ནང་པའི་བཀའ་བསྡུ་བཞི།

ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ལོ་རྒྱུས་དང་འབྲེལ་བའི་དོན་རྐྱེན་གལ་ཆེན་དཔེར་ན། ནང་པའི་བཀའ་བསྡུ་བཞི་ལྟ་བུར་ལྟ་ཞིབ་བྱེད་པའི་སྐབས། བདེན་དཔང་གི་མྱོང་བ་མི་འདྲ་བ་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་རྣམས་ལ་གཞིགས་ཏེ་དེ་དག་གཅིག་ཏུ་འདུ་བའི་ཚུལ་གྱིས་བང་རིམ་སྒྲིག་གི་ཡོད། དེ་ལ་ལོ་རྒྱུས་སམ་དབྱིན་སྐད་དུ་ (history) ཞེས་ཐ་སྙད་བཏགས། འོན་ཀྱང་། ནང་པའི་ལུགས་ལྟར་བྱས་ན། ལོ་རྒྱུས་ཟེར་བ་དེ་ཐར་པའི་ལམ་དུ་བགྲོད་པའི་ནང་པའི་ཆོས་ཀྱི་རིམ་པ་རྣམས་བརྒྱུད་དེ་ཡར་རྒྱས་གཏོང་བའི་དོན་དུ་འདས་པའི་དུས་རྟོགས་པའི་ཐབས་ཙམ་ཞིག་ཡིན་པ་ལས། ནང་པའི་བཀའ་བསྡུ་རིམ་པ་བཞི་གཞན་དང་མི་འདྲ་བའི་ཚུལ་གྱིས་ཉམས་སུ་མྱོང་བ་དེ་འདྲ་རྙེད་མི་ཐུབ། ནང་པའི་བཀའ་བསྡུ་བཞི་པོའི་སྐོར་ལ་བཞེད་ཚུལ་དང་འགྲེལ་ཚུལ་མི་འདྲ་བ་མང་པོ་ཡོད་པ་དང་། འགའ་ཞིག་གིས་བཀའ་བསྡུ་བཞི་ཡོད་པའང་ཁས་མི་ལེན། འགྲེལ་ཚུལ་མི་འདྲ་བ་དེ་དག་ཚང་མ་ཕན་ཐོགས་ཅན་ཡིན་པ་དང་། གལ་ཏེ་ལྟ་ཚུལ་རྒྱ་ཆེ་ས་ནས་རྒྱུ་ཆ་རྣམས་ཕྱོགས་རིས་དང་རིག་གཞུང་གི་རྐྱེན་མེད་པའི་སྒོ་ནས་ཤེས་དགོས་ན། ང་ཚོས་དེ་དག་རེ་རེ་ལ་བསམ་བློ་གཏོང་དགོས།

ལོ་རྒྱུས་ཟེར་བ་དེ་གང་ཡིན་ནམ།

ལོ་རྒྱུས་ཟེར་བ་ནི་དུས་རིམ་བཞིན་དུ་བྱུང་བའི་ཡར་རྒྱས་ཀྱི་རྣམ་པ་དེ་རྟོགས་པའི་ཆེད་སྔོན་གྱི་རྒྱུ་ཆ་བང་རིམ་སྒྲིག་ཐབས་ཤིག་ཡིན། གལ་ཏེ་ང་ཚོས། “གལ་ཏེ་ལོ་རྒྱུས་ཡོད་ན། མིས་དེར་བློ་སེམས་གཏད་ནས་ཞུགས་ཡོད་” ཅེས་པའི་ལུང་འདྲེན་ལ་བལྟས་ན། ལོ་རྒྱུས་ཟེར་བ་དེ་རང་དབང་ངང་ནས་གྲུབ་པ་ལྟ་བུ་སྟེ། རང་ངོས་ནས་ཡོད་པ་དང་། མི་ནི་དོན་རྐྱེན་ནང་དངོས་སུ་མ་ཞུགས་པར་ཟུར་དུ་གནས་ཏེ་རྩེད་མོའི་དུས་སྟོན་ལ་ལྟ་བ་ནང་བཞིན་ལྟད་མོ་ལྟ་ཞིང་སེམས་གཏད་བཞིན་པ་ལྟ་བུར་བསམ་སྲིད། ཡིན་ནའང་། ལོ་རྒྱུས་ནི་ “དངོས་པོ་” ལྟ་བུ་རྫས་སུ་གྲུབ་མེད། དེ་ནི་དུས་ཡུན་གཅིག་གི་རིང་ལ་རྒྱུ་ཆའི་ནང་གི་བརྗོད་གཞི་སྣ་ཚོགས་པ་བང་སྒྲིག་ཚུལ་དང་དེ་དག་ལ་ལྟ་ཚུལ་ཙམ་ཞིག་ཡིན། ནང་པའི་ཐ་སྙད་དུ་ལོ་རྒྱུས་ཀྱི་རྒྱུ་ཆ་དང་ལྡན་པའི་ཚོགས་སྡེ་འདི་ནི་སེམས་ཀྱི་སྤྲོས་པ་ཞིག་ཡིན། 

ང་ཚོས་སེམས་ཀྱི་སྤྲོས་པ་ཞེས་པའི་བསམ་བློ་འདི་འཆར་སྣང་གི་བརྗོད་གཞི་དང་འབྲེལ་ནས་བཤད་ཆོག དཔེར་ན། ང་ཚོས། “ཨུ་རུ་སུའི་གསར་བརྗེ་དེ་བྱུང་ཡོད་དམ་” ཞེས་འདྲི་ཆོག དེའི་ལན་ནི་བྱུང་ཡོད་ཅེས་པ་དེ་ཡིན་ནའང་། ད་དུང་ང་ཚོས་འདྲི་དགོས་ཀྱི་ཡོད། དེ་འདྲ་ཡིན་ན་དེའི་ཚེ་དངོས་གནས་དོན་རྐྱེན་གང་བྱུང་ཡོད་དམ། མི་མང་པོ་ཞིག་དེར་ཡོད་པ་དང་དེ་དག་གིས་སྐད་ཅིག་རེ་རེའི་ནང་མྱོང་ཚོར་མི་འདྲ་བ་རེར་མྱངས་ཡོད། ཡིན་ནའང་། “གསར་བརྗེ་” ཟེར་བ་དེ་ཁོང་ཚོ་ཚང་མས་ལྟ་བཞིན་པའི་གླང་ཆེན་ལྟ་བུ་ཞིག་ཡིན་པར་ཚོར་ཡོད་དམ། གལ་ཏེ་དེ་འདྲ་ཞིག་ཚོར་མེད་ན་གསར་བརྗེ་དེ་གང་ཡིན་ནམ། གསར་བརྗེ་ཟེར་བ་ནི་ཕྱིས་སུ་ལོ་རྒྱུས་སྨྲ་བ་མི་འདྲ་བས་དེར་ཡོད་ཀྱི་མི་མང་པོའི་མྱོང་ཚོར་སྣ་ཚོགས་པ་ལས་གོ་རྒྱུ་ཡོད་པ་ཞིག་བཟོ་ཐབས་བྱས་ཏེ་གཞི་ནས་འགྲེལ་བརྗོད་བྱས་ཡོད། ལོ་རྒྱུས་སྨྲ་བ་དེ་དག་གིས་མིག་མཐོང་ལག་ཟིན་གྱི་དེ་ལྟ་བུའི་བྱུང་བ་དེ་དག་བསམ་བློའི་རྣམ་གཞག་ཕྱོགས་གཅིག་ཏུ་བསྡུས་པ་ (སྤྱི་) དང་། དེ་ལྟ་བུའི་མྱོང་བ་རྣམས་བང་བསྒྲིགས་ནས་འཆར་འགོད་བྱེད་པ་ལ་ “ལོ་རྒྱུས་” ཞེས་སུ་གྲགས། ང་ཚོས་ཐབས་ལམ་མི་འདྲ་བ་སྣ་ཚོགས་པའི་སྒོ་ནས་ངོ་སྤྲོད་བྱེད་ཆོག་པའི་ནང་པའི་རྒྱུ་ཆ་འཆར་འགོད་བྱེད་པའི་རིགས་ཀྱང་མཐོང་ཐུབ། 

སེམས་ཁམས་རིག་པའི་བརྗོད་གཞི་ལ་དཔེ་བཞག་ནས་ཞུས་ན། སེམས་ཁམས་རིག་པའི་གྲུབ་མཐའ་མང་པོ་ཡོད་ནའང་། བརྗོད་གཞི་དེ་དངོས་གནས་གང་གི་སྐོར་ལ་ཤོད་ཀྱིན་ཡོད་དམ། སེམས་ཁམས་རིག་པ་ནི་མི་མི་འདྲ་བ་མང་པོ་ཞིག་གི་རྒྱ་ཆེ་བའི་གནས་སྐབས་ཀྱི་མྱོང་ཚོར་ཡིན་ཞེས་བརྗོད་ཆོག སེམས་ཁམས་རིག་པ་བ་ཞིག་གིས་བང་རིམ་སྒྲིག་པའི་འཆར་འགོད་ཀྱི་ནང་མྱོང་ཚོར་དེ་དག་ངོ་སྤྲོད་བྱེད་ཀྱི་ཡོད་པ་དང་། དེ་ཡང་སེམས་ཁམས་རིག་པའི་ལྟ་བའི་རྣམ་གཞག་ཅིག་བེད་སྤྱོད་བྱས་ནས་འགྲེལ་བརྗོད་བྱས་ཡོད། མྱོང་ཚོར་དེ་དག་ནི་འཆར་འགོད་ཀྱི་རྒྱུད་རིམ་གཅིག་ཙམ་གྱི་ནང་ངོ་སྤྲོད་སྟོན་བྱེད་ཆོག་པ་མ་ཟད། ལམ་ལུགས་ཧ་ཅང་མང་པོ་དང་བསྟུན་ཏེ་གོ་རིམ་སྒྲིག་ཆོག །

གལ་ཏེ་ང་ཚོས། “སྔོན་གནས་ཚུལ་དེ་འདྲ་དངོས་གནས་བྱུང་ཡོད་དམ་” ཞེས་ལྟ་གྲུབ་ཀྱི་དྲི་བ་དྲིས་ན། དེའི་ལན་ནི། “གནས་ཚུལ་ཞིག་བྱུང་ཡོད་ཤག་རེད་” ཅེས་བརྗོད་ཀྱི་རེད། འོན་ཀྱང་། དེ་ནི་ “ལོ་རྒྱུས་” ཀྱི་བསམ་བློའི་རྣམ་གཞག་ཕྱོགས་བསྡུས་བྱས་པའི་སེམས་ཀྱི་སྤྲོས་པ་ཙམ་ཞིག་ཡིན་ནམ། འདི་ནི་དྲི་བ་གལ་གནད་ཅན་ཞིག་ཡིན། གང་ཡིན་ཞེ་ན། འདིས་ནང་པའི་དཔྱད་ཞིབ་ཀྱི་སྒོ་ནས་དངོས་པོར་ལྟ་ཚུལ་ང་ཚོར་ངོ་སྤྲོད་བྱེད་ཀྱི་ཡོད། དེ་ནི་ང་ཚོས་ཤེས་དགོས་པའི་ཐབས་ལམ་གལ་ཆེན་ཞིག་རེད། 

བོད་བརྒྱུད་ནང་བསྟན་གྱིས་རྒྱ་གར་གྱི་ནང་པའི་གྲུབ་མཐའ་བཞི་ལ་རིམ་པར་སློབ་སྦྱོང་བྱེད་ཀྱི་ཡོད། དེ་ཡང་རིམ་པ་གཅིག་ནས་གཞན་དུ་གོང་མཐོར་གཏོང་ཞིང་། དེ་གཉིས་ཀ་ནི་དངོས་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་པའི་ལྟ་བ་དེ་ཇེ་ཉུང་དུ་གཏོང་བར། དེའི་ཐད་ང་ཚོའི་གོ་རྟོགས་དང་གཏིང་ཟབ་པ་དང་ཕྲ་བའི་ཤེས་རྟོགས་ཡོང་རྒྱུ་དེ་ཡིན། འདི་ནི་ནང་པའི་དམིགས་ཡུལ་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་དོན་དུ་རྒྱུ་ཆ་རྣམས་གོ་རུམ་སྒྲིག་སྟངས་ཤིག་ཡིན། གལ་གོ་རིམ་སྒྲིག་པའི་འཆར་འགོད་དག་སེམས་ཀྱི་སྤྲོས་པ་ཙམ་ཞིག་ཡིན་ན། དེ་དག་མི་གཅིག་གམ་མི་མང་ཚོ་ཁག་ཅིག་གིས་དགོས་དོན་ཞིག་གི་ཆེད་དུ་སེམས་ཀྱིས་བཟོས་པ་ཞིག་ཡིན། དེ་ནི་དཔེར་ན། ནད་པ་ལ་ཕན་པའི་དོན་དུ་སེམས་ཁམས་རིག་པའི་ལྟ་གྲུབ་རྣམ་གཞག་མི་འདྲ་བ་རྣམས་མཉམ་འདུས་བྱས་པ་ལྟ་བུའོ། །ང་ཚོས་རིགས་པ་དང་ལྡན་པའི་གོང་འཕེལ་གྱི་བསམ་བློ་དང་བསྟུན་ནས་ནང་པའི་ཆོས་ཀྱི་རྒྱུ་ཆ་རྣམས་གོ་རིམ་སྒྲིག་ཆོག་ལ། ཡར་རྒྱས་ཕྱིན་པའི་ཆོས་བྱེ་བྲག་པ་ཞིག་གི་བསམ་བློ་ཐོག་མ་དེ་ང་ཚོར་ཡོད་པ་དང་། དེའི་སྒང་ལ་ད་དུང་རྒྱས་བཤད་དང་རྒྱ་སྐྱེད་བྱས་པ་དེ་ལ་ “ནང་པའི་ལོ་རྒྱུས་” ཞེས་སུ་གྲགས་པ་ཡིན། 

ང་ཚོ་ནུབ་ཕྱོགས་པའི་བསམ་བློ་གཏོང་སྟངས་ལ། དངོས་པོ་ཡར་རྒྱས་ཇི་ལྟར་འགྲོ་ཡི་ཡོད་པའི་བསམ་བློ་འདི་ལ་འཕེལ་རྒྱས་ (progress) ཟེར་གྱི་ཡོད། དེའི་ཐད་ང་ཚོས་ཧ་ཅང་སེམས་འཁུར་བྱེད་ཀྱི་ཡོད། དེ་ནི་གོ་རིམ་ངེས་པའི་དུས་ཚོད་ཅེས་པའི་ལྟ་ཚུལ་ལ་གཞི་བཅོལ་ཡོད་པ་དང་། རིག་གཞུང་གི་ཆ་ནས་དམིགས་བསལ་ཞིག་ཡིན། ནུབ་ཕྱོགས་པ་ཚོར་གོ་རིམ་ངེས་པའི་དུས་ཚོད་དེས་དུས་རིམ་བཞིན་བསམ་བློ་འཕེལ་རྒྱས་ཇི་ལྟར་འགྲོ་བའི་ཐད་ཕན་ཐོགས་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད། ཡིན་ནའང་། བོད་མི་དང་རྒྱ་གར་གྱི་མི་རྣམས་ལ་ནི་གནས་ཚུལ་འདི་འབྲེལ་བ་མེད་པ་རེད། ཁོང་ཚོས་གོ་རིམ་ངེས་པའི་དུས་ཚོད་ཀྱི་སྒོ་ནས་ལོ་རྒྱུས་ལ་ཡིད་ཆེས་མི་བྱེད། དེར་བརྟེན་ང་ཚོས་ནུབ་ཕྱོགས་ཀྱི་ལོ་རྒྱུས་དཔྱད་ཞིབ་དེ་རྒྱ་གར་དང་བོད་ཀྱི་ལོ་རྒྱུས་དཔྱད་ཞིབ་ལས་ཡག་ག་དང་ཚད་ལྡན་ཡིན་ཟེར་ཆོག་གམ། སངས་རྒྱས་ཀྱིས་དུས་གཅིག་ཏུ་འཇིག་རྟེན་གྱི་ཁམས་མང་པོའི་ནང་ཆོས་ཀྱི་རྣམ་གྲངས་ཀུན་ཚང་གསུངས་ཡོད་པས། དུས་ཚོད་དང་བསྟུན་པའི་སྒོ་ནས་ཆོས་རྣམས་དབྱེ་བ་འབྱེད་པའི་གནད་དོན་དེ་དོན་ངོ་མར་འབྲེལ་བ་མེད་པ་རེད། ཆོས་འཁོར་རིམ་པ་གསུམ་བསྐོར་བའི་ནང་གི་བརྒྱུད་པ་གསུམ་དབྱེ་བ་འབྱེད་ཆོག་ནའང་། བརྒྱུད་པ་དེ་དག་གི་ལོ་ཚིགས་ངོ་མ་ནི་གལ་གནད་མེད་པ་རེད།། 

གལ་གནད་ཅན་དེ་གང་རེད་ཅེ་ན། ཤེས་ཡོན་གྱིས་རློམས་པའི་ཕྱོགས་རིས་ཀྱི་ལྟ་ཚུལ་ཁས་ལེན་བྱ་རྒྱུ་མེད། དེ་ནི་ལོ་རྒྱུས་ཁོ་ན་བདེན་པ་ཡིན་པར་འཛིན་པའི་ལྟ་བ་ཞིག་དང་། ཕྱིས་སུ་མི་རྣམས་ཀྱིས་བསམ་བློའི་རྣམ་གཞག་དེ་དག་ཐམས་ཅད་འཕེལ་རྒྱས་བཏང་བ་ཞིག་ཡིན། འདི་ནི་ནང་ཆོས་མིན། ཚད་ལྡན་གྱི་ནང་ཆོས་ངོ་མ་ནི་སངས་རྒྱས་ཀྱིས་གང་གསུངས་པ་དེ་ཁོ་ན་ཡིན། འོ་ན་བསམ་བློའི་རྣམ་གཞག་འཕེལ་རྒྱས་ཀྱི་རིམ་པ་ཞིག་ལ་སློབ་གཉེར་བྱེད་པའམ་དེ་འདྲ་ཞིག་སྐྲུན་པ་དང་། ལོ་རྒྱུས་ལྡན་པའི་ལྟ་ཚུལ་ཞིག་ཡོད་པ་དེ་ཕན་ཐོགས་ཅན་ཞིག་ཡིན་ནམ། བསམ་བློའི་རྣམ་གཞག་གི་ཡར་རྒྱས་དང་འཕེལ་འགྱུར་མཐོང་ཕྱིར་དུས་སྐབས་གཅིག་ལ་སངས་རྒྱས་ཟེར་བ་དེ་གང་ཡིན་པའི་ལྟ་ཚུལ་བཟུང་ན། དེ་ང་ཚོ་ལ་ཕན་ཐོགས་ཡོད་དམ། 

ཡར་རྒྱས་ཀྱི་རྣམ་པའི་ཐོག་ནས་བལྟ་རྒྱུ་དེ་དུས་ཚོད་ཀྱི་བྱུང་རིམ་འདོགས་ཚུལ་གཅིག་དང་། ཕྱོགས་གཞན་དེ་ནི་ཉམས་རྒུད་ཀྱི་སྒོ་ནས་ལྟ་ཚུལ་དེ་རེད། དེ་གཉིས་གང་རུང་གི་ལྟ་ཚུལ་ནི་གཅིག་མཚུངས་སུ་ཚད་ལྡན་རེད། གང་ཡིན་ཟེར་ན། དེ་ནི་བསམ་བློ་གཏོང་ཚུལ་བྱེ་བྲག་པ་ཞིག་གི་སྐབས་དོན་ནང་གོ་རྒྱུ་གང་འདྲ་ཡོད་པ་དེ་རེད། ཡང་ན་མི་རྣམས་ཀྱི་བཟོས་བཞག་པ་ཙམ་ཞིག་གམ། དེ་ཚད་ལྡན་ཁུངས་ཐུབ་ཏུ་གྲུབ་ཕྱིར། “འདི་ནི་དྲང་དོན་དང་ངེས་དོན་གང་རུང་གི་སྒོ་ནས་སངས་རྒྱས་ཀྱིས་དངོས་གནས་གང་གསུངས་པའི་དོན་དེ་རེད་” ཅེས་ཁྱེད་ཀྱིས་དེ་ལྟར་མཐོང་ཆོག །

གལ་ཏེ་ང་ཚོ་ལོ་རྒྱུས་ཀྱི་དགོས་དོན་གང་ཡིན་པ་དང་། བསམ་བློ་འགའ་ཞིག་གི་འཕེལ་རིམ་གྱི་ལོ་རྒྱུས་བསྐྲུན་པ་ཞེས་པའི་དྲི་བའི་སྟེང་ལ་རང་འཇགས་ཕྱིན་པ་ཡིན་ན། དྲི་བ་དེའི་ལན་ཞིག་ང་ཚོར་མེད་སྲིད། ཡིན་ནའང་། ང་ཚོའི་ཧ་ཅང་གོ་རིམ་ལྡན་པའི་བསམ་བློ་གཏོང་ཚུལ་ལ། ང་ཚོའི་རྟོག་པའི་སྒྲོམ་གཞིའི་ནང་ཡོད་པའི་རྒྱུ་ཆ་ལ་གོ་རྒྱུ་ཡོད་པར་བཟོ་བར་ཕན་གྱི་ཡོད་པས་དེ་ཕན་ཐོགས་ཅན་ཞིག་ཡིན་ཞེས་བརྗོད་ཆོག །ང་ཚོ་ཚད་བརྒལ་གྱི་ཚོད་དཔག་བྱ་རྒྱུ་མེད་པ་དེ་གལ་ཆེན་པོ་ཡིན་པ་དང་། ནང་པའི་ལྟ་ཚུལ་ལྟར་ན། ལོ་རྒྱུས་ལྡན་པའི་བསམ་ཚུལ་ཡོད་པ་དེ་རྒྱུ་ཆ་གོ་རིམ་སྒྲིག་ཚུལ་ཐད་ནང་པའི་གོ་བ་ལེན་ཕྱོགས་ཁག་གཅིག་ལས་རྦད་དེ་ཚད་འཕེར་བ་ཡིན་ཞེས་མི་བརྗོད་པ་དེ་རེད། 

འདིར་ང་ཚོས་གོ་རིམ་ངེས་པའི་དུས་ཚོད་ཟེར་དུས་ཐོག་མ་ཡོད་པའི་དུས་ཤིག་གི་སྐོར་ཤོད་ཀྱིན་ཡོད། དེ་ནི་ནུས་མཐུ་ཅན་གྱི་བྱེད་པོ་དཀོན་མཆོག་ལྟ་བུས་བསྐྲུན་པ་ཞིག་གམ་ཡང་ན་གས་ཐོར་ཆེན་པོ་ནས་འགོ་བཙུགས་པ་གང་རུང་ཡིན་ཆོག །དེ་ལྟར་ཐོག་མར་འགོ་བཙུགས་པ་དེ་མུ་མཐུད་དེ་མཐར་འཇིག་འགྲོ་བ་ཡིན། འཇིག་སྟངས་དེ་ཡང་འཇིག་རྟེན་གཏོར་བཅོམ་བྱེད་པའམ། ཡང་ན་ཧྲོབ་བསྡུས་ཆེན་པོ་གང་རུང་གི་སྒོ་ནས་མཐར་དུས་ཚོད་ཟད་འགྲོ་བ་དེ་ཡིན། འདི་ནི་ནང་པའི་ལྟ་ཚུལ་དང་མི་མཐུན་པ་ཞིག་ཡིན། ནང་པའི་ལུགས་ལ་ཐོག་མ་དང་མཐའ་མ་མེད། དེའི་ཚབ་ལ་གས་ཐོར་ཆེན་པོ་གཞན་ཞིག་དང་། ཧྲོབ་བསྡུས་ཆེན་པོ་གཞན་ཞིག་གམ། ཡང་ན་རྒྱ་སྐྱེད་མི་འགྲོ་བར་གོ་རིམ་ངེས་པ་མེད་པའི་སྒོ་ནས་མུ་མཐུད་འགྲོ་གི་ཡོད། 

གོ་རིམ་ངེས་པ་དང་གོ་རིམ་ངེས་པ་མེད་པའི་ལྟ་ཚུལ་མི་འདྲ་བས་ནང་པའི་རྒྱུ་ཆ་ལ་སློབ་སྦྱོང་བྱེད་པའི་ཕན་ཡོན་ནང་གི་གཅིག་ནན་པོ་བཟོ་གི་ཡོད། གང་ཡིན་ཞེ་ན། དེས་ང་ཚོ་ལ་སོ་སོའི་རིག་གཞུང་དང་འབྲེལ་བའི་བསམ་བློ་གཏོང་ཚུལ་བྱེ་བྲག་པ་དེ་གང་ཡིན་ངོས་འཛིན་པར་ཕན་གྱི་ཡོད། འདིར་ “བྱེ་བྲག་པ་” ཞེས་པའི་ཚིག་འདི་གལ་ཆེ། གང་ཡིན་ཟེར་ན། འཇིག་རྟེན་དང་སོ་སོའི་ཉམས་མྱོང་ལ་ལྟ་ཚུལ་མང་པོ་ཡོད་པ་དེ་དོན་ངོ་མར་ང་ཚོས་ཤེས་ནའང་། རང་སོ་སོའི་རིག་གཞུང་བྱེ་བྲག་པ་དེ་ཁོ་ནས་དེ་ལྟར་བསམ་བློ་གཏོང་གི་ཡོད་པ་དེ་སྟོན་གྱི་ཡོད། ནམ་རྒྱུན་སོ་སོའི་ལྟ་ཚུལ་གཅིག་པུ་ལ་གོམས་ནས་ཡོད་པ་སོང་ཙང་། འཇིག་རྟེན་ལ་ལྟ་ཚུལ་གཞན་མང་པོ་ཡོད་པ་རྣམས་གཅིག་མཚུངས་སུ་ཚད་ལྡན་ཡིན་པར་ལྟ་རྒྱུ་ཕར་ཞོག །ལྟ་ཚུལ་དེ་འདྲ་ཡོད་སྲིད་པའི་ཐད་ལ་བསམ་མནོ་ཡང་གཏོང་གི་མེད། བྱས་ཙང་། ནང་པའི་བསམ་བློ་གཏོང་ཚུལ་དང་མི་འདྲ་བ་ཞིག་ལ་སློབ་སྦྱོང་བྱེད་པ་དེས་ང་ཚོར་ཡོད་པའི་རྒྱུ་ཆ་གོ་རིམ་སྒྲིག་སྟངས་ཀྱི་འཆར་འགོད་དེ་དག་ངོ་རྟགས་ཆོད་པར་ཕན་གྱི་ཡོད། བདེན་པ་གཅིག་དང་། འཕེལ་རྒྱས། ཡང་མིན་ན་ཉམས་རྒུད་ཀྱི་བསམ་བློ་དེ་དག་ནི་སེམས་ཀྱི་བཟོས་པའི་གོ་བ་ལེན་སྟངས་ཙམ་ཞིག་ཡིན་པ་ལས། དེ་དག་ནི་སྤྱི་ལ་ཁྱབ་པ་ཞིག་མིན་ལ། བདེན་པར་གྲུབ་ནས་ཡོད་དགོས་ངེས་ཤིག་མིན། 

སེམས་ཙམ་པའི་ལྟ་ཚུལ་ལྟར་ན། “དེ་ནི་ང་ཚོ་ལ་ཇི་ལྟར་སྣང་བའི་ཚུལ་དེ་རེད།” གནས་སྟངས་གང་འདྲ་ཞིག་ཡིན་ནའང་རང་སོ་སོའི་རིག་གཞུང་ལ་ལྟོས་ནས་མི་རེ་རེ་ལ་སྣང་ཚུལ་མི་འདྲ་བ་ཡོང་གི་ཡོད། དཔེར་ན། ནང་མིའི་དཀའ་རྙོག་གསོ་ཐབས་རིག་པའི་ནང་ཨ་མར་སྣང་བར་འགྱུར་བའི་གནས་སྟངས་དང་། ཨ་ཕ་ལ་སྣང་བར་འགྱུར་བའི་གནས་སྟངས། ཕྲུ་གུ་ཚོར་སྣང་བར་འགྱུར་བའི་གནས་སྟངས་དེ་དག་མི་འདྲ་བ་ཡིན། ང་ཚོས་སོ་སོའི་བློ་སྒོ་ཕྱེས་ནས་དགོས་དོན་སྣ་ཚོགས་པའི་ཆེད་དུ་རྒྱུ་ཆ་གོ་རིམ་སྒྲིག་སྟངས་དང་དེ་དག་རྟོགས་ཚུལ་གཞན་ཡོད་པར་བསམ་པའི་སྐབས། ང་ཚོས་ཉིན་རེའི་མི་ཚེའི་དཀའ་ངལ་ལ་གདོང་ལེན་བྱེད་ཆེད་སྤྱོད་ཆོག་པའི་ཐབས་ཚུལ་གཞན་ཧ་ཅང་མང་པོ་ཞིག་ཡོང་གི་རེད། གདམ་ག་གཞན་དག་ལ་བསམ་བློ་གཏོང་རྒྱུ་དེས་གང་སྟོན་གྱི་ཡོད་ཅེ་ན། ང་ཚོ་རང་སོ་སོའི་རིག་གཞུང་གི་ཤུགས་རྐྱེན་དབང་དུ་ཤོར་ཡོད་པས། དེ་ལ་ཐབས་ཚུལ་གཞན་ཞིག་ནས་བལྟས་ན། དེས་དཀའ་ངལ་སེལ་ཐབས་ཡག་ག་ཞིག་རྙེད་པར་ཕན་གྱི་རེད། ཡང་ན་བསམ་བློའི་རྣམ་གཞག་ཕྱོགས་བསྡུས་གཞན་ཞིག་འབྱུང་བའི་ཆེད་ལྟ་ཚུལ་མི་འདྲ་བ་རྣམས་སྡུད་སྦྱོར་བྱ་རྒྱུ་དེ་ཕན་ཐོགས་ཅན་ཞིག་མཐོང་སྲིད། 

ང་ཚོ་གོམས་པའི་དབང་དུ་ཤོར་བ་འདི་ལ་བརྟེན་ནས་ང་ཚོས་བསམ་བློ་བྱེ་བྲག་པ་ཞིག་གཏོང་དུ་འཇུག་གི་ཡོད་པ་དེ་ང་ཚོའི་རིག་གཞུང་མཆོག་ཏུ་གྱུར་བ་དང་གཞན་རྣམས་ཀྱི་ནི་དམན་པ་ཡིན་པའམ་དེ་ལས་གོ་རིམ་ལྡོག་པའི་བསམ་བློ་བཏང་ནས་སོ་སོའི་རིག་གཞུང་ཐད་ལ་ཚད་བརྒལ་གྱི་ཚོད་དཔག་བྱེད་དགོས་པའི་དོན་མིན། ང་ཚོ་ཚང་མ་གནས་སྟངས་བྱེ་བྲག་པ་ཞིག་གི་ནང་འཚར་ལོངས་བྱུང་ཡོད། གང་ཡིན་ཞེ་ན། མི་སུ་གཅིག་གནས་སྟངས་དེའི་ཕྱི་རུ་རང་དབང་ངང་གྲུབ་མེད། དེ་ག་ནང་བཞིན་ང་ཚོས་སོ་སོའི་གནས་སྟངས་ལ་གོམས་པའི་རྐྱེན་དེ་ཚད་ངེས་ཅན་ཡིན་པར་ལྟ་མི་དགོས། དེའི་རྒྱུ་མཚན་དང་དོན་དག་གཙོ་བོ་ནི། གནས་སྟངས་ལ་ལྟ་ཚུལ་དང་བརྗོད་གཞི་མི་འདྲ་བ་རྟོགས་ཚུལ་ཕན་ཐོགས་ཅན་གཞན་མང་པོ་ཡོད་པས་སོ།།

སངས་རྒྱས་སྐུ་མྱ་ངན་ལས་འདས་རྗེས།

གལ་ཏེ་ང་ཚོ་ནུབ་ཕྱོགས་པའི་ལོ་རྒྱུས་ཀྱི་ལྟ་ཚུལ་ལ་ཁ་ཕྱོགས་པ་ཡིན་ན། སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་ཁོང་གི་སློབ་མ་རྣམས་ཀྱིས་སངས་རྒྱས་ཀྱིས་གསུངས་པའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚུལ་དག་ལ་ཐག་གཅོད་དང་གདོང་ལེན་བྱེད་དགོས་པ་དང་། དེ་དག་ལས་གཅིག་ཀྱང་ཡིག་ཐོག་ཏུ་བྲིས་མེད། ནང་པའི་གྲུབ་མཐའ་ཁག་དང་རྩོམ་པ་པོ་རྣམས་ཀྱི་བཞེད་པ་ལྟར་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་རྒྱུ་ཆ་དེ་དག་ལ་གང་བྱུང་ཡོད་པའི་ཐད་འགྲེལ་ཚུལ་དང་བཞེད་ཚུལ་མི་འདྲ་བྱུང་ཡོད། མི་མི་འདྲ་བ་སོ་སོས་དེའི་ཚེ་དེའི་དུས་ཀྱི་བྱུང་རྐྱེན་མི་འདྲ་བ་དྲན་གསོས་པ་དང་། དེ་དག་གི་ལོ་རྒྱུས་དང་འགྲེལ་ཚུལ་རྣམས་རང་ཁོངས་ཀྱི་སློབ་མ་དང་བུ་རྒྱུད་ཚོར་རྒྱས་བཤད་བྱེད་ཀྱི་ཡོད། དེར་བརྟེན་གང་བྱུང་བའི་ཐད་འགྲེལ་ཚུལ་མི་འདྲ་བ་ཡོད་པས། ང་ཚོས་ “ཡིན་སྲིད་པའི་གདམ་ག་གཅིག་” དང་ “བདེན་པ་གཅིག་” ཟེར་བ་ཞིག་ནི་ག་ལ་རྙེད་ཐུབ། 

སངས་རྒྱས་ཀྱི་སློབ་མ་གཙོ་བོ་དེ་དག་གིས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡིག་ཐོག་ཏུ་འབྲི་མཁན་ཚང་མ་ནི་དགྲ་བཅོམ་པ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད། འོན་ཀྱང་། དགྲ་བཅོམ་པ་ལྔ་བརྒྱ་ཚང་མ་དངོས་གནས་ཐར་པ་ཐོབ་པའི་དགྲ་བཅོམ་པ་ཡིན་མིན་ང་ཚོས་ཤེས་ཀྱི་མེད། དགྲ་བཅོམ་པ་ལྔ་བརྒྱ་མཉམ་འཛོམས་ཀྱིས་སངས་རྒྱས་ཀྱིས་གང་གསུངས་པ་དེ་དག་དྲན་ཐོག་ནས་ཚིག་རེ་རེ་བཞིན་འདོན་པ་ཡིན་ཟེར། 

འདིར་དོ་སྣང་བྱེད་དགོས་གལ་ཞིག་ལ། སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ཕལ་ཆེར་ལོ་བཞི་བརྒྱ་ཙམ་གྱི་བར་དུ་སངས་རྒྱས་ཀྱི་ཆོས་གཅིག་ཀྱང་ཡིག་ཐོག་ཏུ་བྲིས་མེད། དེའི་ཚེ་ན་གནས་བསྟན་སྡེ་པའི་པཱ་ལི་སྐད་དུ་བཞུགས་པའི་ཆོས་སྐོར་དེ་དག་ཡིག་ཐོག་ཏུ་བྲིས་པ་དང་། ཆོས་གཞན་དག་ནི་དེའི་རྗེས་སུ་བྲིས་ཡོད། དེ་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་སྔ་ལས། “གལ་ཏེ་ཁྱེད་ཀྱིས་ང་ཚོར་གང་གསུངས་པ་དེ་ཏག་ཏག་ཅིག་དྲན་གྱི་ཡོད་མེད་ཐད་དྲི་བ་དྲིས་ན། དེ་ལ་ང་ཚོས་ཁྱེད་རང་གིས་གང་དྲན་གྱི་འདུག་ཅེས་འདྲི་ཆོག་” ཅེས་གསུངས། དགྲ་བཅོམ་པ་དེ་དག་གིས་ཚིག་རེ་རེ་བཞིན་ཆ་ཚང་དྲན་གྱི་ཡོད་ཅེས་ང་ཚོས་ངེས་ཤེས་སྐྱེ་མི་ཐུབ། གང་ཡིན་ཞེ་ན། སངས་རྒྱས་ཀྱི་ཆོས་ཀྱི་རྒྱུ་ཆ་ནི་ཤིན་ཏུ་མང་པོ་རེད། རྒྱུ་ཆ་དེ་དག་ཐོག་མར་ངག་ཐོག་ནས་བརྒྱུད་པ་དང་ཕྱིས་སུ་ཡིག་ཐོག་ཏུ་བྲིས་པའི་གནས་སྟངས་འདི་ནང་ཆོས་ལ་ཐུན་མོང་མ་ཡིན་པ་ཞིག་མིན། དངོས་གནས་བྱས་ན། འཛམ་གླིང་གི་ཆོས་ལུགས་མང་པོའི་ནང་། ཆོས་ལུགས་སྲོལ་གཏོད་པ་པོ་དེའི་ཚེ་ན་ཡིག་ཐོག་ཏུ་བྲིས་པ་དེ་འདྲ་མེད་པར། དུས་ཕྱིས་སུ་གནད་དོན་ཁག་དྲན་གསོས་ཏེ་ཡིག་ཐོག་ཏུ་བྲིས་པ་ཞིག་ཡིན།

ཡིག་སྐད་དང་བློ་འཛིན།

ཡིག་སྐད་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ཡིག་ཐོག་ཏུ་བཀོད་དགོས་དོན་གང་ཡིན་ནམ་ཞེས་ང་ཚོས་སྐད་ཆ་འདྲི་ཆོག །ཉམས་ཞིབ་པ་མང་པོའི་འགྲེལ་ཚུལ་ལྟར་ན། དེ་ནི་གཙོ་བོ་དམག་དོན་ཆེད་དུ་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་པ་སྟེ། དམག་མི་ཤོག་ཁག་གཞན་ལ་བཀོད་མངགས་སོགས་གཏོང་རྒྱུ་དང་། ཡང་མིན་ན་འཛིན་སྐྱོང་ལས་དོན་གྱི་ཆེད་དུ་ཡིན་པ་རེད། ཁྱད་པར་དུ་རྒྱ་གར་ནང་ཐོག་མར་ཡིག་སྐད་ནི་ལྟ་གྲུབ་དང་ཆོས་ཕྱོགས་གང་དུའང་ནམ་ཡང་བེད་སྤྱོད་བྱས་མེད། དེ་ནི་ཁ་ཡོད་ལག་ཡོད་ཀྱི་དགོས་དོན་ཁོ་ནའི་ཆེད་དུ་བེད་སྤྱོད་བྱས་ཡོད། དཔེར་ན། ཚོང་པ་ལྟ་བུས་དངོས་ཟོག་གང་བཙོང་པ་དང་དེ་དག་གི་རིན་གོང་དུ་ཡིན་སོགས་ཟིན་བྲིས་སུ་བཀོད་པ་ལྟ་བུ་རེད། 

དེའི་དུས་སུ་མི་རྣམས་ཀྱིས་རྒྱུ་ཆ་མང་དག་ཅིག་དྲན་ཐུབ་ཀྱི་ཡོད་དང་མེད་ཤེས་པའི་ཆེད་ང་ཚོས་དེང་སང་གི་བོད་མི་རྣམས་ལ་བལྟས་ན་ཆོག །བོད་ཀྱི་རབ་བྱུང་བ་ཚོས་ཤོག་ལྷེ་སྟོང་ཕྲག་ཡོད་པའི་དཔེ་ཆ་བློ་འཛིན་བྱེད་ཐུབ་པ་དང་དེ་དག་ངག་ཐོག་ནས་འདོན་ཐུབ་ཀྱི་ཡོད། དེ་ལ་དཔེ་ཡག་ཤོས་ནི་༧གོང་ས་མཆོག་ལྟ་བུ་རེད། ཁོང་གིས་ཕྱག་དཔེ་ཧ་ཅང་མང་པོ་བློ་འཛིན་གནང་ཡོད་པས། ཁོང་གིས་དུས་དང་གནས་ཡུལ་གང་དུ་ཡོད་ནའང་དཔེ་ཆ་དེ་དག་ལས་ལུང་འདྲེན་གནང་ཐུབ་ཀྱི་ཡོད། དེ་འདྲ་སོང་ཙང་། དཔེ་དེབ་མེད་ལ་དཔེ་དེབ་ཀྱི་བསམ་བློ་དེའང་མེད་མཁན་གྱི་མི་རྣམས་ཀྱིས་བློ་འཛིན་གྱི་ལམ་ཁོ་ན་ལ་བརྟེན་ནས་ཡིད་ལ་ངེས་པར་བྱ་རྒྱུ་དེ་ནི་ཧང་སངས་དགོས་པ་དང་བསྔགས་འོས་པ་ཞིག་མིན། 

གློག་ཀླད་དང་དྲྭ་རྒྱའི་མཐུན་རྐྱེན་ཕར་ཞོག །གལ་ཏེ་དཔེ་དེབ་མེད་ན་གནས་སྟངས་གང་འདྲ་ཞིག་ཡོད་ན་ཞེས་ང་ཚོས་བསམ་བློ་གཏོང་དཀའ་མོ་རེད། ང་ཚོའི་ཤེས་ཡོན་གྱི་ལམ་ལུགས་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་འགྲེལ་བར་ཉན་པ་ཁོ་ན་ལ་གཞིར་བྱས་ཡོད་པ་དེ་ནི་དྲན་དགོས་ངེས་ཞིག་ཆགས་ཡོད། དེའི་དོན་ནི་བློ་འཛིན་བྱ་རྒྱུ་དེ་རེད། བློ་འཛིན་བྱ་དགོས་ངེས་ཞེས་པ་ནི་ཆོས་དེ་དག་ཐེངས་མ་གཅིག་ཙམ་ཀློག་འདོན་བྱེད་པ་ཙམ་མིན་པར། འཐུས་ཚང་བཀོད་སྒྲིག་གི་ལམ་ནས་ཡང་ནས་ཡང་དུ་འདོན་དགོས་ཀྱི་ཡོད། བསྐྱར་ཟློས་ཀྱི་ལམ་ལུགས་འདིས་སློབ་ཕྲུག་གཞོན་པ་ཚོར་ཕན་ཐོགས་ཡོང་གི་རེད། སློབ་ཕྲུག་དེ་དག་གིས་ཆོས་ཐེངས་མང་ཐོས་ནས་མུ་མཐུད་དེ་ཀློག་འདོན་དང་། བསླབ་པ་སློབ་གཉེར། ཉམས་ལེན་བཅས་བྱེད་ཀྱི་རེད། གང་ཐོས་པ་དང་བློ་ལ་འཛིན་པ་ཁོ་ན་ལ་གཞི་རྩ་བཞག་ནས་སློབ་ཕྲུག་ཚོས་དངོས་གནས་དྲང་གནས་ཆོས་ལ་བསམ་པ་དང་ཆོས་ཀྱི་དོན་རྟོགས་ཐབས་བྱེད་ཐུབ། 

ཐ་ན་དེང་སང་གི་དུས་སུའང་བོད་ཀྱི་དགོན་སྡེའི་བཤད་གྲྭ་ཁག་གི་ཤེས་ཡོན་ལམ་ལུགས་ཀྱི་ནང་བློ་འཛིན་བྱ་རྒྱུ་དེ་གནས་ཡོད། དེང་སང་གི་སློབ་ཕྲུག་ཚོར་དཔེ་དེབ་ཡོད་ནའང་། ད་དུང་ཀློག་འདོན་དང་བློ་འཛིན་བྱེད་ཀྱི་ཡོད། དོན་ངོ་མར་ཤེས་ཡོན་གྱི་ལམ་ལུགས་ཆ་ཚང་བ་ནི་གཞོན་ནུ་ཚོའི་སེམས་ཀྱི་ནུས་རྩལ་དམིགས་བསལ་ཅན་དེ་བློ་འཛིན་ཆེད་དུ་བཀོལ་རྒྱུར་ཁ་ཕྱོགས་བསྒྱུར་ཡོད། ཕྲུ་གུ་གཞོན་ནུ་ཡིན་པའི་ཆ་ནས་བློ་འཛིན་མང་པོ་བྱེད་ཐུབ། དཔེར་ན། བྱིས་པའི་གླུ་གཞས་ཀྱི་རིགས་ལྟ་བུ་བློ་ལ་བཟུང་ནས་ལོ་མང་རྗེས་སུའང་དྲན་ཐུབ་པ་ལྟ་བུ་རེད། དེ་ལྟ་ནའང་ཁ་སེང་གི་གནས་ཚུལ་དཔེར་ན། ཁ་པར་ཨང་གྲངས་ལྟ་བུ་བློ་འཛིན་བྱ་རྒྱུ་དེ་དཀའ་ལས་ཆེ་བ་ཡོད། དུས་ཡུན་རིང་པོའི་རྗེས་སུ་ཕྱིར་དྲན་ཐུབ་པ་དེ་ནི་རྟག་ཏུ་དུས་ཡུན་ཐུང་ངུའི་རྗེས་སུ་ཕྱིར་དྲན་ཐུབ་པ་ལས་ཡག་ག་ཡོད། 

བོད་ཀྱི་ཤེས་ཡོན་ལམ་ལུགས་ནི་ལོ་བཅུ་གསུམ་གྱི་བར་དུ་སློབ་ཕྲུག་དེ་ལ་འགྲེལ་བ་གང་ཡང་བསླབ་སྲོལ་མེད་པར། བློ་འཛིན་བྱེད་དགོས་ཀྱི་ཡོད། ནུབ་ཕྱོགས་པ་ཁ་ཤས་ཀྱིས། འདི་ནི་འདོད་བློ་ཁེངས་པ་ཞིག་མི་འདུག་ལ། “དུས་རབས་བར་མའི་སློབ་སྦྱོང་བྱེད་སྟངས་” ཤིག་རེད་ཅེས་ཚོར་སྲིད་ནའང་། དུས་རབས་བར་མའི་སློབ་སྦྱོང་བྱེད་སྟངས་དེ་ལའང་ཕན་ཡོན་མེད་པ་མ་རེད། བློ་འཛིན་བྱེད་མཁན་གྱི་སློབ་ཕྲུག་དེ་དྲྭ་རྒྱ་དང་དཔེ་མཛོད་ལ་མཐའ་གཅིག་ཏུ་ལྟོས་མི་དགོས་པར། ཁོང་ཚོས་འཚོལ་ཞིབ་བྱེད་མི་དགོས་པའི་ཐོག་ནས་དྲན་ཐུབ། 

བཀའ་བསྡུ་དང་པོ།

བཀའ་བསྡུ་དང་པོ་ནི་སངས་རྒྱས་མྱ་ངན་ལས་འདས་པའི་ལོ་རྗེས་མའི་ནང་མ་ག་དྷའི་རྒྱལ་ཁམས་ཀྱི་རྒྱལ་པོའི་ཁབ་ཏུ་སྐོང་འཚོགས་བྱས། དབྱིན་སྐད་དུ་ (council) ཞེས་པའི་ཚིག་གི་དོན་ནི། འོས་འདེམས་བྱས་པའི་འགན་འཛིན་ལྷན་ཚོགས་ཞིག་ལ་གོ་ཡི་ཡོད་པ་དེ་མཁྱེན་དགོས། སྐབས་འདིར་ཚིག་འདིའི་དོན་ནི་ཐམས་ཅད་གཅིག་ཏུ་མཉམ་འཛོམས་ཀྱིས་སྡེ་སྣོད་ཀྱི་གཞུང་ཀློག་འདོན་བྱ་རྒྱུའི་དམིགས་ཡུལ་དང་བཅས་ཆོས་ལ་བསྲེ་ལྷད་མི་འབྱུང་བའི་ཆེད་གཟབ་ནན་བྱེད་པ་དེ་ཡིན། 

བཀའ་བསྡུ་དང་པོའི་སྐབས་དགྲ་བཅོམ་པ་ལྔ་བརྒྱ་མཉམ་བཞུགས་བྱས། དེ་དག་ལས་མདོ་ཐུགས་ལ་བཟུང་བ་ལ་མཆོག་ཏུ་གྱུར་བ་གསུམ་གྱིས་སངས་རྒྱས་ཀྱི་ཆོས་ཀྱི་སྡེ་ཚན་ཆེ་ཁག་གསུམ་ལས་གཅིག་ཀློག་འདོན་གནང་ཡོད། སངས་རྒྱས་ཉིད་ཀྱི་ཚ་བོ་ཀུན་དགའ་བོ་ (ནང་མིའི་བརྒྱུད་ནས་སྤུན་མཆེད་འགྲོ་བ་ནི་སྔ་མོའི་ལུགས་སྲོལ་ཞིག་ཡིན་ལ་དེང་སང་བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་དུ་ཡོད།) ལ་མཚོན་ན་ཀླད་པའི་ནང་པར་བརྒྱབས་པ་ནང་བཞིན་དྲན་པ་མཆོག་ཏུ་གྱུར་བ་མངའ་བས། མདོ་ཆ་ཚང་ཐུགས་ལ་བཟུང་བའི་སྒོ་ནས་འདོན་གནང་བ་རེད། གནས་བརྟན་འོད་སྲུང་ཆེན་པོ་ནི་དགེ་འདུན་བགྲེས་པ་ཞིག་དང་ལྟོས་ཕྱོགས་ཀྱི་སྒོ་ནས་དགེ་འདུན་གསར་པ་ཞིག་ཡིན་པས། ཕྲག་དོག་དབང་གིས་ཁོང་གིས་ཀུན་དགའ་བོས་འདོན་པ་ལ་འདོད་མོས་གནང་མེད་ནའང་། ཀུན་དགའ་བོ་ལ་མཆོག་ཏུ་གྱུར་བའི་དྲན་པ་མངའ་བས། དགྲ་བཅོམ་པ་གཞན་རྣམས་ཀྱིས་ཁོང་མདོ་འདོན་ཕྱིར་གདན་དྲངས། མདོ་དེ་དག་ནི་ཉམས་ལེན་གྱི་བརྗོད་བྱ་ཀུན་ཚང་ལ་དམིགས་བསལ་ཏིང་ངེ་འཛིན་དང་འབྲེལ་བ་ཞིག་ཡིན། 

འགྲེལ་ཚུལ་གཅིག་ལ། ཆོས་མངོན་པའི་ཆ་ཤས་གཅིག་ནི་འོད་སྲུང་ཆེན་པོས་འདོན་པར་གྲགས། ལུགས་གཞན་དག་གི་ནང་། འོད་སྲུང་ཆེན་པོས་ལྷན་ཚོགས་བསྡུ་སྐོང་དང་གཙོ་སྐྱོང་ཙམ་གནང་བ་དང་སངས་རྒྱས་ཀྱིས་གསུངས་པའི་ཆོས་མངོན་པའི་སྡེ་སྣོད་དེའི་ཚེ་འདོན་མེད་པར་དུས་ཕྱིས་སུ་གཞི་ནས་ཚོགས་འདུའི་ནང་གི་དགྲ་བཅོམ་པ་སྣ་ཚོགས་པས་ཕྱོགས་བསྡུས་མཛད་ཅེས་གསལ། ཆོས་མངོན་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཏེ། འཇིག་རྟེན་ཆགས་ཚུལ་དང་དེའི་ནང་གི་སེམས་ཅན་སྣ་ཚོགས་པའི་གནས་སྟངས་སོགས་དངོས་ཁམས་དཔྱད་རིག་དང་སྐྱེ་དངོས་ཚན་རིག་བཅས་ལ་རྒྱུས་མངའ་ཇི་ལྟར་བྱེད་དགོས་པའི་བརྗོད་གཞི་དང་ལྡན་པའི་གཞུང་ཞིག་ཡིན། མངོན་པའི་གཞུང་ལ་བརྟེན་ནས་ཉམས་མྱོང་གི་ཆ་རྐྱེན་སྣ་ཚོགས་པ་རྟོགས་ཕྱིར་ཆོས་རྣམ་འབྱེད་ཀྱི་ཤེས་རབ་གོང་འཕེལ་གཏོང་བར་ཕན་ཐོགས་ཀྱི་ཡོད།

རབ་བྱུང་གི་འདུལ་ཁྲིམས་དང་འབྲེལ་བའི་འདུལ་བའི་སྡེ་སྣོད་ནི་གནས་བརྟན་ཉེ་བར་འཁོར་གྱིས་འདོན། འདུལ་བའི་སྡེ་སྣོད་ཀྱི་ནང་རབ་བྱུང་གི་དབྱེ་བ་དགེ་སློང་དགེ་ཚུལ་ལ་སོགས་པ་རྣམས་ཀྱང་ཡོད། དགེ་འདུན་གྱི་སྡེ་རང་གི་ནང་དོན་རྐྱེན་དང་དཀའ་ངལ་གྱི་རིགས་སེལ་བ་དང་ “བཀའ་བརྩི་དང་ལེན་” གྱི་ལམ་ལུགས་ལ་སྐུལ་མ་མི་བྱེད་པའི་དོན་དུ་སངས་རྒྱས་ཉིད་ཀྱིས་སྒྲིག་ཁྲིམས་དེ་དག་བཟོ་བཀོད་གནང་ཡོད། ཡེ་ཤུའི་རབ་བྱུང་གི་སྡེའི་ནང་སྡོམ་པ་གཙོ་བོ་ཞིག་ནི། “བཀའ་བརྩི་དང་ལེན་” དེ་ཡིན་པ་དང་། དེ་ལྟ་བུའི་སྡོམ་པ་ནི་ནང་པའི་རབ་བྱུང་གི་སྡེའི་ནང་མེད། ཡེ་ཤུའི་གསུང་རབ་བྷ་ཡེ་བྷལ་ (Bible) དང་། གནའ་བོའི་གྷི་རིག་གི་ལྷའམ་རྒྱལ་པོའི་ཁྲིམས་དང་། དེ་བཞིན་ནུབ་ཕྱོགས་ཀྱི་ཁྲིམས་མཐུན་ལམ་ལུགས་ཀྱི་ནང་བཀའ་བརྩི་དང་ལེན་བྱེད་དགོས་པའི་ཁྲིམས་བཟོ་ལྷན་ཚོགས་ཡོད་པ་རེད། སྐབས་དོན་དེ་དག་གི་ནང་གསལ་བ་ལྟར་ན། བཀའ་བརྩི་དང་ལེན་ཟེར་བ་དེ་མི་བཟང་པོ་བྱ་རྒྱུ་དང་དོན་གཅིག་ཡིན། བཀའ་བརྩི་དང་ལེན་མི་བྱེད་པ་ནི་ཉེས་ཆད་གཏོང་རྒྱུ་ཞིག་ཡིན། ང་ཚོས་ནུབ་ཕྱོགས་ཀྱི་ “ཁྲིམས་ལུགས་” ཏེ། དྲང་བདེན་གྱི་འཛིན་སྐྱོང་ལམ་ལུགས་ལ་བལྟ་བའི་སྐབས། “དྲང་བདེན་” ཟེར་བ་ཞིག་མེད་པ་ཤེས་ཀྱི་རེད། གལ་ཏེ་མི་ཞིག་གིས་ཁྲིམས་ལ་བརྩི་སྲུང་བྱས་ན། དེ་ནི་མི་བཟང་པོ་དང་། བཀའ་བརྩི་དང་ལེན་མ་བྱས་ན། དེ་ནི་ནག་ཉེས་ཅན་རེད། ནག་ཉེས་ཀྱི་བསམ་བློ་ཡོངས་སུ་རྫོགས་པ་ནི་དངོས་གནས་ནུབ་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་ཤིག་རེད། 

དེ་ལས་ལྡོག་སྟེ། ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་དེ་དཀའ་ངལ་ཤེས་རྟོགས་ལ་རག་ལུས་ཡོད་པ་ལས་བཀའ་བརྩི་དང་ལེན་ལ་རག་ལུས་མེད། དཀའ་ངལ་གྱི་རིགས་བྱུང་བའི་ཚེ་དཀའ་ངལ་དེ་ཡང་ནས་ཡང་དུ་མི་འབྱུང་བ་དང་། ད་དུང་དཀའ་ངལ་མང་དུ་མི་འགྲོ་བར་ཕན་པའི་ཕྱིར། དཀའ་ངལ་སེལ་ཐབས་ཤིག་གམ་སྒྲིག་ཁྲིམས་ཤིག་ཡོད་པ་རེད། སྒྲིག་འཛུགས་དང་སྤྱི་ཚོགས་གང་འདྲ་ཞིག་གི་ནང་འབངས་མི་སེར་རྣམས་ཀྱིས་ངེས་པར་དུ་དམ་སྲུང་བྱེད་དགོས་པའི་ཁྲིམས་དང་སྒྲིག་གཞི་ཤིག་ཡོད་པས། དེ་ནི་དེང་སང་གི་དུས་ཚོད་ལའང་འབྲེལ་བ་ཆགས་ཀྱི་ཡོད། འོན་ཀྱང་། མི་རྣམས་ཀྱིས་སྒྲིག་ཁྲིམས་དེ་དག་གི་རྒྱབ་ལྗོངས་གནས་ཚུལ་དང་རྒྱུ་མཚན་རྣམས་ཡག་པོ་ཤེས་ན། ཉེན་རྟོག་པ་དགོས་དོན་མེད་ལ་སྤྱི་ཚོགས་སྔར་ལས་ཞི་འཇམ་ཆེ་བ་ཡོང་ཐུབ།

བཀའ་བསྡུ་དང་པོ་ནི་གནས་བརྟན་འོད་སྲུང་ཆེན་པོས་གཙོ་སྐྱོང་གནང་ཞིང་། ཁོང་ནི་མ་ག་དྷ་ནས་ཡིན་པའི་བཀུར་འོས་ཞི་ཞིང་དུལ་བའི་བྲམ་ཟེ་བགྲེས་པོ་ཞིག་ཡིན། ཁོང་གང་ལ་གང་ཙམ་གྱི་དགུང་ལོ་མཐོ་པོ་ཡིན་སྐབས་རབ་ཏུ་བྱུང་། ཁོང་སྐུ་མ་གཤེགས་གོང་སངས་རྒྱས་ཀྱིས་ཁོང་ཉིད་ཀྱི་ན་བཟའ་རྙིང་པ་དེ་ཁོང་ལ་གནང་སྟེ། བྲམ་ཟེའི་ན་བཟའ་གསར་པ་དང་བརྗེ་པོ་རྒྱག་གནང་། དུས་ཕྱིས་སུ་འདི་ནི་སངས་རྒྱས་ཀྱིས་འོད་སྲུང་ཆེན་པོ་ལ་གཏད་རབས་ཀྱི་དབང་ཚད་དེ་གནང་བའི་རྟགས་སུ་ངོས་འཛིན་བྱས་ཡོད། དེར་བརྟེན་ཁོང་ལ་འགན་དབང་དེ་ཡོད་པར་ཚོར་ཡོད། 

སངས་རྒྱས་ཀྱི་དགོངས་པ་ནི་དུས་རྟག་ཏུ་ཆོས་ཀྱི་འགན་དབང་ནི་མི་གཅིག་མིན་པར། ཁེ་དབང་འདྲ་མཉམ་ལ་བརྩི་སྲུང་བྱེད་མི་ཞིག་ཏུ་རྒྱུན་འཛིན་བྱེད་དགོས་པ་དེ་ཡིན། དེ་ལྟ་ནའང་། ནང་པའི་ལོ་རྒྱུས་ཁྲོད་དུ་ཚོགས་སྡེ་ལ་འགན་ཁུར་བཞེས་ནས་ཆོས་ཀྱི་སྒྲོམ་གཞི་བཟོ་བཀོད་བྱེད་ཅིང་། དེ་ལ་དབང་ཆ་བྱེ་བྲག་པ་ཞིག་ཡོད་པའི་འགན་དབང་ཅན་གྱི་མི་གཙོ་བོ་ཞིག་དང་། ཡང་མང་གཙོའི་ལམ་ལུགས་དང་ཀུན་གྱི་ཁེ་དབང་འདྲ་མཉམ་ལ་བརྩི་སྲུང་བྱེད་པའི་དགེ་འདུན་གྱི་སྡེ། དེ་དག་གི་དབུ་འཛིན་པ་རྣམས་ནི་འོས་འདེམ་གྱི་ལམ་ནས་འདེམས་ཐོན་བྱུང་བ་དང་ཐག་གཅོད་རྣམས་མཉམ་དུ་བྱས་པ་གཉིས་ཀྱི་དབར་གོ་བསྡུར་ཞིག་མུ་མཐུད་ནས་ཡོད་པ་རེད། འདི་ནི་དེང་སང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་ནང་དགེ་སློང་མའི་སྡོམ་རྒྱུན་དང་འབྲེལ་བའི་གནད་དོན་ལས་གསལ་པོར་ར་འཕྲོད་ཐུབ། སྡོམ་པའི་རིགས་དེ་དག་གི་བརྒྱུད་པ་ནི་ཆད་ཟིན་ནའང་། དེ་དག་བསྐྱར་གསོ་བྱ་རྒྱུའི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་ཡོད། དེའི་སྐོར་༧གོང་ས་མཆོག་གིས་ལམ་སེང་བསྐྱར་དུ་ངོ་སྤྲོད་བྱེད་ཐུབ་པ་ཞིག་ནི་མིན། སངས་རྒྱས་ཀྱིས་གསུངས་པའི་དགོས་ངེས་ཆ་རྐྱེན་ལ་གཞིགས་ན། འདི་ལྟ་བུའི་ཐག་གཅོད་ནི་དབང་ལྡན་གྱི་མི་གཙོ་བོ་ཞིག་གིས་བྱེད་མི་ཐུབ་པར། གནས་བརྟན་དང་དགེ་སློང་བགྲེས་པའི་ལྷན་ཚོགས་ཀྱིས་ཐག་གཅོད་ཀྱིས་ཚང་མས་མོས་མཐུན་ཡོད་པ་དགོས། ནང་པའི་དགེ་འདུན་གྱི་སྡེ་ཁག་གི་ནང་སྤྱི་མོས་སུ་དང་ལེན་བྱས་པའི་ཐག་གཅོད་ཆེ་ཁག་ནི་ལག་ལེན་དངོས་ཀྱི་ནང་ཁག་པོ་ཡིན་པ་མ་ཟད། དེ་ནི་ད་དུང་ཡང་དེང་སང་གི་དུས་དང་འབྲེལ་བ་ཡོད་པའི་ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱི་གནད་དོན་ལྟ་བུ་རེད། ནང་པའི་རབ་བྱུང་གི་སྡེའི་ནང་། སངས་རྒྱས་ཀྱིས་འགོ་དཔོན་མཁན་པོ་ཡོད་མེད་ལ་མི་ལྟོས་པར་རང་དབང་གིས་བསམ་བློ་གཏོང་དགོས་ཞེས་སྐུལ་མ་གནང་ཡོད། གང་ཡིན་ཞེ་ན། དེ་དག་ནི་གོམས་སྲོལ་མང་པོའི་སྒྲིག་དམ་པའི་སྐུལ་འདེད་མིན་པར་ས་ཁུལ་མི་འདྲ་བའི་ནང་འགྲེལ་བརྗོད་སྣ་ཚོགས་པ་བྱུང་ཡོད། 

སངས་རྒྱས་མྱང་ངན་ལས་འདས་རྗེས་གནས་བརྟན་འོད་སྲུང་ཆེན་པོས་ཐུགས་འགན་བཞེས་ཏེ་སངས་རྒྱས་ཀྱི་ཆོས་ལ་བསྐྱར་ཞིབ་དང་གཏན་འབེབས་བྱ་ཕྱིར་བཀའ་བསྡུ་བཙུགས། བཀའ་བསྡུ་དང་པོ་འགོ་བཙུགས་པའི་སྐབས་ཀུན་དགའ་བོ་ཡུལ་མ་ག་དྷའི་སྲིད་བློན་དང་མཇལ་ནས་སངས་རྒྱས་ཀྱི་དགོངས་པ་ནི་མང་གཙོའི་ཁེ་དབང་འདྲ་མཉམ་གྱི་ལམ་སྲོལ་ཡིན་ཞེས་ཞུས་ནའང་། དེའི་སྐབས་སྲིད་བློན་ནི་ཡུལ་མ་ག་དྷའི་ནུབ་ཏུ་ཡོད་པའི་ཨ་ཝནྟིའི་རྒྱལ་ཁམས་སུ་འཐབ་རྒོལ་བྱ་རྒྱུའི་བྲེལ་འཚུབ་ཧ་ཅང་ཆེ་བའི་སྐབས་ཁེལ་བ་རེད། 

ཚོད་དཔག་བྱས་ན་གནས་བརྟན་འོད་སྲུང་ཆེན་པོ་ནི་འགོ་དཔོན་སྟོབས་ཤུགས་ཅན་ཞིག་དང་། སངས་རྒྱས་ཀྱི་ཆོས་ལ་དག་ཐེར་གནང་འགོ་བཙུགས་པ་དེས་ཕལ་ཆེར་དཀའ་ངལ་ཆེ་བའི་དུས་སྐབས་དེའི་རིང་ནང་ཆོས་གསོན་གནས་ཆེད་མཐུན་རྐྱེན་སྦྱར་ཡོད། གནས་བརྟན་འོད་སྲུང་ཆེན་པོ་ནས་བཟུང་སྟེ་སྟོན་པའི་གཏད་རབས་རིམ་པར་བྱུང་བ་དང་དེ་དག་གིས་ནང་པའི་རབ་བྱུང་གི་སྡེ་ཡོངས་རྫོགས་ཀྱི་འགན་འཁུར་བཞེས་ཡོད། བོད་པ་ཚོས་སྟོན་པའི་གཏད་རབས་བདུན་དུ་བརྩི་སྲོལ་ཡོད་པ་དང་། ཉི་ཧོང་གི་ཛཻན་བསམ་གཏན་པ་ཚོས་སྟོན་པའི་གཏད་རབས་ཉེར་བརྒྱད་བརྩི་སྲོལ་ཡོད་པ་ལས། མཐའ་མ་དེ་ནི་བྱང་ཆུབ་ཆོས་སམ་བོ་དྷི་དྷརྨ་ཞེས་རྒྱ་ནག་ཏུ་ཛཻན་བསམ་གཏན་པའི་ཆོས་དར་སྤེལ་གནང་མཁན་དེ་ཡིན། དེ་ནས་བཟུང་རྒྱ་ནག་ཆཻན་ (Chan) ཆོས་ལུགས་ཀྱི་སྟོན་པའི་གཏད་རབས་འགོ་ཚུགས། དུས་ཕྱིས་སུ་ཆོས་སྲོལ་དེ་དག་གི་ཡན་ལག་ཀཽ་རི་ཡ་དང་ཉི་ཧོང་སོགས་ལ་དར་ཁྱབ་བྱུང་། ལྷོ་ཤར་ཨེ་ཤི་ཡའི་གནས་བརྟན་སྡེ་པའི་རྒྱལ་ཁབ་དེ་དག་གི་ནང་རྒྱལ་ནང་གི་འགོ་དཔོན་མཁན་པོ་རིམ་པར་བྱོན་འགོ་ཚུགས། དཔེར་ན། “ཐེ་ལེནྜའི་འགོ་དཔོན་མཁན་ཆེན་” ལྟ་བུ་རེད། བོད་དུ་དེ་དང་འདྲ་བའི་འགོ་དཔོན་དབུ་ཁྲིད་ཀྱི་ལམ་ལུགས་ཤིག་ཏ་ལའི་བླ་མའི་སྒྲིག་འཛུགས་ནས་འགོ་ཚུགས། འགོ་དཔོན་དང་ཏ་ལའི་བླ་མ་གཉིས་ཀར་གཞིགས་ན་དེ་དག་ནི་ཡེ་ཤུའི་པཽཔ་ (Pope) ལྟ་བུ་སངས་རྒྱས་དང་ཐད་ཀར་འབྲེལ་བ་འཆུག་མེད་ཡོད་པ་དང་རབ་བྱུང་གི་སྡེ་ལ་ཁྲིམས་མཐུན་གྱི་དབང་ཆ་ཡོད་པ་དེ་འདྲར་བསམ་བློ་གཏོང་གི་མེད། དེ་ལས་ལྡོག་སྟེ་ཁོང་རྣམས་ལ་གཞི་རྩའི་ཆ་ནས་ལམ་ལུགས་ཆ་ཚང་མཉམ་དུ་འཛིན་རྒྱུ་དང་སོ་སོའི་རྒྱལ་ཁབ་ནང་རབ་བྱུང་གི་སྡེ་དང་སྐྱ་བོ་ཁྱིམ་པའི་ཚོགས་སྡེ་གཉིས་ཀའི་བདེ་དོན་ལ་སྲུང་སྐྱོབ་བྱ་རྒྱུའི་འགན་ཡོད།

སངས་རྒྱས་ཀྱི་ཆོས་དར་འཕེལ་བྱུང་བའི་ལོ་རྒྱུས་ཀྱི་ནང་དོ་སྣང་འོས་པའི་གནད་དོན་ཞིག་ནི། ནམ་རྒྱུན་ཐེག་པ་དམན་པ་ཞེས་སུ་གྲགས་པའི་ནང་ཁུལ་ལ་སྡེ་པའམ་ཆོས་སྲོལ་མི་འདྲ་བ་མང་པོ་གྱེས་པ་དེ་རེད། སྡེ་པ་དེ་དག་ལ་ཆོས་མངོན་པའི་སྐོར་འགྲེལ་ཚུལ་ཅུང་ཟད་མི་འདྲ་བ་ཡོད་པ་དང་ཁོང་ཚོའི་དགོས་མཁོ་དང་བསྟུན་ནས་འདུལ་ཁྲིམས་རན་འཚམས་བསྒྱུར་བཅོས་གཏོང་ཕྱོགས་ཀྱང་ཅུང་ཟད་མི་འདྲ་བ་ཡོད། རང་ལུགས་སུ་རན་འཚམས་བཟོ་བའི་བརྒྱུད་རིམ་དེ་གནས་བརྟན་རྒན་གྲས་མང་དག་གིས་མང་གཙོའི་ལམ་སྲོལ་དང་མཐུན་པར་ཐག་གཅོད་བྱས་ཡོད་པ་ལས་མི་གཅིག་དབང་སྒྱུར་གྱི་ལམ་ལུགས་དེ་མིན། གནས་བརྟན་པ་དེ་དག་གིས་གཅེར་བུ་པའི་ཆོས་ཀྱི་རྗེས་སུ་འབྲངས་བ་དང་། གཅེར་བུ་པའི་ཆོས་ནི་སངས་རྒྱས་མ་བྱོན་པའི་ལོ་ལྔ་བཅུ་གོང་ནས་དར་འགོ་ཚུགས། སངས་རྒྱས་ཀྱིས་ཀྱང་གཅེར་བུ་པའི་ལུགས་ཀྱི་བསམ་བློ་མང་དག་ཅིག་ནང་ཆོས་ནང་བླངས་ཡོད། གཅེར་བུ་པའི་དགེ་འདུན་པ་ཚོས་བདུན་གཉིས་རེའི་ནང་རང་སོ་སོའི་སྡོམ་པ་བློ་ལ་འཛིན་ནས་ངག་ཐོག་ནས་འདོན་གྱི་ཡོད། གང་ཡིན་ཞེ་ན། དེ་དུས་ཡིག་ཐོག་ལ་མེད། 

བཀའ་བསྡུ་དང་པོའི་རྗེས་ནས་དགེ་འདུན་འདུས་སྡེ་ཡོངས་ནས་སངས་རྒྱས་ཀྱི་ཆོས་སྣ་ཚོགས་པ་དེ་དག་ངག་ཐོག་ནས་འདོན་པའི་ལམ་སྲོལ་ཆགས། དེ་ཡང་ཐོག་མར་ངག་ཐོག་ནས་བརྒྱུད་དེ་ཆོས་ཀྱི་ཚིག་རྣམས་མ་ནོར་བར་ཐོས་དགོས་པ་དང་། (དོན་དག་ཤེས་དགོས་མི་དགོས་)དེ་ནས་མ་ནོར་བར་བློ་ལ་འཛིན་དགོས་ཀྱི་ཡོད། ངག་ཐོག་ནས་བརྒྱུད་པ་དེ་དེང་སང་ཡང་བོད་ཀྱི་དགོན་སྡེ་ཁག་གི་ནང་གལ་ཆེན་པོ་ཆགས་ཡོད། ཨེ་ཤི་ཡའི་ཁྱོན་ཡོངས་ལ་སྲོལ་རྒྱུན་གྱི་ནང་པའི་དགོན་སྡེ་ཁག་གི་ནང་མདོ་སྡེ་རྣམས་དགེ་འདུན་མང་པོ་འཛོམས་ནས་འདོན་རྒྱུ་དེ་ལམ་སྲོལ་གལ་ཆེན་ཞིག་ཡིན། 

བཀའ་བསྡུ་གཉིས་པ།

བཀའ་བསྡུ་དང་པོའི་རྗེས་ཀྱི་ལོ་བརྒྱ་ཙམ་ལ་ (ལོ་ཚིགས་ལ་བཞེད་པ་མི་འདྲ་བ་ཡོད་) ཝ་ཇི་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་ཡུལ་ཡངས་པ་ཅན་དུ་བཀའ་བསྡུ་གཉིས་པ་འཚོགས། དེ་ནི་ཕྱི་ལོ་སྔོན་གྱི་ལོ་ ༣༨༦ ཡང་ན་ ༣༧༦ གང་རུང་ནང་ཡིན། 

བཀའ་བསྡུ་གཉིས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་པའི་ཐད་ལ་འགྲེལ་ཚུལ་མི་འདྲ་བ་ཡོད། དེ་ནི་སྡེ་པ་ནང་ཁུལ་ཁ་གྱེས་པ་དེ་རེད། འདིར་དབྱིན་སྐད་ཀྱི་ (split) གྱེས་པ་ཟེར་བ་དེ་ལྷས་སྦྱིན་གྱིས་སངས་རྒྱས་ལ་སྡང་བ་ལྟ་བུ་ (schism) དབྱེན་འབྱེད་པའི་དོན་མིན་པ་ཤེས་དགོས། མི་རྣམས་ཕན་ཚུན་སྡང་བ་དང་འཁོན་ནས་གསོད་རེ་བྱེད་འདོད་ཡོད་པ་དེ་འདྲ་མ་རེད། དེ་ནི་ལམ་དང་ལུགས་སྲོལ་གྱི་ཐད་ལ་ཕན་ཚུན་མོས་མཐུན་མ་བྱུང་བའམ་བློ་ཁ་མི་མཐུན་པ་ཙམ་རེད། འགྲེལ་ཚུལ་གཅིག་ལ། རྩོད་རྙོག་ཅན་གྱི་གནད་དོན་བཅུ་འཆད་པར་བྱ་བ་ལས། དེའི་ཚེ་གནད་དོན་གཙོ་བོ་ནི་འདུལ་ཁྲིམས་ལྟར་བྱས་ན་རབ་ཏུ་བྱུང་བ་ཚོས་གསེར་ (རྒྱུ་ནོར་) ལ་བདག་གཉེར་བྱེད་ཆོག་དང་མི་ཆོག་གི་ཐད་བསམ་ཚུལ་མི་འདྲ་བ་བྱུང་བ་དེ་རེད། 

རབ་བྱུང་བ་རྣམས་ཀྱིས་གསེར་ལ་བདག་གཉེར་བྱ་རྒྱུ་མེད་པ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པར་སྨྲ་མཁན་ནི་གནས་བརྟན་སྡེ་པ་ཡིན། དེ་དག་ནི་ཧ་ཅང་སྒྲིག་དམ་ལ་སྔར་སྲོལ་ལ་དགའ་ཞེན་ཅན་གྱི་ཚོ་ཁག་ཡིན་པ་རེད། ཐེ་ར་ཝཱ་ད་ (Theravad) ནི་ “བསླབ་པ་རྒན་པ་དང་བསྟུན་ནས་ཆོས་གསུང་པ་པོ་” ཞེས་པའི་དོན་ཡིན། གནས་བརྟན་སྡེ་པའི་ལུགས་ལ་དེ་སང་ཡང་དགེ་འདུན་པ་རྣམས་དངུལ་ལ་བདག་གཉེར་བྱེད་པའམ་དངུལ་ཁྱེར་ནས་ཕེབས་མི་ཆོག་པར་མཉམ་དུ་ཕྱག་རོགས་ཞབས་ཕྱིའམ་གྲྭ་པ་ཞིག་ཁྲིད་ནས་དཔལ་འབྱོར་དང་འབྲེལ་བའི་འགན་ཁུར་མཁན་ཞིག་དགོས་ཀྱི་ཡོད། ཕལ་ཆེན་སྡེ་པ་ནི་ “དགེ་འདུན་གྱི་སྡེ་མང་ཆེ་བའམ་ཕལ་ཆེ་བ་” ཞེས་པའི་དོན་ཡིན། སྡེ་པ་འདི་གྱེས་ནས་རབ་ཏུ་བྱུང་བ་རྣམས་ཀྱིས་གསེར་ལ་བདག་གཉེར་བྱ་རུང་ཞེས་བརྗོད་ཀྱི་ཡོད། 

གསེར་ལ་བདག་གཉེར་གྱི་གནད་དོན་འདི་རྩོད་རྙོག་ཅན་ཞིག་ཡིན། གང་ཡིན་ཟེར་ན། གྲྭ་པ་ཁ་ཤས་ཀྱིས་དངུལ་གསོག་འགོ་བཙུག་གི་ཡོད། དེ་ལ་བརྟེན་ནས་ཁེ་དབང་འདྲ་མཉམ་ཡིན་དགོས་པའི་རབ་བྱུང་གི་སྡེའི་ནང་དཀའ་ངལ་བཟོ་ཡི་ཡོད། དེར་མ་ཟད། དེང་སང་གི་དུས་སུ་དགོན་སྡེ་ཁག་གི་ནང་དེ་ནི་དཀའ་ངལ་ཞིག་ཡིན། དཔེར་ན། ཐེ་ལེནྜའི་ནང་གི་གནས་བརྟན་སྡེ་པའི་ལུགས་ལ་དངུལ་ལ་ཧ་ཅང་སྒྲིག་དམ་པོ་ཡོད་པ་དང་། གྲྭ་པ་ཚོས་དངུལ་ལ་ལག་པ་འཆང་མི་ཆོག་པ་ཡིན། གནས་བརྟན་སྡེ་པའི་རྒྱལ་ཁབ་ཁག་གི་ནང་རབ་བྱུང་བ་ཡིན་ན་དངུལ་གྱི་འགྲོ་སོང་གཏོང་མི་དགོས་པར་བསོད་སྙོམས་སློང་བ་དང་ཁ་ལག་གང་རག་པ་དེ་ངོས་བཞེས་གནང་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད། དེ་ཡང་ཁྱིམ་པ་མི་ནག་ཚོས་རབ་བྱུང་གི་སྡེ་ལ་རྒྱབ་སྐྱོར་གྱིས་སོ་སོ་རང་ཉིད་ཀྱི་ཞལ་ལག་དེ་རབ་ཏུ་བྱུང་བ་རྣམས་ཀྱི་ལྷུང་བཟེད་ནང་བླུག་པ་སོགས་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་གསོག་གི་ཡོད། བོད་ལ་ཆ་བཞག་ན་གནས་སྟངས་འདི་དང་མི་འདྲ་བ་སྟེ། བོད་ནང་ཧ་ཅང་གྲང་མོ་ཡོད་པ་དང་དམིགས་བསལ་དགུན་ཁའི་དུས་སུ་རྐང་རྗེན་མ་བསོད་སྙོམས་སློང་བར་འགྲོ་རྒྱུ་དེ་ཧ་ཅང་ཐག་རིང་པོ་རེད། བོད་ཀྱི་ལུགས་སྲོལ་ལ་མི་མང་པོས་དགོན་སྡེ་ཁག་གི་རབ་བྱུང་བ་རྣམས་ལ་ཞལ་ལག་བགོ་འགྲེམས་བྱེད་ཀྱི་ཡོད། རྒྱལ་ཁབ་མི་འདྲ་བའི་ནང་སྒྲིག་ཁྲིམས་ལམ་ལུགས་དེ་དག་ཀྱང་ལོ་རྒྱུས་ཀྱི་ཁྲོད་དུ་མི་འདྲ་བར་གོང་འཕེལ་ཕྱིན་ཡོད། 

ཡང་འགྲེལ་ཚུལ་གཞན་ཞིག་ལ། བཀའ་བསྡུ་གཉིས་པའི་སྐབས་བསམ་ཞིབ་བྱས་པའི་གནད་དོན་གཙོ་བོ་ནི་ཐར་པ་ཐོབ་པའི་གང་ཟག་དགྲ་བཅོམ་པ་རྣམས་ཀྱི་གནས་སྟངས་དང་འབྲེལ་བ་ཞིག་ཡིན། དགྲ་བཅོམ་པ་རྣམས་ཀྱིས་ཆོས་ཐམས་ཅད་མཁྱེན་གྱི་མེད་པས། ཐམས་ཅད་མཁྱེན་པ་མིན། དཔེར་ན། ཁོང་ཚོ་ལམ་ཁ་བརླགས་ན་གཞན་ལ་ལམ་ཁ་སྟོན་རོགས་ཞེས་སྐད་ཆ་འདྲི་དགོས་པ་ལྟ་བུ་རེད། འོན་ཀྱང་། གནས་བརྟན་སྡེ་པས་མཁྱེན་རྒྱའི་ཚད་ལ་མི་ལྟོས་པར་ཁོང་ཚོ་ཆོས་ཀྱི་སྐོར་ལ་མཁྱེན་རྒྱ་ཅན་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད། དེ་ཡང་གཞན་ན་ཆོས་ཇི་ལྟར་འཆད་པའི་ཚུལ་དང་ཆོས་ཀྱི་དོན་རྣམས་ཤེས་ཀྱི་ཡོད། གནས་བརྟན་སྡེ་པས། དགྲ་བཅོམ་པ་ནི་སངས་རྒྱས་དང་འདྲ་བ་འདོད་པ་ལ་སོགས་པའི་ཉོན་མོངས་ལས་ཡོངས་སུ་བྲལ་བ་ཡིན་ཞེས་ཨུ་ཚུགས་རྒྱག་གི་ཡོད།

དེ་ལྟ་ནའང་ཕལ་ཆེན་སྡེ་པས། སོ་སོའི་ཉམས་མྱོང་ལ་གཞིར་བཞག་ནས་དགྲ་བཅོམ་པ་རྣམས་སོ་སོའི་རྨི་ལམ་གྱི་ནང་ད་དུང་ཆགས་པས་སླུ་བྲིད་བྱེད་ཀྱི་ཡོད་པ་དང། ཁོང་ཚོ་ལ་ཆགས་སློང་གི་རྨི་ལམ་རྨི་བ་དང་གཉིད་ནང་ཁུ་བ་འདོན་པ་ཡོང་སྲིད་པར་བཞེད། གལ་ཏེ་དགྲ་བཅོམ་པ་རྣམས་ལ་འཁྲིག་སྦྱོར་རྨི་ལམ་གྱིས་ཤུགས་རྐྱེན་སྤྲད་ཀྱི་ཡོད་ན། ཁོང་ཚོ་ད་དུང་ཡང་དགྲ་བཅོམ་པ་ཡིན་ཆོག་གམ་ཞེས་ཁོང་ཚོས་བདེན་དོན་དེ་ལ་འདྲི་བ་བཏང་ཡོད། དེ་ནི་ཉམས་ལེན་པ་རྣམས་ཀྱི་ཉམས་མྱོང་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། འདི་ནི་ཁ་ཡོད་ལག་ཡོད་ཀྱི་གནད་དོན་ཞིག་ཡིན། ཕལ་ཆེན་སྡེ་པས་སངས་རྒྱས་ལ་རྨི་ལམ་གྱིས་ཤུགས་རྐྱེན་རྩ་བ་ནས་སྤྲད་མེད་ཅེས་ཟེར། དེ་ལྟར་བརྗོད་པའི་རྐྱེན་གྱིས་སངས་རྒྱས་དང་དགྲ་བཅོམ་པའི་དབར་གྱི་ཁྱད་པར་ལ་ནན་བརྗོད་ཆེན་པོ་བྱེད་དགོས་པ་བྱུང་ཡོད། གནས་བརྟན་སྡེ་པ་ལ་ནི་སངས་རྒྱས་དང་དགྲ་བཅོམ་པའི་དབར་ལ་ཁྱད་པར་ཆེན་པོ་མེད་པ་དང་། སངས་རྒྱས་ཀྱིས་གདུལ་བྱ་མང་བ་ལ་ཆོས་གསུངས་པ་དང་དགྲ་བཅོམ་པ་ཚོས་ཚད་ངེས་ཅན་གྱི་གདུལ་བྱ་ཙམ་ལ་ཆོས་གསུངས་ཡོད་པར་བཞེད། 

གལ་ཏེ་ང་ཚོས་ཕལ་ཆེན་སྡེ་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བལྟས་ན། ཕལ་ཆེན་སྡེ་པ་ཆ་ཤས་ཤིག་ནི་རྒྱ་གར་དབུས་ནས་ནུབ་བྱང་ཕྱོགས་སུ་དར། དེ་ནི་ད་ལྟའི་ཆར་བྱང་པཱ་ཀིསྠཱན་གྱི་ས་ཁུལ་ཡིན། ཆ་ཤས་གཞན་ཞིག་ལྷོ་ཕྱོགས་ནས་ད་ལྟ་རྒྱ་གར་གྱི་མངའ་སྡེ་ཨནྡྲ་པྲ་དེ་ཤ་ཞེས་རྒྱ་གར་ནུབ་ཀྱི་མཚོ་ངོགས་ལམ་ཕྱེད་ཙམ་ལ་དར། དེ་ནི་ཁྱད་པར་དུ་ཐེག་པ་ཆེན་པོ་ཐོག་མར་བྱུང་སའི་ཨནྡྲའི་ས་ཁུལ་དུ་དར་ཞིང་། ཕྱིས་སུ་གསང་སྔགས་ཀྱི་ཆོས་ཀྱང་ས་ཁུལ་དེ་དང་པཱ་ཀིསྠཱན་གཉིས་ཀར་དར། ལོ་རྒྱུས་ལྟར་ན། སངས་རྒྱས་སུ་ཡིན་པའི་བསམ་བློ་དེ་ཐམས་ཅད་མཁྱེན་པ་ཡིན་ཞེས་པའི་བསམ་བློར་རིམ་པས་ཁ་ཕྱོགས་ཡོད། དེ་ནི་སངས་རྒྱས་ཀྱིས་དུས་གཅིག་ཏུ་ཆོས་ཐམས་ཅད་མཁྱེན་པ་དང་གྲངས་མེད་པའི་རྣམ་པར་སྤྲུལ་བ་དང་ཆོས་གསུང་པ། དེ་བཞིན་སྐད་རིགས་ཐམས་ཅད་མཁྱེན་གྱི་ཡོད་པའི་བསམ་བློ་དེ་རེད། སངས་རྒྱས་ཀྱི་ལྟ་ཚུལ་དེ་སངས་རྒྱས་ཀྱི་ཡོན་ཏན་ཕལ་མོ་ཆེ་གསལ་སྟོན་བྱེད་པའི་ཐེག་པ་ཆེན་པོའི་ལྟ་བ་ལ་མ་རེག་བར་དུ་མུ་མཐུད་ནས་རྒྱ་སྐྱེད་བྱུང་། 

བཀའ་བསྡུ་གསུམ་པ།

ཁུངས་གཏུགས་སའི་ཡིག་ཆ་ཁ་ཤས་ཀྱི་ནང་སྐོང་འཚོགས་གསུམ་པ་བྱུང་བ་དེ་བཀའ་བསྡུ་ཡིན་པ་གསལ་མེད། བཀའ་བསྡུ་ཡིན་པར་གསལ་བའི་ཡིག་ཆ་ཁག་གི་ནང་། བཀའ་བསྡུ་གསུམ་པ་ནི་བཀའ་བསྡུ་གཉིས་པའི་རྗེས་ཀྱི་ལོ་བརྒྱ་དང་ལྔ་བཅུ་ཙམ་ལ་བྱུང་། འགྲེལ་ཚུལ་མི་འདྲ་བ་ཁ་ཤས་ཀྱི་ནང་། བཀའ་བསྡུ་གསུམ་པའི་ལོ་ཚིགས་དེ་ཕལ་ཆེར་ཕྱི་ལོ་སྔོན་གྱི་ལོ་ ༢༣༧ ཡང་ན་ ༢༤༧ གང་རུང་ཡིན་པར་གསལ།

འདི་ནས་ལོ་ངོ་བརྒྱད་ཅུའི་གོང་ལ། རྒྱ་གར་བྱང་ཕྱོགས་སུ་མཽརྱ་རྒྱལ་རྒྱུད་རྩ་འཛུགས་བྱུང་བས། བཀའ་བསྡུ་གསུམ་པའི་སྐབས་སུ་སྙན་གྲགས་ཅན་གྱི་རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱལ་རྒྱུད་བཟུང་ཡོད། མྱ་ངན་མེད་ནི་ཐོག་མར་རྒྱལ་པོ་གདུག་རྩུབ་ཅན་ཞིག་ཡིན་པ་དང་དམག་མང་པོ་བརྒྱབས་ཏེ་མི་མང་པོ་བསད་ཡོད། ཕྱིས་སུ་ཁོང་གིས་ནང་པའི་ཆོས་ཐོས་ཏེ། རང་གི་རྒྱལ་ཁམས་དང་ས་འབྲེལ་གྱི་ལུང་པ་མང་པོར་ནང་ཆོས་འགྲེལ་བཤད་ཆེད་དགེ་རྒན་མང་པོ་ཆེད་དུ་བཏང་། རྒྱལ་པོ་མྱ་ངན་མེད་ཀྱིས་དབང་བསྒྱུར་བའི་དུས་དེ་ནི་ནང་ཆོས་ཐོག་མར་ཤྲཱི་ལངྐར་དར་བའི་སྐབས་ཡིན་པ་མ་ཟད། དེང་སང་གི་ཨཧྥ་གྷ་ནིསྠཱན་དང་། ཀཥྨིར། འབར་མའམ་མི་ཡཱན་མཱར་སོགས་ལ་དར་བའི་སྐབས་ཡིན། 

འགྲེལ་ཚུལ་གཅིག་ལྟར་ན། བཀའ་བསྡུ་གསུམ་པའི་དམིགས་ས་གཙོ་བོ་ནི། སྡེ་པ་དུ་མ་མཉམ་དུ་འཛོམས་པ་དང་དེ་དག་ལ་སོ་སོའི་ལྟ་བ་མི་འདྲ་བ་ཡོད་པ་སོང་ཙང་། གནས་བརྟན་སྡེ་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་དག་མའམ་གཙང་མ་དེ་རང་འཇགས་ཉར་རྒྱུ་སེམས་འཁུར་གནང་མཁན་ཡིན། དེར་བརྟེན་ལྷན་ཚོགས་ཀྱི་འགོ་དཔོན་གྱི་དགེ་འདུན་པ་དེས་ནང་པའི་ཆོས་ལ་ལོག་འགྲེལ་བྱེད་ཀྱི་ཡོད་བསམ་པའི་དེའི་སྐབས་ཀྱི་ལྟ་བ་སྣ་ཚོགས་པ་དེ་དག་ལ་རྟོག་དཔྱོད་ཀྱི་དགག་པ་རྒྱག་པའི་རྩོམ་ཡིག་བྲིས། དངོས་ཁམས་དཔྱད་རིག་དང་འབྲེལ་བའི་དུས་གསུམ་རྫས་སུ་གྲུབ་པར་སྟོན་པའི་ཆོས་མངོན་པའི་གཞུང་ལ་གོ་བ་དང་ལྟ་ཚུལ་མི་འདྲ་བ་ཡོད་མཁན་རྣམས་གནས་བརྟན་སྡེ་པ་ལས་གྱེས་ཏེ་གྲུབ་མཐའ་ལོགས་སུ་ཆགས་པ་ནི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དེ་ཡིན། 

ཐམས་ཅད་ཡོད་སྨྲའི་ལུགས་ལ། དངོས་པོ་ཐམས་ཅད་རྡུལ་ལམ་རྡུལ་ཕྲན་ལས་གྲུབ་པ་ཡིན་པས། ཐམས་ཅད་ཡོད་པར་བཞེད། ལེགས་སྦྱར་སྐད་དུ་ “སརྦསྟི་” ཟེར་དུས་ཐམས་ཅད་ཡོད་པ་ཞེས་པའི་དོན་རེད། འཇིག་རྟེན་ཁམས་ཀྱི་རྡུལ་ཕྲན་རྣམས་གཞི་རྩའི་ཆ་ནས་འདས་མ་ད་གསུམ་དུ་གཅིག་པ་གནས་ཀྱི་ཡོད་པ་དང་། དེ་དག་གི་ཆགས་དབྱིབས་ཁོ་ན་འགྱུར་བ་འགྲོ་ཡི་ཡོད་པར་འདོད། དཔེར་ན། ང་ཚོའི་ལུས་པོའི་ནང་གི་རྡུལ་ཕྲན་ནི་ཕ་མའི་ཁུ་ཁྲག་ལས་བྱུང་བ་ལྟ་བུ་རེད། རྡུལ་ཕྲན་དེ་དག་ནི་ཤི་བའི་སྐབས་ས་ལ་ཐིམ་པའམ་ཡང་ན་ཕུང་པོ་མེར་བསྲེགས་ན་ཐལ་ཕྱེ་རུ་འགྱུར་བ་དང་གཅིག་པ་ཆགས་ཀྱི་ཡོད། དེ་ནི་དུས་གསུམ་དུ་ཆོས་ཐམས་ཅད་རྫས་སུ་གྲུབ་པའི་ལྟ་ཚུལ་ལོ། །བརྗོད་གཞི་འདི་ནི་དེང་དུས་ཚན་རིག་དང་འབྲེལ་བ་ཆགས་ཀྱི་ཡོད། ང་ཚོས་འཇིག་རྟེན་ཁམས་སུ་རྫས་དང་ནུས་པ་དུས་ནས་དུས་སུ་བརྟན་པོར་གནས་པ་དང་། གཟུགས་འགྱུར་བའམ། ཡང་ན་རྫས་དང་ནུས་པ་གསར་པ་བཟོ་བསྐྲུན་བྱས་པར་བསམ་ཆོག །

གནས་བརྟན་སྡེ་པས་ཐམས་ཅད་ཡོད་སྨྲའི་ལྟ་བ་དེ་ཁས་མི་ལེན་པར། དེ་ལས་ལྡོག་སྟེ་ཁོང་ཚོས་དུས་ནི་ད་ལྟ་ཁོ་ན་ཡིན་པ་དང་། རྫས་སུ་གྲུབ་པའི་ཆོས་ནི་ད་ལྟའི་ཆོས་ཁོ་ན་ཡིན་པར་འདོད། ཁོང་ཚོ་ལ་ཆ་མཚོན་ན། འདས་པའི་བྱུང་རྐྱེན་གྱི་འབྲས་བུ་ད་དུང་ཡང་སྨིན་མེད། དཔེར་ན། འདས་པའི་དུས་སུ་བྱུང་བའི་དགའ་རོགས་ཕན་ཚུན་དབར་གྱི་རྩོད་པ་ལྟ་བུ་ད་ལྟའང་ཤུགས་རྐྱེན་བྱེད་ཀྱི་ཡོད་པ་དང་དེས་ཁ་བྲལ་བའི་རྐྱེན་བྱེད་སྲིད་པ་ལྟ་བུ་རེད། 

དུས་རབས་ཁ་ཤས་ཀྱི་རིང་བཀའ་བསྡུ་གསུམ་པའི་རྗེས་སུ་སྡེ་པ་སྔར་ལས་མང་དུ་གྱེས། དེ་ཡང་སྡེ་པ་སོ་སོའི་གོ་བ་ལེན་ཕྱོགས་ཐད་ནས་མི་འདྲ་བར་གྱུར་ཏེ། ཁག་གཅིག་གནས་བརྟན་སྡེ་པ་ནས་གྱེས་པ་དང་། ཡང་ཁ་ཤས་ནི་ཕལ་ཆེན་སྡེ་པ་ལས་གྱེས་པའམ་ཐམས་ཅད་ཡོད་སྨྲའི་སྡེ་ལས་གྱེས་པ་ལ་སོགས་པའོ། །ལོ་ངོ་ལྔ་བཅུ་ཙམ་གྱི་རྗེས་ཆོས་སྦས་པའམ་དྷརྨ་གུཔྟ་ཀའི་སྡེ་པ་གྱེས་ཏེ། དེའི་རྗེས་འབྲང་པ་ཚོས་སངས་རྒྱས་རྣམས་ཀྱི་གོ་འཕང་ལ་མངོན་པར་བཏེགས་ཏེ། ཐོག་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིང་བསྲེལ་ཡོད་པའི་མཆོད་རྟེན་ལ་མཆོད་པ་བྱ་དགོས་གལ་གྱི་ནན་བརྗོད་དང་། དེ་ནས་སངས་རྒྱས་རྣམས་དང་། མཐར་རབ་བྱུང་གི་སྡེ་ལ་གལ་གནད་ཆུང་བ་བརྩིས་ཡོད། སྐབས་དེར་དད་མོས་ཀྱི་རྣམ་པ་དེ་དམིགས་ས་གཙོ་བོ་ཆགས་པ་རེད། 

ཆོས་སྦས་པའི་སྡེ་ནི་གན་དྷ་རའི་ས་ཁུལ་ནང་ཡོད་པའི་ཐེག་དམན་གྱི་ཆོས་སྲོལ་གཙོ་བོ་དེ་ཡིན། གན་དྷ་རའི་ས་ཁུལ་ནི་དེང་སང་གི་བྱང་པཱ་ཀིསྠཱན་དང་ཤར་ཨཧྥ་གྷ་ནིསྠཱན་བར་དུ་ཁྱབ་ཡོད། ཡུལ་འདི་ནས་ནང་ཆོས་ཡིག་ཐོག་ཏུ་བྲིས་པ་སྔ་ཤོས་དེ་དར་ཞིང་། དེ་ཡང་ཕྱི་ལོ་སྔོན་གྱི་དུས་རབས་དང་པོའི་ནང་འགོ་བཙུགས་པ་དང་དེ་དག་གན་དྷ་རིའི་སྐད་དུ་བཞུགས། 

དེའི་སྐབས་ཀྱི་གནད་དོན་གཙོ་བོ་གཅིག་ནི། “སངས་རྒྱས་སུ་ཡིན་ནམ་” ཟེར་བ་དེ་རེད། དུས་རབས་མང་པོ་ཕྱིན་པ་སོང་ཙང་། གྲུབ་མཐའ་དང་ཆོས་ལུགས་གང་འདྲ་ཞིག་གི་སྲོལ་གཏོད་པ་པོ་དེ་ཡི་རངས་བསྔགས་བརྗོད་ཇེ་ཆེར་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་ཐུབ། ང་ཚོས་ཉན་ཐོས་སྡེ་པ་བཅོ་བརྒྱད་ལ་བལྟ་བའི་སྐབས། ཕྱི་ལོ་སྔོན་གྱི་དུས་རབས་མང་པོའི་རིང་ལོ་རྒྱུས་ཀྱི་འཕེལ་རིམ་ནང་སངས་རྒྱས་ནི་རང་བཞིན་ལས་འདས་པའི་རྫུ་འཕྲུལ་མངའ་བ་སྟེ། སྔར་ལས་མཐུ་སྟོབས་ཆེ་རུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཞིག་ཏུ་གྱུར་བ་དེ་ང་ཚོས་ཤེས་ཐུབ། རྒྱུ་མཚན་དེ་བས་ན། དགྲ་བཅོམ་པ་དང་སངས་རྒྱས་དབར་གྱི་ཁྱད་པར་ཆེ་རུ་འགྲོ་ཡི་ཡོད། སངས་རྒྱས་ཀྱིས་ཐམས་མཁས་པོའི་སྒོ་ནས་གདུལ་བྱ་སྣ་ཚོགས་པར་ཆོས་གསུངས་ཡོད་པ་ནི། དེའི་ཚེ་དད་མོས་ཀྱི་རྣམ་པའི་ཆོས་ཉམས་ལེན་གྱི་ཆེད་ཆོས་རྣམས་དགོས་མཁོ་བྱེ་བྲག་ལ་བརྟེན་ནས་རང་ལུགས་སུ་བསྟེན་པ་དེ་ཕྱི་རོལ་པའི་བསྟན་བཅོས་ཀྱི་ནང་དུའང་མངོན་གསལ་དོད་པོ་ཡོད་པ་ང་ཚོས་ཤེས་ཐུབ། སངས་རྒྱས་དང་འདྲ་བའི་དད་མོས་ཀྱི་རྟེན་ཞིག་དགོས་རྒྱུ་དེ་གང་ཟག་ཁྱད་པར་དུ་འཕགས་པ་འགྱུར་བཞིན་ཡོད་པ་མ་ཟད། མཆོད་རྟེན་དང་རིང་བསྲེལ། དེ་བཞིན་སངས་རྒྱས་ཀྱི་སྐུ་འདྲ་ཙམ་མིན་པར་སྐྱེས་ཆེན་དམ་པ་གཞན་གྱི་སྐུ་རྟེན་ལའང་ཕྱག་མཆོད་བྱ་རྒྱུར་དམིགས་ཀྱི་ཡོད། 

དད་མོས་ཀྱི་རྣམ་པ་དེ་དག་གི་ཁ་གཏད་ལྟ་བུར་ཐེག་པ་ཆེན་པོའི་མདོ་ལས་ཆོས་ཀྱི་གཞུང་ལུགས་དག་འདོན་པ་དང་སློབ་སྦྱོང་བྱེད་པའི་ཕན་ཡོན་དང་། དགེ་བའི་ནུས་པའམ་བསོད་ནམས་གསོག་གི་ཡོད་པར་ནན་བརྗོད་བྱས་ཡོད། ལོ་རྒྱུས་ལྟར་ན། ཐེག་པ་ཆེན་པོའི་གཞུང་ལུགས་དེ་དག་ནི་ཐོག་མར་ཕྱི་ལོ་དུས་རབས་དང་པོ་ནས་བཞི་པའི་བར་རྒྱ་གར་ལྷོ་ཕྱོགས་ནས་ཤར་གྱི་ཆར་ད་ལྟའི་ཨནྡྲ་པྲ་དེ་ཤའི་ས་ཁུལ་དུ་དར་འགོ་ཚུགས། ས་ཁུལ་དེའི་ནང་ཕལ་ཆེན་སྡེ་པ་གནས་སྤོས་ཤིང་སངས་རྒྱས་ནི་མི་ལས་ཆེས་ཁྱད་དུ་འཕགས་པའི་སྐྱེས་བུ་ཡིན་པ་གཏན་ལ་ཕབ་སྟེ། སངས་རྒྱས་ཀྱི་གོ་འཕང་དང་དགྲ་བཅོམ་པའི་གོ་འཕང་དབར་གྱི་བར་སྟོང་དེ་རྒྱ་ཆེ་རུ་བཏང་ཡོད། ཐེག་པ་ཆེན་པོའི་མདོ་གཙོ་བོ་དང་སྔ་གྲས་སུ་བྱུང་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ཡིན། དེ་དག་ནི་སངས་རྒྱས་ཀྱིས་བྱ་རྒོད་ཕུང་པོའི་རིར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྒོ་ནས་ཆོས་འཁོར་གཉིས་པ་བསྐོར་བའི་སྐབས་སུ་གསུངས།

ཐེག་པ་ཆེན་པོའི་མདོའི་དམིགས་ས་གཙོ་བོ་དེ་དད་མོས་མང་དྲགས་པའམ་ཚད་ལས་བརྒལ་བའི་སྒོ་ནས་མི་རྣམས་ཀྱིས་སྐུ་རྟེན་སོགས་ལ་སྤོས་དང་མཆོད་མེ་སོགས་སྤར་བ་དེ་མིན་པར། བསླབ་པ་སློབ་གཉེར་དང་མདོ་སྡེ་ཀློག་འདོན་བྱ་རྒྱུ་དེ་ཡིན། མདོ་སྡེ་དེ་དག་གི་ནང་བསླབ་པ་སློབ་གཉེར་གྱི་ཕན་ཡོན་རྣམས་གྲངས་དང་བཅས་ཏེ་ཡང་ནས་ཡང་དུ་གསུངས་ཡོད་པ་དཔེར་ན། མདོ་གཅིག་ལ་སློབ་གཉེར་བྱེད་པ་དང་ཀློག་འདོན་བྱེད་པའི་བསོད་ནམས་ནི་མཆོད་རྟེན་ལ་མཆོད་པ་འབུལ་བ་ལས་ཚར་ས་ཡ་སུམ་ཅུ་རྩ་དྲུག་མང་བ་གསོག་གི་ཡོད་པར་གསུངས། འོན་ཀྱང་། དུས་རབས་བརྒྱད་པའི་ནང་བྱོན་པའི་རྒྱ་གར་ནང་པའི་མཁས་པ་ཆེན་པོ་སློབ་དཔོན་ཞི་བ་ལྷས་མཆོད་པ་འབུལ་བ་ལ་ཕན་ཐོགས་མེད་པ་མིན་ཞེས་ཀྱང་གསུངས་ཡོད། 

དད་མོས་ཀྱི་རྣམ་པ་དེ་ཆོས་སྦས་པའི་གྲུབ་མཐའི་ནང་དུའང་ཡོད་པ་དང་གྲུབ་མཐའ་འདི་ནི་དབུས་ཨེ་ཤི་ཡའི་ནང་མང་བ་དར་ཁྱབ་བྱུང་། གྲུབ་མཐའ་འདིའི་རྗེས་འབྲང་པ་ཚོས་གཟུངས་ཞེས་བྱ་བ་དེ་ཕྱོགས་གཅིག་ཏུ་བསྡུས་ཡོད། གཟུངས་ནི་བརྗོད་པ་ཐུང་ཐུང་ངམ་ཆོ་གའི་སྒྲུབ་ཐབས་ཤིག་ཡིན་པ་དང་། དེ་ནི་སེམས་རྩེ་གཅིག་ཏུ་གནས་པ་དང་ཆོས་བྱེ་བྲག་པ་ལ་དྲན་པ་བརྟན་པའི་ཆེད་རྒྱུན་ལྡན་ནས་འདོན་སྲོལ་ཡོད་པ་ཞིག་སྟེ། དད་མོས་ཀྱི་རིགས་ཤིག་ཡིན། དད་མོས་ཅན་གྱི་ཧིནྡུའི་ཆོས་ལུགས་དར་འཕེལ་འགྲོ་སྐབས་གཟུངས་སྤྱོད་རྒྱུ་དེ་འགོ་ཚུགས། ཧིནྡུའི་ཆོས་ལུགས་ཀྱིས་ནང་ཆོས་ལ་ཤུགས་རྐྱེན་སྤྲད་པའམ་ཡང་ན་ནང་ཆོས་ཀྱི་ཧིནྡུའི་ཆོས་ལ་ཤུགས་རྐྱེན་སྤྲད་ཡོད་བཤད་དཀའ་བ་རེད། ཆོས་ལུགས་དེ་གཉིས་ཀ་དུས་ཚོད་གཅིག་པའི་ནང་བྱུང་བ་དང་ཧིནྡུ་རྗེས་འབྲང་པ་ཚོས་འདོན་པ་འདོན་གྱི་ཡོད། དཔེར་ན། “ཧ་རེ། ཀྲིཥྞ་” ཞེས་འདོན་སྲོལ་ཡོད་པ་ལྟ་བུ་དང་ནང་པ་ཚོས་གཟུངས་འདོན་པ་ལྟ་བུ་རེད། 

ཆོས་སྦས་པའི་དད་མོས་ཀྱི་རྣམ་པ་དེ་རྒྱ་ནག་གི་ནང་ཆོས་ནང་གསལ་པོར་མཐོང་རྒྱུ་ཡོད། དེ་ཡང་སྤོས་དང་མཆོད་མེ་སྤར་བའི་ཆེད་ལྷ་ཁང་ནང་དུ་འཛུལ་བ་དང་རྒྱུན་མ་ཆད་པར་གཟུངས་འདོན་པ་ལྟ་བུ་རེད། རྒྱ་ནག་ནང་པའི་ཆོས་བརྒྱུད་མང་ཆེ་བའི་ནང་བསླབ་པ་སློབ་གཉེར་གྱི་སྐོར་དེ་ཙམ་ནན་བརྗོད་མི་བྱེད་པར། གཟུངས་ནི་ནང་ཆོས་ཀྱི་དད་མོས་ཀྱི་རྣམ་པ་ལ་ཤུགས་རྐྱེན་བྱས་པ་ཙམ་དུ་མ་ཟད། གསང་སྔགས་འཕེལ་རིམ་ལའང་ཤུགས་རྐྱེན་བྱས་ཡོད། དེར་བརྟེན་ནང་ཆོས་ཀྱི་དུས་ཕྱིས་ཀྱི་ལོ་རྒྱུས་ནང་སྔགས་བཟླས་བརྗོད་བྱ་རྒྱུ་དེ་གཟུངས་ལས་རྦད་དེ་ཐུང་བ་ཡོད་པ་དང་། དེ་ནི་ཉམས་ལེན་པ་རྣམས་ཆོས་བྱེ་བྲག་པའི་ཐོག་སེམས་རྩེ་གཅིག་ཏུ་གནས་ཐབས་སུ་གསང་སྔགས་ཉམས་ལེན་གྱི་ནང་རྟག་ཏུ་བཟླས་བརྗོད་བྱེད་སྲོལ་ཡོད། 

ཆོས་སྦས་པའི་གྲུབ་མཐའི་འཕེལ་རིམ་ལ་བརྟེན་ནས་དད་མོས་ཀྱི་རྣམ་པའི་ཕྱོགས་སུ་གཙོ་བོར་དམིགས་པ་མ་ཟད། ད་དུང་བཙུན་པ་དང་བཙུན་མ་གཉིས་ཀའི་རབ་བྱུང་གི་སྡོམ་པའི་འགྲེལ་ཚུལ་མི་འདྲ་བ་ཞིག་བསྐྲུན་ཡོད། ཆོས་སྲོལ་འདི་ནི་དབུས་ཨེ་ཤི་ཡ་ནས་དར་ཏེ་རྒྱ་ནག་ཏུ་དར་ཁྱབ་བྱུང་། ཕྱི་ལོའི་དུས་རབས་བཞི་པ་དང་ལྔ་པའི་བར་ལ་ཐམས་ཅད་ཡོད་སྨྲའི་ལུགས་ནས་ཡན་ལག་གཞན་ཞིག་གྱེས་པ་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ཡིན། བོད་པ་ཚོས་ཁོང་ཚོའི་རབ་བྱུང་གི་འདུལ་ཁྲིམས་ལམ་ལུགས་དེའི་རྗེས་སུ་འབྲངས་པ་རེད། བྱས་ཙང་། ད་ལྟའི་ཆར་རབ་བྱུང་གི་སྡོམ་པའི་བརྒྱུད་པ་གཙོ་བོ་གསུམ་ཡོད་པ་ནི། ལྷོ་ཤར་ཨེ་ཤི་ཡའི་གནས་བརྟན་སྡེ་པ་དང་གཅིག །བོད་དང་སོག་པོ་དེ་བཞིན་མཐའ་སྐོར་གྱི་ས་ཁུལ་ནང་དར་ཁྱབ་བྱུང་བའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང་གཉིས། རྒྱ་ནག་དང་ཀཽ་རི་ཡ་དེ་བཞིན་ཉི་ཧོང་དང་ཝིཊ་ནམ་བཅས་སུ་དར་ཁྱབ་བྱུང་བའི་ཆོས་སྦས་པའི་སྡེ་པ་དང་གསུམ་མོ།། 

བཀའ་བསྡུ་བཞི་པ།

བཀའ་བསྡུ་ལྷན་ཚོགས་ཐ་དད་པ་གཉིས་ཡོད་པ་དེ་ལ་ནང་པའི་བཀའ་བསྡུ་བཞི་པ་ཞེས་ཟེར། སྔ་མ་དེ་ནི་དུས་རབས་དང་པོའི་སྨད་དུ་ཤྲཱི་ལངྐའི་ནང་གནས་བརྟན་སྡེ་པའི་ལུགས་ལྟར་འཚོགས། དེའི་ཚེ་མུ་གེ་ཚབས་ཆེན་ཞིག་བྱུང་ནས་དགེ་འདུན་པ་མང་པོ་ཤི་རྐྱེན་བྱུང་། དེའི་བར་དུ་ངག་ཐོག་ནས་བརྒྱུད་པའི་ནང་ཆོས་མི་ཉམས་རྒྱུན་འཛིན་ཆེད་གཞི་ནས་ཡིག་ཐོག་ཏུ་བྲིས་པ་རེད། འབྲི་སའི་སྐད་ཡིག་དེ་ནི་པཱ་ལིའི་སྐད་ཡིན། པཱ་ལིའི་སྐད་ནི་གནས་བརྟན་སྡེ་པའི་ཆོས་སྲོལ་བརྒྱུད་པའི་སྐད་རིགས་དེ་ཡིན།

ནང་པའི་བཀའ་བསྡུ་གཞན་བཞི་པ་དེ་ལ་མཚོན་ན། དེ་ཡང་དུས་རབས་དང་པོའི་སྨད་དུ་ཀཥྨིར་དང་རྒྱ་གར་བྱང་ཕྱོགས་སུ་ཐམས་ཅད་ཡོད་སྨྲའི་ནང་གི་ཀུ་མཱར་ལ་ཏས་མངོན་པའི་གཞུང་ཁས་ལེན་མ་བྱས་པར་དོར་ནས། ཐམས་ཅད་ཡོད་སྨྲའི་མདོ་ཁེ་གཙང་ལ་བསྟེན་པ་རེད། ཁོང་ནས་བརྒྱུད་པའི་ཆོས་སྲོལ་དེ་ལ་མདོ་སྡེ་པ་ཞེས་ཟེར། དེའི་སྐབས་དུས་རབས་དང་པོའི་ནང་དབུས་ཨེ་ཤི་ཡ་ནས་བསླེབས་པའི་ཀུ་ཥཱན་མི་རིགས་ཀྱིས་གན་དྷ་ར་དང་། ཀཥྨིར། རྒྱ་གར་བྱང་བཅས་དབང་བསྒྱུར་བྱས་ནས་ཀུ་ཥཱན་རྒྱལ་རྒྱུད་རྩ་འཛུགས་བྱས། ཀུ་ཥཱན་གྱི་རྒྱལ་པོ་ཀ་ནིཥ་ཀའི་དུས་སུ་བཀའ་བསྡུ་བཞི་པ་བི་མ་ལ་མི་ཏྲའི་ལམ་སྟོན་འོག་ཀཥྨིར་ལ་འཚོགས། དེར་བཀའ་བསྡུའི་ནང་བཞུགས་ཚོགས་མི་ཚོས་མདོ་སྡེ་པའི་བཞེད་ཚུལ་ལ་དགག་པ་རྒྱག་ནས་ཐམས་ཅད་ཡོད་སྨྲའི་ཆོས་མངོན་པ་དེ་བྱེ་བྲག་བཤད་མཛོད་ཆེན་མོའི་ནང་གཏན་འབེབས་བྱས། འདི་ནི་ཐམས་ཅད་ཡོད་སྨྲའི་ནང་གསེས་བྱེ་བྲག་སྨྲ་བའི་གྲུབ་མཐའི་གཞུང་གི་གཞི་རྩར་གྱུར། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀའི་ཆོས་དེ་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་ནང་སློབ་གཉེར་གནང་ཡོད་པ་དང་དེང་སང་མུ་མཐུད་དེ་བོད་ཀྱི་དགོན་སྡེ་ཁག་གི་ནང་སློབ་གཉེར་གནང་མུས་རེད། 

ཕྱོགས་བསྡོམས།

བོད་དང་རྒྱ་གར་ལྟ་བུས་ལོ་རྒྱུས་ནི་གོ་རིམ་ངེས་མེད་ཅིག་ཏུ་ལྟ་ཡི་ཡོད། དེ་ཡང་ནང་པའི་ཆོས་ཀྱི་རིམ་པ་ལ་གཞིར་བཞག་ནས་བཤད་ཀྱི་ཡོད། ནུབ་ཕྱོགས་པ་ཚོས་ལོ་རྒྱུས་ནི་གོ་རིམ་ངེས་པ་ཞིག་དང་། རྒྱུ་མཚན་རིགས་པའི་སྒོ་ནས་ལོ་ཚིགས་དང་བདེན་དོན་གང་ཡོད་པ་ལ་གཞིར་བཞག་ནས་ལོ་རྒྱུས་ཀྱི་རྒྱུ་ཆ་བང་རིམ་སྒྲིག་པ་ཞིག་ལ་ལྟ་ཡི་ཡོད། ནུབ་ཕྱོགས་ཀྱི་ལྟ་ཚུལ་ལ་གཞིགས་ན། ནང་པའི་ཆོས་དེ་སངས་རྒྱས་ཀྱིས་གསུངས་པའི་རྗེས་ཀྱི་དུས་རབས་མང་པོའི་རིང་ཡིག་ཐོག་ཏུ་བྲིས་མེད་པར། ངག་ཐོག་ནས་བརྒྱུད་དེ་རྒྱུན་མ་ཆད་པར་ཁ་ཏོན་དང་བློ་འཛིན་བྱས་ཡོད་པ་དང་ལུགས་སྲོལ་དེ་ནི་དེང་སང་ཡང་གནས་ཡོད་པར་འདོད། བཀའ་བསྡུ་རིམ་པ་དེ་དག་ནི་དམ་པའི་ཆོས་དེ་ཚང་མས་མཉམ་དུ་འདོན་རྒྱུ་དང་མ་དག་པའི་རིགས་ངོས་འཛིན་བྱ་རྒྱུར་དམིགས་ཏེ། ནང་པའི་གྲུབ་མཐའ་མི་འདྲ་བ་ཚང་མའི་དོན་དུ་འཚོགས་པ་ཞིག་ཡིན། བཀའ་བསྡུ་དང་པོའི་ནང་དགྲ་བཅོམ་པ་ལྔ་བརྒྱ་མཉམ་བཞུགས་གནང་ཞིང་། དེ་དག་ལས་གསུམ་གྱིས་རེ་རེ་བཞིན་དུ་སངས་རྒྱས་ཀྱིས་གསུངས་པའི་མདོ་ཆེ་ཁག་རེ་རེ་ཀློག་འདོན་གནང་། སངས་རྒྱས་ཀྱི་དགོངས་པར་རབ་བྱུང་གི་སྡེ་ནི་ཁེ་དབང་འདྲ་མཉམ་ལ་བརྩི་སྲུང་བྱེད་པའི་སྡེ་རུ་གནས་དགོས་པ་དེ་ཡིན་ནའང་། གནས་བརྟན་འོད་སྲུང་ཆེན་པོས་བཀའ་བསྡུ་དེ་དག་གི་འགན་འཁུར་གནང་ཡོད། འོད་སྲུང་ཆེན་པོའི་དབང་ཚད་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་གཏན་འབེབས་འཆར་འགོད་དང་འགོ་དཔོན་མཁན་པོ་ཚོའི་བརྒྱུད་པ་རྣམས་བྱུང་ཡོད། 

བཀའ་བསྡུ་གཉིས་པ་ནི་རབ་བྱུང་བ་ཚོས་གསེར་བདག་གཉེར་བྱེད་དགོས་མིན་དང་དགྲ་བཅོམ་པ་ལ་ཆགས་པ་ཡོད་མེད་ཀྱི་ཐད་ཞིབ་དཔྱོད་ཆེད་དུ་བཙུགས་པ་ཞིག་ཡིན། དགེ་འདུན་པའི་ཁྲོད་དུ་བསམ་ཚུལ་མི་འདྲ་བ་བྱུང་བའི་རྐྱེན་གྱིས་རབ་བྱུང་གི་སྡེའི་ནང་གནས་བརྟན་སྡེ་པ་དང་ཕལ་ཆེན་སྡེ་པ་གཉིས་ཀྱི་རྗེས་འབྲང་པའི་དབྱེ་བ་ཞིག་བྱུང་། 

དེའི་ཚེ་རྒྱལ་པོ་མྱ་ངན་མེད་ཀྱིས་དབང་བསྒྱུར་བའི་སྐབས་ཡིན་པས། བཀའ་བསྡུ་གསུམ་པ་ནི་ཆོས་ཡང་དག་པ་ཡིན་པའི་ངེས་ཤེས་སྐྱེད་ཕྱིར་དང་། གྲུབ་མཐའ་སྣ་ཚོགས་པ་གྱེས་ནས་འཕེལ་རྒྱས་འགྲོ་བཞིན་པའི་ནང་འགྲེལ་ཚུལ་མི་འདྲ་བ་དེ་དག་ཞི་མཐུན་ཡོང་བའི་ཆེད་དུ་བཙུགས་ཡོད། ཆོས་ཀྱི་འགྲེལ་ཚུལ་མི་འདྲ་བ་མུ་མཐུད་ནས་ཡོང་གི་ཡོད་པའི་འབྲས་བུར་གནས་བརྟན་སྡེ་པ་ནས་ཐམས་ཅད་ཡོད་པར་སྨྲ་བ་གྱེས། 

ཤྲཱི་ལངྐར་བྱུང་བའི་བཀའ་བསྡུ་བཞི་པ་ནི་ནང་ཆོས་ཡིག་ཐོག་ཏུ་འགོད་ཕྱིར་ཡིན། ཀཥྨིར་ལ་འཚོགས་པའི་བཀའ་བསྡུ་བཞི་པ་ནི་ཐམས་ཅད་ཡོད་སྨྲའི་ནང་གི་བྱེ་བྲག་སྨྲ་བའི་གྲུབ་མཐའི་གཞི་རྩར་གྱུར་བའི་ཆོས་རྣམས་བསྡུ་བའི་ཕྱིར་དང་། མདོ་སྡེ་པའི་འགྲེལ་ཚུལ་དགག་པའི་ཕྱིར་ཡིན། དེ་ལྟར་མི་གཅིག་དབང་འཛིན་གྱི་ལམ་སྲོལ་དེ་མེད་པའི་རྐྱེན་གྱིས་ས་གནས་ས་ཕྱོགས་མི་འདྲ་བའི་ནང་འགྲེལ་ཚུལ་དང་དགོངས་ཚུལ་མི་འདྲ་བ་བྱུང་ནས་རིམ་བཞིན་ནང་ཆོས་འཕེལ་རྒྱས་ཕྱིན་པའོ།།

Top