན་བརྡ་ཆད་གཏན་འབེབས་བྱ་རྒྱུ་དང་ལེགས་སྦྱར་ནས་བོད་སྐད་དམ་རྒྱ་སྐད་དུ་ཕབ་སྒྱུར་བྱེད་པར་དུས་རབས་མང་པོ་འགོར་ཡོད་པ་ལྟར། དེང་དུས་ཕྱི་རྒྱལ་གྱི་སྐད་ཡིག་དང་འགྲོ་སྟངས་གཅིག་མཚུངས་ཡིན། ད་ནི་ཕབ་སྒྱུར་བྱས་པའི་ཐ་སྙད་སྣ་ཚོགས་ལས་གང་ཞིག་གིས་མ་ཕྱིའི་གོ་དོན་ལེགས་ཤོས་སྟོན་གྱི་ཡོད་མིན་ཚོད་ལྟ་བྱ་རྒྱུའི་དུས་ལ་སླེབས་ཡོད། ཕྱི་རྒྱལ་བ་རྣམས་རྒྱུན་དུ་ངང་རྒྱུད་ཐུང་ཐུང་དང་བྲེལ་ཟིང་ཧ་ཅང་ཆེ་ནའང་། ཕབ་སྒྱུར་ལེགས་ཤོས་གང་ཡིན་འཚོལ་སྒྲུབ་བྱེད་པའི་ལས་དོན་འདིར་བྲེལ་བ་བྱ་རྒྱུ་མེད།
དེས་ན་ཕྱི་རྒྱལ་དུ་ནང་པའི་ཆོས་ཚོགས་ནང་སློབ་ཁྲིད་དམ་སྐད་སྒྱུར་བྱ་རྒྱུ་དེ་འགན་འཁྲི་ཆེན་པོ་ཞིག་ཡིན། དེར་ཕྱོགས་ལྷུང་དང་གོ་བ་ལོག་སྒྲུབ་མང་པོ་ཡོད། འོན་ཀྱང་ཕྱི་རྒྱལ་བ་གཅིག་པུ་ཙམ་མ་ཡིན་པར། ཤུགས་ལ་བོད་དོན་ཐོག་ལའང་ཕན་ཐོགས་ཆེ། འཛམ་གླིང་ནང་ཉིན་རེ་ལས་མ་བསྡད་པར་མི་མང་པོ་ཞིག་གི་མིག་སྔར་བོད་རིགས་ལ་མཐོང་སྣང་བཟང་པོ་དང་འཛམ་གླིང་ཞི་བདེར་ཕན་པའི་ནང་ཆོས་ཀྱི་བསླབ་བྱ་མང་པོ་ལེགས་སྐྱེས་སུ་འབུལ་གྱིན་ཡོད། རང་གི་རིག་གཞུང་ལ་དགའ་སྣང་དང་གཅེས་སྲུང་བྱ་རྒྱུའི་ཐོབ་ཐང་ཡོད་པའི་བོད་རིགས་ཚོར་ཁོང་ཚོས་སྙིང་རྗེ་ཇི་ཙམ་སྐྱེས་ཀྱང་། དེར་མནོ་བསམ་གཏོང་རྒྱུའི་གནད་དོན་གཞན་དག་ཀྱང་མཆིས།
བོད་རིགས་གཞོན་སྐྱེས་ཚོར་སློབ་ཁྲིད་བྱ་རྒྱུར་སྣང་ཆུང་མི་གཏོང་བ།
འབྱུང་འགྱུར་བོད་བརྒྱུད་ནང་བསྟན་གྱི་གཏད་སོ་དེ་ཕྱི་རྒྱལ་མི་རིགས་ཀྱི་ལག་ཏུ་མེད་པར། བོད་རིགས་གཞོན་སྐྱེས་ཚོའི་ལག་ཏུ་ཡོད། ནང་པའི་གཞུང་ཉུང་ཤས་ཤིག་ལས་ཕབ་སྒྱུར་ཐུབ་མེད་པ་དང་ཕྱི་རྒྱལ་བ་ཉུང་ཤས་ཤིག་ཙམ་ལས་རང་གི་དུས་ཚོད་བརྒྱ་ཆ་བརྒྱ་ཐམ་པ་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་གྱི་ནང་ཆོས་སློབ་གཉེར་བྱ་རྒྱུའི་ཐོག་ལ་འབད་པ་གཅིག་ཏུ་གཏད་ཐུབ་མཁན་ཡང་མེད། རྒྱུ་མཚན་དེར་བརྟེན། ནང་ཆོས་ཀྱི་རྒྱུན་དང་དབང་ལུང་རྒྱུན་འཁྱོངས་བྱེད་པ་དང་དར་སྤེལ་གཏོང་ནུས་མཁན་ནམ་ཡང་ན་མ་འོངས་པའི་དུས་སུ་སློབ་ཁྲིད་དང་སྦྱོང་བརྡར་དཔྱིས་ཕྱིན་པ་སྤྲོད་ཐུབ་མཁན་ཕྱི་རྒྱལ་བ་ཚོ་མི་ཆགས་པར། དེ་ནི་བོད་རིགས་གཞོན་སྐྱེས་ཚོ་ཆགས་ཀྱི་རེད། དེ་བས་ན་རྒྱུན་དུ་དོ་ནན་བྱ་ཡུལ་གཙོ་བོ་ནི། དགོན་སྡེ་ཁག་ནང་གི་གཞོན་སྐྱེས་རབ་ཏུ་བྱུང་བ་རྣམས་ལ་སྦྱོང་བརྡར་སྤྲོད་རྒྱུ་དེ་ཆགས་ཡོད།
གལ་སྲིད་ཕྱི་རྒྱལ་གྱི་ནང་པའི་ཆོས་ཚོགས་ཚང་མར་བཅའ་སྡོད་དགེ་བཤེས་སམ་བླ་མ་དང་སྐད་སྒྱུར་བ་རེ་ཡོད་པའམ། དེ་ལྟར་ཡོད་དགོས་པའི་དམིགས་ཡུལ་བཟུང་ཞིང་། དེ་དག་གནས་ཚད་ཧ་ཅང་ཚད་མཐོན་པོ་ཡོད་ན། འབྱུང་འགྱུར་མཁས་པ་ཕྱི་ཤོར་གྱི་དཀའ་ངལ་ཚབས་ཆེན་འཕྲད་སྲིད། ཕྱི་རྒྱལ་བ་ཕལ་ཆེ་བར་བྲེལ་ཟིང་ཚ་པོ་བྱས་ཏེ་ཆོས་ཚོགས་ནང་གཟའ་འཁོར་རེར་ཚོགས་ཐུན་གཉིས་རེ་མ་གཏོགས་བཅར་ཐུབ་ཀྱི་མེད་སྟབས། དགེ་བཤེས་དང་བླ་མ་རྣམས་ཀྱི་དུས་ཚོད་མང་ཆེ་བ་ཆུད་ཟོས་སུ་འགྲོ་གི་ཡོད། དེ་བཞིན་རྒྱ་གར་ནང་གི་དགོན་སྡེ་མང་པོར་ཚད་ལྡན་དཔེ་ཁྲིད་གནང་མཁན་དཀོན་དུ་འགྲོ་ཉེན་ཡོད། དེའི་ཉེར་འབྲས་སུ། ཁུངས་དག་ཅིང་ཚད་མཐོ་བའི་བོད་བརྒྱུད་ནང་བསྟན་འདི་མི་རབས་རྗེས་མའི་སྐབས་བོར་བརླག་འགྲོ་ཉེན་ཡོད།
དེས་ན་ཚད་དང་ལྡན་པའི་དགེ་རྒན་རྩེ་ཕུད་རྣམས་རྒྱ་གར་དང་བལ་ཡུལ་ནང་བཞུགས་རྒྱུ་གལ་ཆེ་ལ། ཕྱི་རྒྱལ་དུ་དགེ་རྒན་གཏོང་སྐབས། འདིར་སློབ་ཁྲིད་གནང་མཁན་མ་ཡིན་པའི་དགེ་བཤེས་དང་བླ་མ་འབའ་ཞིག་གཏོང་དགོས། དེ་མིན་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ཚད་ལྡན་དང་། ལྷག་པར་དུ་གཞུང་ཆེན་དཔེ་ཁྲིད་གནང་མཁན་རྣམས་ཕྱིར་ཕེབས་ན། གཞོན་སྐྱེས་རབ་བྱུང་རྣམས་ལ་གྱོང་གུན་ཆེན་པོའི་ནང་ལྷག་ངེས། འོན་ཀྱང་ཕྱི་རྒྱལ་ལ་འགྲོ་མཁན་གྱི་དགེ་རྒན་རྣམས་རྩེ་གྲས་ཡིན་མི་དགོས་ལ་འདི་ཁུལ་དཀའ་ངལ་ལས་གཡོལ་ཕྱིར་རམ་ནུབ་ཕྱོགས་སུ་མི་ཚེ་སྐྱིད་པོ་ཞིག་སྐྱེལ་ཕྱིར་དགོན་པ་ལས་ཐོན་འདོད་པའི་དགེ་རྒན་ཚད་མ་ལོངས་པའང་ཡིན་མི་དགོས། ཅི་སྟེ་ཕྱི་རྒྱལ་ལ་འགྲོ་མཁན་གྱི་དགེ་རྒན་དེར་ནང་ཆོས་ཀྱི་ཤེས་ཚད་ཡག་པོ་མེད་པའམ་ཚུལ་ཁྲིམས་ཀྱི་ཆ་ནས་ཀུན་སྤྱོད་ཚུལ་མཐུན་མེད་ཚེ། མི་རྣམས་ལ་མཐོང་སྣང་མི་མཛེས་པ་ཡོང་། དེའི་ཤུགས་ལས་༸གོང་ས་མཆོག་གི་མཚན་སྙན་དང་བོད་ཀྱི་རྩ་དོན་ལ་གནོད་སྲིད། དེས་ན་དགེ་རྒན་དེར་འབྲིང་རིམ་གྱི་ཡོན་ཏན་དང་ཆ་རྐྱེན་རྣམས་ཚང་དགོས།
ནུབ་ཕྱོགས་སུ་དགེ་རྒན་གཏོང་ཕྱོགས་ཀྱི་སྲིད་བྱུས།
སྤྱིར་བཏང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དགེ་རྒན་དང་བླ་མ་གཏོང་ཕྱོགས་དང་འགྲུལ་བཞུད་གནང་ཕྱོགས་ཐད་སྟངས་འཛིན་ཤུགས་ཆེ་ཙམ་ཡོད་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན། དགེ་རྒན་རྣམས་ཕྱི་རྒྱལ་ཏུ་མ་ཕེབས་གོང་རང་རང་སོ་སོའི་མཁན་པོའི་དྲུང་ནས་ཕྱིར་བསྐྱོད་ཆོག་པའི་ཆོག་མཆན་ངེས་ཞུ་དགོས་པ་དང་། དེ་དག་ཚང་མ་ཆོས་རིག་ལྷན་ཁང་གི་ལམ་སྟོན་འོག་མཆིས་ཚེ་ཕལ་ཆེར་ཕན་ཐོགས་ངེས་ཅན་ཞིག་ཡོང་།
གལ་སྲིད་དོ་དབྱིངས་ཡོད་ན་གྲོང་ཁྱེར་ཆེ་ཁག་ནང་བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་བཞི་ཀ་ནས་སོ་སོའི་ཆོས་ཚོགས་རེ་འཛུགས་ཐུབ་ཚེ་ཡག་པོ་ཡོད། འོན་ཀྱང་སྐབས་རེ་གྲོང་ཁྱེར་གཅིག་ནང་ཆོས་རྒྱུད་གཅིག་ནས་ཡིན་པའི་ཆོས་ཚོགས་མང་པོ་ཡོད་པ་དང་། མཚམས་རེ་གྲོང་ཁྱེར་གཅིག་གི་ནང་དགོན་པ་གཅིག་པའི་དགེ་རྒན་འདྲ་མིན་གྱི་ཆོས་ཚོགས་མང་པོ་ཞིག་ཡོད། དེ་ནི་ནང་པའི་སྲོལ་རྒྱུན་ཁྲོད་བཤེས་གཉེན་བསྟེན་པའི་ཚད་ཀྱི་གནད་འགག་ཤེས་རྟོགས་མེད་པ་དང་ཕྱི་རྒྱལ་གྱི་ནང་པ་གཞན་དང་མཉམ་བཞུགས་བྱ་འདོད་པའི་ཕྱི་རྒྱལ་བ་རྣམས་ལ་མགོ་རྙོག་ཡོང་གཞི་ཆེན་པོ་ཞིག་ཡིན། ས་ཆ་གཅིག་ནང་ཆོས་ཚོགས་མང་པོ་རྟེན་གཞི་བྱེད་སྐབས་རྒྱུན་དུ་འགྲན་བསྡུར་གྱི་བསམ་བློ་འཁོར་གྱི་ཡོད། དེ་མིན་ཕྱིའི་རྣམ་པའི་ཐོག་ནས་ཆོས་ལུགས་གཅིག་དང་རྒྱུད་པ་གཅིག་ཏུ་མངོན་པའི་ཆོས་ཚོགས་འདྲ་མིན་ཡོད་པའི་དགོས་པ་དང་རྒྱུ་མཚན་ཕྱི་རྒྱལ་པ་ཚོས་ཤེས་རྟོགས་ཐུབ་ཀྱི་མེད། གལ་སྲིད་ཆོས་རིག་ལྷན་ཁང་གིས་ཕྱི་རྒྱལ་ཆོས་ཚོགས་དང་དེར་དགེ་རྒན་གཏོང་ཕྱོགས་ཐད་སྟངས་འཛིན་ཐུབ་པ་ན། དེ་ལྟའི་མགོ་རྙོག་རྣམས་ཕལ་ཆེར་སེལ་ཐུབ།
གཞན་ཡང་དགེ་བཤེས་རྣམས་ཀྱི་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་དང་དགོན་སྡེ་ནས་དགེ་རྒན་ཧ་ཅང་མང་པོ་ཕྱིར་ཤོར་མི་ཡོང་བའི་ཕྱིར། གལ་སྲིད་ཕྱི་རྒྱལ་ཆོས་ཚོགས་ངོས་ནས་ས་ཁུལ་རེར་མཉམ་སྦྲེལ་ཆོས་ཚོཌ་ཀྱི་ཚན་པ་བཞི་ནས་དྲུག་བར་འཛུགས་ཐུབ་ན་ཕན་ཐོགས་ཡོང་ངེས་ཡིན། དེས་ན་ཚན་པ་རེ་རེས་དགེ་བཤེས་སམ་བླ་མ་དང་སྐད་སྒྱུར་བ་རེར་ཕན་ཚུན་མཉམ་སྤྱོད་ཐུབ། དཔེར་ན། དགེ་རྒན་དེ་དག་གིས་ཚན་པ་རེར་ཟླ་རེ་འཆར་བགོད་བྱས་ཏེ་ཆོས་ཚོགས་སོ་སོར་རེས་མོས་བྱས་ཕེབས་ཏེ། ཆོས་ཚོགས་རེར་ལོ་རེར་ཐེངས་གཉིས་སམ་གསུམ་ཙམ་ཕེབས་ཐུབ། དེས་ཆོས་ཚོགས་སོ་སོར་ད་དུང་འགྲོ་སོང་ཐད་ཕན་ཐོགས་ཡོད། གང་ཡིན་ཞེ་ན། ནང་པའི་ཆོས་ཚོགས་ཕལ་ཆེ་བ་ཕྱུག་པོ་མེད། ལྷོ་ཤར་ཨེ་ཤི་ཡ་དང་ཤར་ཨེ་ཤི་ཡའི་མི་རིགས་མ་གཏོགས་ཕྱི་རྒྱལ་ལུང་པའི་ནང་སྤྱིར་བཏང་ནས་མི་རྣམས་ལ་ཆོས་ཡོན་སྦྱིན་བདག་བྱ་རྒྱུའི་གོམས་སྲོལ་མེད། སློབ་ཕྲུག་གི་མི་ཚེའི་ཧ་ཅང་བྲེལ་ཟིང་ཡོད་སྟབས་བྱ་བ་གཞན་ལ་མགོ་འཁོར་བའི་རྐྱེན་གྱིས་རྒྱན་དུ་དགེ་རྒན་འབེལ་པོ་ཡོད་ཚེ། དགེ་རྒན་ཡོད་ཞག་བྱས་ཏེ་འཛིན་གྲྭར་འབྱོར་གྲངས་ཉུང་དུ་འགྲོ་སྲིད། གལ་སྲིད་དུས་ཚོད་ཅིག་ལ་དགེ་རྒན་རྣམས་ཟླ་བ་གཅིག་ཕེབས་པ་ཡིན་ན། དེ་ཚོགས་དུས་དམིགས་བསལ་ཞིག་ཆགས་ནས། སློབ་ཕྲུག་ཚོས་གཅིག་བྱས་ན་གཟབ་ནན་ངང་འཛིན་གྲྭར་བཅར་ཕྱིར་དུས་ཚོད་འཕར་མ་འདོན་ཐུབ། དགེ་རྒན་མ་ཕེབས་པའི་སྐབས་སློབ་ཕྲུག་ཚོར་སློབ་ཚན་ལ་བསམ་བློ་གཏོང་རྒྱུའི་གོ་སྐབས་ཡོད་པ་དང་སློབ་ཕྲུག་རྒན་པ་རྣམས་ཀྱི་ལམ་སྟོན་འོག་བསམ་བློ་བཏང་ནས་ཉམས་ལེན་དུ་འགེལ་ཐུབ།
དེ་བཞིན་ཆོས་ཚོགས་ཀྱི་རྨང་གཞི་བརྟན་པོ་ཆགས་ན་མ་གཏོགས་དགེ་བཤེས་སོགས་གཏོང་མི་དགོས། དེ་མིན་ཁོང་ཚོའི་དུས་ཚོད་འཕྲོ་བརླག་ལས་མ་འདས། གལ་སྲིད་འདོད་པ་ཡོད་ན། ས་ཁོངས་ཀྱི་ཆ་ནས་ས་ཁུལ་རྒྱ་ཆེན་པོ་ཞིག་གི་ནང་ཐོས་བསམ་སློབ་གཉེར་ཆེད་གཟབ་ནན་གྱི་ལས་འཆར་གོ་སྒྲིག་བྱེད་སའི་ཆོས་ཚོགས་གཅིག་འཛུགས་ཐུབ། འོན་ཀྱང་དེའི་གྲངས་ཚད་ལ་ཚད་གཞི་དགོས།
གནས་སྟངས་དེ་སྟངས་འཛིན་ཐུབ་པར་ཆོས་རིག་ལྷན་ཁང་གིས་འདི་གཞུང་འབྲེལ་གྱི་ནང་པའི་ཆོས་ཚོགས་ཡིན་པ་དང་འདི་བོད་བརྒྱུད་ནང་བསྟན་གྱི་གཞུང་འབྲེལ་གྱི་དགེ་རྒན་ཡིན་ཞེས་པའི་ལག་འཁྱེར་སྩོལ་བ་འབའ་ཞིག་བརྒྱུད་ཕན་ཐོགས་བྱུང་སྲིད། དེ་ལྟའི་ཐོག་ནས་ཕྱི་རྒྱལ་བ་ཚོས་ཆོས་ཚོགས་དང་དགེ་རྒན་ལ་གདེང་འཇོག་ཐུབ་པ་དང་། ཁོང་རང་ཚོའི་དགེ་རྒན་དེ་བོད་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཆོག་མཆན་ཡོད་པའི་དགེ་རྒན་ཞིག་ཡིན་པ་ཤེས་རྟོགས་ཐུབ། ལག་འཁྱེར་དེ་དག་སྤྲོད་དགོས་ཀྱང་། ལྷན་ཁང་ནས་ཁྲིམས་མཐུན་དང་བཟང་སྤྱོད་ཀྱི་འགན་འཁུར་མེད་པར་གནང་དགོས། གལ་སྲིད་སྐབས་རེ་འབྱུང་བཞིན་པ་ལྟར་མི་ཞིག་གིས་ལོག་སྤྱོད་བྱས་ཚེ། ལྷན་ཁང་ནས་གང་ཟག་དེའི་ལག་འཁྱེར་ཕྱིར་བསྡུ་བྱེད་ཆོག །དེས་ན་ལྷན་ཁང་གིས་ངོས་ནས་ལོག་སྤྱོད་གང་ཞིག་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་བ་བཅོལ་ས་མེད།
ད་དུང་མཚམས་རེ་ཆོས་ཚོགས་ཆེན་པོ་འཛིན་སྐྱོང་བྱེད་མཁན་གྱི་བླ་མའམ་དགེ་བཤེས་ཚོས་རང་གི་ཆོས་ཚོགས་གཅིག་ལ་དགེ་བཤེས་དང་སྐད་སྒྱུར་བ་གདན་འདྲེན་ཞུ་སྐབས་དང་ཁྱད་པར་དུ་དགེ་བཤེས་དེ་བླ་མ་རང་གི་དགེ་ཕྲུག་མིན་ཚེ་དཀའ་ངལ་འཕྲད་ཀྱི་ཡོད། དེ་ནི་དགེ་བཤེས་ཤིག་གྲོང་ཁྱེར་ཞིག་གི་ནང་ཆོས་ཚོགས་གཅིག་ལ་ཡོད་སྐབས་ཕྱི་རྒྱལ་བ་ཚོ་ཁོང་གི་དགེ་ཕྲུག་ཆགས་ཏེ། ཁོང་གདན་འདྲེན་ཞུ་འདོད་པ་དང་ཉེ་འགྲམ་དུ་ཆོས་ཚོགས་གཞན་འགོ་འཛུགས་པ་ནི་རང་བཞིན་རེད། དགེ་ཕྲུག་རྣམས་ཀྱིས་ཕལ་ཆེར་ཆོས་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལས་ས་གནས་དགེ་བཤེས་ལ་འབྲེལ་ལམ་དམ་པ་ཚོར་སྲིད། དེ་ནས་དགེ་བཤེས་དེས་སོ་སོ་ཐོག་མར་མགྲོན་འབོད་གནང་མཁན་གྱི་བླ་མ་དེར་གུས་ཞེན་བྱེད་ཕྱོགས་ཐད་དང་དམིགས་བསལ་བླ་མ་དེ་རང་གི་དགེ་རྒན་མ་ཡིན་ཚེ་དཀའ་ངལ་འཕྲད་ཀྱི་ཡོད། གལ་སྲིད་ཆོས་རིག་ལྷན་ཁང་ནས་བཏང་པའི་དགེ་རྒན་ཡིན་ན་དཀའ་ངལ་ཕལ་ཆེར་སེལ་ཐུབ། དགེ་རྒན་མང་ཆེ་བའི་གུས་ཞེན་བྱ་ཡུལ་གཅིག་པུ་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་ཞིང་། ཚང་མས་གནས་སྟངས་ལ་གཞིགས་ཏེ་༸གོང་ས་མཆོག་གི་བཀའ་སྒྲུབ་རྒྱུར་འབད་ཐབས་བྱེད་ཀྱི་ཡོད།
སྐད་སྒྱུར་བ་རྣམས་དང་འབྲེལ་བའི་བསླབ་བྱ།
དགེ་བཤེས་དང་། བླ་མ། སྐད་སྒྱུར་བ་རྣམས་ཕྱི་རྒྱལ་ཆོས་ཚོགས་ཁག་ལ་ཕེབས་རྒྱུར་མགྲོན་འབོད་དང་། འདེམ་སྒྲུག །ཐུགས་ཐག་ཆོད་གྲུབ་རྗེས་གྲ་སྒྲིག་ཆེད་སྔོན་དུ་བསྒྲུབ་དགོས་པའི་གནད་དོན་འགའ་ཞིག་ཡོད། གལ་གནད་ཆེ་ཤོས་གཅིག་ནི་དགེ་བཤེས་དང་སྐད་སྒྱུར་བ་གཉིས་ཀྱི་དབར་འབྲེལ་བ་ཡག་པོ་ཞིག་དགོས། སྐད་སྒྱུར་བ་དེ་དགེ་བཤེས་ཁོ་རང་གི་སློབ་མ་ཡིན་ན་ལེགས་ཤོས་རེད། ཕྱི་རྒྱལ་གྲོང་ཁྱེར་ཞིག་གི་ནང་དགེ་བཤེས་དང་སྐད་སྒྱུར་བ་གཉིས་ཁོ་ན་བོད་མི་ཡིན་པའི་སྐབས་ཡང་ཡང་ཡོང་གི་ཡོད་པ་དང་། ཁོ་རང་གཉིས་གཅིག་པུ་ཕན་ཚུན་བོད་སྐད་ནང་ལབ་གླེང་བྱེད་དགོས་ཀྱི་ཡོད། གལ་སྲིད་དགེ་བཤེས་ཀྱིས་སྐད་སྒྱུར་བ་དེ་ཞབས་ཕྱི་དང་ཞལ་ལག་བཟོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ན། སྐད་སྒྱུར་བ་དེ་ཁོ་རང་གི་སློབ་མ་མིན་ན་ཧ་ཅང་ཁག་པོ་ཡིན། དེར་བརྟེན་དགེ་བཤེས་སུ་ཞིག་དང་ལྷན་དུ་སྐད་སྒྱུར་བ་སུ་ཞིག་འགྲོ་དགོས་མིན་ཐད་ནན་ཟབ་གནང་དགོས།
གལ་ཏེ་དགེ་བཤེས་སམ་བླ་མ་དེ་སྐད་སྒྱུར་བ་མེད་པར་ཕེབས་ཀྱི་ཡོད་ན། ཁོང་མ་ཕེབས་སྔོན་དུ་ཁོང་ལ་ངེས་པར་དུ་ཕྱི་རྒྱལ་གྱི་སྐད་ཡིག་ཐོག་ཤེས་བྱ་འདང་ངེས་ཤིག་དགོས་པ་ཡིན། གལ་སྲིད་ཁོང་གིས་སྐད་ཡིག་རྩ་བ་ཉིད་ནས་མི་མཁྱེན་པར། ཁོང་ལུང་པ་དེར་ཕེབས་སྒྲུབ་རྗེས་དེའི་སྐད་ཡིག་སྦྱོང་དགོས་བསམས་པའི་དགོངས་པ་ཡོད་ན། དེ་ནི་ཧ་ཅང་ཁག་པོ་ཆགས་ཀྱི་རེད། དགེ་བཤེས་ཁོ་རང་ལ་བཀའ་མོལ་གནང་སའི་ཡུལ་མེད་པ་དང་། ཆོས་ཚོགས་སུ་ཡོད་པའི་དད་ལྡན་པ་རྣམས་ཀྱིས་དགེ་བཤེས་ལགས་ཀྱི་ཕེབས་གྲོན་ཆེད་དངུལ་ཕོན་ཆེ་བཏང་ཀྱང་འཕྲལ་དུ་གསུང་ཆོས་མ་ཐོབ་པ་སོགས་ཀྱིས་སུན་སྣང་ཤུགས་ཆེ་ཡོང་ངེས། ཕྱི་རྒྱལ་ལ་མ་ཕེབས་སྔོན་ནས་སྐད་ཡིག་སྦྱོང་བརྡར་འགོ་བཙུགས་ཟིན་པ་དགོས། ད་དུང་གལ་སྲིད་སྐད་སྒྱུར་གནང་མཁན་བོད་རིགས་མ་བྱུང་ཚེ་ཆོས་ཚོགས་སོ་སོའི་ཚོགས་མིས་བོད་སྐད་སྦྱངས་ནས་སྐད་སྒྱུར་བ་ཆགས་པ་ཞིག་དགོས་པ་ཆོས་ཚོགས་སོ་སོར་རག་ལུས་ཡོད། ལས་འགན་འདི་འདྲ་ཞིག་ཕྱི་རྒྱལ་བ་རྣམས་ཀྱི་ཐོག་ཏུ་ཕྱིར་བཀལ་ཀྱང་ནོར་འཁྲུལ་གང་ཡང་མེད།
སྐབས་རེ་དགེ་བཤེས་སམ་བླ་མས་དབྱིན་སྐད་ཀྱི་གོ་རྟོགས་ལེགས་པོ་དེ་ཙམ་མེད་ནའང་དབྱིན་སྐད་ནང་གསུང་ཆོས་གནང་གི་ཡོད། དེ་ལ་ཕན་ཡོན་མང་པོ་ཞིག་ཡོད་ནའང། དཀའ་ངལ་ཡང་འགའ་ཞིག་ཡོད། གལ་ཏེ་ཁོང་རྣམས་ཀྱིས་དབྱིན་ཇིའི་ཕལ་སྐད་ཙམ་ལས་སླ་མོ་བསྐྱོན་ཐུབ་ཀྱི་ཡོད་ན། གནས་ཚད་དམའ་པོ་ཙམ་གྱི་ཐོག་སློབ་ཁྲིད་གནང་ཐུབ་ཀྱང་། དེ་ལས་རྙོག་འཛིངས་ཆེ་བ་དང་དཀའ་གནད་ཆེ་ཁག་ཐོག་སློབ་ཁྲིད་རྩ་བ་ནས་གནང་མི་ཐུབ། དེ་ནི་བླ་སློབ་གཉིས་ཀར་བསུན་སྣང་སྐྱེ་གཞི་ཞིག་ཡིན། ཕྱི་རྒྱལ་བ་རྣམས་ཀྱིས་བླ་མས་ཁོ་རང་ཚོའི་སྐད་ཡིག་ནང་ཐད་ཀར་སློབ་ཁྲིད་གནང་ཐུབ་ན་དགའ་མོས་བྱེད་ཀྱི་ཡོད་ནའང། དེ་ནི་ཕལ་ཆེར་༸གོང་ས་མཆོག་གིས་གནང་བ་བཞིན་བགྱིད་རུང་བ་ཞིག་ཡིན། ༸གོང་ས་མཆོག་གིས་ཕྱི་རྒྱལ་བ་རྣམས་ལ་གསུང་ཆོས་གནང་དུས་ཐོག་མར་དབྱིན་སྐད་ནང་བཀའ་མོལ་གནང་བ་དང་འགྲེལ་བཤད་རྒྱག་སླ་བའི་བརྗོད་གཞིར་དབྱིན་སྐད་བེད་སྤྱོད་གནང་གི་ཡོད། དེ་ལྟ་ནའང་། ཁོང་གིས་རྙོག་འཛིངས་ཅན་གྱི་ལྟ་ཚུལ་དང་ད་དུང་དབྱིན་སྐད་ནང་བཀའ་མོལ་གནང་བའི་སྐབས་སུ་ཐ་སྙད་མ་དྲན་པ་དང་མ་མཁྱེན་པ་རྣམས་ཐུགས་ཕན་གསོ་བའི་དོན་དུ་སྐད་སྒྱུར་བ་ཞིག་བེད་སྤྱོད་གནང་གི་ཡོད།
དགེ་བཤེས་སམ་བླ་མས་དབྱིན་སྐད་ཡག་པོ་ཞིག་གི་ནང་སློབ་ཁྲིད་གནང་མི་ཐུབ་ཚེ་དཀའ་ངལ་གཞན་ཞིག་ཡོད་པ་ནི་ཁོང་གི་སློབ་མ་རྒན་པ་རྣམས་ཀྱིས་ཁོང་གི་དབྱིན་སྐད་གོ་ཐུབ་སྲིད་ཀྱང་སློབ་མ་གསར་པ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན། གལ་ཏེ་ཁོང་ཚོས་ཅི་ཞིག་གསུངས་པ་མ་ཤེས་ན་གསུང་ཆོས་ཞུ་བར་བསྐྱར་དུ་ཡོང་མི་སྲིད། དེར་བརྟེན་བོད་སྐད་ནས་དབྱིན་སྐད་དུ་སྒྱུར་མཁན་གྱི་སྐད་སྒྱུར་བ་མེད་ཚེ་ཕྱི་རྒྱལ་བའི་སློབ་མ་རྒན་པ་ཞིག་གིས་གསུང་ཆོས་ཀྱི་སྙིང་པོ་བསྡུ་བའམ། ཡང་ན་དགེ་བཤེས་ལགས་ཀྱི་དབྱིན་སྐད་ཞན་པོ་དེ་དབྱིན་སྐད་ཚད་ལྡན་ཐོག་བསྒྱུར་ན་ཕན་ངེས་ཡིན། དེར་མ་ཟད། དགེ་བཤེས་དང་། བླ་མ། སྐད་སྒྱུར་བ་རྣམས་ཀྱིས་དབྱིན་སྐད་ཚུལ་མཐུན་སྦྱོང་དགོས་པ་གལ་ཆེ། གལ་ཏེ་ཁོང་ཚོས་དབྱིན་ཇི་ཧི་པཱི་ hippie ༼དབྱིན་ཇི་སྐྲ་རིང་པོ་སྨྱོ་རྫས་སྤྱོད་མཁན།༽ ཡི་དབྱིན་སྐད་ཉམས་ཀྱི་ཐོག་ནས་བཀའ་མོལ་གནང་ན་མི་མང་པོར་བག་ཆགས་ངན་པ་ཞིག་འཇོག་པ་དང། ཚུལ་དང་མཐུན་པའི་མི་རྣམས་ཀྱིས་ནང་ཆོས་ནི་ཧི་པཱི་ཚོ་ཁོ་ནའི་ཆེད་དུ་ཡིན་པར་བསམས་ནས་གསུང་ཆོས་ལ་བཅར་གྱི་མ་རེད།
གང་ལྟར་ཡང་། ཡུ་རོབ་ཁུལ་གྱི་ཡུལ་གྲུ་ཕལ་མོ་ཆེ་དང། ལྷོ་ཨ་མེ་རི་ཁ། ཤར་ཨེ་ཤི་ཡའི་མི་རྣམས་ཀྱིས་དབྱིན་སྐད་རྒྱག་གི་མེད། འདས་པའི་ནང་སྐད་སྒྱུར་ལའང་སྐད་སྒྱུར་ཞིག་དགོས་ཀྱི་ཡོད་པ་སྟེ། བོད་པའི་སྐད་སྒྱུར་བ་ཚོས་བོད་སྐད་ནས་དབྱིན་སྐད་དུ་བསྒྱུར་བ་དང་། དེ་ནས་ས་གནས་ཀྱི་མི་འགའ་ཞིག་གིས་དབྱིན་སྐད་ནས་སོ་སོའི་སྐད་རིགས་ནང་བསྒྱུར་གྱི་ཡོད། འདིས་གསུང་ཆོས་གནང་སྐབས་དུས་ཚོད་མང་པོ་འགོར་བ་དང་། དེ་ལ་སུས་ཀྱང་དགའ་མོས་བྱེད་ཀྱི་མེད། དེར་བརྟེན་དགེ་བཤེས་དང་། བླ་མ། སྐད་སྒྱུར་བ་རྣམས་ཀྱིས་དབྱིན་སྐད་གཅིག་པུ་སྦྱངས་པ་མ་ཡིན་པར། སོ་སོ་ཕེབས་ཡུལ་གྱི་ལུང་པའི་ས་གནས་སྐད་ཡིག་སྦྱོང་དགོས་པའང་གལ་ཆེན་ཡིན།
དེར་མ་ཟད། དགེ་བཤེས་ལ་སྐད་སྒྱུར་བ་ཞིག་ཡོད་ནའང་། ཁོང་རང་ཉིད་ནས་ས་གནས་ཀྱི་སྐད་ཡིག་ཕྲན་བུ་སྦྱོང་དགོས་པ་གལ་ཆེ་བ་ཡིན། དེའི་ཐོག་ནས་ཁོང་གིས་གཞན་དང་མཉམ་དུ་གསོལ་ཇ་མཆོད་པའི་སྐབས་སུ་བཀའ་མོལ་ཕྲན་བུ་གནང་ཐུབ་པ་དང་ཁོང་ཚོའི་དྲི་བ་ཐུང་ངུ་འགའ་ཞིག་ལ་ལན་འདེབས་གནང་ཐུབ། དེ་འདྲ་བར་མི་རྣམས་དང་ཐད་ཀར་འབྲེལ་བ་ཇེ་ཟབ་ཡོང་བ་དང། ཕྱི་རྒྱལ་བ་རྣམས་ཀྱིས་དེ་ལ་དགའ་མོས་ཆེ་བ་ཡོད། དེ་ནས་ད་དུང་དགེ་བཤེས་ཀྱིས་ཁོང་རང་བཞུགས་སའི་ལུང་པ་དེའི་མི་རྣམས་ཀྱི་འཚོ་བར་རྒྱུས་མངའ་མང་བ་ཡོང་ཐུབ། ཁོང་གིས་ས་གནས་ཀྱི་མི་རྣམས་ཀྱི་འཚོ་བ་དཔེར་བྱས་ནས་སློབ་ཁྲིད་གནང་ཐུབ་པ་ཡིན། སྲོལ་རྒྱུན་གྱི་དཔེ་དང་བོད་དམ་གནའ་རབས་རྒྱ་གར་གྱི་སྒྲུང་དག་ནི་ཕྱི་རྒྱལ་བ་རྣམས་ལ་རྒྱུན་དུ་གོ་རྟོགས་ཡོང་རྒྱུ་ཁག་པོ་ཡོད།
ས་གནས་ཀྱི་རིག་གཞུང་སྦྱོང་བ།
འཛམ་གླིང་ནང་གི་ཡུལ་ལུང་འདྲ་མིན་རྣམས་ཕན་ཚུན་ཧ་ཅང་ཐ་དད་པ་ཡིན། ཡེ་ཤུའི་ཆོས་ལུགས་ནང་དབྱེ་བ་ཆེན་པོ་གཉིས་ཡོད་པ་ནི་རྣམ་དག་ཆོས་ལུགས་ Catholic དང་གསར་མའི་ཆོས་ལུགས་ Protestant གཉིས་ཡིན་པ་དང་། རྣམ་དག་ཆོས་ལུགས་ཁྱབ་ཆེ་བའི་ལུང་པ་རྣམས་གསར་མའི་ཆོས་ལུགས་ཁྱབ་ཆེ་བའི་ལུང་པ་རྣམས་ལས་མི་འདྲ་བ་ཡིན། སྤྱིར་བཏང་ཆ་ནས་རྣམ་དག་ཆོས་ལུགས་ཀྱི་རྒྱལ་ཁབ་ཨི་ཊ་ལི་ Italy དང་། སི་པཻན། Spain ཧྥ་རན་སི་ France ལ་སོགས་པའི་ནང་གི་མི་རྣམས་ཆོས་ལུགས་ལ་དད་ཞེན་དང་གུས་བརྩི་ཆེ་བ་ཡོད། ཁོང་ཚོར་སོ་སོའི་རྣམ་དག་ཆོས་ལུགས་ཀྱི་གྲྭ་བཙུན་གྱི་སྲོལ་རྒྱུན་ཤུགས་ཆེན་ཡོད་པ་དང་། ཆོ་ག་ཕྱག་ལེན་ཉམས་ལེན་ལ་དགའ་པོའི་ངང་འཇུག་གི་ཡོད། གསར་མའི་ཆོས་ལུགས་ཀྱི་རྒྱལ་ཁབ། དཔེར་ན། དབྱིན་ཡུལ་ England དང་ཇར་མི་ནིའི་ Germany བྱང་ཕྱོགས་ཁུལ་དུ་གནས་པའི་མི་རྣམས་སྤྱིར་བཏང་ཆ་ནས་ཉམས་གཅོད་མཁས་པ་དང་བློ་གྲོས་ལྡན་པའི་ཤེས་ཡོན་ལ་དགའ་པོ་ཡོད། གང་ལྟར་ཡང་། སྤྱིར་བཤད་དེ་རྣམས་ལ་དམིགས་བསལ་ཅན་མང་པོ་ཞིག་ཡོད། དབྱིན་ཡུལ་དང་། ཨ་རི། ཁེ་ན་ཌ། ཨོ་སི་ཊོ་ལི་ཡ། ནེའུ་ཛི་ལནྜ་སོགས་རྒྱལ་ཁབ་དེ་དག་ནང་ཚང་མས་དབྱིན་སྐད་སྨྲ་བ་གཅིག་མཚུངས་ཡིན་ཀྱང་། ཕན་ཚུན་ཧ་ཅང་མི་འདྲ་བ་ཡིན། རྒྱལ་ཁབ་དེ་རྣམས་རེ་རེར་སོ་སོའི་ལོ་རྒྱུས་དང་རིག་གཞུང་ཡོད་པས་དགེ་བཤེས་སུ་ཞིག་གིས་ཀྱང་དེར་གཞིགས་པའི་སློབ་ཁྲིད་གནང་དགོས།
དམར་ཤོག་གི་རྒྱལ་ཁབ་རྣམས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་རྣམས་ལས་ཧ་ཅང་ཐ་དད་པ་ཡིན། དམར་ཤོག་རྒྱལ་ཁབ་རྣམས་ཀྱི་ནང་གང་ཟག་གང་ཡང་རུང་བ་ཞིག་གིས་དཀའ་ལས་རྒྱག་པ་དང་མི་རྒྱག་པའི་ཐད་གནད་དོན་ཅི་ཡང་མེད། ཁོ་ལ་ད་དུང་ཡང་གླ་ཕོཌ་ཉུང་ངུ་ཞིག་གཅིག་མཚུངས་སུ་འཐོབ་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་མི་རྣམས་ལ་རྒྱུ་དང་འབྲས་བུར་ཡིད་ཆེས་དང་གདེང་ཚོད་མེད་པ་རེད། ཡང་ན་ཁོང་ཚོར་དོན་དངོས་དང་མི་མཐུན་པའི་རེ་བ་ཞིག་ཡོད་པ་སྟེ། གལ་ཏེ་ཁོང་ཚོས་སྔོན་འགྲོའི་ཉམས་ལེན་ཕྱག་འཚལ་བ་སོགས་ཀྱི་ཐོག་དཀའ་ལས་ཕྲན་བུ་བརྒྱབ་ཚེ། རྫུ་འཕྲུལ་ལྟ་བུ་བྱུང་ནས་ཁོ་རང་ཚོའི་དཀའ་ངལ་རྣམས་མེད་པར་འགྱུར་བ་སོགས་ཀྱི་རེ་བ་བྱེད་ཀྱི་ཡོད། དཀའ་ངལ་རྣམས་མེད་པར་མ་འགྱུར་བའི་ཚེ་གསུང་ཆོས་ལ་ཁོང་ཚོའི་གདེང་ཚོད་ཆ་ཚང་བརླག་གི་ཡོད། པོའོ་ལེནྜ་ནང་མི་ཞིག་གིས་ཕྱག་འཚལ་བ་དང་། མཎྜལ་འབུལ་བ། ཡིག་བརྒྱ་སོགས་འབུམ་རེ་བསྒྲུབ་པ་དང་། དེའི་རྗེས་སུ་ཁོ་ལ་ད་དུང་ཡང་དཀའ་ངལ་མང་པོ་ཞིག་འཕྲད་པ་དང་ཐར་པའམ་སངས་རྒྱས་ཀྱི་གོ་འཕང་མ་བརྙེས་པ་ཤེས་པའི་ཚེ་ཁོ་ཡིད་ཞུམ་ནས་ཁོས་རང་སྲོག་རང་གིས་ལྕེབས། དེར་བརྟེན་དམར་ཤོག་ལུང་པའི་ནང་དངོས་དོན་གྱི་ཐབས་ལམ་ཞིག་བརྒྱུད་ནས་རྒྱུ་དང་འབྲས་བུ་དང་སྒྲུབ་ཕྱོགས་ཀྱི་བདེ་བའི་ངོ་བོའི་ཐོག་གསུང་ཆོས་གནང་དགོས་པ་དང་མི་རྣམས་ལ་རྫུ་འཕྲུལ་དང་གློ་བུར་དུ་འབྲས་བུ་འབྱུང་རེ་བྱེད་མི་རུང་བའི་གསུང་ཆོས་གནང་དགོས་པ་གལ་འགངས་ཆེན་པོ་ཡིན།
ལྷོ་ཤར་ཨེ་ཤི་ཡའི་ནང་གི་རྒྱལ་ཁབ་སིངྒ་པུར་དང་། མཱ་ལེ་ཤི་ཡ། ཨིན་ཌོ་ནི་ཤི་ཡ། ཧྥི་ལི་པིནྶ་ Philippines ཐེ་ཝན། ཧོང་ཀོང་ལ་སོགས་པའི་ནང་བོད་པའི་ནང་ཆོས་ལ་དོ་དབྱིངས་བྱེད་མཁན་གྱི་མི་ཕལ་མོ་ཆེ་རྒྱ་མི་ཡིན་པ་དང་ཁོང་ཚོའི་རིག་གཞུང་ནུབ་ཕྱོཌ་པ་རྣམས་དང་ཧ་ཅང་གི་ཐ་དད་ཅིང། ཉི་ཧོང་ Japan དང་ཀོ་རི་ཡའང་ Korea ཐ་དད་ཡིན། ལྷོ་ཤར་དང་ཤར་ཨེ་ཤི་ཡའི་ལུང་པ་རྣམས་ཀྱིས་ཁོ་རང་ཚོའི་ནང་པའི་ཆོས་ལུགས་ནང་མ་ཚང་བ་དང་ཤིན་ཏུ་དཀོན་རིགས་དག་ལ་བོད་བརྒྱུད་ནང་བསྟན་ནས་ལེགས་ཆ་ལེན་བཞིན་ཡོད། ཁོང་ཚོ་ནང་ཆོས་ལ་དད་གུས་ཧ་ཅང་ཆེ་ནའང་གོ་རྟོཌ་ཕྲན་བུ་ཙམ་ལས་མེད་པས། ཁོང་ཚོར་སོ་སོའི་བུ་ཕྲུག་རྣམས་མུ་མཐུད་ནས་ནང་པ་སངས་རྒྱས་པ་བྱེད་མིན་ཐད་ལ་སེམས་ཁྲལ་ཡོད། ཁོང་ཚོས་སོ་སོའི་བུ་ཕྲུག་རྣམས་ཀྱིས་དེང་རབས་ཚན་རིག་གི་འཛམ་གླིང་ནང་ནང་པ་སངས་རྒྱས་པའི་ཆོས་ལུགས་སྐབས་དོན་འབྲེལ་བ་ཡོད་པ་མཐོང་འདོད་ཡོད། ད་དུང་ཁོང་ཚོས་སོ་སོའི་ཚོང་ལས་ལེགས་སྒྲུབ་དང་ལམ་ལྷོང་ཡོང་ཆེད་ཆོ་ག་ཕྱག་ལེན་བྱེད་རྒྱུར་དགའ་པོ་བྱེད། མི་རབས་ནས་དར་བའི་ནང་པ་སངས་རྒྱས་པའི་ཆོས་ལུགས་མེད་པའི་ལུང་པ་རྣམས་ཀྱི་ནང་དེ་ནི་གནད་དོན་ཞིག་མ་ཡིན།
དེ་ལྟ་བས་ན། དེང་རབས་ཕྱི་རྒྱལ་གྱི་ཡུལ་གྲུ་ཕལ་མོ་ཆེས་སྤྱིར་བཏང་གི་ཐུན་མིན་ཁྱད་ཆོས་འགའ་ཞིག་ཐུན་མོང་དུ་སྤྱོད་ཀྱི་ཡོད་ནའང། ལུང་པ་གང་ཞིག་ཏུ་གསུང་ཆོས་དང་སྐད་སྒྱུར་དུ་ཕེབས་མཁན་རྣམས་ཀྱིས་ཐུན་མོང་གི་ཁྱད་ཆོས་དེ་རྣམས་ལ་དོ་དབྱིངས་དང་ཤེས་རྟོགས་ཙམ་མ་ཟད། ད་དུང་སོ་སོ་རང་ཉིད་ཕེབས་ཡུལ་གྱི་ལུང་པ་བྱེ་བྲག་དག་གི་རིག་གཞུང་ལ་དོ་དབྱིངས་དང་ཤེས་རྟོགས་བྱེད་དགོས་པ་གལ་འགངས་ཆེན་པོ་ཡིན། འདིས་གསུང་ཆོས་གནང་སའི་མི་རྣམས་ཤེས་རྟོགས་ལེགས་པ་ཡོང་རྒྱུར་ཐུགས་ཕན་གསོ་བ་དང་ཁོང་ཚོར་དེ་ལས་ཕན་ཐོགས་ཆེ་བ་གནང་ཐུབ།
ཆོས་ཚོགས་སོ་སོས་ངེས་པར་དུ་སོ་སོའི་སྐད་ཡིག་དང་རིག་གཞུང་སྦྱོང་བའི་གོ་སྐབས་སྐྲུན་དགོས། མདོར་ན། ཕྱི་རྒྱལ་ལུང་པ་ཁག་ལ་བཞུགས་མྱོང་བའི་དགེ་བཤེས་དང་སྐད་སྒྱུར་བ་རྣམས་རྒྱ་གར་དང་བལ་ཡུལ་དུ་སོ་སོའི་དགོན་པར་ཕྱིར་གནས་གཟིགས་སམ་གཏན་སྡོད་གནང་བར་ཕེབས་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མིའི་གོམས་གཤིས་དང་བསམ་བློའི་འཁྱེར་སོ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་རྒྱུར་འབོད་སྐུལ་ཞུས་ན་ལེགས་པོ་ཡོང་ངེས། ཁོང་རྣམས་ཀྱི་ཉམས་མྱོང་དང། ཁོ་རང་ཚོར་འཕྲད་པའི་དཀའ་ངལ། ཕྱི་རྒྱལ་བ་རྣམས་ལ་གསུང་ཆོས་གནང་རྒྱུའི་ཐབས་ལམ་ལེགས་ཤོས་ཅི་ཡིན་སོགས་ཀྱི་ཐོག་ཁོང་རྣམས་ལ་ངེས་པར་དུ་བཀའ་འདྲི་ཞུ་དགོས། དེ་འདྲའི་ཐོག་ནས་ཕྱི་རྒྱལ་ལུང་པ་ཁག་ལ་ཐོག་མར་ཕེབས་རྒྱུར་ཐུགས་ཐག་ཆོད་པའི་གསར་བུ་བ་རྣམས་ལ་བསླབ་བྱ་ཡག་པོ་ཞིག་འཐོབ་ངེས་པ་དང། དམིགས་བསལ་དུ་གལ་ཏེ་དགེ་བཤེས་དང་སྐད་སྒྱུར་བ་ཕྱི་རྒྱལ་དུ་ཐོག་མར་ཕེབས་ཡུལ་གྱི་ལུང་པ་དེར་ཕེབས་མྱོང་མཁན་ཞིག་ཡོད་ཚེ་ངེས་པར་དུ་ལུང་པ་དེའི་གནས་སྟངས་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུ་དགོས།
ནུབ་ཕྱོགས་སུ་མ་ཐོན་སྔོན་གྱི་སྦྱོང་བརྡར།
དགེ་བཤེས་དང་སྐད་སྒྱུར་བ་རྣམས་ཕྱི་རྒྱལ་ལུང་པར་མ་ཐོན་སྔོན་དུ་ཕྱི་རྒྱལ་བ་རྣམས་དང་ལྷན་དུ་འབྲེལ་འདྲིས་བྱེད་པའི་སྦྱོང་བརྡར་སློབ་དུས་ཞིག་བྱུང་ན་ཡག་པོ་ཡོད། ཕལ་ཆེར་རྡ་རམ་ས་ལར་ཆོས་རིག་ལྷན་ཁང་གིས་ལྟེ་གནས་གསར་པ་ཞིག་སྐྲུན་བཞིན་ཡོད་པས། དེར་མཐུན་རྐྱེན་རྣམས་ཚང་ངེས་ཤིང། བོད་ཀྱི་དཔེ་མཛོད་ཁང་དང་ལྷན་དུའང་མཉམ་སྦྲེལ་བྱས་ན་འཐུས། དཔེ་མཛོད་ཁང་གིས་ཕྱི་རྒྱལ་བ་རྣམས་ལ་གོ་སྒྲིག་ཞུས་པའི་འཛིན་གྲྭ་ཁག་ལ་དགེ་བཤེས་རྣམས་ཕེབས་ཐུབ་པ་དང་། དཔེར་ན། ཕྱི་རྒྱལ་བ་རྣམས་ལ་གསུང་ཆོས་གནང་དང་གནང་མུས་ཡིན་པའི་རྡ་རམ་ས་ལའི་དགེ་བཤེས་དང་བླ་མ་རྣམས་ཀྱི་ཉམས་མྱོང་ཤེས་རྟོགས་སླད་ཁོང་རྣམས་དང་བཀའ་མོལ་གནང་ཐུབ་པ་བྱུང་ན་ལེགས།
སྐད་སྒྱུར་བ་གསར་བུ་རྣམས་ཀྱི་ཆེད་དུ་སྐད་སྒྱུར་གྱི་ནུས་རྩལ་དང་དྲན་པ་ཡར་རྒྱས་ཡོང་ཕྱིར་དམིགས་བསལ་འཛིན་གྲྭ་འགའ་ཞིག་འཚོགས་ན་འགྲིགས། སྐད་སྒྱུར་བ་རྣམས་ཀྱིས་༸གོང་ས་མཆོག་གི་གསུང་ཆོས་སྒྲ་སྡུད་འཁོར་ཐག་ནང་སྒྲ་འཇུག་བྱས་པ་འགའ་ཞིག་དང་ད་དུང་བླ་མ་དགེ་བཤེས་གཞན་གྱི་སྒྲ་འཇུག་རྣམས་སྐད་བསྒྱུར་ནས་སྦྱོང་བརྡར་བྱེད་ཐུབ། གལ་སྲིད་སྒྲ་སྡུད་འཁོར་ཐག་དེ་དག་ནང་སྔོན་ནས་སྐད་སྒྱུར་ཟིན་པ་ཡོད་ན། དེ་ནི་དེ་ལས་བཟང་བ་ཡིན། སྐད་སྒྱུར་བ་གསར་པ་ཁོ་རང་ངོས་ནས་གསུང་རྣམས་བསྒྱུར་ཐབས་བྱས་རྗེས། སྐད་སྒྱུར་བ་རྙིང་པས་གསུང་ཇི་ལྟར་བསྒྱུར་ཡོད་མེད་ལ་ཉན་ནས་སྦྱོང་བརྡར་བྱེད་ན་ཆོག
སོ་སོའི་དྲན་པ་ཡར་རྒྱས་གཏོང་ཆེད་སེར་ཀོང་མཚན་ཞབས་རིན་པོ་ཆེས་ཕྲན་ལ་སྦྱོང་བརྡར་གནང་བ་བཞིན་སྐད་སྒྱུར་བ་རྣམས་ནང་ཕན་ཚུན་སྦྱོང་བརྡར་སྤྲོད་རེས་བྱེད་ཆོག །ཕྲན་རང་སེར་ཀོང་མཚན་ཞབས་རིན་པོ་ཆེ་དང་ག་དུས་མཉམ་དུ་ཡོད་ནའང་ཉིན་མཚན་ལ་ལྟོས་མེད་ཀྱིས་རིན་པོ་ཆེས་ང་ལ་གཟིགས་ནས་ཁོང་ཉིད་ཀྱིས་ད་ལྟ་གང་གསུངས་པ་རྣམས་ཚིག་གཅིག་ཀྱང་ཆད་ལུས་མེད་པར་བསྐྱར་ཟློས་བྱེད་དུ་བཅུག་པའམ། ཡང་ན་ང་རང་གིས་ད་ལྟ་གང་བཤད་པ་རྣམས་བསྐྱར་ཟློས་བྱེད་དུ་བཅུག་གནང་གི་ཡོད། སྐད་སྒྱུར་བ་རྣམས་གསུང་ཆོས་སྐབས་རྟག་ཏུ་འགྱུར་གྱི་གྲ་སྒྲིག་ཐོག་གནས་དགོས་པ་དང་གང་གསུངས་པ་རྣམས་ཆད་ལུས་མེད་པར་བསྒྱུར་དགོས་པར་བརྟེན་དེ་འདྲ་བའི་དྲན་པའི་རྩལ་ནི་མེད་དུ་མི་རུང་བ་ཞིག་ཡིན། ད་དུང་གལ་སྲིད་སློབ་མས་ཐེངས་དང་པོར་ཟིན་བྲིས་བརྒྱབ་མ་ཚར་བ་བྱུང་ཚེ་སྐད་སྒྱུར་གྱིས་ཁོ་རང་གི་འགྱུར་བསྐྱར་ཟློས་ངེས་པར་དུ་བྱེད་ཐུབ་པ་ཞིག་དགོས།
སྐད་སྒྱུར་བ་རྣམས་ཀྱིས་ད་དུང་སྐར་མ་གསུམ་ནས་ལྔ་བར་དང་སྐར་མ་བཅུའི་རིང་སྒྲ་འཇུག་བྱས་པའི་གསུང་བཤད་ཉན་པ་དང་དེ་ནས་གསུང་དེ་སྒྱུར་བའི་འབད་རྩོལ་བྱེད་ན་འགྲིགས། དེ་ནི་དྲན་པའི་ནུས་པ་རྒྱ་སྐྱེད་གཏོང་ཆེད་ཡིན། འདི་ནི་དགོས་ངེས་ཞིག་ཡིན་ཏེ། བླ་མ་ དགེ་བཤེས་འགའ་ཞིག་གིས་འགྱུར་གྱི་ཆེད་དུ་ཡང་ནས་ཡང་དུ་བར་མཚམས་འཇོག་གནང་གི་མེད། གང་ལྟར་ཡང་། བླ་མ་དགེ་བཤེས་རྣམས་ཀྱིས་དུས་གཅིག་ལ་ཚིག་གི་བརྗོད་པ་གཅིག་གམ་དེ་ལས་ཉུང་བ་གསུང་རྒྱུའི་གོམས་གཤིས་འཇཌ་པ་གནང་དགོས། དེས་སྐད་སྒྱུར་བ་དེ་ལ་ལས་སླ་པོ་བཟོ་བ་དང་འགྱུར་ཚད་ལྡན་དང་མ་ནོར་བ་ཡོང་བ་མ་ཟད། ད་དུང་ཕྱི་རྒྱལ་གྱི་སློབ་མ་རྣམས་ལ་ཟིན་བྲིས་འགོད་རྒྱུ་དང་། ཁོང་ཚོའི་དོ་སྣང་དང་རིག་པ་རྩེ་སྒྲིམ་སྲུང་རྒྱུར་ལས་སླ་རུ་གཏོང་གི་ཡོད། གཞན་ཡང་གསུང་བཤད་ཆ་ཚང་ཞིག་ཉན་པ་དང་དེ་ནས་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་གསུང་བཤད་དེ་སྙིང་པོ་བསྡུ་རྒྱུར་འབད་རྩོལ་བྱེད་པ་དེས་སྐད་སྒྱུར་བ་དེར་ཕན་ཐོགས་ཡོད། གང་ལགས་ཞེ་ན། སྐབས་རེ་གསུང་བཤད་གནང་བའི་སྐབས་སུ་གསུང་དེ་སྒྱུར་བའི་བར་མཚམས་ཀྱི་གོ་སྐབས་རགས་ཀྱི་མེད་པ་དང་། གསུང་བཤད་ཚར་རྗེས་སྐད་སྒྱུར་བ་དེས་ཕྱི་རྒྱལ་བ་རྣམས་ལ་ངེས་པར་དུ་གང་གསུངས་པ་རྣམས་བརྗོད་དགོས་ཀྱི་ཡོད།
སྤྱིར་བཏང་ཆ་ནས་དགེ་བཤེས་ཀྱིས་གང་གསུངས་པ་རྣམས་སྐད་སྒྱུར་བས་ཆད་ལྷག་མེད་པར་ཏག་ཏག་ཞིག་སྒྱུར་དགོས་པ་ནི་གལ་ཆེན་པོ་ཡིན། དེ་འདྲ་ཞིག་ཡོང་བར་སྐད་སྒྱུར་བས་སྒྲ་འཇུག་བྱས་པའི་གསུང་བཤད་ཉན་པ་དང་བརྗོད་པ་ཞིག་དབྱིན་སྐད་དུ་ཕབ་སྒྱུར་བྱས་སྟེ་དེ་ནས་དེ་ཕྱིར་བོད་སྐད་དུ་ཕབ་སྒྱུར་བྱས་ནས་ཐོག་མར་གང་གསུངས་པ་དང་མཚུངས་བསྡུར་ཐོག་སྦྱོང་བརྡར་བྱེད་ན་འགྲིགས། དགེ་བཤེས་ཀྱིས་གང་གསུངས་པ་རྣམས་སྐད་སྒྱུར་བས་དོན་རྟོགས་མིན་དང་བསྒྱུར་ཏག་ཏག་བྱུང་མིན་ཐད་ཁོང་ཉིད་ལ་དྭོགས་པ་བྱུང་ཚེ། དགེ་བཤེས་ཀྱིས་སྐད་སྒྱུར་བ་ལ་ད་ལྟ་གང་བཤད་པ་རྣམས་བོད་སྐད་ནང་བསྐྱར་དུ་བརྗོད་དགོས་ཞེས་རྒྱུན་དུ་འདྲི་གནང་དགོས་ངེས་ཡིན།
གསུང་ཆོས་སྒྱུར་བའི་སྐབས་སུ་བླ་མའམ་དགེ་བཤེས་ཀྱིས་གང་གསུངས་པ་རྣམས་སྐད་སྒྱུར་རང་ཉིད་ཀྱིས་རྩོམ་སྒྲིག་གམ་འགྱུར་བ་གཏོང་བ་སོགས་བྱེད་མི་ཉན་པ་ནི་དགོས་ངེས་ཞིག་ཡིན་ནའང། ཕྱི་རྒྱལ་བའི་དྲི་བ་སྒྱུར་བའི་སྐབས་སུ་གནས་སྟངས་མི་འདྲ་བ་ཞིག་རེད། སྤྱིར་བཏང་ཆ་ནས་ཕྱི་རྒྱལ་བ་མང་པོ་ཞིག་གིས་དྲི་བ་གསལ་པོ་འདྲི་སྟངས་ཤེས་ཀྱི་མེད། ཁོང་ཚོས་མཚན་ཉིད་སྦྱངས་མེད་སྟབས་ཁ་གསལ་མེད་པའི་རྣམ་པའི་ཐོག་ནས་ཡང་ནས་ཡང་དུ་སྐད་ཆ་ཤོད་ཀྱི་ཡོད། གལ་ཏེ་ཁོང་ཚོས་གང་དྲིས་པ་རྣམས་ཚིག་ནས་ཚིག་ཏུ་བོད་སྐད་ནང་སྒྱུར་བ་ཡིན་ན་དེ་ནི་ཕལ་ཆེར་རྣམ་དཔྱོད་དང་མི་ལྡན་པ་ཞིག་ཡིན་སྲིད། སེར་ཀོང་མཚན་ཞབས་རིན་པོ་ཆེས་རྟག་ཏུ་ཁོང་ལ་དྲི་བའི་ཚིག་རེ་རེ་བཞིན་མ་ཡིན་པར་འདྲི་དོན་སྙིང་པོ་བསྒྱུར་དགོས་པ་ང་ལ་བཀའ་སློབ་གནང་བྱུང། དེ་ནས་ཁོང་གི་བཀའ་ལན་བསྒྱུར་དུས་ཁོང་གིས་ང་ལ་དྲི་བ་གཏོང་མཁན་གྱིས་ཇི་ལྟར་དྲིས་པ་གཞིར་བཟུང་བའི་ཐོག་ནས་མི་དེ་ལ་ཁོང་གི་གསུང་ལུགས་གང་ཞིག་གིས་གོ་བ་ལེན་ཐུབ་པ་དེའི་ཐོག་ནས་དབྱིན་སྐད་ནང་ལན་འདེབས་དང་འགྲེལ་བཤད་རྒྱག་དགོས་པ་གསུངས་མྱོང། དེ་ནི་ཕྱི་རྒྱལ་བ་རྣམས་ཀྱི་བསམ་བློའི་འཁྱེར་སོ་དང་དྲི་བ་གཏོང་ཚུལ་ཤེས་རྟོགས་བྱེད་དགོས་པ་གལ་ཆེ་བའི་རྒྱུ་མཚན་གཞན་ཞིག་ཡིན། རྡ་རམ་ས་ལར་ཡོད་པའི་ཕྱི་རྒྱལ་བའི་ནང་ཆོས་འཛིན་གྲྭར་སློབ་བཞུགས་བྱེད་པ་དང་དེར་ཡོད་པའི་སྐད་སྒྱུར་བ་རྣམས་ལ་ཁོང་ཚོའི་ཉམས་མྱོང་བཀའ་འདྲི་ཞུ་བའི་ཐོག་ནས་རིག་རྩལ་འདི་རྣམས་ལ་སློབ་སྦྱོང་བྱེད་ཐུབ།
དེར་མ་ཟད། དབྱིན་ཡིག་གམ་ཕྱི་རྒྱལ་གྱི་སྐད་ཡིག་གཞན་གང་ཡང་རུང་བ་སྦྱོང་བའི་སྐབས་སུ་སློབ་དེབ་དང་ཚིག་མཛོད་ནས་གང་སྦྱངས་པ་ཙམ་གྱིས་བློ་ཡིད་མ་ཚིམས་པ་བྱེད་གལ་ཆེ། ངས་འགྲེལ་བརྗོད་བྱས་ཟིན་པ་ལྟར། ཚིག་མཛོད་ནང་གི་འགྱུར་གྱི་ཐ་སྙད་རྣམས་རྒྱུན་དུ་ཏག་ཏག་ཞིག་ཡོང་གི་མེད། མ་ཟད་དབྱིན་ཡིག་ལ་མཚོན་ནའང། རྒྱ་གར་ནང་བེད་སྤྱོད་བྱེད་པའི་དབྱིན་སྐད་བརྗོད་ཚུལ་མང་པོ་ཞིག་རྒྱལ་ཁབ་གཞན་གྱི་ནང་བེད་སྤྱོད་བྱེད་ཀྱི་མེད། ད་དུང་དབྱིན་སྐད་རྒྱག་མཁན་གྱི་རྒྱལ་ཁབ་སོ་སོར་བརྗོད་ཚུལ་ཐ་དད་དུ་ཡོད་པ་དང། ཚིག་ཁ་ཤས་ལ་རྒྱལ་ཁབ་གཅིག་ནས་གཞན་གྱི་བར་གོ་དོན་མི་འདྲ་བ་ཡོད་པ་རེད། དེར་བརྟེན་ཕྱི་རྒྱལ་ལུང་པ་ཞིག་ལ་སླེབས་སྐབས་དེར་གནས་པའི་མི་རྣམས་ལ། ཆོས་ཚིག་གལ་ཆེ་དག་ཁོ་རང་ཚོའི་སྐད་ཡིག་ནང་གོ་རྟོགས་ག་རེ་ཡོང་གི་ཡོད་མེད་བཀའ་འདྲི་ཞུ་རྒྱུ་དེ་ཕན་ཐོགས་ཤིན་ཏུ་ཆེ། སྐད་སྒྱུར་བས་རྟག་ཏུ་སོ་སོའི་མིང་ཚིག་ལེཌ་བཅོས་དང་ཡར་རྒྱས་གཏོང་སེམས་དགོས་པ་ཡིན།
གང་ལྟར་ཡང་། སྐད་སྒྱུར་བ་ཞིག་ལ་མཚོན་ན་སྐད་ཡིག་གཉིས་ཤེས་པ་དང་དྲན་ཤེས་ཡག་པོ་ཡོད་པ་དེ་གལ་འགངས་ཆེ་ཤོས་མ་ཡིན། ནང་ཆོས་ཡག་པོ་ཤེས་དགོས་པ་དེ་གལ་ཆེ་ཤོས་ཡིན། བླ་མའམ་དགེ་བཤེས་ཡག་ཤོས་ཞིག་དང་ལྷན་དུ་གལ་ཏེ་སྐད་སྒྱུར་བ་ནང་ཆོས་ཡག་པོ་མ་ཤེས་པའམ། ཕྱི་རྒྱལ་གྱི་སྐད་ཡིག་ནང་ཁོ་རང་ངོས་ནས་འགྲེལ་བརྗོད་གསལ་པོ་བྱེད་མི་ཐུབ་པ། ཡང་ན་དགེ་བཤེས་ཀྱིས་ཅི་ཞིག་གསུངས་པ་དྲན་མི་ཐུབ་པ་ཞིག་བྱུང་ཚེ། དགེ་བཤེས་ཀྱི་འགྲེལ་བཤད་རྣམས་ཕ་རོལ་པོར་བརྒྱུད་སྤྲོད་དང་གོ་རྟོཌ་སྤེལ་མི་ཐུབ། ཕྱི་རྒྱལ་གྱི་སློབ་མ་རྣམས་ཀྱིས་རྟག་ཏུ་ཁོ་རང་ཚོས་གོ་ཐོས་བྱུང་བའི་གསུང་ཆོས་ཀྱི་ཚིག་རེ་རེ་བཞིན་ཟིན་བྲིས་འགོད་ཀྱི་ཡོད་པ་དེས་རྗེས་སུ་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད། ཁོང་ཚོས་ཚིག་གང་ཞིག་ཟིན་བྲིས་བཀོད་ཀྱང་དེ་ནི་སྐད་སྒྱུར་བའི་ཚིག་ཡིན། གལ་སྲིད་ཚིག་དེ་དགེ་བཤེས་ཀྱིས་གང་གསུངས་པ་དང་གཅིག་མཚུངས་སུ་མ་གནས་པ་ཡིན་ན་གོ་འཛོལ་ཆེན་པོ་ཞིག་ཡོང་ངེས། གནད་དོན་དེ་ཕྱི་རྒྱལ་བའི་སློབ་མ་ཚོའི་དྲི་བ་ནས་ཤེས་ཐུབ། གལ་སྲིད་དགེ་བཤེས་ཀྱིས། “ངས་དེ་རྩ་བ་ཉིད་ནས་བཤད་མེད།”ཅེས་གསུང་དགོས་བྱུང་བ་ཡིན་ན། དགེ་བཤེས་དང་སྐད་སྒྱུར་བ་གཉིས་ཀ་ཞལ་སྐྱེངས་པོའི་གནས་སུ་ལྷུང་ངེས།
ད་དུང་སྐད་སྒྱུར་བས་སོ་སོ་ཕེབས་ཡུལ་གྱི་ལུང་པ་དེའི་སྐད་སྨྲ་ཐུབ་ཀྱི་ཡོད་ན་གསུང་ཆོས་ཞུ་མཁན་ཕལ་མོ་ཆེས་དགེ་བཤེས་ལ་རྟག་ཏུ་བསུན་པོ་བཟོ་འདོད་མི་སྐྱེ་བ་མ་ཟད། གསུང་ཆོས་སྐོར་ཀྱི་དྲི་བ་དང་གསལ་བཤད་རྣམས་སྐད་སྒྱུར་བར་ཐད་ཀར་བཀའ་འདྲི་ཞུ་ངེས། གལ་ཏེ་སྐད་སྒྱུར་བས་དེ་ལྟར་སྒྲུབ་མི་ཐུབ་པའམ། ཡང་ན་སྐད་སྒྱུར་བ་དེ་སྐྱ་སར་འབབ་འདོད་དང་འཇིག་རྟེན་པའི་འཚོ་བ་སྐྱེལ་སྟངས་ལ་དགའ་མོས་ཆེ་བ་ཡོད་ན། དེས་ནང་ཆོས་དང་བོད་པའི་མཐོང་སྣང་ཡག་པོ་ཞིག་སྐྲུན་གྱི་མེད། ཕྱི་རྒྱལ་གྱི་ལུང་པ་ཁག་ལ་མ་ཕེབས་པའི་སྔོན་དུ་སྐྱ་སར་བབ་མིན་གྱི་གནད་དོན་ཐག་གཅོད་བྱེད་དགོས་པ་ལས་ལུང་པ་དེར་སླེབས་ཟིན་ནས་བྱེད་མི་ཉན།
ནུབ་ཕྱོགས་པར་སློབ་ཁྲིད་བྱེད་ཚུལ་གྱི་བསླབ་བྱ།
ཕྱི་རྒྱལ་བར་སློབ་ཁྲིད་བྱེད་པ་དང་བོད་པར་སློབ་ཁྲིད་བྱེད་པ་གཉིས་མི་འདྲ་བ་ཡིན། ངས་བརྗོད་ཟིན་པ་ལྟར། ལུང་པ་སོ་སོ་མི་འདྲ་ནའང་། སྤྱིར་བཏང་གྱི་ཁྱད་ཆོས་ཐུན་མོང་བ་འགའ་ཞིག་ཡོད། ཕྱི་རྒྱལ་བ་རྣམས་ཀྱིས་གནད་དོན་ཚང་མའི་འགྲེལ་བཤད་དགོས་འདོད་དང་ཚང་མ་ཤེས་འདོད་བྱེད་ཀྱི་ཡོད། ཁོང་ཚོས་ནང་ཆོས་ཉན་ཏེ་སྐྱེ་བ་ཕྱི་མ་རྣམས་སུ་བག་ཆགས་ཡག་པོ་འཇོག་རྒྱུ་ཙམ་ལ་བློ་ཡིད་མི་ཚིམ་པར། ཁོང་ཚོར་བྱ་དངོས་སོ་སོའི་སྒྲུབ་སྟངས་ཀྱི་རྒྱུ་མཚན་ཤེས་འདོད་ཡོད་པ་དང། ལུང་པ་ཕལ་ཆེ་བའི་ནང་ཁོང་ཚོས་དྲི་བ་མང་པོ་གཏོང་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཁོང་ཚོ་མང་པོ་ཞིག་ནང་པའི་ཁྱིམ་ཚང་ངམ་རིག་གཞུང་ཁྲོད་དུ་སྐྱེས་མེད་པར་བརྟེན་ཐམས་ཅད་གསར་པ་ཆགས་ཡོད། དཔེར་ན། ཁོང་ཚོས་སྐྱེ་བ་སྔ་ཕྱི་ཡོད་པའི་སྐོར་ལ་ཕལ་ཆེར་རྣ་བས་ཐོས་མྱོང་མེད། ཐོག་མར་ཁོང་ཚོ་ཞིབ་བརྟག་སྐྱོན་འཛུགས་ཚ་པོ་དང་གསུང་ཆོས་ལ་དད་པའི་རྒྱབ་ལྗོངས་ཤིག་གིས་ཡོང་གི་མེད། ཁོང་ཚོ་དང་ལྷན་དུ་བཟོད་བསྲན་བསྟེན་དགོས་གལ་ཆེ་བ་དང་། ཁོང་ཚོས་དྲི་བ་གཏོང་བའི་སྐབས་སུ་ཁོང་ཚོ་གུས་ཞབས་མེད་པའམ་ལྟ་བ་ལོག་པར་སེམས་མི་ཉན།
ཕྱི་རྒྱལ་གྱི་ཆོས་ལུགས་ཡེ་ཤུ་དང་འཇིའུ་ལ་སོགས་པ་དང་། སེམས་ཁམས་རིག་པའི་སྐོར་ལ་གང་ཙམ་ཤེས་དགོས་པ་ནི་ཕན་ཐོཌ་ཆེ། ནུབ་ཕྱོགས་ཀྱི་ལྟ་གྲུབ་སྐོར་སྦྱོང་དགོས་པ་དེ་ཙམ་གལ་ཆེན་པོ་མིན་ཏེ། ཕྱི་རྒྱལ་བ་ཕལ་མོ་ཆེས་དེ་སྦྱོང་གི་མེད། འོན་ཀྱང་སེམས་ཁམས་རིག་པ་ནི་ཚང་མས་ཤེས་རྟོགས་ཡོད་པ་ཞིག་དང་། ཁོང་ཚོའི་སེམས་ཁམས་ལ་གཞིགས་ནས་ནང་ཆོས་འགྲེལ་བཤད་བརྒྱབ་ཐུབ་པ་གལ་འགངས་ཆེ།
མ་ཟད་འཇིའུ་ཡེ་ཤུ་དང་སེམས་ཁམས་རིག་པའི་བསམ་བློ་གཏོང་ཚུལ་གྱིས་ཕྱི་རྒྱལ་བའི་དྲི་བ་གཏོང་ཚུལ་ལ་ཤུགས་རྐྱེན་ཆེན་པོ་བཟོ་ཡི་ཡོད། གལ་ཏེ་དགེ་བཤེས་དང་སྐད་སྒྱུར་བ་རྣམས་ཀྱིས་ཕྱི་རྒྱལ་གྱི་སློབ་མ་ཚོའི་རིག་གཞུང་དང་ཆོས་ལུགས་ཀྱི་རྒྱབ་ལྗོངས་ཤེས་རྟོགས་ཐུབ་ན་ཁོང་ཚོའི་དྲི་བ་གོ་སླ་བ་ཡོང་ངེས། དཔེར་ན། ཡེ་ཤུ་དང་འཇིའུ་ཆོས་ལུགས་ནང་དཀོན་མཆོག་གཅིག་དང་བདེན་པ་གཅིག་ལས་མེད་པའི་ཐོག་ནན་བཤད་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ནུབ་ཕྱོགས་པ་ཚོས་སངས་རྒྱས་གཅིག་གི་བསྟན་པར་མངོན་རྟོགས་དང་ནང་དོན་རིམ་པ་མི་འདྲ་བ་ཡོད་པར་ཁས་ལེན་བྱེད་ཐུབ་ཀྱི་མེད། ཁོང་ཚོས་ཨུ་ཚུགས་མཐའ་སྐྱེལ་གྱིས། “འོན་ཀྱང་དེས་དོན་ངོ་མ་ཅི་ཞིག་སྟོན་གྱི་ཡོད་དམ།” ཞེས་དྲི་བ་གཏོང་གི་ཡོད། ཁོ་རང་ཚོའི་ཆོས་ལུགས་ནང་ཡོད་པ་བཞིན་ཁོང་ཚོར་བདེན་པ་གཅིག་དགོས་ཀྱི་ཡོད། གལ་སྲིད་དགེ་བཤེས་ལགས་ཀྱིས་དཔེ་གཞུང་གཅིག་ལ་གཞུང་འགྲེལ་རྒྱག་ཚུལ་དེ་ལྟར་ཡིན་པ་དང་གཞན་ཏུ་གོ་དོན་དེ་ལས་གཞན་དུ་འགྱུར་བའི་འགྲེལ་བཤད་བསྐྱོན་ན་ནུབ་ཕྱོགས་པའི་སློབ་མ་རྣམས་ལ་གོ་རྟོགས་སླེབ་རྒྱུར་དཀའ་ངལ་ཡོད། དེ་ལྟ་ནའང་། གལ་སྲིད་དགེ་བཤེས་ལགས་ཀྱིས་ཁོང་ཚོའི་བདེན་པ་གཅིག་ལ་བསྟེན་པའི་ཨུ་ཚུགས་དེ་ནུབ་ཕྱོགས་པའི་ལྟ་བ་ཞིག་ཡིན་པ་དང་ནང་ཆོས་ནང་བསམ་བློ་གཏོང་ཚུལ་ལོགས་སུ་ཡིན་པའི་འགྲེལ་བཤད་བརྒྱབ་ཐུབ་ན་ནུབ་ཕྱོགས་སློབ་མ་རྣམས་ཀྱི་དྭོགས་པ་དང་དཀའ་ངལ་རྣམས་ཐབས་མཁས་པོའི་སྒོ་ནས་སེལ་ཐུབ། དཔེ་མཚོན་དེ་འདྲ་བ་གཞན་མང་པོ་ཡོད།
དམིགས་བསལ་གྱི་ཀླད་པའི་སྐོར་དང་། འཇིག་རྟེན་ཆགས་ཚུལ་སྐོར། སའི་གོ་ལ་ཟླུམ་པོ་ཡིན་པ་ལ་སོགས་པའི་སྐོར་དབུས་པའི་ཚན་རིག་གི་གོ་རྟོགས་གང་འཚམ་ཞིག་དགོས་པ་ཤིན་ཏུ་གལ་ཆེ། དེ་མིན་གལ་ཏེ་ཤེས་ཡོན་ལྡན་པའི་དགེ་བཤེས་ཀྱིས་སའི་གོ་ལ་ལེབ་ལེབ་ཡིན་པར་བརྗོད་ན་མི་རྣམས་ཀྱིས་གད་མོ་དགོད་པ་ཙམ་མ་ཟད། ད་དུང་སངས་རྒྱས་ཀྱི་བསྟན་པར་ཡིད་ཆེས་མེད་པར་འགྱུར་ནས་གང་ཟག་ཡ་མ་ཟུང་ཁོ་ནས་གསུང་ཆོས་ལ་དགའ་མོས་བྱ་ཡུལ་ཞིག་ཏུ་འགྱུར་ངེས་པ་དང་། དེ་ཁོང་ཚོ་ནང་ཆོས་ལ་དད་པ་ཡོད་པའི་དབང་གིས་བྱུང་བ་མ་ཡིན་ཏེ། ནུབ་ཕྱོགས་པའི་སྤྱིར་བཏང་གི་ལྟ་ཚུལ་ལས་ཁྱད་མཚར་བ་གང་ཡོད་པ་རྣམས་ལ་ཁོང་ཚོའི་ཡིད་ཀྱི་བརྟན་པ་འཕྲོག་གི་ཡོད། རྒྱུ་མཚན་ནི་རྒྱས་བཅད་དག་སྐྱེལ་བྱེད་མཁན་གྱི་མི་རྣམས་དང་ལྷན་དུ་ཁོང་ཚོར་གནས་ཚུལ་མི་ལེགས་པ་འགའ་བྱུང་ཡོད་པར་ངེས། ཕྱི་ལོ་ ༡༩༨༨ ཟླ་ ༡༢ ནང་སཱ་ར་ནཱ་ཐ་ལ་ཚོགས་པའི་བོད་བརྒྱུད་ནང་བསྟན་ཡོངས་རྫོགས་ཀྱི་སྤྲུལ་སྐུ་དང་མཁན་པོ་རྣམས་ཀྱི་ཆོས་ལུགས་རིས་མེད་ཀྱི་ཚོགས་ཆེན་ཐེངས་བཞི་པའི་ཐོག་གསུངས་པ་བཞིན་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ནི་བདེན་པ་བཞི་དང་བདེན་པ་གཉིས་ཀྱི་རྣམ་གཞག་ཡིན་པ་རེད། གང་ལྟར་ཡང་། གསུང་རབ་ལས་ཐབས་ཚུལ་ལྡན་པའི་ཐོག་ནས་གསུངས་པའི་འཇིག་རྟེན་གྱི་ཕྱིའི་བཀོད་པའི་འགྲེལ་བཤད་དེ་ད་ལྟ་འཛིན་བཞིན་པའི་གནའ་རབས་རྒྱ་གར་གྱི་ཡིད་ཆེས་དང་ལྷན་དུ་འཆམ་མཐུན་དུ་གནས་ཡོད། དེར་བརྟེན་ད་ལྟ་འཛིན་བཞིན་པའི་ཚན་རིག་དང་ས་བཤད་རིག་པའི་རྣམ་གཞག་དག་མ་འོངས་པར་ཕལ་ཆེར་འགྱུར་ལྡོག་ཡོང་ངེས་པ་སེམས་ལ་བཟུང་བའི་ཐོག་ནས་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་རྣམས་དེང་རབས་རྣམ་གཞག་དེ་དག་དང་ལྷན་དུ་ཞི་མཐུན་གྱི་ཐོག་ནས་སྟོན་དགོས་པ་ཡིན། གནས་སྟངས་གང་འདྲ་ཞིག་ལའང་ལས་དང་པོ་བའི་སློབ་མ་རྣམས་ལ་དང་ཐོག་ནས་དམྱལ་བ་དང་རི་ཡི་རྒྱལ་པོ་རི་རབ་ལ་སོགས་པའི་ཐོག་ལ་གསུང་ཆོས་གནང་མི་ཉན།
འཇིག་རྟེན་གྱི་ཕྱིའི་བཀོད་པའི་འགྲེལ་བཤད་སྐོར་ལ་སློབ་ཁྲིད་གནང་བའི་སྐབས་རྣམ་དཔྱོད་ལྡན་པའི་ཐབས་ལམ་གཅིག་ནི་སྟོན་པས་མངོན་པ་མཛོད་དང་དུས་འཁོར་གྱི་འགྲེལ་པ་གཉིས་གསུངས་པ་དེ་བརྗོད་དགོས། དེར་གཉིས་ཡོད་པས་འགྲེལ་བཤད་མཐར་ཐུག་ཅིག་ལ་ངེས་པ་མ་ཡིན། འགྲེལ་བཤད་དེ་གཉིས་ཀྱང་རེ་རེ་བཞིན་རྒྱུ་མཚན་བྱེ་བྲག་པ་ཞིག་ལ་བརྟེན་ནས་གསུངས་ཡོད། མངོན་པ་མཛོད་ཀྱི་ནང་འགྲེལ་གནང་བ་དེ་ཤེས་རབ་སྐྱེད་པའི་དོན་དུ་ཡིན་པ་དང་། དུས་འཁོར་གྱི་ནང་གསུངས་པ་དེ་ཕྱིའི་འཛམ་གླིང་གི་གནས་སྟངས་ལ་དཔེ་བསྡུར་བྱས་པའི་སྒོམ་གྲུབ་ཀྱི་ཉམས་ལེན་ཞིག་ཡོང་བའི་དོན་དུ་ཡིན། དེས་ན་རྒྱུ་མཚན་གཞན་ཞིག་འཁྱེར་ནས་ཚན་རིག་པའི་འགྲེལ་ལུགས་གསུམ་པ་ཞིག་ཁས་བླངས་པར་འགལ་བ་གང་ཡང་མ་མཆིས། ཚན་རིག་གི་འགྲེལ་བཤད་ནི་དཔེར་ན་ཟླ་བའི་ནང་མེ་ཤུགས་འཕུར་མདའ་གཏོང་བ་དང་རྒྱ་མཚོའི་སྟེང་ལ་གྲུ་གཟིངས་གཏོང་བའི་དགོས་དོན་ལས་བྱུང་གི་ཡོད། སྟོན་པས་མངོན་པ་མཛོད་དང་དུས་འཁོར་གྱི་གཞུང་གཞི་རྩར་བྱས་ནས་ཟླ་བའི་ནང་མེ་ཤུགས་འཕུར་མདའ་གཏོང་ཐུབ་པའི་ངོས་འཛིན་གང་ཡང་གནང་མེད། དེའི་ཐོག་ནས་ཚན་རིག་དང་ནང་ཆོས་ཀྱི་གཞུང་གཉིས་ཀ་ཁས་བླངས་པར་འགལ་བ་མེད་པ་དང་། སངས་རྒྱས་ཀྱི་བསྟན་པར་གནོད་སྐྱོན་མེད།
རི་ཡི་རྒྱལ་པོ་རི་རབ་གླེང་བའི་སྐབས་སུ་ཐབས་ཚུལ་དེ་དང་གཅིག་མཚུངས་བེད་སྤྱོད་གཏོང་ཐུབ། ཆོས་མངོན་པ་མཛོད་དང་དུས་འཁོར་གྱི་ལུགས་ལ་རི་ཡི་རྒྱལ་པོ་རི་རབ་ཀྱི་དབྱིབས་འགྲེལ་བཤད་མི་འདྲ་བ་རྒྱག་གི་ཡོད། དེར་བརྟེན་དེ་ལ་མཐར་ཐུག་གི་དབྱིབས་གཅིག་མེད། གང་ལྟར་ཡང་། དེ་ནི་འཇིག་རྟེན་ཁམས་ཀྱི་ལྟེ་བར་ཡོད། དེང་དུས་ཚན་རིག་གིས་ཀྱང་འཇིག་རྟེན་ཁམས་ཀྱི་དབུས་སམ་ལྟེ་བ་ཞིག་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད། ཁོང་ཚོས་དེ་ལ་རི་ཡི་རྒྱལ་པོ་རི་རབ་ཅེས་བརྗོད་ཀྱི་མེད་ནའང་དེས་རི་ཡི་རྒྱལ་པོ་རི་རབ་ཀྱི་བྱེད་ལས་སྒྲུབ་ཐུབ་ཀྱི་ཡོད། དེའི་ཐོག་ནས་རི་ཡི་རྒྱལ་པོ་རི་རབ་ཀྱི་དབྱིབས་དང་གནས་ཡུལ་གྱི་དག་སྐྱེལ་གསུམ་པ་ཞིག་འགལ་མེད་ཐོག་ཡོང་ཆོག
ནང་ཆོས་དང་ཚན་རིག་གི་འགྲེལ་བཤད་དབར་གྱི་མགོ་རྙོག་ནི་རྒྱུན་དུ་འགྱུར་གྱི་ཐ་སྙད་ལས་ཡོང་གི་ཡོད། དཔེར་ན། ཤིང་སྡོང་དང་མེ་ཏོག་ལ་སོགས་པའི་རྩི་ཤིང་དག་སེམས་ལྡན་ཡིན་མིན་དང་སྐྱེ་བ་ཕྱི་མ་ལེན་གྱི་ཡོད་མེད་ནི་ཕྱི་རྒྱལ་བ་རྣམས་ཀྱིས་ཡང་ནས་ཡང་དུ་དྲི་བཞིན་པའི་དྲི་བ་ནང་གི་གཅིག་རེད། སྐབས་འདིར་སེམས་ཅན་ཞེས་པའི་ཐ་སྙད་ཀྱི་འགྱུར་དེས་མགོ་རྙོག་ཡོང་གི་ཡོད། གལ་སྲིད་ཐ་སྙད་དེ་ལ་ “sentient being” ཞེས་བསྒྱུར་ན། དབྱིན་ཇིའི་ཚིག་དེ་ཡོངས་གྲགས་སུ་སྤྱོད་ཀྱི་མེད་པ་དང་ཚིག་དེས་ཁོང་ཚོར་གོ་བ་ལྷག་པོ་གང་ཡང་སྐྱེ་ཡི་མེད། གལ་ཏེ་གོ་སླ་བའི་དོན་དུ་ “living being” ཞེས་བསྒྱུར་ན། འདི་ནི་གོ་ནོར་འབྱུང་གཞི་དེ་ཡིན།
ཚན་རིག་ནང་དུ་ཆོས་ཀྱི་དབྱེ་བ་གཅིག་ནི་ཚེ་སྲོག་གི་ཆོས་ཡིན། དེས་རྩི་ཤིང་དང་སེམས་ཅན་གཉིས་ཀ་ཁོངས་སུ་སྡུད་ཀྱི་ཡོད་དེ། དེ་གཉིས་ཀས་འཚོ་བཅུད་ལེན་པ་དང་། དབུགས་འབྱིན་རྔུབ། སྙིགས་འདོར་དང་སྐྱེ་འཕེལ་འགྲོ་གི་ཡོད་པའི་ཕྱིར། དེར་བརྟེན་ཚིག་ “living being” ཞེས་པ་དེ་རྩི་ཤིང་དང་སེམས་ཅན་གཉིས་ཀར་གོ་བ་ཡིན། དེ་ལྟ་ནའང་རྩི་ཤིང་ལ་སེམས་མེད། ཚན་རིག་པ་ཞིག་གིས་༸གོང་ས་མཆོག་ལ་འགྲེལ་བཤད་བརྒྱབ་པ་བཞིན་རྩི་ཤིང་དང་དུད་འགྲོ་སེམས་ཅན་གཉིས་དབར་གྱི་ཁྱད་པར་གཙོ་བ་ནི་རྩི་ཤིང་ལ་དབང་རྩ་མེད་པ་དེ་ཡིན་པ་རེད། འདི་ནི་ནང་ཆོས་ལས་གསུངས་པའི་རླུང་དང། རྩ། ཐིག་ལེའི་ཆ་ཤས་སུ་གྱུར་བའི་དབང་རྩ་དང་ཇི་བཞིན་གཅིག་མ་ཡིན་ནའང་འདྲ་བ་ཡིན། གང་ལགས་ཞེ་ན། རྩི་ཤིང་ལ་དབང་རྩ་མེད་པས་སེམས་ཀྱི་རྟེན་མེད་པ་མ་ཟད། ཁྱད་པར་དུ་བདེ་སྡུག་གི་ཚོར་བ་མྱོང་བའི་རྟེན་མེད། གལ་ཏེ་རྩི་ཤིང་ལ་ཚོར་བ་དེ་འདྲ་བ་ཞིག་མེད་ན། དེ་དག་ལ་བདེ་བ་འཐོབ་འདོད་དང་སྡུག་བསྡལ་འབྲལ་འདོད་ཀྱི་བསམ་པ་ཡོང་ཐབས་མེད། གལ་ཏེ་རྩི་ཤིང་ལ་དེ་འདྲ་བའི་ཀུན་སློང་གི་བསམ་པ་མེད་ན། དེ་དག་ལ་ལས་དགེ་སྡིག་གསོག་པ་མེད། དེ་དག་གིས་སྡུག་བསྔལ་མྱོང་མི་ཐུབ་ན། སྡུག་བསྔལ་ལས་ཐར་དགོས་དོན་མེད། དེར་བརྟེན་རྩི་ཤིང་རྣམས་སྲོག་ལྡན་ living being ཡིན་ནའང་། ཚད་ཅན་གྱི་དྲན་ཤེས་དང་ལྡན་པའི་སེམས་ཅན་མ་ཡིན། ནང་ཆོས་ལས་སྡུག་བསྔལ་མྱོང་བཞིན་པ་རྣམས་སྡུག་བསྔལ་ལས་ཐར་ཚུལ་གསུང་གི་ཡོད་པར་བརྟེན་དུད་འགྲོ་དང་མི་གཉིས་རྩི་ཤིང་ལས་གཞན་པའི་ཆོས་ཀྱི་དབྱེ་བ་ལོགས་སུ་སྟོན་གྱི་ཡོད། གང་ལྟར་ཡང་། གལ་ཏེ་དབྱེ་བ་རྣམས་འགྲེལ་པ་ཐ་དད་དུ་རྒྱག་གི་ཡོད་ན། ཚན་རིག་པ་ཚོས་ཆོས་ཀྱི་དབྱེ་བའི་ནང་དུད་འགྲོ་དང་མི། དེ་བཞིན་རྩི་ཤིང་སྡུད་དེ་སྟོན་པར་འགལ་བ་ཅི་ཞིག་ཡོད་དེ་མེད་པའི་ཕྱིར། ད་དུང་ཐ་སྙད་དང་དབྱེ་བ། དབྱེ་བ་སོ་སོའི་ནང་དུ་ཆོས་གང་ཞིག་སྡུད་ཀྱི་ཡོད་མེད་ཀྱི་མཚམས་ཀྱི་འགྲེལ་བཤད་ཁ་གསལ་སྤྲོད་པའི་ཐོག་ནས་མགོ་རྙོག་རྣམས་ལས་སླ་པོར་སེལ་ཐུབ། གལ་ཏེ་དགེ་བཤེས་སམ་བླ་མ་ཞིག་གིས་དེ་ལྟར་འགྲེལ་བརྗོད་གནང་ན། ཕྱི་རྒྱལ་བ་རྣམས་ཀྱིས་རྟོགས་ཐུབ་པ་མ་ཟད། ནང་ཆོས་དང་ཚན་རིག་དབར་འགལ་འདུ་མེད་པ་མཐོང་ཐུབ། དེ་ལ་བརྟེན་ནས་ནང་ཆོས་ལ་དམིགས་པའི་ཁོང་ཚོའི་དད་པ་ཆེ་རུ་འགྲོ་ངེས།
སྦྱིན་བདག་འཚོལ་ཐབས་དང་འབྲེལ་བའི་བསླབ་བྱ།
གནད་དོན་གཞན་ཞིག་ནི་ཕྱི་རྒྱལ་བ་ཚོར་དགེ་འདུན་པ་རྣམས་ཀྱི་ཆེད་དུ་སྦྱིན་བདག་དང་དགོན་པར་ཞལ་འདེབས་ཀྱི་རེ་སྐུལ་ཞུ་རྒྱུ་དང་འབྲེལ་བ་ཆགས་ཡོད། མི་གཅིག་ནས་གཅིག་བརྒྱུད་དེ་ཐད་ཀར་དངུལ་སློང་བའམ་ཨུ་ཚུགས་རྒྱག་པ་སོགས་བྱུང་ན་ཕྱི་རྒྱལ་བ་རྣམས་ཀྱིས་དགའ་མོས་བྱེད་ཀྱི་མེད། དེ་ནི་ལམ་སྲོལ་ཞིག་མ་རེད། དམིགས་བསལ་གྱི་དངུལ་སློང་མཁན་དེ་དགེ་བཤེས་ཞིག་གམ་བླ་མ། ཡང་ན་སོ་སོའི་དགེ་རྒན་ཡིན་ཚེ། ཁོང་ཚོ་ཧ་ཅང་གི་བྱེད་མི་བདེ་བ་ཞིག་ཡོང་གི་ཡོད། ཁོང་ཚོར་བཙན་ཤེད་ཀྱིས་སྤྲོད་དུ་འཇུག་གི་ཡོད་པའི་ཚོར་སྣང་སྐྱེ་ཡི་ཡོད་པ་དང་རྗེས་སུ་ཁོང་ཚོས་ཕལ་ཆེར་དགེ་རྒན་ལ་བསམ་ཕྱོགས་ལོག་པ་སྐྱེས་ནས་བསྐྱར་དུ་གསུང་ཆོས་ལ་མི་བཅར་སྲིད། དེར་མ་ཟད། གལ་ཏེ་ཁོང་ཚོའི་ལམ་སྲོལ་བཞིན་དངུལ་སྤྲོད་རྒྱུའི་གོ་སྐབས་བྱུང་ནའང་ཁོང་ཚོས་སྤྱིར་བཏང་ཆ་ནས་དེ་ལས་ཉུང་བ་སྤྲོད་ངེས་པ་ཡིན། ཆོས་ཚོགས་ཁག་གི་ནང་། ནམ་རྒྱུན་རྒྱལ་སྒོའི་འགྲམ་དུ་གསལ་བསྒྲགས་སྦྱར་པང་དམིཌ་བསལ་ཞིག་ཡོད། དེར་བརྟེན་གསལ་བསྒྲགས་སྦྱར་བའམ་ཡང་ན་དེའི་ཐོག་རེ་སྐུལ་བྲིས་པ་ནི་དེ་ལས་ཐབས་མཁས་པ་དང་ཕན་ནུས་ཆེ་བ་ཡོད། གསུང་ཆོས་གྲུབ་རྗེས་མི་ཚོགས་དབུས་སུ་གསལ་བསྒྲགས་སྦྱར་པང་སྟེང་སྦྱིན་བདག་རྣམས་ལ་རེ་སྐུལ་ཞིག་ཡོད་ཅེས་གསལ་བསྒྲགས་སྤེལ་ཆོག །གལ་ཏེ་མི་རྣམས་དོ་སྣང་བྱེད་འོས་པ་དང་ཀློག་ཐུབ་ན། དེ་ནི་རྗེས་སུ་ཡི་རངས་ཞུ་དགོས་པ་ཞིག་ཡིན།
ད་དུང་སློབ་གྲྭ་ཁག་དང་། དགེ་འདུན་པ་ཚོའི་ཞལ་ལག་བཅུད་ལྡན་མཁོ་སྤྲོད། སྨན་ཉོ་རྒྱུའམ། ཆུ་དང་གསང་སྤྱོད་ཀྱི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུའི་ཐད་ཕྱི་རྒྱལ་བ་རྣམས་ཞལ་འདེབས་འབུལ་རྒྱུ་དགའ་མོས་ཆེ་བ་ཡོད། ལྷོ་ཤར་དང་ཤར་ཨེ་ཤི་ཡའི་མི་རྣམས་ཕུད་དེ་མིན་གྱི་མི་རྣམས་ཀྱིས་ལྷ་ཁང་དང་ཆོས་ལུགས་ཀྱི་སྐུ་འདྲ་བཞེང་རྒྱུར་དེ་ཙམ་གྱིས་དགའ་མོས་དང་དོ་སྣང་མི་བྱེད་པ་ཡིན། ཁོང་ཚོས་སྦྱིན་པ་བཏང་བ་ལས་དགེ་བའམ་ཕན་ནུས་བཟང་པོ་ཞིག་གསོག་གི་ཡོད་པར་སེམས་ཀྱི་མེད། ཁོང་ཚོས་དམིགས་བསལ་གྱིས་བྱིས་པར་རོགས་སྐྱོར་བྱེད་རྒྱུར་དགའ་མོས་བྱེད་ཀྱི་ཡོད། དེར་བརྟེན་ཕྱི་རྒྱལ་བ་རྣམས་ལ་དགེ་འདུན་པའི་གནས་སྟངས་ཐད་རོགས་སྐྱོར་གྱི་དངུལ་སློང་ཚུལ་དེ་ལེགས་པར་སེམས། ཡང་གལ་སྲིད་ཁོང་ཚོས་འགྲོ་གྲོན་སྤྲད་པའི་དམིགས་ཡུལ་བཞིན་བེད་སྤྱོད་མ་བྱས་ཚེ། ཕྱི་རྒྱལ་བ་རྣམས་བློ་ཕམ་བྱུང་ནས་མ་འོངས་པར་མུ་མཐུད་ནས་རོགས་སྐྱོར་བྱེད་མི་སྲིད།
བུད་མེད་ལ་གཅིག་མཚུངས་སུ་ལྟ་ཚུལ་འཛིན་པ།
བུད་མེད་ཀྱི་གནས་བབས་ནི་ཨེ་ཤི་ཡ་ལས་ཕྱི་རྒྱལ་གྱི་ལུང་པའི་ནང་ཤིན་ཏུ་མི་འདྲ་བ་ཡིན། འདས་པའི་དུས་སུ་བུད་མེད་རྣམས་དམན་པར་བརྩིས་པ་དང་། ཁོང་ཚོས་དེའི་དོན་དུ་འཐབ་རྩོད་དྲག་པོ་བྱས་ཡོད། གསུང་རབ་ནང་བུད་མེད་ཀྱི་སྐྱེ་བ་ཞན་པའམ། ཡང་ན་སྐྱེ་བ་ཕོ་ལུས་ལེན་པའི་སྨོན་ལམ་རྒྱག་དགོས་པའི་དགོངས་ཚུལ་ཅི་ཞིག་བྱུང་ནའང་ཁོང་ཚོས་དགག་ཕྱོགས་ཀྱི་ཐོག་ནས་རྣམ་འགྱུར་སྟོན་གྱི་ཡོད། དཔལ་གསང་བ་འདུས་པའི་སྔགས་གཞུང་ལ་གཞིགས་ན། ཕོ་མོའི་ལུས་རྟེན་ལ་ཁྱད་མེད་པར་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པ་ཡིན། དེ་ལྟ་ནའང། སྤྱི་ཚོགས་ཀྱིས་བུད་མེད་ལ་དཀའ་ངལ་མང་བ་སྐྲུན་གྱི་ཡོད་པར་བརྟེན་དེ་དྲང་བདེན་ཞིག་མིན་ནའང་མདོ་ལུགས་ནས་ཆོས་ཉམས་ལེན་བྱེད་རྒྱུར་ཕོའི་ལུས་རྟེན་ལ་གེགས་བར་ཆད་ཉུང་བ་ཡོད་པར་གསུང་གི་ཡོད་པ་རྣམས་རྣམ་དཔྱོད་ལྡན་པའི་འགྲེལ་བཤད་རྒྱག་ཐུབ་པ་ཡིན།
དེས་ན་ལུང་པ་ཕལ་ཆེ་བའི་ནང་སྐྱེས་པ་ལས་བུད་མེད་ཀྱིས་ཆོས་ཚོགས་དང་གསུང་ཆོས་ལ་མང་བ་བཅར་གྱི་ཡོད་པར་བརྟེན་ཆོས་ཚོགས་ནང་ཕོ་མོ་གཉིས་ཀར་ཐོབ་ཐང་འདྲ་མཉམ་ཡོད་དགོས་པ་གལ་ཆེ། དེར་མ་ཟད། རྒྱ་གར་ནང་གི་སློབ་སྦྱོང་མཐུན་རྐྱེན་དང་གོ་སྐབས་འགྲེལ་བཤད་རྒྱག་པའི་སྐབས་སུ་དེར་གྲྭ་པ་ཁོ་ན་ཙམ་མིན་པར། བཙུན་མ་དང་བཙུན་མའི་དགོན་པ་དུ་མ་ཡོད་པའི་དངོས་དོན་རྣམས་བརྗོད་དགོས་པ་གལ་འགངས་ཆེ་བ་ཡིན། དེ་མིན་གལ་ཏེ་ཕྱི་རྒྱལ་བ་རྣམས་ཀྱིས་བོད་པ་ཚོས་སོ་སོའི་བུད་མེད་ཉམས་ལེན་པར་སྐྱེས་པ་ཉམས་ལེན་པ་བཞིན་དུ་དོ་འཁུར་བྱེད་ཀྱི་མེད་པར་བསམས་ན། ཁོང་ཚོས་བོད་པའི་དགེ་འདུན་པ་རྣམས་ཀྱིས་བཏང་སྙོམས་ཉམས་ལེན་བྱེད་པར་བཟང་ཕྱོགས་སུ་སེམས་མི་སྲིད།
གྲངས་ཉུང་མི་རིགས་ལ་སེམས་འཁུར་གྱི་ཚོར་བ།
ཆོས་ཚོགས་སུ་ཡོང་མཁན་ཁ་ཤས་སོ་སོའི་ལུང་པའི་ནང་མཐོང་ཆུང་དང་ལྟ་ཚུལ་སྡུག་ཅག་བྱུང་བའི་མི་རིགས་ནག་པོ་ཡིན་པ་དང་། ཡང་ན་ཁོང་ཚོ་ཞ་བོ་དང་། ལོང་བ། འོན་པ་ཡིན་སྲིད། ཡང་ཕོའམ་མོའི་རྟགས་མཚུངས་འཁྲིག་སྤྱོད་བྱེད་མཁན་ཡིན་སྲིད་ཅིང། དེ་ནི་ལུང་པ་ཁ་ཤས་ནང་རྒྱུན་གཏན་མ་ཡིན་པའི་གནད་དོན་ཞིག་མིན་ནའང་། བུད་མེད་དང་མི་རིགས་ནག་པོ་སུ་ཡིན་རུང་སྤྱི་ཚོགས་ནང་མཐོང་ཆུང་ཤུགས་ཆེ་བཏང་བར་དོགས་ཟོན་ཆེན་པོ་ཡོད། མི་དེ་དག་ལ་རོགས་ཕན་བྱེད་པར་ཐབས་ཇུས་ཆེན་པོ་དང་དམིགས་བསལ་གྱི་ཐབས་མཁས་པོ་ཞིག་དགོས་པ་ཡིན།
དེར་མ་ཟད། དམིགས་བསལ་གྱི་བྱང་ཡུ་རོབ་དང་ཨ་མེ་རི་ཀ་ལ་སོགས་པའི་ལུང་པ་འགའ་ཞིག་ནང་། རྒྱ་མཚོའི་མཐའམ་ཆུ་ཚན་ལ་ཕོ་མོ་དབྱེར་མེད་པའམ། ཡང་ན་སྐྱེས་པའི་ཚོ་ཁག་དང་བུད་མེད་ཀྱི་ཚོ་ཁག་སོ་སོར་གཅེར་བུར་ཆུ་རྐྱལ་ལ་རོལ་གྱི་ཡོད། མི་དེ་དག་གིས་ལུས་ལ་གྱོན་གོས་གང་ཡང་མེད་པར་གཟུགས་པོ་འཁྲུ་བ་དང་། མང་པོ་ཞིག་ལ་དམར་ཧྲང་གཞན་དང་མཉམ་དུ་གཅེར་བུར་བསྡད་ན་ངོ་ཚ་ཁ་སྐྱེངས་ཡོང་གི་མེད། དེ་ནི་ཀླ་ཀློའི་སྤྱོད་ཚུལ་དང་ཁྱད་མཚར་དུ་ཆ་འཇོག་བྱེད་ཀྱི་མེད། བོད་རིགས་རྣམས་ལམ་སྲོལ་དེའི་རྗེས་སུ་འབྲང་དགོས་ངེས་ཤིག་མིན་ནའང་། དེ་ལ་སྐྱོན་བརྗོད་བྱེད་པ་ནི་རྣམ་དཔྱོད་ལྡན་པ་ཞིག་མིན།
ཕྲུ་གུ་ཚོར་སློབ་ཁྲིད་བྱེད་པ།
ཡེ་ཤུ་དང་འཇིའུ་རྣམས་ཀྱི་ནང་ཕྲུ་གུ་ཚོར་ཆོས་ལུགས་ཀྱི་ཤེས་ཡོན་དགོས་པ་ནི་ལམ་སྲོལ་ཡིན། བདུན་ཕྲག་གཅིག་གི་རེས་གཟའ་ཉི་མར་སྔ་དྲོ་ཆུ་ཚོད་གཅིག་རིང་རྟག་ཏུ་དེའི་ཐོག་དུས་ཚོད་གཏོང་གི་ཡོད། ཕྱི་རྒྱལ་བ་རྣམས་ཀྱིས་ཁོང་ཚོའི་ཕྲུ་གུར་ནང་ཆོས་ཀྱི་རྨང་གཞིའི་གསུང་ཆོས་ཀྱི་ལས་རིམ་དེ་འདྲ་བ་བྱུང་ན་དགའ་པོ་བྱེད་ངེས་ཡིན། ལས་རིམ་དེས་སྟོན་པའི་མཛད་རྣམ་དང། སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར། ནང་པའི་དུས་ཆེན་ཁག་གི་འགྲེལ་བཤད། སེམས་བཟང་པོ་བྱེད་ཚུལ། དམིགས་རྣམ་སྒོམ་པ་དང་སྔགས་ཉམས་ལེན་ལས་སླ་པོ་རྣམས་ཀྱི་ཐོག་ནན་བཤད་བྱེད་ཆོག །ཕྱི་རྒྱལ་བའི་བྱིས་པ་རྣམས་ལ་དཔེ་ཆ་བློ་འཛིན་དང་ངག་འདོན་བྱེད་པའི་གོམས་སྲོལ་མེད། གལ་ཏེ་རང་ལ་དོ་དབྱིངས་ཡོད་ན་གང་ལྟར་ཡང་བོད་པའི་སྐད་ཡིག་ལས་སླ་པོ་རྣམས་སྦྱོང་ཐུབ་སྲིད།
གཞན་ཡང་ཆོས་ཚོགས་སུ་ནང་པའི་དུས་ཆེན་ཁག་ཞལ་འདོན་དང་། སྤྲོ་སྐྱིད། གསོལ་སྟོན་ལ་སོགས་པའི་ཐོག་ནས་སྲུང་བརྩི་ཞུ་རྒྱུ་གལ་ཆེ་བ་དང་། ཕྲུ་གུ་རྣམས་དེའི་ནང་ཞུགས་ཐུབ་པ་དགོས། ཕྱི་རྒྱལ་གྱི་ཆོས་ལུགས་ཡོངས་རྫོགས་ཀྱིས་དུས་ཆེན་སྲུང་བརྩི་ཞུ་ཡི་ཡོད་པར་བརྟེན་གལ་ཏེ་ཡེ་ཤུའི་བྱིས་པ་རྣམས་ལ་གང་ཡོད་པ་བཞིན་དུ་ཕྱི་རྒྱལ་ནང་པའི་བྱིས་པ་རྣམས་ལ་སོ་སོའི་ནང་པའི་དུས་སྟོན་ཡོད་པ་ཡིན་ན་ཁོང་ཚོའི་ཁྱིམ་ཚང་ནང་པ་ཡིན་པར་དེ་ལས་དགའ་སྤོབས་ཆེ་བ་ཡོང་ངེས། ད་དུང་གལ་སྲིད་ཕྱི་རྒྱལ་བ་རྣམས་ཁོང་ཚོའི་ཕྱི་རྒྱལ་ཆོས་ལུགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔེར་ན་ཡེ་ཤུའི་འཁྲུངས་སྐར་ལ་སོགས་པ་སྲུང་བརྩི་ཞུ་རྒྱུར་སེམས་ཤུགས་བཅག་ན། ཁོང་ཚོར་ཡིད་མི་བདེ་བའི་ཚོར་སྣང་ཞིག་ཡོང་ངེས་པས། ཐབས་མཁས་ལ་རྣམ་དཔྱོད་ལྡན་པའི་འགྲེལ་བཤད་ཀྱི་ལམ་ནས་ཆོས་ལུཌ་ཁག་དང་རྒྱལ་ཁབ་ཀྱི་དུས་ཆེན་རྣམས་འགལ་མེད་ཀྱི་ཐོག་ནས་སྲུང་བརྩི་ཞུས་ན་འགྲིག་ཚུལ་གསུང་དགོས།
ནུབ་ཕྱོགས་པ་རྣམས་ཀྱི་ནང་ཆོས་ལ་འཇུག་ཚུལ།
སྤྱིར་ཕྱི་རྒྱལ་བ་དང་བྱེ་བྲག་ནུབ་ཕྱོགས་ནང་ཡོད་པའི་མི་རྣམས་བྲེལ་ཟིང་ཆེ་བ་དང་གསུང་ཆོས་ལ་བཅར་རྒྱུའམ་གཟབ་ནན་གྱི་ཉམས་ལེན་བྱེད་རྒྱུའི་དུས་ཚོད་མང་པོ་མེད། ཁོང་ཚོར་གང་ཡིན་ནའང་ཚང་མ་མགྱོགས་པོ་དགོས་ཀྱི་ཡོད། དེར་བརྟེན། ཁོང་ཚོ་གསུང་ཆོས་ལ་སླེབས་སྐབས་དུས་གཅིག་ལ་འགྲེལ་བཤད་མང་པོ་རྒྱག་དགོས་ཞིང་། འཆར་ཟིན་མདོར་བསྡུས་ཡོངས་རྫོགས་སྤྲོད་དགོས་ཏེ། དེས་ཁོང་ཚོར་ནང་ཆོས་ཅི་ཞིག་ཡིན་མིན་གྱི་སྤྱིར་བཏང་གྱི་འཆར་སྒོ་ཞིག་འཆར་ཐུབ་པའམ། དཔེ་ཆ་བྱེ་བྲག་པ་གང་གི་སྐོར་ལ་ཡིན་མིན་ཤེས་རྟོགས་ཐུབ། གསུང་ཆོས་དང་པོའི་སྐབས་སུ་ཁོང་ཚོར་བག་ཆགས་དང་མཐོང་སྣང་ཡག་པོ་ཞིག་བྱུང་ན། བསྐྱར་དུ་ཡོང་རྒྱུའི་ཀུན་སློང་སྐྱེ་སྲིད། དེ་ལྟ་ནའང། གལ་ཏེ་ཐོག་མ་ཉིད་ནས་ཐམས་ཅད་དལ་པོར་འགྲོ་བ་ཡིན་ན། ཕྱི་རྒྱལ་བ་ཚོར་དུས་ཚོད་དམ་ངང་རྒྱུད་རིང་པོ་མེད་པས་བསྐྱར་དུ་གསུང་ཆོས་ལ་བཅར་དཀའ།
ད་དུང་ཕྱི་རྒྱལ་བ་རྣམས་ལ་རྟག་ཏུ་ཛཻན་བསམ་གཏན་པའམ་གནས་བརྟན་སྨྲ་བའི་ཆོས་ཚོགས་དང་དེ་བཞིན་ཧིན་དྷུའི་ཆོས་ཚོགས་འགའ་ཞིག་ལ་རྒྱུས་མངའ་ཕྲན་ཙམ་ཡོད། ཁོང་ཚོའི་དྲི་བར་ལན་འདེབས་པར། དེ་དག་གི་སློབ་ཁྲིད་བྱེད་ཚུལ་མན་ངག་གི་སྐོར་ལ་གང་ཙམ་ཤེས་རྟོགས་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། དེ་ཡང་ཆོས་ལུགས་དེ་དག་གིས་ད་ལྟའི་ཆར་སློབ་པའི་མན་ངག་རྣམས་གཞི་རྩར་བྱེད་དགོས། བོད་པའི་དཔེ་ཆའི་ནང་གསལ་བའི་ཐེག་དམན་པ་དང་ཕྱི་རོལ་པ་དང་འབྲེལ་བའི་གྲུབ་མཐའ་གང་ཡིན་པ་ཐམས་ཅད་ཕལ་ཆེར་དེང་དུས་གནས་བརྟན་སྨྲ་བ་དང་ཕྱི་རོལ་པ་རྣམས་ཀྱིས་ཆོས་བཤད་བྱེད་པའམ་ཉམས་ལེན་བྱེད་ཀྱི་མེད། མ་ཟད་ཕྱི་རྒྱལ་བ་རྣམས་ལ་ཁ་སངས་པོའི་ཐོག་ཐད་ཀར་ཁོང་ཚོས་གང་བྱས་པ་དང་བྱེད་བཞིན་པ་ནི་ཕྱིན་ཅི་ལོག་གི་ལྟ་བའི་རྗེས་སུ་འབྲང་བཞིན་ཡོད་པར་བརྗོད་པ་ནི་ཁོང་ཚོས་རྣམ་དཔྱོད་ལྡན་པར་མི་མཐོང་།
ཕྱི་རྒྱལ་བ་སྤྱི་དང་ལྷག་པར་དུ་ནུབ་ཕྱོགས་པ་རྣམས་ཀྱིས་སོ་སོའི་ནུས་པ་དང་དོ་སྣང་ཕལ་ཆེ་བ་ཕྱི་དངོས་པོར་གཏད་ཡོད་པ་དང་། མི་ཧ་ཅང་ཉུང་ངུ་ཞིག་གིས་ནང་སེམས་ལ་བློ་རྩེ་གཏོད་རྒྱུའི་དུས་ཚོད་གཏོང་གི་ཡོད། མ་ཟད་ཆོས་ཚོགས་ཀྱི་གསུང་ཆོས་རྣམས་དགོང་མོ་གནང་གི་ཡོད་པ་དང་མི་ཚོས་རྟག་ཏུ་ཉིན་རེའི་ལས་ཀའི་བྲེལ་ཟིང་གི་རྗེས་སུ་ཐད་ཀར་གསུང་ཆོས་ལ་ཡོང་གི་ཡོད། དེར་བརྟེན། གསུང་ཆོས་དང་ཉམས་ལེན་གྱི་རིམ་པའི་ཐོག་མར་ནུབ་ཕྱོགས་པ་རྣམས་ལ་སོ་སོའི་དབུགས་འབྱིན་རྔུབ་ལ་གང་ཙམ་ཞིག་བློ་རྩེ་གཏོད་དུ་འཇུག་པ་དང། དེ་མིན་དབུགས་འབྱིན་རྔུབ་བའམ་དབུགས་ཐེངས་དགུ་ལ་གྲངས་རྩི་བ། ཡང་ན་དེ་དང་འདྲ་བའི་ཉམས་ལེན་གཞན་ལག་བསྟར་བྱེད་པ་ནི་ཁོང་ཚོར་ཕན་ཐོགས་ཡོད། འདིས་ཁོང་ཚོ་ཏོག་ཙམ་ལྷོད་དུ་འབབ་འཇུག་པ་དང་ཁོང་ཚོའི་དམིགས་གཏད་ནང་དུ་འདྲེན་པར་བརྟེན་ཁོང་ཚོས་གསུང་ཆོས་ཉན་ཐུབ་པའམ་མུ་མཐུད་ནས་སྒོམ་རྒྱག་ཐུབ།
གསུང་ཆོས་ཀྱི་བརྗོད་གཞི་འདེམ་པ།
ཕྱི་རྒྱལ་ནང་པའི་ཆོས་ཚོགས་སུ་སྤྱིར་བཏང་ཆ་ནས་མི་ཡ་མ་ཟུང་མང་པོ་ཞིག་ཡོང་གི་ཡོད་པ་རེད། མི་མང་པོ་ཞིག་ངས་གོང་དུ་བཤད་པའི་དཔེ་དེབ་དང་འགྱུར་ཡ་མ་ཟུང་གི་ཤུགས་རྐྱེན་འོག་ཏུ་གསུང་ཆོས་ལ་ཡོང་གི་ཡོད་པ་དང། ཁོང་ཚོར་ལྟ་ཚུལ་དང་སྔོན་ཚུད་ཀྱི་རྣམ་རྟོག་ནོར་འཁྲུལ་ཅན་མང་པོ་ཡོད། དེའི་ནང་ནས་མི་ཁ་ཤས་རྫུ་འཕྲུལ་གྱི་ནུས་པ་འཐོབ་རྒྱུར་དགའ་མོས་བྱེད་ཀྱི་ཡོད་པ་ནི་ཁོང་ཚོས་དེ་མི་གཞན་གྱི་ཐོག་ཏུ་བེད་སྤྱོད་ལོག་པ་གཏོང་ཐུབ་རྒྱུའི་རེ་བ་བཅངས་ཀྱི་ཡོད། ཁ་ཤས་ཡ་མཚན་ཅན་གྱི་འཁྲིག་སྤྱོད་ལ་དོ་དབྱིངས་ཡོད་པ་དང་། ཁ་ཤས་སོ་སོས་ཡ་མཚན་ཅན་དུ་བརྩི་བ་གང་ཞིག་འཚོལ་རྒྱུ་ཙམ་གྱི་དོན་དུ་ཡིན་པ་རེད། མི་ཡོངས་རྫོགས་ཀུན་སློང་དང་དོ་དབྱིངས་ཀྱི་ཆ་ནས་ལྷག་བསམ་རྣམ་དག་ཅིག་མིན། དེ་དག་དབྱེ་འབྱེད་ཐུབ་པ་དང་ཁོང་ཚོ་དང་ལྷན་དུ་ཐབས་མཁས་པོ་བྱ་རྒྱུ་གལ་ཆེ་བ་ཡིན།
ཕྱི་རྒྱལ་བ་རྣམས་ལ་ཕན་ཐོགས་ཆེ་ཤོས་ཀྱི་གསུང་ཆོས་ཀྱི་རིགས་ནི་ལམ་རིམ་དང་བློ་སྦྱོང་གི་རྨང་གཞི་དག་ཡིན། ཕྱི་རྒྱལ་བ་རྣམས་ཕལ་ཆེར་སྔགས་ཀྱི་ཉམས་ལེན་ཚད་མཐོ་པོ་དང་ཡ་མཚན་ཆེ་བ་དག་ལ་ཡིད་འཕྲོག་སྲིད། དེ་ལྟ་ནའང་། ཁོང་ཚོ་སོ་སོར་རྨང་གཞི་སྐྱོ་པོ་ཞིག་ལས་མེད་པའམ། སྔོན་དུ་བརྗོད་ཟིན་པ་ལྟར་གྱི་ཀུན་སློང་མ་དག་པ་ཞིག་ཡོད་ཚེ། དེར་གཏོགས་པའི་མི་ཚང་མར་ཧ་ཅང་གི་གནོད་ཚབས་ཅན་འགྱུར་སྲིད་པས། གསུང་ཆོས་ཅི་ཞིག་གནང་ཀྱང་མི་རྣམས་ཀྱི་ཉིན་རེའི་འཚོ་བ་དང་འབྲེལ་བ་ཡོད་པ་ཞིག་དགོས་པ་གལ་ཆེ། མི་བཟང་པོ་དང་གཞན་ཚོར་འདྲེན་ནུས་ཀྱི་ཕན་སེམས་ཅན་ཞིག་ཆགས་ཐུབ་པའི་ཐོག་ལ་ནན་བཤད་བྱེད་དགོས།
ནུབ་ཕྱོགས་པ་རྣམས་གྲྭ་བཙུན་དུ་འགྱུར་བ།
ཕྱི་རྒྱལ་བ་ཁ་ཤས་གྲྭ་པ་དང་བཙུན་མ་བྱེད་རྒྱུར་དགའ་མོས་ཡོང་གི་ཡོད། དེ་ལྟ་ནའང་། ཉམས་མྱོང་གི་ཐོག་ནས་བཤད་ན་ཁོང་ཚོ་མང་པོ་ཞིག་གིས་སོ་སོའི་ཀུན་སློང་དང་འདུན་པར་བརྟག་དཔྱད་ཡག་པོ་མ་བྱས་པར་ལམ་སེང་གྲྭ་ཆས་གྱོན་གྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་མང་པོ་ཞིག་སྐྱ་སར་ཕབ་ཟིན། ཁོང་ཚོར་སོ་སོའི་མི་ཚེ་ཧྲིལ་པོ་གྲྭ་པའམ་བཙུན་མ་ཞིག་གི་ཐོག་ནས་འཚོ་བ་སྐྱེལ་བའི་དགོས་པའི་དངོས་ཡོད་གནས་ལུགས་དང་མཐུན་པའི་བསམ་ཚུལ་ཞིག་མེད་པ་རེད། ཁོང་ཚོར་བྱ་སྤྱོད་ཇི་ལྟར་སྤེལ་དགོས་མིན་ཐད་ལ་དཔེ་མཚོན་ཁ་གསལ་ཞིག་མེད། ཡེ་ཤུའི་གྲྭ་བཙུན་དང་འདྲ་བར་བྱ་སྤྱོད་སྤེལ་བ་ནི་མི་འཚམ་པ་ཡིན་ནའང། བོད་པའི་གྲྭ་བཙུན་གྱི་འཚོ་བ་སྐྱེལ་སྟངས་ཀྱང་ཁོང་ཚོར་རན་འཚམ་ཞིག་མེད།
དེར་བརྟེན་བླ་མ་དགེ་བཤེས་རྣམས་ཀྱིས་ཕྱི་རྒྱལ་བ་རྣམས་ལ་སྡོམ་པ་ནོད་རྒྱུར་ཨུ་ཚུགས་ནམ་ཡང་མི་རྒྱག་པ་གལ་ཆེ། སྡོམ་པ་ནོད་རྒྱུའི་འདུན་པ་ཐོག་མར་ཕྱི་རྒྱལ་བའི་ཕྱོགས་ནས་ཡོང་དགོས་པ་ཡིན། དེ་ནས་བླ་མ་དགེ་བཤེས་ཀྱིས་ཁོང་ཚོའི་འདུན་པ་བརྟན་པོ་ཡིན་མིན་དང་རྨང་གཞི་ཡག་པོ་ཞིག་ཡོད་མེད་ཐད་ལོ་ཁ་ཤས་འགོར་ནའང་བརྟག་པ་དང་དཔྱད་པ་ལེགས་པོ་གནང་དགོས། དུས་ཚོད་རན་འཚམ་ཞིག་འདས་པའི་རྗེས་སུ་ཕྱི་རྒྱལ་བ་རྣམས་ཚད་ལྡན་གྱི་བླ་མའི་དྲུང་དུ་སྡོམ་པ་ལེན་དུ་གཏོང་དགོས། ཕྱི་རྒྱལ་བ་མང་པོ་སྐྱ་སར་བབ་ཀྱི་ཡོད་པར་སུ་ཡང་དགའ་པོ་མེད་པ་དང། དེས་ཕྱི་རྒྱལ་བའི་དགེ་འདུན་གྱི་སྡེ་རྒྱ་སྐྱེད་གཏོང་རྒྱུར་མིག་དཔེ་ཡག་པོ་ཞིག་འཇོག་གི་མེད། མ་ཟད་རྒྱ་གར་དུ་ཡོད་པའི་གདན་ས་ཁག་གི་ནང་སོག་པོ་རྣམས་ལ་ཁང་ཚན་ལོགས་སུ་ཡོད་པ་བཞིན་དུ་ཕྱི་རྒྱལ་བ་རྣམས་ལ་ཁང་ཚན་དམིགས་བསལ་བ་ཞིག་བསྐྲུན་པའི་ཐོག་ནས་ཕྱི་རྒྱལ་བའི་དགེ་འདུན་གྱི་རྒྱ་སྐྱེད་གཏོང་ཐུབ་ན་ཕལ་ཆེར་ཕན་ཐོགས་ཡོང་ངེས།
ཆོས་སྐྱོང་སྲུང་མར་འཕྲིན་བཅོལ།
ཆོས་ཚོགས་འགའ་ཞིག་ནང་གསང་སྔགས་ཀྱི་ཡིད་དམ་དང་སྲུང་མའི་འཕྲིན་བཅོལ་རྣམས་མངོན་གསལ་དོད་པོར་འདུས་ཚོགས་ཆེན་པོའི་ཐོག་ནས་མི་མང་གི་མདུན་དུ་དབྱིན་སྐད་དང་ཕྱི་རྒྱལ་གྱི་སྐད་རིགས་གཞན་གྱི་ནང་འདོན་གྱི་ཡོད། དེའི་ནང་ཁྲག་འཐུང་མཁན་ལ་སོགས་པའི་བརྗོད་པ་མང་པོ་ཞིག་ཡོད་པར་བརྟེན་སློབ་མ་གསར་བུ་ཚོ་དང་དེ་དག་གི་ཕ་མ་རྣམས་ལ་ལྟ་ཚུལ་ཁྱད་མཚར་བ་དང་མཐོང་སྣང་མི་མཛེས་པའི་རྒྱུ་བྱེད་ཀྱི་ཡོད། དེར་བརྟེན་བྱང་སེམས་ཡན་ལག་བདུན་པ་སྐྱབས་འགྲོ་བསྔོ་སྨོན་བཅས་ཀྱི་ཞལ་འདོན་རྣམས་ཕྱི་རྒྱལ་གྱི་སྐད་རིགས་ནང་འདོན་པར་གནོད་པ་གང་ཡང་མེད་ནའང། གསང་སྔགས་ཀྱི་དཔེ་ཆ་རྣམས་བོད་སྐད་ནང་འདོན་ཐུབ་ན་ལེགས། དཔེར་ན། བླ་མ་མཆོད་པ་བོད་སྐད་ནང་འདོན་ནའང་དེའི་ལམ་རིམ་གྱི་ཚན་པ་རྣམས་དབྱིན་སྐད་ནང་འདོན་ན་ཆོག །དེ་ནི་དམིགས་བསལ་གྱི་མི་མང་འདུ་འཛོམས་ཆེད་སློབ་སྟོན་བྱེད་ཀྱི་ཡོད། དེ་ནས་བོད་སྐད་ནང་གི་གོ་དོན་ཤེས་འདོད་དང་སྦྱོང་འདོད་ཡོད་པ་རྣམས་ལ་བོད་ཡིག་སྦྱོང་རྒྱུའི་སེམས་སྐུལ་ཐེབས་པ་དང་། གློ་བུར་བ་དག་ལ་ལྟ་ཚུལ་ལོག་པ་མི་སྐྱེ། དེས་ན་གསང་སྔགས་ཀྱི་ཆོ་གའི་དཔེ་ཆའི་འགྱུར་ཆ་ཚང་བ་སྒེར་གྱི་བེད་སྤྱོད་མ་གཏོགས་བཀག་སྡོམ་བྱེད་དགོས། གཞན་ཞིག་ནས་བཤད་ན་སོག་པོ་དང་བྷུརྱ་ཏིའི་སྤྱི་མཐུན་རྒྱལ་ཁབ་ Buryat Republic ནང་གསང་སྔགས་ཀྱི་ཆོ་ག་རྣམས་མི་མང་འདུ་འཛོམས་སར་བོད་སྐད་ནང་འདོན་དགོས་པའི་སྲོལ་ཡོད་པ་ལྟར་གཅིག་མཚུངས་གནང་དགོས།
ཆོས་ལུགས་རིས་མེད།
ཕྱི་རྒྱལ་ཆོས་ཚོགས་མང་པོའི་ནང་ཆོས་ལུགས་འཐེན་འཁྱེར་གྱི་དཀའ་ངལ་ཞིག་ད་དུང་ཡང་ཡོད་ཅིང། དེ་ནི་མ་འོངས་པའི་ནང་བསྟན་དང་བོད་བརྒྱུད་ནང་བསྟན་ལ་ཤུགས་ཆེའི་དབྱེ་འབྱེད་དང་ཉེན་ཚབས་ཅན་ཞིག་ཡིན། ༸གོང་ས་མཆོག་གིས་རྟག་ཏུ་ནན་ཆེར་བཀའ་གནང་བ་བཞིན་ཆོས་ལུགས་འཐེན་འཁྱེར་མཁྲེགས་བཟུང་གི་གཉེན་པོ་སྟོབས་ཆེ་ཤོས་ནི་ཤེས་ཡོན་ཡིན། ཆོས་ཚོགས་རྣམས་ཀྱིས་སོ་སོའི་རྒྱུད་པ་གཙང་མ་རྒྱུན་འཛིན་བྱེད་པ་དང་ལུགས་ཚང་མ་མགོ་རྙོག་གི་དཀའ་ངལ་ནང་མཉམ་བསྲེས་བྱེད་མི་ཉན་པ་གལ་ཆེན་པོ་ཡིན་ནའང། སློབ་མ་རྣམས་ལ་ནང་བསྟན་གྱི་རྒྱུད་པ་དང་ལུགས་གཞན་ཏེ། བོད་རྒྱུད་དང་བོད་རྒྱུད་མ་ཡིན་པ་ཛཻན་དང་གནས་བརྟན་སྡེ་པ་ལ་སོགས་པའི་སྐོར་ལ་སློབ་སྦྱོང་སྤྲོད་དགོས་གལ་ཆེ། དེ་ལྟའི་ཐོག་སློབ་གཉེར་བ་དང་ཉམས་ལེན་པ་སོ་སོས་སངས་རྒྱས་ཀྱི་ཆོས་ནང་འགལ་འདུ་གང་ཡང་མེད་པ་མཐོང་ཐུབ།
སྙིང་བསྡུས་དང་མཇུག་སྡོམ།
མདོར་བསྡུས་ན། བོད་རིགས་ལ་སློབ་ཁྲིད་གནང་བ་ལས་ཕྱི་རྒྱལ་ལ་སློབ་ཁྲིད་གནང་བ་ཡོངས་སུ་ཐ་དད་ཡིན། གང་ལྟར་ཡང། གལ་ཏེ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་མཁན་གྱི་དགེ་བཤེས་རྣམ་པ་དང་སྐད་སྒྱུར་བ་རྣམས་ཀྱིས་བསམ་བློའི་འཁྱེར་སོ་དང་གོམས་སྲོལ་འདྲ་མིན་དག་ལ་ཤེས་རྟོགས་ཀྱི་འབད་རྩོལ་གནང་ཐུབ་ན། དཀའ་ངལ་དང་གོ་བ་ལོག་སྒྲུབ་ཆེ་ཁག་ལས་གཡོལ་ཐུབ། དེ་འདྲའི་ལམ་ནས་གལ་ཏེ་བོད་རིགས་རྣམས་ཀྱིས་ཕྱི་རྒྱལ་བའི་དགོས་མཁོར་བསམ་པ་དང། དེ་མཚུངས་ཕྱི་རྒྱལ་བ་རྣམས་ཀྱིས་བོད་པའི་དགོས་མཁོར་བརྩི་འཇོག་བྱེད་པ་སྟེ། དམིགས་བསལ་གྱི་གདན་ས་ཁག་གི་ནང་བཞུགས་པའི་དཔེ་ཁྲིད་དགེ་རྒན་དྲག་གྲས་རྣམས་ཀྱི་དགོས་མཁོར་བརྩི་འཇོག་བྱེད་པ་ཡིན་ན། འབྲེལ་ལམ་དེ་ཕན་ཚུན་གཉིས་ཀར་ཕན་ཐོགས་ཆེན་པོ་ཆགས་ཐུབ།
ཁོ་བོས་འདིར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་སློབ་ཁྲིད་དང་འབྲེལ་བའི་དཀའ་ངལ་ཁ་ཤས་དང་། ནང་པའི་ཆོས་ཚོགས་སུ་མི་ཡ་མ་ཟུང་མང་པོ་ཞིག་ཡོང་གི་ཡོད་པའི་ཐོག་ལ་དམིགས་བཀར་གྱིས་བརྗོད་ཡོད་ནའང། ཆོས་ཚོགས་སུ་ལྷག་བསམ་ཅན་དང་སྙིང་རུས་ཅན་གྱི་ཉམས་ལེན་པ་མང་པོ་ཞིག་ཀྱང་ཡོད། འདས་པའི་སྐབས་སུ་ནང་པ་སངས་རྒྱས་པའི་བསྟན་པ་དེ་བཞིན་རྒྱ་གར་ནས་བོད་ལ་དར་ཞིང་། དཀའ་ངལ་ཇི་བྱུང་ལ་མ་ལྟོར་པར། བོད་ཀྱི་གང་ཟག་ཁྱད་པར་ཅན་དུ་མ་གྲུབ་པའི་གོ་འཕང་ཐོན་པོར་བཤེགས་ཐུབ་ཡོད། དེ་བཞིན་དུ་ད་ལྟ་བོད་མི་བརྒྱུད་ནས་འཛམ་གླིང་ཡུལ་གྲུ་གང་སར་ཕྱི་རྒྱལ་གྱི་རིག་གཞུང་སྣ་ཚོགས་ཁྲོད་དར་བཞིན་པའི་ནང་བསྟན་གྱི་བརྒྱུད་རིམ་ནང་ཡོང་རྒྱུ་ཡིན་པ་ང་ལ་གདེང་ཚོད་ཡོད།
ཁྱེད་རྣམ་པ་ཚོ་དང་ལྷན་དུ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཐོབ་པ་དང། ཁྱེད་རྣམས་ཀྱིས་ཕྱི་རྒྱལ་བ་རྣམས་ལ་ཕན་པ་སྒྲུབ་པ་ཐམས་ཅད་ཀྱི་ཆེད་དུ་ངས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ༸གོང་ས་མཆོག་གི་ཡང་དག་པའི་སློབ་སྟོན་འོག་བྱ་བ་འདིས་མུ་མཐུད་ནས་བདག་གཞན་ཚང་མར་ཕན་པར་འགྱུར་བའི་སྨོན་འདེབས་ཞུའོ།།