སངས་རྒྱས་ཉིད་ནས་རབ་ཏུ་བྱུང་བ་ཐོག་མ་རྣམས་ལ་ “ཚུར་ཤོག་” ཅེས་གསུངས་པ་ཙམ་གྱིས་སྡོམ་པ་གནང་ཡོད། དེ་ལ་ལེགས་སྦྱར་སྐད་དུ་ཨེ་ཧི་བྷིཀྵུ་ཞེས་འདིར་ཤོག་གམ་ཚུར་ཤོག་ཅེས་པའི་དོན་ཡིན། དེ་འདྲའི་སྒོ་ནས་དགེ་འདུན་པའི་གྲངས་འདང་ངེས་ཀྱིས་རབ་ཏུ་བྱུང་བའི་སྐབས། དགེ་སློང་དེ་དག་རང་ངོས་ནས་བསྙེན་པར་རྫོགས་པའི་སྡོམ་པ་འབོགས་ཆོག་པའི་ལམ་ལུགས་འགོ་འཛུགས་གནང་ཡོད།
སྲོལ་རྒྱུན་གྱི་ལོ་རྒྱུས་མང་པོའི་ནང་། གང་ལྟར་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མར་ཁོང་གི་ཨ་སྲུ་སྟེ་མ་ཚབ་གཽ་ཏ་མི་སྐྱེ་དགུ་བདག་མོ་ཆེན་མོས་རབ་ཏུ་བྱུང་བར་ཞུ་བ་ཕུལ་ནའང་ཞལ་བཞེས་གནང་མེད། དེ་ལྟ་ནའང་། སྐྱེ་དགུ་བདག་མོ་གཙོས་བུད་མེད་རྗེས་འབྲང་པ་ལྔ་བརྒྱས་སྐྲ་བྲེག་པ་དང་། གོས་སེར་པོ་གྱོན་པ། རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་རྗེས་སུ་འཇུག་པ་རེད། ཁོང་གིས་སངས་རྒྱས་ལ་དགེ་སློང་མའི་སྡོམ་པ་གནང་རོགས་ཞེས་ཐེངས་གཉིས་དང་དེ་ནས་ཐེངས་མ་གསུམ་པ་ཞུས་ཀྱང་། སླར་ཡང་སངས་རྒྱས་ཀྱིས་ངོས་བཞེས་གནང་མེད། སངས་རྒྱས་ཀྱི་སློབ་མ་ཀུན་དགའ་བོས་སྐྱེ་དགུ་བདག་མོའི་ཞུ་ངོ་མཛད་པ་རེད།
ཞུ་ཐེངས་བཞི་པའི་སྐབས་སུ་སངས་རྒྱས་ཀྱིས་ཞལ་བཞེས་གནང་ཡོད་ནའང་། དེ་ལ་ཆ་རྐྱེན་གྱི་ཚུལ་དུ་སྐྱེ་དགུ་བདག་མོ་དང་མ་འོངས་པར་བུད་མེད་རབ་ཏུ་བྱུང་མཁན་ཚང་མས་ལྕི་བའི་ཆོས་བརྒྱད་བརྩི་སྲུང་དགོས་ཞེས་གསུངས། ལྕི་བའི་ཆོས་བརྒྱད་ཀྱི་ནང་། དགེ་འདུན་པ་དང་བཙུན་མ་རྣམས་ཀྱི་སྡོམ་པ་དུས་ཡུན་ག་ཚོད་རིང་པོར་བསྲུང་མིན་ལ་མ་ལྟོས་པར། རྒན་གཞོན་གོ་རིམ་ལྟར། བཙུན་མ་རྣམས་ཀྱི་གོ་གནས་དེ་རྟག་ཏུ་དགེ་འདུན་པ་ལས་དམའ་བ་ཡིན་དགོས་པ་དེ་ཚུད་ཡོད། སངས་རྒྱས་ཀྱིས་དེ་ལྟར་དམ་བསྒྲགས་བྱེད་པའི་རྒྱུ་མཚན་ནི། དེའི་ཚེ་དེའི་དུས་སུ་རྒྱ་གར་རིག་གཞུང་གི་རིན་ཐང་དང་སྒོ་བསྟུན་ནས་རང་གི་དགེ་འདུན་གྱི་སྡེ་ལ་སྤྱི་ཚོགས་ཀྱིས་གུས་བརྩི་མེད་པ་མི་ཡོང་བའི་ཕྱིར་དང་རྗེས་སུ་ཁོང་གི་བསྟན་པ་ལ་གུས་བརྩི་མེད་པ་མི་ཡོང་བའི་ཕྱིར་རྩ་འཛུགས་གནང་བ་ཞིག་རེད། དེར་མ་ཟད། སངས་རྒྱས་ཀྱིས་བཙུན་མ་རྣམས་ལ་སྲུང་སྐྱོབ་དང་ཁྱིམ་པ་མི་ནག་ཚོས་ཁོང་ཚོར་གུས་བརྩི་འཐོབ་པར་ངེས་བརྟན་བཟོ་བའི་ཕྱིར་རྩ་འཛུགས་གནང་ཡོད། གནའ་སྔ་མོ་རྒྱ་གར་ནང་བུད་མེད་རྣམས་ནི་ཐོག་མར་རང་སོ་སོའི་ཨ་ཕའི་སྲུང་སྐྱོབ་བམ་ལམ་སྟོན་འོག་ཏུ་ཡོད་པ་དང་། དེ་ནས་སོ་སོའི་ཁྱོ་ག་དང་། མཐར་སོ་སོའི་བུ་ཕྲུག་ཚོའི་སྲུང་སྐྱོབ་འོག་ཏུ་ཡོད་པ་རེད། བུད་མེད་རྐྱང་པའམ་ཁེར་རྐྱང་དུ་ཡོད་པ་རྣམས་ནི་སྨད་ཚོང་མ་ཡིན་པར་བརྩིས་པ་དང་། འདུལ་བའི་ནང་བཙུན་མ་རྣམས་རང་སོ་སོའི་སྤུན་ཉེ་སྐྱེས་པ་ཞིག་གི་སྲུང་སྐྱོབ་འོག་ཏུ་མེད་པ་ཙམ་གྱིས་སྨད་ཚོང་མ་ཡིན་པར་བརྗོད་པའི་གནས་སྟངས་མང་པོ་བྱུང་ཡོད། དགེ་སློང་ཕའི་སྡེའི་ཆ་ཤས་སུ་དགེ་སློང་མའི་སྡེ་མཉམ་སྡེབ་བཏང་བ་དེས་སྤྱི་ཚོགས་ནང་ཁོང་ཚོ་ཁེར་རྐྱང་གི་གནས་བབས་ལ་མཐོང་དང་གུས་བརྩི་འོས་པ་བཟོས་ཡོད།
སྲོལ་རྒྱུན་ལམ་ལུགས་འགའ་ཞིག་གི་ནང་། ལྕི་བའི་ཆོས་བརྒྱད་ཀྱིས་རབ་བྱུང་གི་སྡོམ་པ་དང་པོ་འདི་རྩ་འཛུགས་བྱས་པར་ཁས་ལེན་གྱི་ཡོད། སྲོལ་རྒྱུན་གཞན་གྱི་ནང་། སངས་རྒྱས་ཀྱིས་སྐྱེ་དགུ་བདག་མོ་དང་བུད་མེད་རྗེས་འབྲང་པ་ལྔ་བརྒྱའི་ཆེས་ཐོག་མའི་རབ་བྱུང་གི་སྡོམ་པ་དེ་ཀུན་དགའ་བོའི་དབུ་ཁྲིད་འོག་ཏུ་དགེ་སློང་བཅུ་ལ་གཉེར་གཏད་མཛད་པར་གསལ། དེ་གཉིས་གང་ཡིན་རུང་དགེ་སློང་མར་སྡོམ་པ་འབོགས་པའི་ཚད་ལྡན་གྱི་ཐབས་ལམ་སྔ་ཤོས་ནི་དགེ་སློང་བཅུ་ཚོགས་པས་གནང་སྲོལ་ཡོད། སྡོམ་པ་གནང་ཚུལ་འདི་ལ་ཡོངས་གྲགས་སུ་ཕའི་དགེ་འདུན་རྐྱང་པའི་བསྙེན་པར་རྫོགས་པ་ཞེས་སུ་གྲགས། སྡོམ་པ་གནང་ལུགས་གནང་སྟངས་ཀྱི་ནང་སྡོམ་པ་ལེན་མཁན་གྱི་འོས་མི་རྣམས་བར་ཆད་ཀྱི་ཆོས་གང་དག་བུད་མེད་དེ་ལ་ཡོད་སྲིད་པ་དང་དེ་དག་གིས་སྡོམ་པ་ཡོངས་སུ་རྫོགས་པ་སྲུང་བར་བར་ཆད་བྱེད་སྲིད་པ་དང་འབྲེལ་བའི་དྲི་བ་ཁག་འདྲི་གི་ཡོད། དགེ་སློང་གི་སྡོམ་པའི་སྐབས་ཀྱི་འོས་མི་ཚོར་དྲི་བ་གཏོང་བ་དང་ཐུན་མོང་གི་དྲི་བ་དེ་དག་གི་སྟེང་ལ་རང་ཉིད་ཀྱི་ལུས་པོ་གྲུབ་ཚུལ་དེ་བུད་མེད་ཅིག་ཡིན་པའི་ཆ་ནས་དེ་ལས་གཞན་པའི་དྲི་བའང་ཡོད་པ་རེད།
འོས་མི་དགེ་སློང་མ་འགའ་ཤས་ཀྱིས་དེ་ལྟ་བུའི་དྲི་བ་རྣམས་ཀྱི་ལན་འདེབས་དགེ་འདུན་པ་དེ་དག་ལ་བྱ་རྒྱུ་དེ་ཧ་ཅང་མི་བདེ་བ་ཡོད་པའི་སྐོར་བརྗོད་པ་སོང་ཙང་། སངས་རྒྱས་ཀྱིས་གཉིས་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས་པའི་སྲོལ་གཏོད་མཛད། འདིར་དགེ་སློང་མས་ཐོག་མར་འོས་མི་དེ་དགེ་སློང་མ་ཆགས་འོས་མིན་དང་འབྲེལ་བའི་དྲི་བ་གཏོང་གི་ཡོད། ཉིན་དེའི་ཕྱི་དྲོའི་མཚམས་སུ་དགེ་སློང་མ་རྣམས་དགེ་སློང་གི་སྡེ་དང་མཉམ་དུ་འཛུལ་བཞུགས་དང་བཅས་ཟུང་སྦྲེལ་གྱི་འདུས་ཚོགས་ཤིག་སྐྲུན་གྱི་ཡོད། དགེ་སློང་ཕ་རྣམས་ཀྱིས་སྡོམ་པ་གནང་བ་དང་ཆབས་ཅིག་དགེ་སློང་མ་རྣམས་ཀྱི་དེའི་དཔང་པོར་བྱེད་ཀྱི་ཡོད།
ཐོག་མར་རབ་བྱུང་གི་སྡེའི་སྡོམ་པ་རྣམས་ཀྱི་ནང་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་ཁོ་ན་ཚུད་ཡོད་དེ། དེ་ནི་རབ་ཏུ་བྱུང་བ་དང་སྐྱ་བོ་མི་ནག་སུ་ཡིན་མིན་ལ་མ་ལྟོས་པར། ཚང་མ་ལ་དེ་ནི་ལུས་ངག་གི་མི་དགེ་བ་ཡིན་པ་རེད། རབ་ཏུ་བྱུང་བ་རྣམས་ལ་ནི་ཚངས་སྤྱོད་ཀྱི་སྡོམ་པ་ཚུད་ཡོད། དེ་ལྟར་དུས་ཚོད་རིམ་གྱིས་ཕྱིན་པ་དང་བསྟུན་ནས་སངས་རྒྱས་ཀྱིས་དེ་དག་གི་སྟེང་ལ་ཁ་སྣོན་གྱི་སྡོམ་པ་ཁྱབ་བསྒྲགས་མཛད་དེ་མང་དུ་བཏང་ཡོད། དེ་དག་ལ་བཅས་པའི་ཁ་ན་མ་ཐོ་བ་ཞེས་བྱ་བ་ཡིན་ཏེ། ལུས་དང་ངག་གི་ལས་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་ནའང་། དགེ་འདུན་གྱི་སྡེ་དང་སངས་རྒྱས་ཀྱི་བསྟན་པ་ལ་སྤྱི་ཚོགས་ཀྱིས་གུས་བརྩི་མི་བྱེད་པ་སྤོང་བའི་ཕྱིར། རབ་ཏུ་བྱུང་བ་ཁོ་ནའི་དོན་དུ་བཅས་པའི་ཁ་ན་མ་ཐོ་བ་གསུངས་ཡོད། དེ་ལྟ་བུའི་བཀག་སྡོམ་བྱེད་པའི་དབང་ཆ་ནི་སངས་རྒྱས་ཁོ་ན་ལས་གཞན་སུ་ལའང་མེད། བཙུན་མ་རྣམས་ཀྱིས་དགེ་འདུན་པ་རྣམས་ལས་ཀྱང་མང་བའི་སྡོམ་པ་ཞུ་དགོས་ཀྱི་ཡོད། གང་ཡིན་ཞེ་ན། ཁ་སྣོན་གྱི་སྡོམ་པ་དེ་དག་རེ་རེ་བཞིན་དུ་དགེ་འདུན་དང་བཙུན་མ་རྣམས་ཀྱི་མི་རུང་བའམ་མི་འོས་པའི་སྤྱོད་ལམ་ཁག་གི་བྱུང་རྐྱེན་བྱེ་བྲག་རེ་རེའི་རྗེས་སུ་གཏན་འབེབས་མཛད་ཡོད། བཙུན་མ་རྣམས་ཀྱི་སྡོམ་པའི་ནང་ཁོང་ཚོས་དགེ་འདུན་པ་དང་མཉམ་དུ་འབྲེལ་བ་བྱེད་པའི་སྐབས་སུ་རུང་བ་མིན་པ་ཚུལ་མིན་གྱི་སྤྱོད་ལམ་བྱས་པ་ལ་གཞི་བྱས་ནས་གཏན་ལ་ཕབ་པ་རྣམས་ཚུད་ཡོད་པ་དང་དགེ་འདུན་པའི་སྡོམ་པ་ལ་ཕར་སྤྲོད་ཚུར་ལེན་གྱི་དགོས་ངེས་ཆ་རྐྱེན་རྣམས་འཚུད་ཀྱི་མེད།།