སོག་ཡུལ་དུ་ནང་ཆོས་ཀྱི་ལོ་རྒྱུས་མདོར་བསྡུས།
སོག་པོ་ཚོས་དགོན་པ་ ༡༢༠ ཙམ་བསྐྱར་བཞེངས་བྱས་ཡོད་པ་དང་ད་ལྟ་དགེ་ཚུལ་གཞོན་སྐྱེས་མང་པོས་སློབ་སྦྱོང་བྱེད་བཞིན་ཡོད། དགོན་པ་དེ་དག་ལས་གལ་ཆེ་ཤོས་ཁག་གཅིག་ནི། དགའ་ལྡན་ཐེག་མཆོག་གླིང་དང་། བཀྲ་ཤིས་ཆོས་གླིང་། ཨེར་ཌིན་ཛུ་ཞེས་བོད་སྐད་ནང་རིན་ཆེན་ཇོ་བོ། ཤང་ཁ། (Shankh) ཨ་མར་བྷ་ཡསྒ་ལན་ཞེས་བོད་སྐད་ནང་བདེ་བར་དགའ་བ་ (Amarbayasgalan) བཅས་རེད། དེ་དག་གི་ལོ་རྒྱུས་ནི་གཤམ་དུ་བཀོད་པ་ལྟར་ལགས།
ཨལ་ཏན་ཁན་གྱིས་བོད་བརྒྱུད་ནང་བསྟན་རང་ལུགས་སུ་བསྟེན་པའི་རྗེས་ཁོང་གིས་༧གོང་ས་སྐུལ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་ཕུལ་ཞིང་། ཏཱ་ལའི་ཟེར་བ་ནི་སོག་སྐད་དུ་རྒྱ་མཚོའི་དོན་ཡིན་པ་རེད། དེར་བརྟེན་བསོད་ནམས་རྒྱ་མཚོ་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་ཆགས་པ་རེད། ཨལ་ཏན་ཁན་དང་ལྷན་དུ་༧གོང་ས་སྐུ་ཕྲེང་གསུམ་པས་ཕྱི་ལོ་ ༡༥༧༩ ལོར་ཧོ་ཧོའི་ (Hohhot) (Mong. Köke Khota) ནང་ཨིཁ་ཁུ་རེ་ (Ikh Khure) 大召寺 བཞེངས་ཤིང་། དེ་ནི་མན་ཇུའི་མངའ་འོག་ཏུ་ཕྱིས་སུ་ནང་སོག་ཅེས་སུ་གྲགས་པའི་ནང་དགེ་ལུགས་པའི་དགོན་པ་དང་པོ་དེ་ཡིན་པ་རེད། དེའི་རྗེས་ཀྱི་ཕྱི་ལོ་ ༡༥༨༣ ལོར་ཨལ་ཏན་ཁན་འདས་གྲོངས་སུ་གྱུར།
དེའི་རྗེས་སུ་མི་རིང་བར་ཁལ་ཁའི་ཨབ་དའི་ཁན་ (Aftasain) གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་ཁལ་ཁར་ (དེང་སང་ཕྱི་སོག་) ཕེབས་ནས་དེར་དགོན་པ་ཞིག་ཀྱང་བཞེངས་རོགས་ཞེས་འབོད་སྐུལ་ཞུས། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པས་ས་སྐྱའི་བླ་མ་ཞིག་བཏང་མཛད། ཕྱི་ལོ་ ༡༥༨༦ ལོར་ཨབ་དའི་ཁན་གྱིས་གནའ་བོའི་རྒྱལ་ས་ཀ་ར་ཀོ་རུམ་ (Karakorum) (Mong. Kharkhorum) གྱི་ས་ཆར་ཨེར་ཌིན་ཛུའམ་ (Erdene Zuu) རིན་ཆེན་ཇོ་བོ་ཞེས་སུ་གྲགས་པའི་དགོན་པ་དེ་བཞེངས། ཀ་ར་ཀོ་རུམ་ནི་དུས་རབས་ ༡༣ པའི་ནང་ཆེང་གྷི་སི་ཁན་གྱི་སྲས་ཨོ་གེ་དེའི་ (Ogedei) དབང་སྒྱུར་གྱི་དུས་ནས་བཟུང་སྟེ། ཀུབ་ལེ་ཁན་གྱིས་གཏོར་བཤིག་མ་བཏང་བར་དུ་སོག་པོ་རྒྱལ་རྒྱུད་ཀྱི་རྒྱལ་ས་ཡིན་པ་རེད། དེ་ནས་རྒྱལ་ས་དེ་རྒྱ་ནག་གི་ས་མཚམས་པེ་ཅིང་དང་ཐག་ཉེ་སའི་ནང་སོག་ཧྲང་ཏུ་ (Shangdu) (Mong. šandu) ལ་གནས་སྤོ་བྱས། ཐོག་མར་ཨེར་ཌིན་ཛུ་ནི་ལྷ་ཁང་དང་མཆོད་རྟེན་ཙམ་ཞིག་ཡིན་པ་ལས། བྱེད་སྒོ་ལྡན་པ་དང་གྲྭ་པ་ཡོད་པའི་དགོན་པ་ཞིག་མིན།
རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོ་སོག་སྐད་ནང་ཁོང་གི་མཚན་ལ་ཛ་ན་བྷ་ཛར་ (Zanabazar) ཞུ་བ་དེ་ཕྱི་ལོ་ ༡༦༣༥ ལོར་ཨེར་ཌིན་ཛུའི་ཉེ་འཁྲིས་སུ་སྐུ་འཁྲུངས། ཁོང་ནི་ཨབ་དའི་ཁན་གྱི་ཡང་ཚ་ཡིན་པ་དང་། དེ་ནི་ཇི་ལྟར་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཕྱི་ལོ་ ༡༥༨༩ ལོར་ཨལ་ཏན་ཁན་གྱི་ཡང་ཚ་རུ་སྐུ་འཁྲུངས་པ་དང་མཚུངས་པ་རེད། ཕྱི་ལོ་ ༡༦༤༨ ལོར་རྗེ་བཙུན་དམ་པ་དང་པོ་དེས་ཁོང་གི་སྨོན་ལམ་དང་པོ་དེང་སང་གི་ཤང་ཁ་དགོན་པའི་ས་ཆ་དེར་གོ་སྒྲིག་གནང་ཡོད་པ་དང་། དེ་ནི་ཨེར་ཌིན་ཛུ་ལས་སྤྱི་ལེ་ ༢༢ ཡོད་པ་རེད། ཁོང་གིས་དེར་བྷ་རཱུན་ (ནུབ། གཡས་) ཁུ་རེ་ (Baruun Khure) བཞེངས་ཤིང་། དེ་ནི་ཁལ་ཁར་གྲྭ་པ་ཡོད་པའི་དགོན་པ་དངོས་སུ་བྱུང་བ་ཐོག་མ་དེ་ཡིན་པ་རེད། དེ་ནས་མི་རིང་བར་གྲྭ་པ་ཚོ་ཨེར་ཌིན་ཛུ་ལའང་གནས་སྡོད་བྱེད་འགོ་ཚུགས་པ་རེད།
བྷ་རཱུན་ཁུ་རེའི་ནང་རིམ་པས་གྲྭ་ཚང་ཁག་བདུན་གྱི་ནང་གྲྭ་པ་ ༡༥༠༠ ཡོད་པ་ལས། ཆོས་ར་གྲྭ་ཚང་ནི་རྩོད་གླེང་ཆེད་དུ་ཡིན་པ་དང་། རྒྱུད་ཀྱི་ཆེད་དུ་རྒྱུད་པ། སྨན་གྱི་ཆེད་དུ་སྨན་པ། དུས་འཁོར། སྐར་རྩིས་རིག་པའི་ཆེད་ཛོལ་ཁའི། (Zolkhai) འོད་དཔག་མེད་དམ་ཨ་མི་ཏཱ་བྷའི་ཆེད་ཨེའི་ཝིད། (Aivid) བྱམས་པ་མགོན་པོའི་ཆེད་བྱམས་པ་བཅས་བདུན་ཡོད། དེ་ལ་ཞིང་ཆེན་ (Mong. Aimak) ཁག་བཞི་ནས་གྲྭ་པ་ཚོའི་ཆེད་དུ་ལྷ་ཁང་ཆེ་ཁག་བཞི་ཡོད། ཨེར་ཌིན་ཛུ་ནི་རིམ་པས་གྲྭ་པ་ ༡༠༠༠ ཡོད་པ་དང་གྲྭ་ཚང་སྡེ་ཚན་བཞི་ཡོད། དེ་དག་ནི། རྩོད་པའི་ཆེད་དུ་མཚན་ཉིད་དང་། རྒྱུད་ཀྱི་ཆེད་དུ་རྒྱུད་པ། དུས་འཁོར། སྐར་རྩིས་རིག་པའི་ཆེད་དུ་ཛོལ་ཁའི་བཅས་རེད། དེ་ལ་ཞིང་ཆེན་ཁག་དྲུག་ནས་གྲྭ་པ་ཚོའི་ཆེད་དུ་ལྷ་ཁང་ཆེ་ཁག་དྲུག་ཡོད།
ཕྱི་ལོ་ ༡༦༥༤ ལོར་ཁོང་བོད་ནས་ལོག་ཕེབས་པའི་རྗེས་རྗེ་བཙུན་དམ་པ་དང་པོས་ཛུན་ (ཤར། གཡོན་) ཁུ་རེ་ (Dzuun Khure) བཞེངས་ཤིང་། དེ་ལ་ཨིཁ་ (ཆེན་པོ་) ཁུ་རེ་ (Ikh Khure) ཞེས་ཀྱང་གྲགས། དེ་ནི་འདྲེན་འཁོར་གྱི་སྟེང་དུ་སྤོ་བཞུད་ཐུབ་པའི་སྒྲོམ་གཞི་ལྟ་བུར་བཞེངས་ཡོད། ཡིན་ནའང་། དེ་ནི་རྗེས་སུ་ཕྱི་ལོ་ ༡༦༨༨ ལོར་ཇུན་གར་བཙན་འཛུལ་དམག་དཔུང་གིས་གཏོར་བཤིག་བཏང་བ་རེད། དེ་ནས་ཕྱི་ལོ་ ༡༦༩༤ ལོར་ཀུབ་ལེ་ཁན་གྱི་རྒྱལ་ས་ཧྲང་ཏུ་ (Shangdu) ནས་སྤྱི་ལེ་ ༣༠ ཡོད་པའི་དོ་ལོ་ནོར་ (Dolonor) ལ་ཁོང་གིས་མན་ཇུའི་གོང་མ་ཀང་ཤི་ (Kangxi) ལ་མགོ་འབུལ་ཞུས་པའི་རྗེས་སུ་ཀང་ཤིས་དེར་དོ་ལོ་ནོར་གྱི་དགོན་པ་བཞེངས། དགོན་པ་དེ་ནི་རྒྱལ་ས་རྙིང་པ་ཀ་ར་ཀོ་རུམ་ལ་བཞེངས་པའི་ཨེར་ཌིན་ཛུ་དང་འདྲ་མཚུངས་ཡོད། ཛུན་ཁུ་རེ་ནི་ཕྱི་ལོ་ ༡༧༠༦ ལོར་བསྐྱར་དུ་འཛུགས་སྐྲུན་བྱས་ཤིང་། དེའང་སྤོ་བཞུད་ཐུབ་པའི་སྒྲོམ་གཞི་ཅན་ཞིག་ཡིན་པ་རེད།
རྗེ་བཙུན་དམ་པ་དང་པོ་ནི་ཕྱི་ལོ་ ༡༧༢༣ ལོར་པེ་ཅིང་དུ་འདས་གྲོངས་སུ་གྱུར་བ་དང་གོང་མ་ཀང་ཤིས་ཁོང་གི་སྐུ་གདུང་གི་རྟེན་དུ་ཁལ་ཁ་ལ་གཏན་འཇགས་དགོན་པ་ཞིག་བཞེངས་འདུན་ཡོད་པ་དང་། དེ་ནི་སྤོ་བཞུད་ཐུབ་པའི་ཛུན་ཁུ་རེའི་ནང་ཡོད་མུས་རེད། མན་ཇུའི་རྒྱལ་པོ་རྗེས་མ་དེ་ནི་ཡོང་ཀྲེང་ (Yongzheng) ཡིན་པ་དང་ཁོང་གིས་དགོས་དོན་འདིའི་ཆེད་དུ་ཨ་མར་བྷ་ཡསྒ་ལནྟ་ (Amarbayasgalant) བཞེངས། དེ་ནི་ཕྱི་ལོ་ ༡༧༣༦ ལོར་མན་ཇུ་ཆིའན་ལུང་གོང་མའི་ (Qianlong) སྲིད་དབང་ལོ་དང་པོའི་ནང་བཞེངས་བསྒྲུབས་པ་རེད། ཕྱི་ལོ་ ༡༧༧༨ ལོར་ཛུན་ཁུ་རེ་དེ་ཨུརྒྷ་ (Urga) ཞེས་སུ་གྲགས་པ་དེང་སང་ཨུ་ལཱན་བྷཱ་ཏར་ཡོད་པ་དེའི་ནང་གཏན་འཇགས་གཞིས་ཆགས་པ་དང་། ལོ་དེ་གའི་ནང་རྗེ་བཙུན་དམ་པ་དང་པོའི་སྐུ་གདུང་ཨ་མར་བྷ་ཡསྒ་ལནྟ་ལ་སྤོས་པ་རེད།
ཐོག་མར་ཨུརྒྷ་ལ་ཡོད་པའི་ཛུན་ཁུ་རེ་ནི་དགོན་པ་དང་གྲོང་སྡེ་གཉིས་ཀ་ཡིན་པ་རེད། འོན་ཀྱང་། དེའི་ཉེ་འཁོར་དུ་ཚོང་ལས་ཤུགས་ཆེན་ཡོད་པའི་རྐྱེན་གྱིས་དགོན་པ་དེ་གྲོང་སྡེ་ལས་ལོགས་སུ་གྱེས་པ་རེད། ཕྱིས་སུ་དུས་རབས་ ༡༩ པའི་དུས་དཀྱིལ་དུ་རྗེ་བཙུན་དམ་པ་ལྔ་པས་དགོན་པའི་ཉེ་འཁོར་དུ་སླར་ཡང་ཚོང་ལས་ཤུགས་ཆེན་ཡོད་པ་ཚོར་བ་སོང་ཙང་། ཁོང་གིས་ཛུན་ཁུ་རེའི་གྲྭ་ཚང་བཅུ་གསུམ་ནས་ལྔ་ཏོག་ཙམ་ཐག་རིང་དུ་སྤོས་པ་རེད། དེ་དག་ནི་དགེ་ལུགས་པའི་གཞུང་དཔེ་གཙོ་བོ་གསུམ་གཞི་ལ་བཞག་ནས་རྩོད་པའི་ཆེད་དུ་མཚན་ཉིད་གྲྭ་ཚང་གསུམ་དང་། དུས་འཁོར་དང་སྤྱན་རས་གཟིགས་ཀྱི་གྲྭ་ཚང་བཅས་དེ་ལ་དགའ་ལྡན་ཐེག་མཆོག་གླིང་ཞེས་བརྗོད་པ་རེད།
དགོན་པ་དེ་དག་ཐམས་ཅད་ཕྱི་ལོ་ ༡༩༣༧ ལོར་ཕྱེད་དམ་ཡང་ན་ཆ་ཚང་གཏོར་བཤིག་བཏང་བ་རེད། ཕྱི་ལོ་ ༡༩༤༦ ལོར་དགའ་ལྡན་ཐེག་མཆོག་གླིང་མཚོན་རྟགས་སུ་སླར་ཡང་སྒོ་ཕྱེས་ཤིང་། ཕྱི་ལོ་ ༡༩༧༠ འགོ་སྟོད་ནང་དེར་གྲྭ་པ་ཚོའི་ཆེད་དུ་བླ་མའི་སྦྱོང་བརྡར་གྱི་མཐོ་སློབ་ཅིག་སྒོ་ཕྱེས་པ་རེད། ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ཡས་མས་སུ་ཨེར་ཌིན་ཛུ་བསྐྱར་གསོ་བྱས་ཤིང་། ཕྱི་ལོ་ ༡༩༩༠ ལོར་དགོན་པ་ཞིག་གི་ངོ་བོར་སླར་ཡང་སྒོ་འབྱེད་བྱས་པ་རེད། བྷ་རཱུན་ཁུ་རེ་ཡང་ཕྱི་ལོ་ ༡༩༩༠ ལོར་ཕུན་ཚོགས་དར་རྒྱས་གླིང་དགོན་པ་ཆུང་བའི་ས་ཆར་སླར་ཡང་སྒོ་ཕྱེས་པ་རེད། ཕུན་ཚོགས་དར་རྒྱས་གླིང་དགོན་པ་ནི་རྗེ་བཙུན་དམ་པ་ལྔ་པས་༧གོང་ས་ལྔ་པ་ནས་བྱུང་བའི་རྙིང་མའི་ཆོ་ག་འགའ་ཞིག་བསྒྲུབ་པའི་ཆེད་དུ་ཕལ་ཆེར་རྩ་འཛུགས་གནང་བ་ཞིག་ཡིན་འདུག དེ་ལ་ཤངྐ་སོ་མ་ (Shankh Soma) ཞེས་སླར་ཡང་མཚན་བཏགས་ཡོད། ཛུན་ཁུ་རེ་ནི་ཕྱི་ལོ་ ༡༩༩༡ ལོར་སླར་ཡང་འགོ་འཛུགས་བྱས་པ་དང་དེ་ལ་བཀྲ་ཤིས་ཆོས་གླིང་ཞེས་སླར་ཡང་མཚན་བཏགས་ཡོད། ཨ་མར་བྷ་ཡསྒ་ལནྟའི་དགོན་པའང་ཉེ་ཆར་བསྐྱར་གསོ་བྱས་ཡོད་པ་དང་སླར་ཡང་སྒོ་ཕྱེས་པ་རེད།
ད་ལྟའི་གནས་བབས།
༡༽ དགའ་ལྡན་ཐེག་མཆོག་གླིང་དགོན་པའི་ནང་ད་ལྟ་གྲྭ་པ་ ༣༠༠ ཙམ་ཡོད་པ་དང་དེ་དག་ལས་འགའ་ཙམ་ཞིག་ནི་ཚངས་པར་སྤྱོད་པར་གནས་ཡོད། འདིར་སོག་ཡུལ་གྱི་དགོན་པ་གཞན་དག་ནང་བཞིན་གྲྭ་པ་མང་ཆེ་བ་ད་དུང་ཡང་མཚན་མོར་ཁྱིམ་དུ་སོ་སོའི་ཆུང་མ་དང་ཕྲུ་གུ་མཉམ་དུ་བསྡད་ནས་ཨ་རག་ (ཝོཌ་ཀ་) འཐུང་གི་ཡོད། ཁོང་ཚོར་གཞུང་གི་གླ་ཕོགས་དང་རྒས་ཕོགས་ཐོབ་ཀྱི་ཡོད་པས། གྲྭ་པ་ཞིག་ཡིན་པ་དང་ཆོ་གའི་རིགས་བསྒྲུབ་པ་ནི་ལས་ཀ་ཁོ་ན་ཡིན་པར་ཆ་འཇོག་བྱེད་དགོས།
དགའ་ལྡན་ཐེག་མཆོག་གླིང་གིས་ད་དུང་ཡང་དེའི་བླ་མའི་སྦྱོང་བརྡར་མཐོ་སློབ་དེ་སྐད་ཡིག་དང་མཚན་ཉིད་རྩོད་གླེང་གི་ཆེད་དུ་རྒྱུན་སྐྱོང་བྱེད་ཀྱི་ཡོད་ནའང་། དེ་ལ་དགའ་ལྡན་ཆོས་ཕྱོགས་ནང་པའི་སློབ་གྲྭ་ཞེས་བསྐྱར་དུ་མིང་བཏགས་ཡོད། དེའི་ནང་སློབ་ཕྲུག་ ༡༠༠ ཡོད་པ་དང་བྷུརྱ་ཏི་ནས་ཀྱང་སློབ་ཕྲུག་འགའ་ཞིག་ཡོད་པ་རེད། ཡེ་ཤེས་བློ་གྲོས་རིན་པོ་ཆེ་ལྟ་བུ་རྡ་རམ་ས་ལ་ནས་ཡིན་པའི་བོད་མི་འགའ་ཞིག་གིས་དེར་སློབ་འཁྲིད་གནང་གི་ཡོད་ནའང་། ད་ལྟའི་ཆར་ (ཕྱི་ལོ་ ༡༩༩༤) སུ་གཅིག་མེད། ཁོང་ཚོས་ད་དུང་གྲྭ་པ་གསར་པ་གཞོན་གཞོན་ཚོར་བོད་ཡིག་ཀློག་འདོན་སློབ་འཁྲིད་ཆེད་དུ་སྔོན་འགྲོའི་སློབ་གྲྭ་ཞིག་ཀྱང་འགོ་འཛུགས་བྱས་ཡོད་པ་རེད། ད་ལྟ་བཀྲ་ཤིས་ཆོས་འཕེལ་ཟེར་བ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་དཔེ་གཞུང་སློབ་སྦྱོང་ཆེད་དུ་མཚན་ཉིད་གྲྭ་ཚང་སླར་ཡང་བཞེངས་བཞིན་ཡོད། ཁོང་ཚོས་རྗེ་བཙུན་གྱི་དཔེ་གཞུང་སློབ་སྦྱོང་ཆེད་དུ་ཡིད་དགའི་ཆོས་མཛེས་གླིང་དང་པཎ་ཆེན་གྱི་དཔེ་གཞུང་སློབ་སྦྱོང་ཆེད་དུ་ཀུན་དགའ་ཆོས་གླིང་བཅས་མཚན་ཉིད་གྲྭ་ཚང་གཉིས་སླར་ཡང་རྩ་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
དེར་མ་ཟད། ཁོང་ཚོས་དུས་འཁོར་གྲྭ་ཚང་དང་ལྷ་ཁང་གསར་པ་ཞིག་ཀྱང་རྒྱག་ཡོད་པ་དང་དེའི་ནང་རྡ་ས་རྣམ་རྒྱལ་གྲྭ་ཚང་ནས་ཡིན་པའི་གྲྭ་པ་གསུམ་གྱིས་སློབ་ཁྲིད་བྱེད་བཞིན་ཡོད། ཁོང་ཚོས་སྨན་གྱི་ཆེད་དུ་སྨན་པ་གྲྭ་ཚང་ཞིག་ཀྱང་སྒོ་ཕྱེས་ཡོད་པ་དང་དེའི་ནང་གྲྭ་པ་བཅོ་ལྔ་དང་སྨན་པ་གཉིས་དང་དགེ་རྒན་གཉིས་ཡོད། སྤྱན་རས་གཟིགས་ཀྱི་ལྷ་ཁང་དེ་བསྐྱར་གསོ་བྱེད་བཞིན་ཡོད་པ་དང་སྤྱན་རས་གཟིགས་ཀྱི་གྲྭ་ཚང་ཡང་བསྐྱར་འགོ་འཛུགས་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད། སོག་པོའི་ཆོས་ལ་དད་པ་བྱེད་མཁན་གྱི་ཚོགས་པས་རོགས་རམ་ལ་བརྟེན་ནས་ཁོང་ཚོས་ལམ་རིམ་གྲྭ་ཚང་བཞེངས་ཡོད་པ་དང་དེའི་ནང་གྲྭ་པ་སུམ་ཅུས་ལམ་རིམ་ཆེན་མོར་སློབ་སྦྱོང་བྱེད་ཀྱིན་ཡོད། ལོ་འདིའི་རྗེས་ཙམ་ནས་གྲྭ་ཚང་འདིའི་ནང་ཁོང་ཚོས་མི་སྐྱ་ཚོའི་ཆེད་དུ་ལམ་རིམ་གྱི་འཛིན་གྲྭ་ཞིག་འགོ་འཛུགས་བྱེད་འཆར་འདུག ཡིན་ནའང་། ཁོང་ཚོར་ད་ལྟ་དཔེ་དེབ་ཉོ་རྒྱུ་སོགས་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་དུས་ཁོམ་ཡོད་པའི་དགེ་རྒན་ཞིག་ཀྱང་ད་བར་མི་འདུག དགའ་ལྡན་ཐེག་མཆོག་གླིང་དུ་ཡོད་པའི་མཁས་པ་ཚོས་༧གོང་མཆོག་ཕྱི་ལོ་ ༡༩༩༤ ལོའི་ཟླ་ ༠༩ ནང་ཆིབས་བསྒྱུར་སྐབས་སུ་ལམ་རིམ་གསེར་ཞུན་མ་ཆོས་ཁྲིད་གནང་འཆར་ཡོད་པ་བཞིན་དེ་སོག་པོ་ཁལ་ཁ་ཕལ་སྐད་དུ་སྒྱུར་བཞིན་འདུག
༢༽ བཀྲ་ཤིས་ཆོས་གླིང་གི་ནང་གྲྭ་པ་ ༡༠༠ ཡོད་པ་དང་དེ་དག་མང་ཆེ་བ་ཆང་ས་རྒྱག་ཟིན་པ་རེད། དེ་དག་གིས་བོད་ཡིག་དང་། ཨིན་སྐད། ཆོ་གའི་རིགས། ལམ་རིམ། དེ་བཞིན་མཚན་ཉིད་རྩོད་གླེང་ཏོག་ཙམ་སློབ་སྦྱོང་བྱེད་ཀྱི་ཡོད། དགའ་ལྡན་ཐེག་མཆོག་གླིང་གི་མཁན་པོ་ནི་སོག་ཡུལ་དུ་ཡོད་པའི་དགོན་པ་གསར་པ་ ༡༢༠ ཚང་མའི་འཛིན་སྐྱོང་གི་དབུ་འཛིན་མིན་ནའང་། སྒྲིག་འཛུགས་ལྡན་པའི་ཚོགས་སྡེ་ཞིག་ཡིན་པ་རེད། འོན་ཀྱང་། བཀྲ་ཤིས་ཆོས་གླིང་ནི་སྒྲིག་འཛུགས་འདིའི་ཁྱབ་ཁོངས་ལས་ལོགས་སུ་ཡོད་པ་རེད།
༣༽ ཨེར་ཌིན་ཛུ་ལ་ད་ལྟ་གྲྭ་པ་ ༤༠ ཡོད་པ་དང་དེ་དག་ལས་ལྔ་གཅིག་པུ་ཚངས་པར་སྤྱོད་པའི་གྲྭ་པ་ཡིན་པ་རེད། གཞན་ལྷག་མ་རྣམས་ནི་ཆང་ས་རྒྱག་ཟིན་པ་དང་ཞོགས་པ་ཆུ་ཚོད་ ༡༡ ནས་ཕྱི་དྲོ་ཆུ་ཚོད་ ༣ པའི་བར་གྱི་ཉིན་རེའི་ཆོ་ག་སྨོན་ལམ་ལ་བཅར་བ་དང་དེ་ནས་སོ་སོའི་ཁྱིམ་དུ་ལོག་འགྲོ་གི་ཡོད། གྲྭ་པ་ཚོ་ལ་བོད་ལུགས་ཀྱི་བླ་བྲང་བདེ་ཆེན་ཡང་རྩེ་གཅིག་པུ་ཡོད་པ་དང་རྒྱ་ལུགས་ཀྱི་ལྷ་ཁང་གསུམ་ནི་ད་དུང་ཡང་འགྲེམས་སྟོན་ཁང་གི་ངོ་བོར་གནས་ཡོད། ད་ལྟའི་ཆར་ལོ་ན་ ༣༡ སོན་པའི་ཧྥ་རན་སིའི་མི་རིགས་ཡིན་པ་མི་ལི་རིན་པོ་ཆེ་ཞེས་ཟེར་བ་སེ་ར་བྱེས་ཀྱི་དགེ་བཤེས་ཤེས་རབ་བཟང་པོའི་ཡང་སྲིད་དུ་ངོས་འཛིན་བྱས་པ་དེ་ཨེར་ཌིན་ཛུ་ལ་གནས་བཞུགས་བྱེད་བཞིན་ཡོད། གྲྭ་པ་ཚོ་ལ་ཁ་འདོན་རྟ་དབྱངས་ལས་གཞན་གདམས་ངག་གང་ཡང་མེད་པ་ལྟར་སྣང་བས། ཁོང་གིས་བླ་མ་ལྔ་བཅུ་པ་ནས་འགོ་བཙུགས་ཏེ་ཁོང་ཚོར་ཆོས་ཁྲིད་བྱེད་འགོ་ཚུགས་ཡོད། སོག་པོའི་གྲྭ་པ་ཚོས་ཁོང་ལ་གུས་ཞབས་བྱེད་པ་དང་ཁོང་གི་གསུང་ཆོས་ལ་ཉན་འཇོག་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ཁོང་རིན་པོ་ཆེ་ཞིག་ཡིན་པ་རེད། ཡིན་ནའང་། ཁོང་གི་ངོས་ནས་སློབ་སྦྱོང་ཧ་ཅང་ཉུང་ཉུང་ལས་གནང་མེད། ཁོང་གི་བླ་མ་གཙོ་བོ་ནི་གངས་ཅན་རིན་པོ་ཆེ་ཡིན་པ་དང་དེས་ཁོང་སོག་ཡུལ་དུ་ཁྲིད་པ་དང་རིན་པོ་ཆེའི་མཚན་གནང་ཡོད། གངས་ཅན་རིན་པོ་ཆེ་ནི་ཤུགས་ལྡན་གྱི་རྒྱབ་སྐྱོར་བ་གཙོ་བོའི་ནང་གི་གཅིག་ཡིན་པ་རེད། དགོན་པ་གསར་པ་མང་པོས་མི་ལི་རིན་པོ་ཆེ་ཁོང་ཚོའི་མཁན་པོར་དགོས་འདོད་བྱས་ཀྱང་། ཁོང་གིས་ངོས་བཞེས་གནང་མེད།
༤༽ ཤངྐའི་ནང་གྲྭ་པ་ ༥༣ ཡོད་པ་དང་ལྷ་ཁང་རྙིང་པ་ཞིག་རིལ་ཞིག་དང་གསར་པ་གཉིས་བཅས་ཡོད། གྲྭ་པ་ཚོས་གསང་སྔགས་ཀྱི་ཆོ་ག་བསྒྲུབ་པ་དང་ཁ་འདོན་སྨོན་ལམ་བྱེད་ཀྱི་ཡོད།
༥༽ ཨ་མར་བྷ་ཡསྒ་ལནྟ་ནི་ད་ལྟ་བསྐྱར་གསོ་བྱེད་བཞིན་ཡོད། གོན་སར་རིན་པོ་ཆེ་སྐུ་ཐོག་གོང་མ་ནི་དགོན་འདིའི་མཁན་པོ་ལོ་ ༤༠ རིང་གནང་ཡོད། ཕྱི་ལོ་ ༡༩༩༣ ལོར་ད་ལྟའི་གོན་སར་རིན་པོ་ཆེ་སླར་ཡང་མཁན་པོ་གསར་པར་ཁྲི་འདོན་མཛད། ཁོང་ཡང་ཤུགས་ལྡན་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན་པ་རེད།
༦༽ ཨུ་ལཱན་བྷཱ་ཏར་གྱི་ཕྱི་ལོགས་ཛོ་མུཏ་ (Zomut) ལ་ཡོད་པའི་མནྫ་ཤཱིར་ཁཱིད་ (Manjsheer Khiid) ཟེར་བ་དེའང་འགྲེམས་སྟོན་ཁང་ལྟ་བུར་སླར་ཡང་སྒོ་ཕྱེས་ཡོད།
༧༽ སྨན་པ་གྲྭ་ཚང་ནང་སློབ་ཕྲུག་བཅུ་གྲངས་ཙམ་ཡོད་པ་དང་སྨན་ཁང་ཞིག་ཀྱང་ཡོད་པ་རེད། ཁོང་ཚོས་ལྷ་ཁང་དང་། སྨན་སློབ། སྨན་ཁང་། ལས་ཁུངས་ཁག་ཚུད་པའི་མཐུན་རྐྱེན་འཛུགས་སྐྲུན་བྱེད་བཞིན་ཡོད།
༨༽ ཨེ་ཤི་ཡའི་ནང་པའི་ཞི་བདེའི་ཚོགས་འདུ་ནི་སྔོན་དམར་པོའི་དབང་འོག་གི་ཚོགས་སྡེའམ་སྒྲིག་འཛུགས་ཤིག་ཡིན་པ་དང་། དེའི་དཔལ་འབྱོར་གྱི་དངུལ་རྩིས་མང་ཆེ་བ་བརླགས་ནས་ཉི་ཧོང་དུ་ཡོད་པའི་དེའི་ཡན་ལག་ནས་འགྲོ་གྲོན་སྔོན་རྩིས་ཉུང་ངུའི་ཐོག་ནས་ལས་འཆར་ཆུང་ཤོས་རིགས་རྒྱུན་འཛིན་བྱེད་ཀྱི་ཡོད། ཁོང་ཚོར་ཕལ་ཆེར་བྱེད་སྒོ་ཁག་གཅིག་ཀྱང་མེད་པ་ལྟ་བུ་རེད།
༩༽ བ་ཀུ་ལ་རིན་པོ་ཆེ་ནི་ད་ལྟ་སོག་ཡུལ་དུ་རྒྱ་གར་གཞུང་ཚབ་ཀྱི་དཔོན་པོ་ཞིག་ཡིན་པ་དང་ཁོང་གིས་ཕྱི་ལོ་ ༡༩༩༢ ལོར་སྣ་ཚོགས་རྡོ་རྗེ་གྲོང་སྡེ་ལས་ཁུངས་ཀྱི་དཔེ་མཛོད་ལ་སྒེར་གྱི་བ་ཀུ་ལ་ཆོས་ཀྱི་སློབ་གྲྭ་འགོ་འཛུགས་གནང་ཡོད། སློབ་གྲྭ་འདིའི་ནང་སློབ་ཕྲུག་ ༤༢ ཡོད་པ་དང་། དེ་དག་ལས་བཅུ་ནི་རྒྱ་གར་ལ་ཕྱིན་པ་རེད། གཞན་ཉི་ཤུ་ནི་སློབ་གཉེར་མུ་མཐུད་ནས་བྱ་ཕྱིར་སོག་པོའི་དགོན་པ་ཁག་ནས་བསླེབས་པ་རེད་འདུག ལོ་ན་བཅོ་ལྔ་ནས་ཉི་ཤུའི་བར་གྱི་སློབ་ཕྲུག་ཚོས་གྲྭ་པའམ་རབ་ཏུ་བྱུང་བའི་ཆེད་དུ་བོད་ཡིག་དང་། སྔ་རབས་སོག་པོའི་སྐད་རིག ཨིན་ཡིག ཡིག་གཟུགས། ཆོས་ཀྱི་གཞི་རྩ་ཁག་ལ་སློབ་སྦྱོང་བྱེད་ཀྱི་འདུག བུ་རྣམས་ནི་བར་མ་རབ་བྱུང་ཆགས་ཀྱི་ཡོད། དེ་ནི་དགེ་ཚུལ་མ་ཆགས་གོང་གི་རིམ་པ་དེ་ཡིན་པ་རེད། དེ་ཡང་༧གོང་ས་མཆོག་གི་བཀའ་འཁྲོལ་གཞི་ལ་བྱས་ནས་བ་ཀུ་ལ་རིན་པོ་ཆེས་ལ་དྭགས་ལུགས་སྲོལ་འགོ་འཛུགས་གནང་ཡོད་པ་དེ་རེད། དེར་བརྟེན་བུ་ཚོས་དགེ་བསྙེན་ཁྱིམ་པའི་སྡོམ་པ་ཆ་ཚང་ལེན་པ་དང་དེའི་ནང་ཚངས་སྤྱོད་ཀྱང་ཚུད་ཡོད། དེ་དག་གིས་ན་བཟའ་གྲྭ་ཆས་གྱོན་པ་དང་སོ་སོའི་མིང་འདོན་གྱི་ཡོད། ཁོང་ཚོས་ཁྱིམ་དུ་སྡོད་པ་དང་། ཐ་མག་འཐེན་པ། ཆང་རག་འཐུང་བ་བཅས་སྤོང་གི་ཡོད། རྒྱ་གར་ནས་ཡིན་པའི་ཕྱག་རྡོ་རིན་པོ་ཆེས་ད་ལྟ་སློབ་གྲྭ་འདིའི་ནང་སློབ་འཁྲིད་གནང་གི་ཡོད།
༡༠༽ བ་ཀུ་ལ་རིན་པོ་ཆེས་རྒྱལ་ཁབ་ཀྱི་ཆ་ཤས་མི་འདྲ་བ་གཉིས་ཀྱི་བུད་མེད་ཚོའི་ཆེད་དུ་ཨ་ནེའམ་བཙུན་མའི་དགོན་པ་གཉིས་དང་དེ་བཞིན་དགེ་བསྙེན་མའི་བསྟི་གནས་ཁང་བཅས་ཕྱག་བཏབ་ཡོད། སྔོན་སོག་ཡུལ་དུ་བཙུན་མའི་སྲོལ་དེ་མེད། ད་ལྟ་དགེ་ཚུལ་མ་བཅུ་གཅིག་ཡོད་པ་དང་དེ་དག་ལས་བཞི་ནི་གཞོན་གཞོན་ཡིན་པ་རེད།
ཆོས་ལུགས་ཁྱབ་སྤེལ་བ།
ཆང་རག་ལངས་ཤོར་དང་དཔལ་འབྱོར་གོད་ཆག་གི་སྟེང་དུ་ད་ལྟའི་ཆར་སོག་ཡུལ་ནང་གི་དཀའ་ངལ་ཆེ་ཤོས་ཤིག་ནི་བཙན་ཤུགས་ཅན་གྱི་ཨ་རིའི་མཽར་མོན་ཡེ་ཤུ་པ་ (American Mormon) དང་ཆོས་མིང་འདོགས་ཀྱི་ཡེ་ཤུའི་ཆོས་ལུགས་ (Baptist) ཁྱབ་སྤེལ་གཏོང་མཁན་མང་པོ་ཞིག་འཛུལ་གྱི་ཡོད་པ་དེ་རེད། ཁོང་ཚོ་ཐོག་མར་ཨིན་སྐད་བསླབ་ཕྱིར་བསླེབ་ཀྱི་ཡོད་པ་དང་དེ་ནས་གལ་ཏེ་ཁོང་ཚོ་ཡེ་ཤུར་བསྒྱུར་ན། དངུལ་སྤྲད་ནས་མི་མང་གི་ཕྲུ་གུ་ཚོ་ཨ་རིར་སློབ་སྦྱོང་ཆེད་དུ་གཏོང་བར་རོགས་སྐྱོར་བྱེད་ཀྱི་ཡོད། ཡིད་དབང་འཕྲོག་པའི་དེབ་པར་དུ་བསྐྲུན་པ་དང་། སོག་པོའི་ཕལ་སྐད་ནང་ཡེ་ཤུ་མ་ཤི་ཀ་དང་ཡེ་ཤུའི་ཆོས་ལུགས་ཀྱི་སྐོར་བྲིས་པའི་དེབ་ཆུང་རིགས་རིན་མེད་ཐོག་འགྲེམས་སྤེལ་བྱས་ཤིང་། གློག་བརྙན་གྱི་རིགས་སྟོན་གྱི་ཡོད། ནང་པ་ཚོས་དེ་ལ་འགྲན་སྡུར་བྱེད་ཐུབ་ཀྱི་མེད། གང་ཡིན་ཞེ་ན། སོག་པོའི་སྔ་རབས་ཀྱི་སྐད་ནང་མ་གཏོགས་ཕལ་སྐད་ནང་ནང་ཆོས་སྐོར་གྱི་དེབ་མེད་པ་དང་། དེ་དག་ཡིག་སྒྱུར་བྱེད་ཐུབ་མཁན་ཕལ་ཆེར་མེད་པ་དང་གལ་ཏེ་ཡོད་པའི་དབང་དུ་བཏང་ནའང་། དེབ་དེ་འདྲའི་རིགས་པར་སྐྲུན་བྱེད་པར་དངུལ་མེད་པ་རེད། དེར་བརྟེན་གཞོན་སྐྱེས་ཚོ་དང་རྣམ་དཔྱོད་ལྡན་པ་ཚོ་ཡེ་ཤུའི་ཆོས་ལུགས་སུ་བློ་སྣ་འགུགས་འགྲོ་གི་ཡོད་པ་དང་དེ་དག་ད་ལྟའི་ཆར་དེང་རབས་ཅན་གྱི་རང་བཞིན་དང་འབྲེལ་བ་ཆགས་ཡོད། དགའ་ལྡན་གྱི་མཁན་པོས་༧གོང་ས་སྐུ་ཕྲེང་གསུམ་པའི་ལམ་རིམ་གསེར་ཞུན་མ་དེ་སོག་པོའི་ཕལ་སྐད་ནང་སྒྱུར་རྒྱུའི་འབད་བརྩོན་གནང་བ་ནི་དཀའ་ངལ་འདི་སེལ་བའི་ཐོག་མ་དེ་ཡིན་པ་རེད།།