སྤྱི་ཚོགས་བརྒྱུད་ལམ་གྱི་དུས་རབས་ནང་ནང་པའི་རྩ་འཛིན་ལག་བསྟར་བྱེད་པ།

དེང་ཆ་འཕྲིན་གྱི་དུས་རབས་ཞེས་དྲྭ་རྒྱ་ལ་སོགས་པ་ཕྱི་ལོ་ ༢༠༡༡ འགོ་བཙུགས་སྐབས་ནས་སྤྱི་ཚོགས་དྲྭ་ལམ་ཁག་བརྒྱུད་ངོ་དེབ་དང་། འཕྲུལ་སྒྲའམ་ཊུ་ཝི་ཊར། Twitter དེ་བཞིན་ལག་ཐོགས་ཁ་པར་ཐོག་ནས་ཀུན་ཁྱབ་ཀྱི་བརྡ་འཕྲིན་གཏོང་བ་སོགས་སྤྱི་ཚོགས་ཀྱི་བརྒྱུད་ལམ་གྱི་དུས་རབས་ནང་འགྱུར་ལྡོག་གོང་འཕེལ་བྱུང་ཞིང་། དེས་མི་རྣམས་ཕན་ཚུན་འབྲེལ་བ་བྱེད་ཕྱོགས་ཐད་འགྱུར་བ་ཤུགས་ཆེན་བཏང་ཡོད། དེར་མ་ཟད། ཉན་བྱེད་འཕྲུལ་ཆས་ཨཱ་ཡི་པོཌ་ iPods ནས་གཞས་ཉན་པ་དང་བརྙན་འཕྲིན་རྩེད་རིགས་ཁྱབ་གདལ་མྱུར་བ་སོགས་མི་མང་པོས་ཉིན་རེ་ལས་མ་བསྡད་པར་གང་དུ་ཡོད་ནའང་ཉིན་མཚན་ལྟོས་མེད་ཀྱིས་དེ་དག་བེད་སྤྱོད་བྱས་ཏེ། གཞས་ཉན་པ་དང་། རྩེད་མོ་རྩེ་བ། བརྡ་འཕྲིན་གཏོང་བ། སྤྱི་ཚོགས་དྲྭ་ལམ་བརྒྱུད་ཕན་ཚུན་འབྲེལ་ལམ་བཟོ་བ་སོགས་ཀྱི་གནས་སྟངས་ཤིག་ཏུ་གྱུར་ཡོད། ཡར་རྒྱས་དེ་དག་རེ་རེར་ཕན་པའི་ཆ་དང་བར་ཆད་འགོག་རྐྱེན་གྱི་ཤུགས་རྐྱེན་གཉིས་ཀ་ལྡན་ཡོད། གང་ལྟར་ཡང་། ཡར་རྒྱས་དེ་དག་གིས་མི་རྣམས་ལ་ཤུགས་རྐྱེན་གཏིང་ཟབ་སྤྲོད་བཞིན་ཡོད། སྤྱི་ཚོགས་འགྱུར་ལྡོག་འགྲོ་བ་ལས་བྱུང་བའི་ཕན་ཡོན་གྱི་ཆ་རྣམས་གོང་མཐོར་གཏོང་རྒྱུ་དང་གནོད་གཞི་ཅན་རྣམས་ཉུང་དུ་གཏོང་རྒྱུའི་ཐད་ནང་ཆོས་ཀྱིས་ཕན་ཇི་ལྟར་ཐོགས་ཐུབ་མིན་ཐད་ངས་འཚོལ་ཞིབ་བྱ་རྒྱུ་ཡིན། དེར་བརྟེན་སྔོན་ལ་ངས་སྤྱི་ཚོགས་བརྒྱུད་ལམ་ཁག་གི་ཕན་ཡོན་གྱི་ཆ་དང་འབྲེལ་བའི་གནད་དོན་འགའ་ཞིག་དང་། དེ་ནས་གནོད་གཞི་གང་དག་ཡོད་པ་འགའ་ཞིག་གི་སྐོར་མཛུབ་སྟོན་བྱ་རྒྱུ་ཡིན། དེའི་རྗེས་ནང་ཆོས་ཀྱིས་ཡར་རྒྱས་དེ་ལྟར་འགྲོ་བཞིན་པའི་ཐོག་ལ་ལེགས་སྐྱེས་གང་འབུལ་ཐུབ་མིན་སྐོར་ཞུ་རྒྱུ་ཡིན།

བརྙན་པར། འབུམ་རམས་པ་ཆོས་ཉིད་ཊེ་ལར། “སྤྱི་ཚོགས་བརྒྱུད་ལམ་དང་རང་གིས་རང་ལ་བརྩེ་བ།”

ང་ཚོས་གང་བསམ་པ་དེ་གནད་འགག་ཡིན་པའི་ཚོར་སྣང་ཞིག

འཇིགས་སྐུལ་རིང་ལུགས་པ་དང་། གནམ་གཤིས་འགྱུར་ལྡོག །རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་དུ་འགྲོ་བ། གོ་ལའི་དཔལ་འབྱོར་སོགས་ཉམས་རྒུད་འགྲོ་བ། ལས་ཀ་མི་འཐོབ་པ་སོགས་ལ་བརྟེན་ནས་འབྱུང་རུང་གི་འཇིགས་སྣང་དང་འཕྲད་བཞིན་པའི་སྐབས་འདིར། མིའི་སེམས་ནང་རྒྱུན་དུ་རང་ཉིད་གལ་གནད་མིན་པ་དང་། སྟོབས་ཤུགས་མེད་པ། ཁེར་རྐྱང་སོགས་ཀྱི་ཚོར་སྣང་ཡོང་གི་ཡོད། ངོ་དེབ་ལྟ་བུའི་སྤྱི་ཚོགས་དྲྭ་ལམ་ཁག་ནས་ཁོང་ཚོས་གང་བྱེད་པ་དང་གང་བསམ་པ་རྣམས་དངོས་གནས་གནད་འགག་ཡིན་པའི་ཚོར་སྣང་ཞིག་སྤྲོད་པར་རོགས་ཕན་བྱེད་ཐུབ། དཔེར་ན། སོ་སོའི་ཉིན་རེའི་འཚོ་བའི་གནས་སྟངས་སྐོར་དང་། དེ་དང་འབྲེལ་བའི་འདྲ་པར་འགའ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བཅུག་སྟེ། གྲོགས་པོ་ཚོར་སྟོན་པ་དང་། གྲོགས་པོ་གྲོགས་མོས་འདྲ་པར་དེ་དག་མཐོང་སྐབས་དེའི་འོག་དགའ་རྟགས་བརྒྱབ་སྟེ་དགའ་བའི་རྣམ་འགྱུར་བསྟན་པ་ལས་ཚོར་བ་ཞིག་སྦྱིན་པ་ལྟ་བུ། ཕྱོགས་གཅིག་ནས་དེ་དག་ལ་བརྟེན་ནས་སོ་སོ་འཛམ་གླིང་འདིའི་ནང་གནས་ཡོད་པའི་གལ་གནད་དེ་ཅི་ཡང་མི་འཇོན་པའི་ནུས་མེད་ཅིག་ཏུ་མཐོང་འཇུག་གི་ཡོད་པར་ལྟ་བུར་མངོན།

དེ་ལྟར་དགའ་རྟགས་སམ་མོས་རྟགས་རྒྱག་པ་ལྟ་བུའི་བརྒྱུད་ལམ་གྱི་སྐྱོན་ནམ་གནོད་གཞི་ནི་རང་གིས་རང་ལ་གལ་ཆེན་དུ་འཛིན་པའི་ཚོར་བ་ལོག་པ་ཞིག་སྦྱིན་སྲིད། འོན་ཀྱང་དེས་རང་གིས་རང་ལ་བརྩེ་བ་ཡོད་པ་དེ་ narcissism གཅེས་ཉར་བྱེད་ཐུབ། ད་དུང་དགའ་རྟགས་བརྒྱབ་སྟེ་དགའ་པོ་འདུག་ཅེས་བརྗོད་པ་དེ་ཕྱི་ཚུལ་ཙམ་ཡིན་པ་ལས་དོན་མེད་འགྱུར་སྲིད། གཞན་ཡང་མི་རྣམས་ཀྱིས་ངོ་དེབ་ཐོག་ཏུ་གྲོགས་པོ་མང་པོ་དང་དགའ་རྟགས་མང་པོ་ཡོད་པ་རྣམས་གྲོགས་པོ་ངོ་མའི་ཡོན་ཏན་དང་བཅོས་མིན་གྱི་དྲང་བདེན་ལས་གལ་ཆེ་བར་ཚོར་སྲིད། ཅི་སྟེ་དགའ་རྟགས་གང་ཡང་མ་བྱུང་ཚེ། སེམས་ལ་གནོད་ཀྱི་ཡོད། དཔེར་ན། ཉིན་དགུང་ཁ་ལག་འདི་ཟས་པ་ཡིན་ཟེར་བ་སོགས་རང་གིས་བྱེད་བཞིན་པའི་ཆོ་མེད་མཁོ་མེད་ཀྱི་གནས་ཚུལ་དེ་འདྲ་ཕན་ཚུན་གཏོང་རེས་བྱས་ན། སྙིང་པོ་མེད་པའི་འཆལ་གཏམ་བཤད་ནས་རང་གཞན་གཉིས་ཀའི་དུས་ཚོད་ཆུད་ཟོས་སུ་གཏོང་གི་ཡོད། ངག་འཁྱལ་ལམ་ཆོ་མེད་པའི་གཏམ་ནི་ནང་ཆོས་ནང་ནས་གསུང་པའི་ངག་གི་མི་དགེ་བ་བཞི་ལས་གཅིག་ཡིན། དེས་ཆོ་མེད་པ་རྣམས་ཆོ་ཡོད་པར་བརྩི་གི་ཡོད།

དེར་བརྟེན་ནང་ཆོས་ཀྱིས་དེའི་ཐད་ལེགས་སྐྱེས་གང་འབུལ་རྒྱུ་ཡོད་དམ་ཞེ་ན། ནང་པའི་གཞུང་ནས་གསུང་པའི་སྙིང་རྗེའི་སྒོམ་གྱིས་ང་ཚོ་ཚང་མ་མཐའ་གཅིག་ཏུ་གཞན་གྱི་བཀའ་དྲིན་ལ་བརྟེན་པའི་ཚུལ་ལ་ནན་བཤད་གནང་གི་ཡོད། ང་ཚོས་བཟའ་བཏུང་བྱེད་པ་དང་ལོངས་སུ་སྤྱོད་བཞིན་པ་ཚང་མ་གཞན་གྱི་འབད་བརྩོན་ལ་བརྟེན་ནས་འབྱུང་གི་ཡོད། དེར་བརྟེན་ང་ཚོ་ཚང་མ་ཕན་ཚུན་འབྲེལ་ཡོད། དེ་ནི་བདེན་དོན་ཞིག་རེད། རང་ཉིད་ཐེ་བའི་མི་རེ་ངོ་རེས་གང་བྱེད་པ་དེས་གཞན་གྱི་ཚེ་སྲོག་ལ་ལེགས་སྐྱེས་འབུལ་གྱི་ཡོད། ཟས་རིགས་འདེབས་མཁན་དང་། དེ་དག་འོར་འདྲེན་བྱེད་མཁན། འོར་འདྲེན་བྱེད་སའི་ལམ་བཟོ་མཁན། འོར་འདྲེན་བྱེད་པོ་འཕྲུལ་འཁོར་བཟོ་མཁན། འཕྲུལ་འཁོར་འཚོང་མཁན་སོགས་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ཅིང་འབྲེལ་ནས་ཡོད། རང་ཉིད་སྐྱིད་པོ་བཟོ་ཆེད་ང་ཁྱོད་ལ་དགའ་པོ་ཡོད་ཅེས་བརྗོད་དེ་དགུང་ཟས་མཉམ་དུ་བཟས་ནས་སོ་སོའི་གནས་སྟངས་ཡོད་པ་སྟོན་མཁན་གྱི་གྲོགས་པོ་དེ་འདྲ་དགོས་ཀྱི་མེད། ང་ཚོ་འཚོ་ཞིང་གནས་ཡོད་པ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད།

ནང་པའི་ལྟ་གྲུབ་ནང་ནས་ཀུན་རྫོབ་ཏུ་ཡོད་པའི་བདག་དང་རྣམ་རྟོག་གིས་བཏགས་པའི་བདག་རྫུན་མ་སྟེ་འགག་བྱའི་བདག་གཉིས་ཀྱི་དབར་ཁྱད་པར་ཕྱེས་ནས། དངོས་པོའི་གནས་ཚུལ་དེའི་ཐོག་ནས་གཞན་དང་འབྲེལ་བ་ཚོར་གྱི་ཡོད། ཀུན་རྫོབ་པའི་བདག་ནི་ང་འདིར་ཡོད། ང་སྡོད་ཀྱི་ཡོད། ང་སྐད་ཆ་ཤོད་ཀྱི་ཡོད། ང་གཉིད་ཁུག་གི་ཡོད་སོགས་བརྗོད་པའི་བདག་དེ་ཙམ་ཡིན། འགག་བྱའི་བདག་ནི་རྣམ་རྟོག་གིས་སྒྲོ་བཏགས་ནས་སྤྲོས་བཤད་བྱེད་པ་དང་། དེ་ལྟའི་རང་གིས་རང་ལ་གལ་ཆེན་དུ་འཛིན་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་དེ་ལ་བརྟེན་ནས་ང་ཚོས་སོ་སོ་གལ་ཆེན་པོ་ཡིན་བསམ་པ་དང་། ངས་དགུང་ཟས་གང་བཟས་ཚང་མས་ཤེས་དགོས་སྙམ་གྱི་ཡོད། དེར་བརྟེན་ནང་ཆོས་ཀྱིས་མ་གཞི་ཀུན་རྫོབ་པའི་བདག་དེ་གཞི་གྲུབ་ཡོད་ཀྱང་། རྣམ་རྟོག་གིས་བཏགས་པའི་སྤྲོས་བཤད་ཀྱི་བདག་དེ་འཁྲུལ་སྣང་ཙམ་ཡིན། བློས་བཏགས་པ་ཙམ་རེད། དེས་ན་གལ་སྲིད་ང་ཚོས་རང་རྒྱུད་ཞུ་དག་བཏང་སྟེ་རང་ཉིད་གཅེས་པར་འཛིན་པའི་འཁྲུལ་སྣང་དེ་ལས་ཟློག་ཐུབ་ན། རང་གིས་གང་བྱས་པ་དེ་མི་ཚང་མར་གལ་ཆེན་པོ་དང་ཕན་ཐོགས་ཆེ་བ་ཞིག་ཡོང་ཐུབ་པ་དང་། ཀུན་རྫོབ་ཏུ་ཡོད་པ་དེར་ངེས་ཤེས་རྙེད་ན། གཞན་དང་འབྲེལ་བའི་ཚོར་བ་ཞིག་ངང་གི་འོང་ཞིང་། དོན་དངོས་དེ་ཤེས་པས་རྟོག་པས་བཏགས་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་དེ་འདྲ་མེད་པ་རྟོགས་ནུས། ཀུན་རྫོབ་ཏུ་ཡོད་པའི་བདག་དང་འབྲེལ་ནས་རང་ཉིད་ཇི་ཙམ་བརྟན་པ་དང་ཉེན་སྲུང་ཡོད་པ་ཚོར་བས་དེ་ངོ་མ་ཡིན་པ་ཤེས་ཏེ་ཡོད་པ་སྒྲུབ་མི་དགོས་པར། ང་ཚོས་མོས་མཐུན་ཡོང་བའི་ཆེད་དུ་གཞན་ལ་བལྟ་རྒྱུ་མཚམས་འཇོག་བྱེད་ཀྱི་རེད།

ད་དུང་ནང་ཆོས་ཀྱིས་ང་ཚོར་དྲང་པོ་དགོས་པ་སློབ་ཀྱི་ཡོད། ཕྱི་ཚུལ་ཙམ་གྱི་ཆོ་མེད་དགའ་རྟགས་རྒྱག་རྒྱུའི་ཚབ་ཏུ་གཞན་གྱི་དགོས་མཁོ་ལ་དཔག་པའི་ང་ཚོས་གཞན་ལ་རོགས་རམ་བྱ་རྒྱུའི་སླད་དུ་ཡིག་ཐོག་ཏུ་དེ་ལས་དོན་སྙིང་ཆེ་བ་ཞིག་བྲིས་ན་བཟང་། ངའི་བསམ་པར། དེ་ནི་ང་ཚོས་འབྲེལ་བ་བྱེད་ཕྱོགས་ཐད་ཧ་ཅང་གལ་ཆེན་པོ་ཞིག་ཡིན། ངོ་མཚར་ཆེ་མདོག་གིས། “འདི་དཔེ་མི་སྲིད་ཡག་པོ་རེད་” ཟེར་བ་སོགས་ཁ་ཙམ་གྱིས་ངོ་བསྟོད་བྱེད་པ་ནི་ཆོ་མེད་པ་རེད། མཁྱེན་གསལ་ལྟར། འཕྲུལ་ཆས་ངེས་ཅན་ཞིག་གི་སྟེང་མཛུབ་མོས་གནོན་ཐེངས་གཅིག་གིས་དགའ་རྟགས་རྒྱག་གི་ཡོད་པ་དེས་དངོས་གནས་གཞན་སུ་འདྲ་ཞིག་དང་འབྲེལ་བ་མཐུད་ཀྱི་མེད། དེ་ལྟ་བུའི་ཆོ་མེད་པའི་གཏམ་ངས་དེ་རིང་ཁ་ལག་འདི་འདྲ་ཞིག་ཟས་པ་ཡིན་ཞེས་བརྗོད་ཡུལ་བཅུ་ཙམ་ཡོད་ཀྱང་རིམ་བཞིན་སྙིང་པོ་མེད་པ་དང་བྱབ་ཆུང་ཡིན་པ་ང་ཚོས་ཕྱིས་སུ་ཤེས་ཀྱི་ཡོད།

ཕན་ཚུན་འབྲེལ་ནས་ཡོད་པའི་ཚོར་བ།

དེང་དུས་སྤྱི་ཚོགས་བརྒྱུད་ལམ་ཁག་གི་ཁེ་ཕན་གཞན་ཞིག་ནི། ཉིན་གཅིག་ལྟར་ལས་ཀར་ཕྱིན། དེ་ནས་ནང་དུ་ཕྱིར་ལོག་མཁན་གྱི་ཁེར་རྐྱང་དུ་ལོགས་སུ་འཚོ་གནས་བྱེད་མཁན་ཚོར་ཡོད། སྤྱི་ཚོགས་དྲྭ་ལམ་བརྒྱུད་ཀྱི་འབྲེལ་ལམ་ལ་བརྟེན་ནས་ཁོང་ཚོར་རང་ཉིད་ཚོགས་པའི་ཆ་ཤས་ཤིག་ཡིན་པ་ཚོར་འཇུག་གི་ཡོད། དེས་ཚོགས་པའི་ཁོངས་སུ་གཏོགས་པ་དང་བདེ་བའི་ཚོར་བ་ཞིག་སྟེར་གྱི་ཡོད། མདོར་ན་ང་ཚོ་མི་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན། དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་ཚོར་གྱི་ཡོད། དེ་ལ་སྐྱོན་གྱི་ཆ་ཡོད་པ་ནི་སོ་སོ་གང་དུ་གཏོགས་པའི་ཚོགས་པ་དེའི་ཚོགས་མི་དང་ལྷན་དུ་དོན་སྙིང་ལྡན་པའི་འབྲེལ་བ་བྱེད་མི་བྱེད་ཐེ་ཚོམ་རེད། ཚོགས་པའམ་སྡེ་ཚན་དེའང་སྙིང་པོ་མེད་པའི་ལས་དོན་ཆུང་ཙག་ལ་མགོ་འཁོར་བའང་སྲིད།

ནང་ཆོས་ཀྱིས་ཆོས་གྲོགས་ལ་གཙིགས་ཆེན་པོ་གནང་གི་ཡོད། སོ་སོ་ཚོགས་པ་ཞིག་གི་ཆ་ཤས་ཡིན་པ་ཚོར་བ་དེ་དགེ་མཚན་ཆེ། དགོན་སྡེ་ཁག་གི་ནང་དེ་འདྲ་ཡོད་པ་སྨྲོས་ཅི་དགོས། འཛམ་གླིང་ནང་གི་ནང་པའི་ཆོས་ཚོགས་ཁག་ཏུ་དེ་འདྲ་ཡོད། འོན་ཀྱང་དེ་ལྟར་ཡོད་པར་ནང་པའམ་ཆོས་ཕྱོགས་ཀྱི་སྡེ་ཚན་ཞིག་ཡིན་མི་དགོས། ཕན་ཚུན་རོགས་རམ་སླད་བཟང་སྤྱོད་རིན་ཐང་དང་འབད་བརྩོན་གྱི་ཐོག་ནས་མཉམ་རུབ་ཡོང་གི་ཡོད། གཞན་ཡང་སྤྱི་ཚོགས་འབྲེལ་ལམ་ཞིག་གི་ཁོངས་མི་བྱེད་པར་འདོད་ན། སྤྱི་ཚོགས་དེ་བཟང་པོ་དང་དགེ་བའི་སྤྱོད་པས་ཟིན་པ་ཡོད་ན། དེ་ལས་ཀྱང་ཕན་རླབས་ཆེ་བ་ཡོད།

ཡང་སྤྱི་ཚོགས་བརྒྱུད་ལམ་ལ་བརྟེན་པའི་ཕན་ཡོན་གཅིག་ནི་ནང་མིའི་བར་འབྲེལ་ལམ་ཉེ་པོ་ཆགས་ནས་ནང་མི་ཚང་མ་བདེ་ཐང་ཡིན་མིན་སོགས་ཤེས་རྟོགས་ཐུབ། དེ་ནི་དམིགས་བསལ་ཨེ་ཤི་ཡའི་ཁྱིམ་ཚང་ཁག་ནང་ཕན་ཐོགས་ཆེ། ཨེ་ཤི་ཡའི་མི་རྣམས་ཀྱིས་སོ་སོའི་ངོ་བོ་དང་ཁྱད་རྣམ་དག་རྒྱུན་དུ་ཁྱིམ་མི་ཚང་མའི་ཐོག་གཞི་བཅོལ་བ་ལས་སོ་སོ་སྒེར་ངོས་ནས་བརྩི་གི་མེད་པ་དང་། མི་རབས་རྒན་པ་རྣམས་ཀྱིས་གཞོན་པ་རྣམས་ཧ་ལམ་ཁོ་རང་ཚོའི་རྒྱུད་འཛིན་པ་ལྟ་བུར་བརྩི་གི་ཡོད། དེར་བརྟེན་ངོ་དེབ་བམ་གང་ཡིན་ཀྱང་དེ་དག་གི་ཐོག་ནས་ཚང་མས་གང་བྱེད་པ་དེ་ཚང་མས་ཤེས་ཀྱི་ཡོད་ཅེས་ནང་མི་ཚོས་ཚོར་ཐུབ་པ་ཡིན། དེ་ཕན་ཐོགས་ཆེ། དེའི་སྐྱོན་ཞིག་ནི་ང་ཚོས་སོ་སོ་སྒེར་གྱི་དབེན་ཆ་ཚང་མ་ཉར་ཐུབ་ཀྱི་མེད། ང་ཚོས་ངོ་དེབ་དང་གློག་འཕྲིན་བརྒྱུད་དེ་མི་གཅིག་དང་ཕན་ཚུན་འབྲེལ་བ་བྱེད་ཐུབ་ཀྱང་། སོ་སོའི་ངོས་ནས་གསང་བ་ཡིན་བསམ་པའི་གནད་དོན་འགའ་ཞིག་སོ་སོའི་ཆོག་མཆན་ནམ་མོས་མཐུན་མེད་པར་གཞན་བརྒྱུད་དེ་གང་སར་ཁྱབ་འགྲོ་གི་ཡོད། དེའི་ཕྱིར་སྒེར་གྱི་འཕྲིན་བརྡ་དང་། ཁ་པར་བརྒྱུད་འཕྲིན་ཡིག་གཏོང་བ། དེ་བཞིན་དྲྭ་རྒྱའི་ལམ་ནས་གློག་འཕྲིན་གཏོང་བ་རྣམས་འཚམ་པ་ཡོད། འོན་ཀྱང་། ཁ་པར་སོགས་བརྒྱུད་འཕྲིན་ཡིག་གཏོང་རེས་བྱེད་པ་རྣམས་ཀྱང་སྐབས་རེ་ཆོ་མེད་ངག་འཁྱལ་དུ་འགྱུར་ཉེན་ཡོད།

ནང་ཆོས་ཀྱིས་ང་ཚོར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྒྱུད་ལ་སྦྱོང་ཐབས་སློབ་ཀྱི་ཡོད། འདིའི་ཐད་སྒེར་དང་སྤྱི་གང་ཡིན་པའི་དབར་ཁྱད་པར་འབྱེད་ཀྱི་ཡོད། དཔེར་ན། སྔགས་ཀྱི་ནང་ང་ཚོས་ཆོས་ངེས་ཅན་འགའ་ཞིག་སྒེར་རམ་གསང་རྒྱ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། གཞན་གྱིས་ང་ཚོས་གང་བཤད་པ་རྣམས་ལ་གོ་ནོར་དང་ལོག་སྤྱོད་བྱེད་སྲིད་པ་ཡིན། གལ་ཏེ་ང་ཚོས་སོ་སོའི་སྐོར་དེ་སྤྱི་ལ་ཤེས་འཇུག་འདོད་མེད་ན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་སོ་སོའི་མི་ཚེའི་ནང་གི་ཁྱབ་ཁོངས་ཀུན་ལ་རྒྱ་སྐྱེད་གཏོང་ཐུབ། དེ་ནི་རང་གིས་རང་ཚོད་འཛིན་དགོས་པའི་གནད་དོན་ཙམ་ཡིན། གལ་སྲིད་རང་ངོས་ནས་སོ་སོའི་ངོ་དེབ་ཐོག་གང་ཡང་རུང་བ་ཁྱབ་སྤེལ་བྱེད་འདོད་ན། དེ་མི་ཚང་མས་མཐོང་རྒྱུ་ཡིན་པས་སྔ་ས་ནས་རང་ཉིད་ལ་འདོད་འདུན་དེ་དགོས་ཀྱི་ཡོད། དེ་མིན་འཕྲིན་བརྡ་གཏོང་བའམ་གློག་འཕྲིན་བཏང་ན་ལེགས།

སེམས་སྐུལ་འཐོབ་པ།

འཕྲུལ་སྒྲའམ་ཊུ་ཝི་ཊར་ལ་མཚོན་ན། མཁྱེན་གསལ་ལྟར། དེའི་ཐོག་ནས་ང་ཚོས་འཕྲིན་ཐུང་དེ་འདྲ་གཏོང་རེས་བྱེད་ཀྱི་ཡོད། དེའི་ཕན་ཡོན་གཅིག་ནི། ཊུ་ཝི་ཊར་ཐོག་ཁྱེད་ཀྱིས་སེམས་འགུལ་ཐེབས་སའི་མི་རྣམས་ནས་ཉིན་རེ་བཞིན་སོ་སོར་ཡ་ལན་འབྱོར་བ་མཐོང་སྐབས། དེས་མི་གཞན་ཁེར་རྐྱང་གི་འཚོ་བ་སྐྱེལ་མཁན་རྣམས་གཞན་དང་དངོས་སུ་འབྲེལ་བ་བྱེད་མི་དགོས་པའི་ཐོག་ནས་འགྲོ་བ་མིའི་འགྲོག་འདྲིས་ཡོད་པར་ཚོར་གྱི་ཡོད། དེའི་སྐྱོན་གྱི་ཆ་ནི་སོ་སོས་དགའ་མོས་བྱེད་སའི་མི་དེའི་མིག་དཔེའམ་བསླབ་བྱར་བརྩི་འཇོག་བྱས་ཏེ་སོ་སོའི་རྒྱུད་ཀྱི་སྟོབས་ཤུགས་ཡར་རྒྱས་གཏོང་ཐབས་མ་བྱས་པར། ཚོར་བ་བདེ་པོ་ཙམ་ཡོང་བའི་ཆེད་དུ་བེད་སྤྱོད་བྱེད་སྲིད། མི་མང་པོ་ཞིག་ལ་ཊུ་ཝི་ཊར་བརྒྱུད་ཉིན་རེ་བཞིན་༸གོང་ས་མཆོག་གམ་དེ་མིན་གྱི་ཕུལ་བྱུང་ངམ་རླབས་ཆེན་གྱི་མི་སྣའི་དྲུང་ནས་ཡ་ལན་འཐོབ་ཀྱི་ཡོད།

ནང་ཆོས་ནང་། ང་ཚོར་བླ་མའི་རྣལ་འབྱོར་ཞེས་བྱ་བ་ཞིག་ཡོད་པའི་ནང་། ཁྱེད་ཀྱིས་དགེ་བའི་བཤེས་གཉེན་གྱི་དྲུང་ནས་ཐོབ་པའི་སེམས་སྐུལ་དང་སྙིང་སྟོབས་དེ་གོང་མཐོར་བཏང་ནས་དགོས་དོན་ཡོངས་སུ་རྫོགས་པ་དེ་དགེ་བའི་བཤེས་གཉེན་དེའི་སྐུ་གསུང་ཐུཌ་གསུམ་དང་སོ་སོའི་ལུས་ངག་ཡིད་གསུམ་ངོ་བོ་དབྱེར་མེད་དུ་འཇུག་རྒྱུ་དེ་ཡིན། དེའི་དོན་དག་ནི། རང་གི་མི་ཚེའི་ནང་ཁ་ཙམ་མིན་པར་ཚིག་ཐོག་དོན་འཁྱོལ་གྱི་མི་ཚེ་དངོས་ཀྱི་ནང་སོ་སོའི་བྱེད་སྟངས་དང་། སྐད་ཆ་ཤོད་སྟངས། བསམ་བློ་གཏོང་སྟངས་རྣམས་བླ་མ་ནང་བཞིན་ཡོང་ཐབས་བྱེད་པའི་དོན་ཡིན། དེ་ལྟའི་ཐབས་བྱུས་དེ་ཆོས་ཕྱོགས་ཀྱི་བླ་ཆེན་མི་སྣ་ཙམ་མིན་པར། ཊུ་ཝི་ཊར་བརྒྱུད་ཐུག་པའི་རང་ཉིད་ལ་སེམས་སྐུལ་ཐེབ་སའི་མི་རྣམས་ལའང་གཅིག་མཚུངས་ལག་བསྟར་བྱེད་ཆོག །ཕྱོགས་གཞན་ཞིག་ནས་གལ་སྲིད་ཊུ་ ཝི་ཊར་བརྒྱུད་རང་ལ་ཉིན་ལྟར་བཟང་ཕྱོཌ་སམ་བློ་སེམས་འགུལ་ནུས་ཀྱི་བརྡ་འཕྲིན་དེ་འདྲ་འབྱོར་ན། དེ་ནི་དོན་ངོ་མར་སོ་སོའི་མི་ཚེའི་ནང་ཉམས་སུ་ལེན་ཐབས་བྱེད་དགོས་པ་ལས་འཕྲལ་དུ་ཚོར་བ་བདེ་བ་ཙམ་ཡོང་བའི་ཆེད་དུ་སྤྱོད་མི་ཉན།

ངོ་ཚ་སྨིན་པའི་རང་བཞིན་ལས་ཐར་བ།

གཞན་ཡང་ཁེ་ཕན་གཅིག་ནི་ངོ་ཚ་སྨིན་པའི་མི་རྣམས་གཞན་དང་མཉམ་དུ་ནམ་རྒྱུན་ལས་འབྲེལ་བ་ལྷུག་པོ་དང་ཁ་སངས་པོའི་ངང་བྱེད་ཐུབ་པ་དང་། ལྷག་པར་དུ་སྐད་རིགས་མི་གཅིག་པའི་གྲོགས་པོ་ཞིག་ལ་འབྲེལ་བ་བྱེད་པའམ་ཡང་ན་སོ་སོའི་ཕ་སྐད་མ་ཡིན་པའི་སྐད་ཡིག་གཞན་ཞིག་གི་ཐོག་ནས་ཡིག་འབྲེལ་བྱེད་པའི་ཐད་ཕན་རླབས་ཆེ། མི་རྣམས་ཀྱིས་ངག་ཐོག་ལས་ཡིག་ཐོག་ཏུ་འབྲེལ་བ་ལེགས་པ་བྱེད་ཐུབ་ཀྱི་ཡོད། དེའི་སྐྱོན་གྱི་ཆ་ནི་གདོང་དང་གདོང་ཐུག་ནས་འབྲེལ་བ་བྱེད་པའི་ང་ཚོའི་ནུས་པར་འགོག་རྐྱེན་བཟོ་ཞིང་། གདོང་དང་གདོང་ཐུག་ནས་འབྲེལ་བ་བྱེད་སྐབས་ཀྱི་ཚོར་སྣང་དེ་བརླག་སྲིད། དཔེར་ན། དྲྭ་རྒྱའི་ཐོག་ནས་སོ་སོའི་ངོ་བོ་དངོས་སུ་མ་བཤད་པར་འབྲེལ་བ་བྱེད་སྐབས་གཞན་ཞིག་གིས་བརྡ་འཕྲིན་ནམ་ཡ་ལན་བློ་ལ་མི་འཐད་པ་ཞིག་འབྱོར་ཚེ། དེ་ལ་ལན་མི་འདེབས་པའམ་གློག་ཀླད་གསོད་འདོད་ཡོང་གི་ཡོད། དེ་ནི་དངོས་གནས་དཀའ་ངལ་ཆེན་པོ་ཞིག་རེད།

ཕྱོགས་གཞན་ཞིག་ནས་ནང་ཆོས་ཀྱིས་ང་ཚོར་རང་ལ་ཡོན་ཏན་མེད་བཞིན་དུ་ཡོད་ཁུལ་གྱི་ཟོག་རྫུ་མི་བྱེད་པ་དང་། སོ་སོར་སྐྱོན་ཡོད་བཞིན་དུ་སྦས་ཐབས་བྱེད་རྒྱུ་མེད་ཚུལ་སློབ་ཀྱི་ཡོད། སོ་སོས་རང་ཉིད་ལ་དྲང་པོ་དྲང་གཞག་གིས་གལ་སྲིད་སྤྱི་ཚོགས་བརྒྱུད་ལམ་ལ་བརྟེན་ནས་སོ་སོར་འདེང་སྤོབས་ཞིག་རྙེད་ན། ང་ཚོས་དེ་འཚོ་བ་དངོས་ཀྱི་ནང་ལག་བསྟར་བྱ་རྒྱུ་རྒྱ་སྐྱེད་གཏོང་དགོས། དེར་བརྟེན་གཞན་དང་མཉམ་དུ་འབྲེལ་བ་བྱས་ནས་རང་ལ་གདེང་ཚོད་འཐོབ་རྒྱུར་བརྒྱུད་ལམ་འདི་ཕན་ཐོགས་ཆེན་པོ་ཡོད། གདེང་རྙེད་པའི་རྗེས་ད་གཟོད་ཕྱིར་ཐོན་ནས་གདོང་དང་གདོང་ཐུག་སྟེ་འབྲེལ་བ་བྱེད་དགོས་པ་ལས། སོ་སོའི་གློག་ཀླད་ཀྱི་རྒྱབ་ཏུ་སྦས་ནས་འཇོག་རྒྱུ་མེད།

དོན་གོ་འཕེར་ངེས་ཀྱི་འབྲེལ་ལམ་བྱེད་པ།

ད་དུང་ཁེ་ཕན་གཅིག་ནི་འཕྲུལ་སྒྲའམ་ཊུ་ཝི་ཊར་དང་གློག་འཕྲིན་གཏོང་རེས་ལ་བརྟེན་ནས་ང་ཚོར་སོ་སོའི་བསམ་ཚུལ་ཕན་ཚུན་མྱུར་པོ་དང་ཚིག་ཉུང་དོན་གསལ་ཐོག་སྐྱེལ་བ་དང་། དེ་ལ་བརྟེན་ནས་ང་ཚོས་དོན་གོ་འཕེར་ངེས་ཀྱི་འབྲེལ་ལམ་བྱེད་ཐུབ་ཀྱི་ཡོད། དུས་ཚོད་མང་པོ་འགོར་ངེས་ཀྱི་ཁ་པར་དང་སི་ཀཱ་ཡེབ་ Skype གཟུགས་མཐོང་གླེང་མོལ་བྱེད་དགོས་རྒྱུ་མེད། དེ་བཞིན་འགྲུལ་བཞུད་བྱེད་པའམ་གནས་སྟངས་ཛ་དྲག་ཅིག་གི་ནང་ཡོད་སྐབས་ཕན་ཐོགས་ཆེན་པོ་ཡོད། གཞན་ལས་ཛ་དྲག་གི་བརྡ་འཕྲིན་ཡང་འབྱོར་ཐུབ། དེར་བརྟེན་ཧ་ཅང་ཕན་ཐོགས་པོ་ཡོད། འོན་ཀྱང་དེའི་སྐྱོན་གྱི་ཆ་ནི་དག་ཆའང་ཞིབ་ཚགས་པོ་མ་བྲིས་པར་ཚིག་ཁ་ཤས་ནང་སོ་སོའི་བསམ་ཚུལ་བཤད་པས། དེས་གནད་དོན་རྣམས་ཆ་ཚང་བ་ཞིག་དང་། ཁ་གསལ་པོ་དང་དོན་ལ་གནས་པ་ཞིག་ཤོད་རྒྱུའི་ནུས་པ་བརླག་གི་ཡོད། ང་ཚོས་ལས་དོན་གང་བྱེད་ནའང་ཞིབ་ཚགས་པོ་མེད་པར་ཚང་མ་མྱུར་པོ་དང་འཁྱུག་ཙམ་ནང་ཚར་གྱི་ཡོད་སྟབས། སོ་སོས་རྩེ་གཅིག་པའི་དོ་སྣང་བྱེད་པ་དང་རིག་པ་རྩེ་སྒྲིམ་གྱི་ནུས་པའང་ཉམས་རྒྱུ་རེད།

གཞན་ལ་རོགས་ཕན་བསྒྲུབ་ཕྱིར་གཞན་དང་མཉམ་དུ་དོན་དང་ལྡན་པའི་འབྲེལ་ལམ་ཡག་པོ་བྱེད་ཐུབ་པ་དགོས་རྒྱུ་དེ་ནང་ཆོས་ནས་དམིགས་བསལ་ནན་བཤད་བྱེད་ཀྱི་ཡོད། དེར་བརྟེན་འཕྲུལ་སྒྲའམ་ཊུ་ཝི་ཊར་ལྟ་བུའི་ཐོག་ནས་བརྡ་འཕྲིན་འབྲི་རྒྱུར་ཡིག་འབྲུ་ཚད་ངེས་ཅན་ཞིག་ཡོད། དངོས་སུ་འབྲེལ་ལམ་བྱུང་སྐབས་དགོས་མེད་ཀྱི་ཚིག་རྙོག་ལྟ་བུ་གཙང་སེལ་བྱས་ཏེ་དོན་སྙིང་ཡོད་པ་ཞིག་ཡོང་བར་སྦྱོང་བརྡར་གཏོང་གི་ཡོད། འོན་ཀྱང་ང་ཚོས་གཟབ་གཟབ་བྱེད་དགོས། དེར་བརྟེན་ཊུ་ཝི་ཊར་ཐོག་ནས་དོན་དང་ལྡན་པའི་འབྲེལ་བ་བྱེད་སྲིད་ཀྱང་། འབྲེལ་ལམ་ཡང་དག་པ་ཞིག་ཡོང་མི་ཐུབ་པ་ཡང་སྲིད།

ང་ཚོས་སེམས་རྩེ་གཅིག་ཏུ་སྒྲིམ་རྒྱུ་དང་བརྗོད་དོན་གང་ཡིན་ཀྱང་དེའི་སྙིང་པོ་ལེན་རྒྱུར་ནང་ཆོས་ཀྱིས་ཕན་རླབས་ཆེ་བའི་ཐབས་ལམ་མང་པོ་ལམ་སྟོན་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཏིང་ངེ་འཛིན་གོང་འཕེལ་གཏོང་བར་ཕན་པའི་སྒོམ་གྱི་ཐབས་ལམ་མང་པོ་སློབ་ཀྱི་ཡོད། འདི་ནི་མ་འོངས་པར་ནང་ཆོས་ཀྱི་བེད་སྤྱོད་བྱེད་ངེས་པའི་གནད་དོན་གལ་ཆེན་པོ་ཞིག་ཏུ་འགྱུར་གྱི་རེད་བསམ་གྱི་འདུག །དཔེར་ན། གསར་འགྱུར་ཁག་ལ་བལྟས་ན། གསར་འགོད་པ་ཚོས་གནད་དོན་ཞིག་གླེང་བ་དང་དེའི་འོག་ཏུ་གནས་ཚུལ་བཀོད་པ་གཉིས་མི་མཐུན་པ་དང་། ཡང་སྐབས་རེ་དེ་དང་དུས་མཚུངས་རླུང་འཕྲིན་སོགས་ཀྱི་ཐོག་ནས་གནས་ཚུལ་གཞན་ཞིག་གླེང་སྟེ། དུས་གཅིག་ལ་གནས་ཚུལ་གཉིས་སམ་གསུམ་བརྙན་འཕྲིན་ཐོག་ནས་ཐོན་གྱི་ཡོད་པས། མི་རྣམས་བློ་རྩེ་གཅིག་ཏུ་སྒྲིམ་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད། ཁོང་ཚོའི་དོ་སྣང་ཏོག་ཙམ་འདིར་སྤྲད་པ་དང་། ཏོག་ཙམ་ཞིག་དེར་སྤྲད་དེ་འདྲ་པར་དང་གནས་ཚུལ་རྣམས་མྱུར་དུ་འགྱུར་བ་འགྲོ་གི་ཡོད། དེར་བརྟེན་དེ་ནི་སེམས་རྩེ་གཅིག་ཏུ་གཏོད་རྒྱུར་འགོག་རྐྱེན་ཆེན་པོ་ཞིག་ཡིན། འོན་ཀྱང་ངས་ཞུས་ཟིན་ལྟར། གལ་སྲིད་མི་རྣམས་རང་རྒྱུད་ཡར་རྒྱས་གཏོང་འདོད་ན། དེ་ནས་ནང་ཆོས་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་གོང་འཕེལ་གཏོང་བར་དམིགས་བསལ་གྱི་ཕན་རླབས་ཆེ་བ་ཆགས་ཀྱི་ཡོད། དོན་དངོས་སུ་གསར་འགྱུར་བརྒྱུད་ལམ་ཁག་གི་ཤུགས་རྐྱེན་ལ་བརྟེན་ནས་མི་རྣམས་ཀྱི་རིག་པ་རྩེ་སྒྲིམ་གྱི་ཚད་དེ་ཉམས་རྒུད་ཕྱིན་ནས་དཀའ་ངལ་ལ་གདོང་ལེན་བྱ་རྒྱུ་དེ་ལས་ཀྱང་དཀའ་ངལ་ཆེ་བ་ཡོང་གི་ཡོད། འོན་ཀྱང་དེའི་ཐད་མུ་མཐུད་འབད་བརྩོན་བསྟེན་དགོས།

དུས་རྟག་ཏུ་འབྲེལ་ནས་ཡོད་པ།

གཞན་ཡང་དྲྭ་ལམ་ཡོད་པའི་ལག་ཐོགས་ཁ་པར་གྱི་ཐོག་ནས་ང་ཚོས་ས་ཕྱོགས་གང་སར་དུས་ངེས་མེད་དུ་འབྲེལ་བ་སོགས་བྱེད་ཐུབ་ཀྱི་ཡོད། དེའི་སྐྱོན་གྱི་ཆ་ནི་འཕྲུལ་ཆས་དེ་དག་གི་ངོས་སུ་རང་བཞིན་གྱིས་འོད་འཁྱུགས་ཏེ། གློག་ཆས་དང་ཡོ་བྱད་དེ་དག་གིས་རང་གི་དོ་སྣང་འཕྲོགས་པ་དང་རང་ཉིད་དེ་ལ་ལང་དུ་ཤོར་གྱི་ཡོད། དེ་ནི་ཏོག་ཙམ་ཡིད་དབང་འཕྲོག་པ་ཞིག་ཏུ་སྣང་། འཇར་མི་ནིའི་རྒྱལ་ས་སྦར་ལིན་ Berlin གྲོང་ཁྱེར་གྱི་ས་འོག་མེ་འཁོར་ ༼དེ་ལ་ང་ཚོས་ཨུ་བྷ་ཧ་ U-bahn ཟེར།༽ ནང་མོ་ཊ་རེ་རེའི་ནང་གཟུཌ་མཐོང་བརྙན་འཕྲིན་གཉིས་རེ་བཙུཌ་ཏེ། གསར་འགྱུར་དང་། ཁྱབ་བསྒྲགས། གནམ་གཤིས་སྔོན་བརྡ་སོགས་སྟོན་གྱི་ཡོད། སོ་སོས་དེ་ལ་མ་བལྟས་ནའང་། ལྟ་དགོས་ཐུག་གི་ཡོད། དེར་བརྟེན་སོ་སོ་འབུ་སྲིན་ནམ་དུད་འགྲོ་ལྟ་བུ་ཆགས་ཏེ་དེ་དག་གི་དབང་དུ་སོང་ནས། མ་བལྟས་པར་འདུག་རྒྱུ་ཁག་པོ་ཡོང་གི་ཡོད།

དེ་ག་ནང་བཞིན་ལག་ཐོགས་ཁ་པར་དང་གློག་ཀླད་ཀྱི་གདོང་ངོས་རྣམས་ཡིད་དུ་འོངས་བ་ཡོད་སྟབས་ང་ཚོ་ལང་དུ་ཤོར་གྱི་ཡོད། དེ་དག་ལང་དུ་ཤོར་སླ་པོ་ཡོད་པའི་རྐྱེན་གྱིས་རྟག་ཏུ་ཡིག་འཕྲིན་འབྱོར་ཡོད་མེད་བལྟས་ནས་གང་ཡང་མ་ཆད་པ་བྱེད་ཀྱི་ཡོད། དེའི་ཁར་སེམས་ནང་རྟག་ཏུ་ཚོར་བ་བརྟན་པོ་མེད་པ་ཞིག་སྐྱེ་བ་དང་། དེའི་སྟེང་ལ་ཁྱེད་ཀྱིས་ཉིན་གང་ཁ་པར་ལག་ཏུ་བཟུང་ནས་རང་ཉིད་ལ་ཏོག་ཙམ་ཉེན་སྲུང་མེད་པ་ཚོར་གྱི་ཡོད། དེས་ཧིན་དུའི་ཆོས་པ་སཱ་དྷུ་ཚོས་ལག་པའི་ནང་ལོ་ཊཱ་ཞེས་གངྒའི་ཆུ་ཟོམ་གང་ཁྱེར་ནས་འགྲོ་བ་ང་རང་ལ་དྲན་སྐུལ་བྱེད་ཀྱི་འདུག །མི་རྣམས་ཀྱིས་རྟག་པར་ལག་ཏུ་དེ་ཁྱེར་དགོས་ཀྱི་ཡོད། དེ་ནས་ཁ་པར་ཐོག་འཕྲིན་བརྡ་དང་ངོ་དེབ་ཐོག་རང་ལ་གཞན་གྱི་འཕྲིན་ཐུང་དེ་འདྲ་འབྱོར་ཡོད་མེད་ལྟ་བ་དང་། ཉིན་གང་པོར་དེ་དག་ཡིག་ལན་གཏོང་བ་སོགས་དུས་ཚོད་མང་པོ་ཆུད་ཟོས་སུ་གཏོང་གི་ཡོད། སྐབས་མང་ཆེ་བར་དེ་ལྟའི་ཡིག་འབྲེལ་ཚང་མ་ཆོ་མེད་པ་ཤ་སྟག་ཡིན།

རང་རྒྱུད་དུ་རང་ཉིད་གལ་ཆེན་པོར་བརྩི་བའི་ཚོར་བ་ནོར་བ་ཞིག་ཡོད་པའི་ཐོག་ནས། མི་སུ་འདྲ་ཞིག་ཡིན་རུང་དུས་ཚོད་ངེས་མེད་ཅིག་གི་ནང་ཁ་པར་ཐོག་ནས་འཕྲིན་ཐུང་སྐུར་བ་དང་སྐད་ཆ་བཤད་དེ་ཁོང་ཚོར་བསུན་པོ་དང་བར་ཆད་བཟོ་ཆོག་ཅེས་བསམ་གྱི་ཡོད། ད་དུང་སྤྱོད་པ་རྩུབ་པོ་དང་སྤྱི་ཚོགས་ལ་རྒྱབ་འགལ་བྱེད་འདོད་ཡོང་སྲིད། གང་ཡིན་ཟེར་ན། ང་ཚོ་མི་གཞན་ཞིག་དང་མཉམ་དུ་ཡོད་བཞིན་པའི་སྐབས། མི་གཞན་ཞིག་ལ་ཁ་པར་ཐོག་ནས་འཕྲིན་ཐུང་གཏོང་བའམ་སྐད་ཆ་ཤོད་ཀྱི་ཡོད། དེ་ནི་གཞོན་སྐྱེས་ཚོའི་བྱེད་ལུགས་ཡོངས་གྲགས་ལྟ་བུ་རེད།

གཞན་ཡང་ནང་ཆོས་ཀྱིས་ང་ཚོའི་རྒྱུད་ཀྱི་འདོད་ཆགས་ཉུང་དུ་གཏོང་ཐབས་སློབ་ཀྱི་ཡོད། འདོད་ཆགས་ཞེས་པ་གང་རེད་དམ། འདོད་ཆགས་ནི་ཡུལ་ཞིག་ལ་ཁྱད་ཆོས་བཟང་པོ་མེད་བཞིན་དུ་ཡོད་པར་སྒྲོ་འདོགས་པའི་བློ་ཞིག་ཡིན་ཅིང་། སྐབས་རེ་ཡིད་དུ་འོང་ཚད་ལས་བརྒལ་བའི་སྒྲོ་འདོགས་ཀྱི་ཡོད་པ་དང་མི་ལེགས་པའི་ཆ་ལ་མཐའ་གཅིག་ཏུ་སྣང་ཆུང་བཏང་ནས། ཆགས་ཡུལ་དེ་བློས་གཏོང་འདོད་མེད། དེ་ལ་འདོད་ཆགས་ཟེར། གལ་སྲིད་སྤྱི་ཚོགས་བརྒྱུད་ལམ་དེ་དག་གི་ཁེ་ཕན་ཐད་དོན་དངོས་དང་མཐུན་པའི་ལྟ་ཚུལ་བཟུང་ན། གཏན་གཏན་ཁེ་ཕན་ཡོད། དེ་དང་ཆབས་ཅིག་དེའི་སྐྱོན་ཡང་ངོས་ལེན་བྱེད་དགོས། དེ་ལྟར་བྱས་ན་འདོད་ཆགས་དང་འཕྲུལ་ཆས་ཆུང་ཙག་རིགས་ལ་ཀླད་མེད་ཀྱི་སྤྱོད་ལམ་ཞིག་ཡོད་པ་ལས་ཐར་བར་ཕན་ཐོགས་ཡོད།

གཞན་ལ་བསམ་ཤེས་དང་། ཆོ་མེད་པའི་གླེང་མོལ་བྱས་ཏེ་གཞན་གྱི་ལས་དོན་ལ་བར་ཆད་བཟོ་བ་དང་གཞན་གྱི་དུས་ཚོད་འཕྲོ་བརླག་གཏོང་རྒྱུ་མེད་ཅེས་ནང་ཆོས་ཀྱིས་སློབ་ཀྱི་ཡོད། ངག་འཁྱལ་གྱི་ཉེས་དམིགས་ལ་ལྟ་སྐབས། དེ་གནོད་གཞི་ཅན་ཡིན་པའི་རྒྱུ་མཚན་གང་རེད་དམ། ངག་འཁྱལ་ཞེས་པས་ཆོ་མེད་པར་ཆོ་ཡོད་པར་བསམ་པ་ཙམ་མིན་པར། གཞན་ལ་བར་ཆད་ཀྱང་བཟོ་གི་ཡོད། ང་ཚོས་རང་གཞན་གཉིས་ཀའི་དུས་ཚོད་འཕྲོ་བརླག་གཏོང་གི་ཡོད། ལྷག་པར་དུ་ལས་དོན་གལ་ཆེན་དང་ཕན་ཐོགས་ཆེན་པོ་ཞིག་སྒྲུབ་བཞིན་པའི་མི་གཅིག་ལ་ཆོ་མེད་པའི་སྐད་ཆ་བཤད་དེ་ལས་ཀ་བྱེད་མ་བཅུག་ན་ཉེས་དམིགས་ཤིན་ཏུ་ཆེ། དེར་བརྟེན་དེའི་ཚུལ་ནང་ཆོས་ནས་སློབ་སྦྱོང་བྱས་ན་དགེ་མཚན་ཤིན་ཏུ་ནི་ཆེ།

སེམས་ངལ་གནོན་ཤུགས་ཀྱི་འཛམ་གླིང་ནང་བདེ་འཇགས་ཀྱི་གནས་ཤིག་སྦྱིན་པ།

དེ་མིན་གྱི་ཁེ་ཕན་གཅིག་ནི་སྤྱིར་བཏང་འཛམ་གླིང་ནང་སྤྱི་ཚོགས་ཀྱི་བརྒྱུད་ལམ་དང་། ཉན་བྱེད་ཀྱི་འཕྲུལ་ཆས་ཨཱ་ཡེ་པོཌ། བརྙན་འཕྲིན་རྩེད་མོ་སོགས་ཀྱིས་དཀའ་ངལ་དང་མགོ་རྙོག་ཤུགས་ཆེན་པོ་འཕྲད་བཞིན་པའི་སྐབས། མི་རྣམས་ཀྱིས་དེ་དག་ལ་འཇུག་པའི་དོ་སྣང་ཚོད་འཛིན་ཐུབ་པ་དང་སོ་སོའི་ལས་དོན་ཐད་ཤུགས་སྣོན་ཆེ་བ་སྤྲོད་ཐུབ་པ་ཡོང་གི་ཡོད། དེ་ལྟར་སྤྱིར་འཛམ་གླིང་གི་དཀའ་ངལ་དང་སྒོས་སུ་སོ་སོ་སྒེར་གྱི་དཀའ་ངལ་བསམ་བློ་འཁོར་ནས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱུར་སྐབས་སྐྱབས་བཅོལ་སའམ་ཡིབ་ས་ལྟ་བུ་ཞིག་མཁོ་སྤྲོད་བྱེད། འཛམ་གླིང་ཧྲིལ་པོའི་དཀའ་ངལ་དང་སྒོས་སུ་ལས་ཀ་མ་ཐོབ་པ་ལྟ་བུ་སོ་སོའི་དཀའ་ངལ་རྣམས་ཧ་ཅང་རྙོག་འཛིངས་ཅན་ཞིག་ཡིན། དེར་བརྟེན་དཀའ་ངལ་དེ་ལྟའི་སྐབས་གློག་ཀླད་ཐོག་ནས་རང་གི་གྲོགས་པོ་དང་ཡང་ན་རྩེད་མོ་དེ་འདྲ་རྩེད་ནས་སེམས་གནས་སྐབས་གཡེང་འཇུག་འདོད་ཡོད། ཡང་ན་གཞས་ཉན་པ་སོགས་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་སོ་སོའི་སེམས་ནང་ཅུང་བཟོད་ཡངས་པའམ་སྲུང་སྐྱོབ་ཡོད་པ་ལྟ་བུ་ཚོར་གྱི་ཡོད།

དེའི་སྐྱོན་གྱི་ཆ་ག་རེ་ཡོད་ཅེ་ན། དཀའ་ངལ་འཕྲད་སྐབས་དེ་ལ་གདོང་ལེན་མི་བྱེད་པའི་སྐྱོན་ཡོད། དེ་ནི་གཡོལ་ཐབས་རེད། དེ་ལ་ནང་ཆོས་ནས་བདེན་པ་བཞི་བསྟན་ཡོད། དེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་དེ་ཡིན། སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ནི་ང་ཚོར་དཀའ་ངལ་འཕྲད་སྐབས་དེ་ལ་གདོང་བྱེད་པ་དང་། དཀའ་ངལ་དེ་ངོས་ལེན་བྱས་ཏེ་དེ་དག་གི་དངོས་པོའི་གནས་ལུགས་གང་ཡིན་པ་ལ་ངོས་ལེན་བྱེད་དགོས་པའི་ཚུལ་གསུང་ཡོད་པ་ལས། དཀའ་ངལ་མེད་ཁུལ་གྱིས་དེ་ལས་གཡོལ་ཐབས་སོཌ་བྱེད་མི་ཉན། དེས་ན་གདོང་ལེན་ཇི་ལྟར་བྱེད་དགོས་སམ་ཞེ་ན། དེའི་རྒྱུ་རྐྱེན་གང་ཡིན་རྩད་གཅོད་དང་། རྒྱུ་རྐྱེན་དེ་དག་ལ་བསམ་བློ་བཏང་ནས་བརྟག་དཔྱད་སོཌ་བྱེད་དགོས། ཕྱི་ཚུལ་གྱི་རྒྱུ་རྐྱེན་ཙམ་མིན་པར་མཐར་ཐུག་གི་རྒྱུ་ངོ་མའམ་རྩ་བ་དེ་འཚོལ་དགོས། རྒྱུ་གཅིག་ཁོ་ན་ལ་སྐྱོན་འཛུགས་མ་བྱས་པར་དཀའ་ངལ་དེ་རྒྱུ་དང་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་ཤེས་དགོས། དེ་ནས་དཀའ་ངལ་དེ་སེལ་ཐབས་ཡོད་པ་ཤེས་དགོས། རྒྱུ་དེ་མེད་པ་བཟོས་ན་ཡང་བསྐྱར་མི་འབྱུང་བའི་ཐབས་འཚོལ་དགོས།

ནང་པའི་ཉམས་ལེན་ནང་ཞུགས་ན། དངོས་གནས་གང་འཚམ་གྱི་གཏིང་ཟབ་པོ་དང་གལ་ཆེ་བའི་གནས་དོན་ཞིག་ནི། དཀའ་ངལ་དང་སྡུག་བསྔལ་དེ་དག་ནམ་ཡང་སླར་མི་འབྱུང་བའི་ཚུལ་དུ་མེད་པ་བཟོ་རྒྱུ་ཡོད་པ་ལ་ངེས་ཤེས་རྙེད་པ་ཞིག་དགོས། དེ་ཡང་ང་ཚོའི་སྡུག་བསྔལ་རྣམས་ཡང་བསྐྱར་འབྱུང་ངེས་ཡིན་པར་སོང་། དེ་དག་ཆུང་དུ་གཏོང་ཐབས་ཙམ་མིན་པར། རྩ་བ་ནས་མེད་པ་བཟོ་རྒྱུའི་ཐབས་ལམ་དེ་དག་ཉམས་སུ་ལེན་དགོས། དེར་བརྟེན་སྡུག་བསྔལ་རྩ་བ་ནས་མེད་པ་བཟོས་ཏེ་གནས་སྟངས་ཡག་ཤོས་དེ་མངོན་དུ་འགྱུར་ཐུབ་ཐབས་བྱེད་དགོས། དེ་ནི་ནང་ཆོས་ཀྱི་གནད་དོན་གཙོ་བོ་དེ་མ་ཡིན། ང་ཚོས་སྡུག་བསྔལ་བཀག་པའི་འགོག་པ་དངོས་དེ་འཐོབ་ཚུལ་ཤེས་པར་བྱེད་དགོས། དེ་ལྟར་བྱུང་ན་སྡུག་བསྔལ་སླར་ཡང་མི་འབྱུང་། དེ་འཐོབ་བྱེད་གང་ཡིན་ནམ་ཞེ་ན། དེ་ནི་ལམ་བདེན་ཡིན། འདིར་ལམ་ཞེས་པ་ནི་ལུས་ངག་ཡིད་གསུམ་གྱིས་བྱ་བ་བྱེད་སྟངས་ལ་གོ་དགོས། དེ་ཡང་རྩ་བའི་ཆ་ནས་ང་ཚོའི་རྒྱུད་ཀྱི་རྨོངས་པའམ་ལོག་རྟོག་དང་དངོས་སུ་འགལ་བའི་ཡུལ་གྱི་གནས་ལུགས་རྟོགས་པའི་ལམ་ཞིག་ཡིན། དེར་བརྟེན་རྨོངས་པའི་དབང་གིས་དཀའ་ངལ་ཇེ་མང་ནས་ཇེ་མང་དུ་བཟོ་རྒྱུའི་ཚབ་ལ་ང་ཚོས་ལམ་གྱི་གོ་རྟོགས་དེ་སྐྱེ་ཐབས་བྱེད་དགོས། གལ་སྲིད་ང་ཚོར་ལམ་གྱི་གོ་རྟོགས་དེ་རྟག་ཏུ་ཡོད་ན། དཀའ་ངལ་དེ་དག་ནམ་ཡང་མི་འབྱུང་།

དེར་བརྟེན་ངོ་དེབ་ཐོག་བབ་ཅོལ་སྨྲ་བ་དང་བརྙན་འཕྲིན་རྩེད་མོར་རོལ་ནས་སེམས་གཡེང་བཅུག་སྟེ་དཀའ་ངལ་ལས་གཡོལ་ཐབས་མ་བྱས་པར་གདོང་ལེན་བྱེད་དགོས། འོན་ཀྱང་བརྒྱུད་ལམ་དེ་དག་གནས་སྐབས་སུ་སེམས་གཡེང་ཕྱིར་བེད་སྤྱོད་བྱེད་མི་ཉན་ཞེས་བརྗོད་ཀྱི་མེད། གལ་སྲིད་མི་ཞིག་གིས་སྐྱབས་གཞན་ཞིག་འཚོལ་བར་ཕྱིན་ན། འགྲིག་གི་རེད། དེ་གནས་སྐབས་ཙམ་རེད། ནང་པའི་གཞུང་ནང་བློ་ལ་འཐད་འོས་པའི་གསུང་ཚུལ་ཞིག་ཡོད་པ་ནི། གལ་ཏེ་སྐྱབས་གནས་གཞན་ཞིག་འཚོལ་ན། དེ་ནི་འགྲིགས་པ་རེད། འོན་ཀྱང་དེ་ནི་ཕྱི་ཚུལ་ཙམ་མམ་གནས་སྐབས་ཙམ་རེད་ཅེས་གསུང་གི་ཡོད། དེ་ལྟའི་སྐྱབས་དེ་དོན་དམ་པའི་སྐྱབས་སུ་འཛིན་རྒྱུ་མེད། སྐྱབས་འགྲོ་ཞེས་པའི་དོན་ནི་རང་གི་མི་ཚེའི་ནང་ཁ་ཕྱོགས་གང་དུ་འགྲོ་དགོས་པ་དང་ང་ཚོར་འཕྲད་པའི་དཀའ་ངལ་ལས་ཐར་ཐབས་སུ་གང་བྱེད་དགོས་པའི་ཐབས་སྟོན་མཁན་ཞིག་ལ་གོ་བ་ཡིན།

གནས་ཚུལ་མཉམ་སྤྱོད་བྱེད་པ།

ད་དུང་ང་ཚོས་ཁེ་ཕན་གཞན་ལ་བལྟས་ན། ཕྱོཌ་གཅིག་ནས་ངོ་དེབ་དང་འཕྲུལ་སྒྲའམ་ཊུ་ཝི་ཊར་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་གིས་ང་ཚོའི་དུས་ཚོད་མང་པོ་འཕྲོ་བརླག་གཏོང་གི་ཡོད་ནའང་། ཕྱོགས་གཞན་ཞིག་ནས་གནས་ཚུལ་རྣམས་མི་མང་པོ་ཞིག་ལ་ཁྱབ་སྤེལ་གཏོང་ཐུབ་ཀྱི་ཡོད། དཔེར་ན། ཆབ་སྲིད་དང་ཆོས་ཕྱོགས་ཀྱི་གནས་ཚུལ་སྤེལ་ཕྱིར་བེད་སྤྱོད་གཏོང་བ་ལྟ་བུ། སོ་སོའི་གྲོགས་པོ་དང་མི་གཞན་ལ་སྤྱིར་བཏང་ཕན་ཐོཌ་ཆེན་པོ་ཡོང་སྲིད་པའི་དྲྭ་ལྗོངས་ཁག་ལ་སྦྲེལ་མཐུད་ཡོངས་ཁྱབ་བྱེད་འཇུག་གི་ཡོད། དེར་བརྟེན་རང་གཞན་གཉིས་ཀའི་བློ་རྒྱ་འབྱེད་ཆེད་དུ་སྤྱོད་ཆོག །དེའི་སྐྱོན་གྱི་ཆ་ནི་དེས་ད་དུང་ངན་ཕྱོགས་ནས་དྲིལ་བསྒྲགས་བྱེད་པ་དང་ཞེ་སྡང་སོགས་སློང་ཆེད་བེད་སྤྱོད་བྱེད་སྲིད་པ་ཡིན་པས། ངོ་དེབ་སོགས་སྤྱི་ཚོཌ་དྲྭ་ལམ་གཅིག་པུ་ཙམ་མིན་པར། ད་དུང་དྲྭ་རྒྱའི་བརྒྱུད་ལམ་སྤྱི་ལ་གནད་དོན་ཧ་ཅང་ཚབས་ཆེན་ཞིག་ཡིན།

ངའི་བསམ་པར། དེ་ནི་ཕལ་ཆེར་དེང་དུས་དྲྭ་རྒྱ་སོགས་དང་འབྲེལ་བའི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་གྱི་གནད་དོན་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། དེའི་ཐོག་གནས་ཚུལ་ཧ་ཅང་མང་བས་ང་ཚོས་བླང་དོར་ཚུལ་བཞིན་དུ་བྱ་གལ་ཆེ། ང་ཚོས་དབྱེ་འབྱེད་ཇི་ལྟར་བྱེད་དམ། ཡང་དྲྭ་རྒྱར་རྒྱུས་མངའ་ཡོད་པ་དང་དེའི་ཐད་ཞིབ་འཇུག་བྱེད་མྱོང་བའི་མི་འགའ་ཞིག་གིས་དྲྭ་རྒྱའི་ཐོག་ནས་གཞན་གྱིས་དགོས་རྒུའམ་གྷཱུ་གྷལ་ Google ཁ་ཕྱེས་པ་དང་དེའི་གདོང་ངོས་ནས་རང་གི་དྲྭ་ཚིགས་སམ་དྲྭ་ལྗོངས་འཆར་བ་བཟོ་རྒྱུའི་ལྐོག་གཡོའམ་ངན་བྱུས་འདིང་བ་ཤེས་ཀྱི་ཡོད། དེ་ནི་ལྐོག་གཡོ་ཙམ་ཡིན། གདོང་ངོས་ཀྱི་གསར་འགྱུར་རམ་གནས་ཚུལ་དང་རྩོམ་ཡིག་དེ་ལེགས་ཤོས་ཡིན་པའི་ངེས་པ་མེད། དེ་ནི་ཧ་ཅང་དོ་གལ་ཆེན་པོ་ཞིག་རེད། དགོས་རྒུའམ་གྷཱུ་གྷལ་གྱི་འཚོལ་ཞིབ་བྱེད་སའི་ནང་གལ་ཏེ་ཁྱེད་ཀྱིས་ནང་ཆོས་ཞེས་བྲིས་ན། ནང་ཆོས་དང་འབྲེལ་བའི་རྩོམ་ཡིག་ས་ཡ་མང་པོ་མཐོང་རྒྱུ་ཡོད། དེར་བརྟེན་དེ་དག་ཚང་མ་དབྱེ་འབྱེད་ཇི་ལྟར་བྱེད་དགོས་སམ། གང་ཡིན་ཟེར་ན། དེ་དག་ལས་མང་དག་ཅིག་ནི་བེད་མེད་ཆོ་མེད་རྐྱང་ཡིན་སྲིད་ལ། ཡང་ཁ་ཤས་ཤིག་ཡིད་རྟོན་རུང་བ་དང་། ཁ་ཤས་ཡིད་རྟོན་མི་རུང་བ་དེ་འདྲ་ཡོད།

དང་པོ་ངོ་དེབ་སོགས་བརྒྱུད་རང་གིས་གང་བཏང་པ་དང་བསྐུར་བའི་བྱ་སྤྱོད་ཀྱི་ཀུན་སློང་ལ་ནང་པས་གལ་ཆེན་པོ་བརྩི་གི་ཡོད། ང་ཚོའི་ཀུན་སློང་གང་རེད་དམ། ཀུན་སློང་ནི་ནང་ཆོས་ཀྱིས་གལ་ཆེན་པོར་འཛིན་གྱི་ཡོད་ལ་དོ་སྣང་བྱེད་འོས་པ་ཞིག་ཡིན། གང་ཡིན་ཟེར་ན། དེ་ལ་རྣམ་པ་གཉིས་ཡོད། དང་པོ་ནི་ང་ཚོའི་དམིགས་ཡུལ་གང་རེད་དམ། སྲོལ་རྒྱུན་གྱི་ལམ་རིམ་ནང་བསྟན་པ་བཞིན། ང་ཚོས་བདེ་འགྲོའི་སྐྱེ་བ་ལེན་རྒྱུར་དམིགས་ཀྱི་ཡོད་དམ། ཐར་པ་འཐོབ་རྒྱུར་དམིགས་ཀྱི་ཡོད་དམ། ཡང་ན་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུར་དམིགས་ཀྱི་ཡོད་ཅེས་པ་ལྟ་བུ་རེད། གཉིས་པ་ནི་རྒྱུ་མཚན་འཚོལ་རྒྱུ་དེ་རེད། དམིགས་ཡུལ་དེ་སྒྲུབ་རྒྱུར་འབད་བརྩོན་བྱེད་པའི་རང་གི་བསམ་བློའི་རྒྱབ་ལྗོངས་ཀྱི་སེམས་ཚོར་དེ་གང་རེད་དམ། སྡུག་བསྔལ་དང་སྐྱེ་བ་ཡང་ནས་ཡང་དུ་ལེན་པར་ཞེན་ལོག་སྐྱེ་བའི་ངེས་འབྱུང་གི་བསམ་པ་དང་བཅས་ཐར་པ་དོན་དུ་གཉེར་བ་ཡིན་ནམ། ཡང་ན་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་ཀུན་སློང་དེ་སྙིང་རྗེ་དང་། བྱམས་པ། བྱང་ཆུབ་ཀྱི་སེམས་རེད་དམ། ཡང་ན་ངན་འགྲོར་འཇིགས་ནས་དེ་ལས་ཐར་པའི་ལམ་ཡོད་པ་ཤེས་ནས་བདེ་འགྲོའི་གོ་འཕང་དོན་གཉེར་བྱེད་པ་ཡིན་ནམ། དེ་ལྟའི་གནད་དོན་མང་པོ་ཡོད་པས། རྣམ་པ་གཉིས་ཡོང་བ་ཡིན། དེ་ལས་ཀྱང་དོ་སྣང་བྱེད་འོས་པ་ཞིག་ནི། ༼ནམ་རྒྱུན་དེར་བཀོད་མེད་༽ བསྒྲུབ་བྱའི་དམིགས་ཡུལ་དེ་གྲུབ་པའི་རྗེས་ག་རེ་བྱེད་རྩིས་ཡོད་དམ། ངའི་བསམ་པར། དེ་ཡང་ཀུན་སློང་གི་ཆ་ཤས་ཤིག་རེད། གལ་སྲིད་བྱང་ཆུབ་སེམས་ཀྱི་དམིགས་ཡུལ་དེ་གྲུབ་ན། ངཚོས་ག་ཚོད་ཐུབ་ཐུབ་ཀྱིས་གཞན་དོན་བྱེད་རྒྱུ་རེད། དེར་བརྟེན་ཐམས་ཅད་མཁྱེན་པ་འཐོབ་རྒྱུའི་དམིགས་ཡུལ་ཡོད་ན་བྱང་ཆུབ་སེམས་ཀྱིས་དེ་སྒྲུབ་པར་བྱེད།

གལ་སྲིད་ང་ཚོས་སོ་སོའི་གྲོགས་པོ་རྣམས་ཀྱི་ཆེད་དུ་ངོ་དེབ་དང་ཊུ་ཝི་ཊར། དྲྭ་ལྗོངས་སོགས་ཀྱི་ཐོག་ལ་གནས་ཚུལ་ག་རེ་ཁྱབ་སྤེལ་གཏོང་གི་ཡོད་ཀྱང་། ཀུན་སློང་ཡག་པོ་དགོས་རྒྱུ་གལ་ཆེན་པོ་རེད། ངས་དེ་ལྟར་ཁྱབ་སྤེལ་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་རིང་དགུང་ཟས་འདི་བཟས་པ་ཡིན། ང་འདི་ལ་དགའ་པོ་ཡོད་ཅེས་མི་ཚང་མར་བཤད་ན་ཁེ་ཕན་གང་ཡོད་པ་དང་དེས་དོན་དག་གང་སྒྲུབ་བམ། ཡང་ན་ངས་གཟུགས་མཐོང་བརྙན་འཕྲིན་བརྒྱུད་དེ་ལྟད་མོ་འདི་བལྟས་པ་ཡིན། ཡག་པོ་མི་འདུག་དང་ང་རང་དགའ་མ་སོང་ཞེས་བཤད་ན་ཕན་ཐོགས་ག་རེ་ཡོད་དམ། དམིཌ་ཡུལ་གང་རེད་དམ། དེ་ལྟར་བྱེད་པའི་དམིགས་དོན་གང་རེད་དམ། དེ་ལྟར་གནས་ཚུལ་ཁྱབ་སྤེལ་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་ལྟར་བྱས་ན་གཞན་ལ་ཕན་ཐོཌ་ག་རེ་ཡོང་གི་རེད་དམ། དེ་དག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། གལ་སྲིད་གནད་དོན་འདི་དག་གི་ཐད་མི་ཁ་ཅིག་ནང་ཆོས་ཀྱི་ཉམས་ལེན་ཡོད་མཁན་ཡིན་ན། དགུང་ཚིགས་གང་ཟས་མིན་གྱི་ཆོ་མེད་གཏམ་གླེང་གི་ཚབ་ཏུ་སྤྱི་ཚོགས་བརྒྱུད་ལམ་དེ་དག་ཕན་ཐོགས་གང་ཆེ་དང་དོན་སྙིང་ལྡན་པར་བཀོལ་སྤྱོད་བྱེད་ཐུབ།

སོ་སོའི་བསམ་ཚུལ་བརྗོད་པ།

འདིར་དེ་དག་གི་རྣམ་པའམ་ཁེ་ཕན་གཞན་ཞིག་ནི། དཔེར་ན། འཕྲུལ་སྒྲའམ་ཊུ་ཝི་ཊར་ལ་མཚོན་ན། མི་རྣམས་ཀྱིས་ཕ་རོལ་པོས་དགའ་དང་མི་དགའ་ལ་མི་ལྟོར་པར། སོ་སོའི་བསམ་བློའི་ནང་གང་ཡོད་པ་དེ་བརྗོད་ཐུབ། ངོ་དེབ་ཐོག་ནས་ “ང་འདི་ལ་དགའ་པོ་ཡོད་” དང་མེད་སོགས་ཆོ་མེད་གཏམ་གླེང་ནའང་། ཊུ་ཝི་ཊར་ཐོག་ནས་དེ་རིགས་ལ་ཡ་ལན་སུ་གཅིག་གིས་ཀྱང་བྱེད་ཀྱི་མེད། དེ་ཕན་ཐོགས་པོ་ཡོད། ལྷག་པར་དུ་གནད་དོན་ཞིག་ལ་རླུང་ལངས་པ་དང་ཁོང་ཁྲོ་བཟའ་ནས་སོ་སོའི་སེམས་གཏིང་དུ་ཉར་བའི་ཚོར་བ་རྣམས་ཕྱིར་འདོན་འདོད་པའི་སྐབས་ཕན་ཐོགས་ཆེ། གང་ཡིན་ཟེར་ན། སོ་སོར་གཞན་གྱིས་འཕྲལ་དུ་ཡ་ལན་གང་ཡང་མི་བྱེད། དེར་སྐྱོན་གྱི་ཆ་ནི་མི་རྣམས་ཀྱིས་ལོག་སྤྱོད་བྱེད་སྲིད་པ་དང་། གོང་ལྟར་ཞེ་སྡང་དང་དྲག་སྤྱོད་སློང་སྲིད།

དེར་བརྟེན་ཚང་མ་ཀུན་སློང་ལ་རག་ལས་ཡོད། བྱ་བ་གང་ཞིག་མ་བྱས་པའི་སྔོན་དང་སྐད་ཆ་གང་ཞིག་མ་སྨྲས་སྔོན་སོ་སོའི་ཀུན་སློང་ལ་བརྟག་ཞིབ་བྱེད་དགོས་པ་ནང་ཆོས་ཀྱིས་སློབ་ཀྱི་ཡོད། འབྲེལ་ལམ་གྱི་ཐབས་རྩལ་ཆ་ནས་བཤད་ན། འབྲེལ་བ་བྱ་ཡུལ་ཤེས་ཐབས་བྱེད་དགོས་པ་དང་ཐབས་མཁས་པོའི་ཐོག་ནས་འབྲེལ་བ་བྱེད་དགོས་ཚུལ་སློབ་ཀྱི་ཡོད། དེ་ནི་ཐབས་མཁས་པོ་བྱེད་ཚུལ་དེ་ཡིན། འབྲེལ་བ་དང་གཞན་ལ་རོགས་རམ་བྱེད་པའི་ཐབས་ལ་མཁས་པ་ཞིག་དགོས་རྒྱུ་དེ་ཡིན། དེའི་ཕྱིར་འབྲེལ་བ་བྱ་ཡུལ་གྱི་མང་ཚོགས་གལ་ཆེན་པོ་ཆགས་ཡོད། གལ་སྲིད་ང་ཚོས། “ང་མི་ཚེ་འདི་ལ་ཞེན་པ་གཏིང་ནས་ལོག་སོང་། མི་ཚེ་ཞེས་པ་འཇིགས་སུ་རུང་བ་ཞིག་འདུག་” ཅེས་སོགས་བརྗོད་པའི་ཚིག་གིས་གཞན་ལ་ཤུགས་རྐྱེན་གང་སྤྲོད་ཀྱི་ཡོད་དམ། དེ་ལྟར་བྲིས་ན་ཕན་ཐོགས་གང་ཡོད་དམ། མ་གཞི་སོ་སོའི་བསུན་གཙེར་དང་ཁོང་ཁྲོ་ཕྱིར་བརྗོད་པ་དེས་སེམས་ངལ་ཅུང་བཟོད་ཡངས་སུ་གཏོང་སྲིད་ཀྱང་། གཞན་ལ་ཕན་ཐོགས་ཅི་ཡང་མེད་པ་ནི་ངེས་པ་རེད། དེར་བརྟེན་གཞན་གྱིས་རྣམ་འགྱུར་དང་ཡ་ལན་སྟོན་ཕྱོགས་དང་འབྲེལ་བའི་ནང་པའི་ཉམས་ལེན་གྱིས་ང་ཚོ་གཅིག་པུ་ཆེད་དུ་མ་ཡིན་པར། གཞན་སུ་ཞིག་དོ་སྣང་ཡོད་མེད་དང་ཕན་ཐོགས་ཀྱི་ཡོད་མེད་ལ་མ་ལྟོས་པར་སེམས་ཅན་ཚང་མའི་ཁེ་ཕན་སླད་ལྟ་དགོས་པ་གསུང་གི་ཡོད།

འཕྲལ་དུ་གསར་འགྱུར་ཁྱབ་ཚད།

ཕན་ཡོན་གཞན་ཞིག་ནི། ཊུ་ཝི་ཊར་གྱིས་གསར་འགྱུར་བརྒྱུད་ལམ་གཞན་ནང་གསར་འགོད་ཁྱབ་བསྒྲགས་མ་བྱས་པའི་གསར་འགྱུར་འོས་པའི་གནས་ཚུལ་འགའ་འཕྲལ་དུ་ཤེས་སུ་འཇུག་གི་ཡོད། ལག་ཐོགས་ཁ་པར་དང་། པར་ཆས། ངོ་དེབ་ཐོག་ནས་གང་འབྱུང་བཞིན་པའི་གནས་ཚུལ་རྣམས་ཀྱི་འདྲ་པར་དང་བརྙན་པར་སོགས་ཁྱབ་སྤེལ་བྱེད་ཐུབ། དེར་བརྟེན་བེད་སྤྱོད་ཆེན་པོ་ཡོད། ལྷག་པར་དུ་དམག་འཁྲུག་དང་། ངོ་རྒོལ་སོགས་བྱུང་སའི་ས་ཁུལ་ཁག་པོ་དེ་ཚོའི་ནང་ཕན་ཐོགས་ཆེན་པོ་ཡོད། ཡང་ན་གསར་འགྱུར་རྩ་བ་ནས་མིན་པའི་གནད་དོན་དཔེར་ན། ནམ་རྒྱུན་གྱི་བྱུང་རྐྱེན་ཞེད་སྣང་ཅན་མིན་པར་གནས་ཚུལ་བཟང་བའི་རིགས་ཁྱབ་སྤེལ་གཏོང་བ་ལྟ་བུའོ།།

སྐྱོན་གྱི་ཆ་ནི་བརྒྱུད་ལམ་འདི་དག་ཆོ་མེད་པའི་གཏམ་གླེང་ཆེད་དུ་བེད་སྤྱོད་བྱེད་སྲིད། མི་རྣམས་ཀྱིས་ཆོ་མེད་པའི་གནས་ཚུལ་ལམ་འདྲ་པར་དེ་འདྲ་བཅུག་སྟེ་ཐ་ན་འཆལ་སྤྱོད་ཀྱི་འཁྲིག་སྦྱོར་དང་འབྲེལ་བའི་གཏམ་གླེང་བྱེད་པ་དང་འཚེ་བའི་རིགས་ལ་སྤྱོད་སྲིད། ནང་ཆོས་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སློབ་པ་དང་། དེ་ནི་ངའི་བསམ་པར་ནང་ཆོས་ཀྱི་ཉམས་ལེན་ནང་གི་གལ་ཆེན་པོ་དང་ཁྱད་ཆོས་གཙོ་བོ་ཞིག་ཡིན། ཤེས་རབ་དེས་མཐར་ཐུག་དངོས་པོའི་གནས་ལུགས་དང་རྟོག་པའི་འཆར་སྒོ་ལ་རྣམ་པར་འབྱེད་པ་ཙམ་མིན་པར། ང་ཚོ་ཇི་ལྟར་གནས་པ་དང་འཛམ་གླིང་གི་གནས་སྟངས་རྣམས་ང་ཚོའི་རྣམ་རྟོག་གིས་ཇི་ལྟར་བཏགས་པ་སོགས་ལེགས་ཉེས་དབྱེ་བ་འབྱེད་པ་དང་། འཇིག་རྟེན་གྲགས་པའི་ངོར་དོན་དང་ལྡན་པ་དང་མི་ལྡན་པ། གང་ཕན་ཐོགས་ཆེ་བ་དང་གང་གནོད་འཚེ་ཆེ་བ་སོགས་ཁྱད་པར་འབྱེད་ཀྱི་ཡོད། དེ་ནི་ང་ཚོས་རྒྱུད་ལ་སྦྱོང་དགོས་པའི་གལ་ཆེའི་ཐབས་རྩལ་ཞིག་ཡིན།

སེམས་ཞི་འཇམ་བཟོ་བའམ་རོལ་དབྱངས་ལ་བརྟེན་ནས་ནུས་ཤུགས་སྤེལ་བ།

མཐའ་མ་དེར་ཉན་བྱེད་འཕྲུལ་ཆས་ཨཱ་ཡེ་པོཌ་ ipod དང་འབྲེལ་བའི་ཁེ་ཕན་ཞིག་ནི་གླུ་གཞས་ཉན་རྒྱུ་དེ་རེད། སྦར་ལིན་དུ་ས་འོག་མེ་འཁོར་ནང་འགྲོ་བའི་སྐབས། མི་བརྒྱ་ཆ་བརྒྱད་བཅུ་ཙམ་གྱི་སོ་སོའི་རྣར་འཇུག་ཡོ་ཆས་བརྒྱུད་གཞས་ཉན་གྱིན་འདུག །རྒྱ་ལམ་དུ་འགྲོ་བ་སོགས་ག་དུས་ཡིན་ཀྱང་གཞས་ཉན་གྱིན་འདུག །དེར་བརྟེན་ཉན་བྱེད་འཕྲུལ་ཆས་ནས་གཞས་ཉན་པ་ནི་ཉིན་གཅིག་གི་ནང་གལ་ཆེན་པོ་ཞིག་ཆགས་ཏེ། སོ་སོས་གཞས་ག་རེ་ཉན་མིན་ལ་ལྟོས་ནས་སེམས་ངལ་གནོན་ཤུགས་ཆེན་པོ་ཡོད་པའི་མི་ཚོའི་སེམས་ནང་ངལ་གསོ་སྟེར་གྱི་ཡོད། ཡང་ན་གློག་རྡུལ་ཞབས་གཞས་འཁྲུག་པོ་དེ་འདྲ་ཉན་ནས་ཐང་ཆད་པ་དང་ཉོབ་ཏོ་ཆགས་སྐབས་ནུས་པ་སྤེལ་གྱི་ཡོད། དེར་བརྟེན་ཁེ་ཕན་ཡོད་པ་གསལ་པོ་རེད། འོན་ཀྱང་དེའི་སྐྱོན་གྱི་ཆ་ཆེ་ཁག་ནི་བསམ་བློ་གཏོང་རྒྱུར་འགོག་རྐྱེན་བཟོ་བ་དང་སེམས་ཞི་འཇམ་ཡོང་རྒྱུར་གང་ལ་གང་འཚམ་གྱི་བར་ཆད་བྱེད་ཀྱི་ཡོད།

མི་མང་པོ་ཞིག་ལ་འཇར་མན་སྐད་ཀྱི་ནང་ང་ཚོས་ ear worm ཞེས་འབོད་པ་དེ་ཡོད། དེའི་ཚིག་དོན་ལྟར་ན་ “རྣ་འབུ་” ཟེར་ཞིང་། དེའི་དོན་ངོ་མ་ནི་རང་སེམས་སུ་གཞས་སམ་དབྱངས་ཤིག་བསྐྱར་ཟློས་བྱས་ཏེ། དེ་འདོར་མི་ཐུབ་པར་ཉན་པ་དེ་ཡིན། དེར་བརྟེན་རྒྱུན་དུ་གཞས་ཉན་པས་བསམ་བློ་གཏོང་རྒྱུར་འགོག་རྐྱེན་བཟོ་གི་ཡོད་པ་སྨྲོས་ཅི་དགོས། དེར་བརྟེན་མི་ཚོས། “གལ་སྲིད་གནད་དོན་བྱེ་བྲག་པ་ཞིག་ལ་བསམ་བློ་གཏོང་དགོས་ཚེ། ང་རང་སེམས་ཞུམ་པའམ་སྐྱིད་པོ་མེད་པ་འགྱུར་ངེས། དེས་ན་བསམ་བློ་རྩ་ནས་གཏོང་འདོད་མེད།” ཅེས་ཟེར་གྱི་ཡོད། དེ་ལྟར་བྱེད་པས་རང་གི་སེམས་ཡར་རྒྱས་གཏོང་བར་ཕན་ཐོགས་ཅི་ཡང་མེད། རྟག་ཏུ་སེམས་འཁྲུགས་ནས་སྡོད་པ་ལས་སེམས་ཞི་འཇམ་ཞིག་ནམ་ཡང་མི་ཡོང་། སོ་སོའི་སེམས་རྒྱུད་ཡར་རྒྱས་གཏོང་བར། ངེས་པར་དུ་སེམས་ནང་གི་རྙོག་ཟིང་ཉུང་དུ་བཏང་ནས་དོན་དང་ལྡན་པའི་བྱ་བ་ཞིག་བྱ་རྒྱུར་ཐབས་ཤེས་བྱེད་དགོས།

ནང་ཆོས་ཀྱིས་རང་ཁྲིམས་སྲུང་སྟངས་སློབ་ཀྱི་ཡོད། རང་ཁྲིམས་ཇི་ལྟར་ཡར་རྒྱས་གཏོང་ངམ་ཞེ་ན། བསྐྱར་དུ་སོ་སོའི་སྤྱོད་ལམ་གྱི་ཁེ་ཕན་དང་སྐྱོན་གྱི་ཆ་ལ་བསམ་བློ་གཏོང་དགོས། དེ་ལྟར་བྱུང་ན་ང་ཚོས་དགོས་ངེས་ཅན་གྱི་སྐབས་འབའ་ཞིག་ལ་གཞས་ཉན་ནས་སེམས་ཞི་བར་གནས་ཏེ་སྒོམ་ཉམས་ལེན་བྱ་རྒྱུའི་རེ་བ་ཡོད། སྙིང་རུས་དང་ལྡན་པའི་བརྩོན་འགྲུས་དང་སྤྲོ་བའི་བརྩོན་འགྲུས་སྐོར་གོང་འཕེལ་གཏོང་སྐབས་ནང་ཆོས་ནས་ངལ་གསོའམ་བར་སེང་ག་དུས་འཇོག་དགོས་མིན་ཤེས་དགོས་ཚུལ་བསྟན། གལ་སྲིད་རང་གིས་རང་ལ་ཨུ་ཚུགས་ཚ་པོ་བྱས་ན། དེ་ནི་སྐྱོན་དང་གེགས་ཆེན་པོ་ཆཌ་སྲིད། དེར་བརྟེན་ངལ་གསོ་ག་དུས་རྒྱག་དགོས་པ་ཤེས་དགོས་པ་དང་། ལོག་སྤྱོད་བྱ་རྒྱུ་མེད། སོ་སོ་ཕྲུ་གུ་ནང་བཞིན་བྱས་ཏེ་རྟག་ཏུ་ངལ་གསོ་རྒྱག་ནས་སྡོད་རྒྱུ་མེད། ངལ་གསོ་འཁྱུག་ཙམ་བྱས་ཏེ་གཉེན་པོ་བསྟེན་ཐབས་བྱེད་དགོས་ཀྱང་། གཉེན་པོ་བསྟེན་མི་དགོས་པའི་དུས་ཀྱང་ཤེས་གལ།

ཚད་ངེས་ཅན་བཟོ་བ།

གླུ་གཞས་ཉན་པ་གཅིག་པུ་མིན་པར་བརྙན་འཕྲིན་ལྟ་བ་དང་། བརྙན་འཕྲིན་འོད་སྡེར་ཌི་ཝི་ཌི་ DVDs སོགས་ཀྱི་ཐོག་ལྟད་མོ་ལྟ་བ་ལའང་དེ་ལྟར་གཉེན་པོ་བསྟེན་དགོས། བརྒྱུད་ལམ་དེ་རིགས་ལ་ལང་ཤོར་ཐེབས་རྒྱུ་ལས་སླ་པོ་ཡོད། དུད་འགྲོ་ཞིག་དང་འདྲ་བར་དེས་ང་ཚོའི་དོ་སྣང་ཡོད་ཚད་འཕྲོག་ནས་བཀག་འགོག་བྱེད་དཀའ་མོ་ཆགས་ཀྱི་ཡོད། འོན་ཀྱང་ཕན་ཐོགས་སྲིད་པའི་ཐབས་ཇུས་ནི་དུས་ཚོད་ལ་ཚད་བཀག་ཅིག་བཟོ་དགོས། དཔེར་ན། ངས་ཆུ་ཚོད་ཕྱེད་ཀའི་རིང་བརྙན་འཕྲིན་ལྟ་བའམ་དྲྭ་རྒྱ་སྔོག་བཤེར་བྱེད་ཀྱི་ཡིན་སོགས་དུས་ཚོད་གང་རུང་གི་ཚད་བཟོ་དགོས་ཤིང་། དུས་ཡུན་རིང་ཐུང་གང་ཡིན་རུང་ཁྱད་པར་མེད།

བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་བྱ་རྒྱུའི་སྐོར་དེ་དོ་སྣང་བྱེད་འོས་པ་ཞིག་ཡོད། དགེ་བཤེས་དབང་ཆེན་ལགས་དང་མཉམ་དུ་འདིའི་སྐོར་བཀའ་མོལ་ཞིག་ཞུ་རྒྱུ་བྱུང་བ་ངས་དྲན་གྱི་འདུག ༼ཁོང་གི་སྐུ་ན་གཞོན་པའི་གླིང་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་རེད།༽ སྐབས་དེར་ཁོང་གིས། གཙོ་བོ་ནི་མཚམས་ཤིག་བཟོ་དགོས་ཞེས་གསུངས་སོང་། མི་འདྲ་མིན་ལ་མཚམས་དེའང་མི་འདྲ་བ་ཡོང་ངེས། གང་ཡིན་ཟེར་ན། གཞུང་མི་འདྲ་བ་དང་མཛད་པ་པོ་མི་འདྲ་བའི་དབང་གིས་སོ་སོས་མི་དགེ་བའི་སྤྱོད་ལམ་ཐད་ཀྱི་གོ་སྡུར་ལ་བལྟས་ན། འགྲེལ་བཤད་ཏོག་ཙམ་མི་འདྲ་བ་གནང་གི་ཡོད། དེར་བརྟེན་གནོད་བྱེད་མི་དགེ་བའི་སྤྱོད་ལམ་གང་ཡིན་པ་དང་མིན་པའི་མཚམས་དེ་ཅུང་མི་འདྲ་བ་ཡིན། དཔེར་ན། ལོག་གཡེམ་ལ་མཚོན་ན། དེའི་ལོ་རྒྱུས་ལ་བལྟས་ན། གཞུང་མི་འདྲ་བའི་ནང་འགྲེལ་བཤད་མི་འདྲ་བ་ཡོད། དེར་བརྟེན་དགེ་བཤེས་དབང་ཆེན་ལགས་ཀྱིས། “འདི་ཙམ་ཞིག་ངས་བྱེད་ཀྱི་ཡིན། འདི་ལས་མང་བ་བྱེད་ཀྱི་མིན། མཚམས་དེ་ལས་འདས་ནས་ངས་མི་བྱེད།” ཅེས་ས་མཚམས་ཤིག་དགོས་རྒྱུ་གལ་ཆེན་པོ་ཡིན་པར་གསུང་གི་ཡོད།

འདིའི་དགོས་དོན་ནི་གནས་སྟངས་དང་དངོས་པོ་འགའ་ཞིག་ནི་གནོད་གཞི་ཅན་དང་བར་ཆད་སོགས་གང་ཡིན་ལེགས་ཉེས་རྣམ་པར་འབྱེད་པའི་ཤེས་རབ་གོང་དུ་སྤེལ་རྒྱུ་དེ་རེད། སྐྱོན་ཆ་ཡོད་སྟབས་འདི་བྱེད་ཀྱི་མིན་ཅེས་གལ་སྲིད་ང་ཚོས་མཚམས་ཤིག་བཟོ་ཐུབ་ན། ས་མཚམས་ཆེ་ཆུང་ལ་མ་ལྟོས་པར། རང་གི་དགོས་པ་དང་ནུས་པ་སོཌ་ལ་ལྟོས་ནས་རྒྱུ་མཚན་ལྡན་པའི་མཚམས་ཤིག་བཟོ་དགོས། ཡང་གནད་དོན་དཀའ་ངལ་ཆེ་རིགས་ཡིན་ན། ས་མཚམས་དེ་དུས་ཡུན་ཐུང་ངུ་ཞིག་བཟོ་དགོས། བདུན་ཕྲག་གཅིག་རིང་དྲྭ་རྒྱ་ལ་ལག་པ་འཆང་གི་མིན་སོགས་གང་ཡིན་རུང་ཐག་གཅོད་ཅིག་བྱེད་དགོས། དེ་ནི་རང་གིས་བཟོས་པའི་ས་མཚམས་བྱེ་བྲག་དེའི་ནང་གནས་ཏེ་སྒྲིག་ལམ་ཡར་རྒྱས་གཏོང་གི་ཡོད། དེའང་རང་སྣང་གང་དྲན་ཐོག་ནས་ཁྲིམས་ལུགས་སམ་དཔོན་རིགས་སོགས་ཀྱི་བཙན་ཤེད་སོགས་ཀྱི་དབང་དུ་མ་སོང་བར། སོ་སོའི་རྣམ་དཔྱོད་དང་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་ལེགས་ཉེས་དབྱེ་བ་འབྱེད་དགོས། འདི་བྱེད་ཀྱི་མིན། གང་ཡིན་ཟེར་ན། འདིས་རང་གཞན་ཚང་མར་སྡུག་བསྔལ་དང་དཀའ་ངལ་བཟོ་ངེས་ཡིན་པ་ཤེས་དགོས། གལ་སྲིད་ང་ཚོས་ས་མཚམས་ཤིག་རྒྱུན་འཛིན་ཐུབ་ན། དགོས་པའི་དབང་གིས་རིམ་པས་དམ་དུ་དམ་དུ་གཏོང་ཆོག །དེ་ལྟར་གདོང་ལེན་ག་འདྲ་ཞིག་བྱེད་པ་དང་དཀའ་ངལ་ག་འདྲ་ཞིག་འཕྲད་ཀྱང་། ས་མཚམས་བཟོ་དགོས་ངེས་ཡིན།

དེ་བཞིན་ལང་དུ་ཤོར་སླ་བའི་དེང་དུས་ཀྱི་འཕྲུལ་ཆས་སོགས་བེད་སྤྱོད་གཏོང་སྟངས་མཁས་པོ་བྱས་ན་ཕན་ཐོགས་ངེས་ཅན་ཞིག་ཡོད། གལ་སྲིད་རང་ངོས་ནས་ཚོད་འཛིན་ཐུབ་ན་འཕྲུལ་ཆས་དེ་དག་སྡུག་ཅག་གང་ཡང་མིན། འོ་ཀྱང་སོ་སོའི་ངོས་ནས་དེ་དག་གི་སྐྱོན་གྱི་ཆ་རྣམས་ཤེས་དགོས། གལ་ཏེ་དེ་དག་གི་སྐྱོན་དང་བེད་སྤྱོད་ཀྱི་ཚད་དེ་ཤེས་ན། དངོས་གནས་ཕན་ཐོགས་ཡོད་པའི་སྐབས་སུ་བེད་སྤྱོད་བྱེད་དགོས་ཤིང་། དོན་སྙིང་ལྡན་པ་ཞིག་ལ་སྤྱོད་ཐབས་བྱེད་དགོས། དཔེར་ན། ཉན་བྱེད་འཕྲུལ་ཆས་ཨཱ་ཡེ་པོཌ་ལྟ་བུར་མཚོན་ན། དེ་དག་བརྒྱུད་ནས་གཞས་རྐྱང་རྐྱང་ཡང་ནས་ཡང་དུ་ཉན་པ་དང་། གཞས་གཅིག་རྫོགས་རྗེས་གཞན་ཞིག་འཚོལ་བ་སོགས་མི་བྱེད་པར། དེའི་ཚབ་ཏུ་གསུང་ཆོས་ཉན་རྒྱུ་དང་ནང་ཆོས་ཉན་རྒྱུར་བེད་སྤྱོད་བཏང་ནས་ཕན་ཐོགས་ཡོད་པ་ཞིག་བྱེད་ཐུབ། དེ་ལས་དོན་སྙིང་ཆེ་བ་ཞིག་ལ་སྤྱོད་ཐབས་བྱེད་དགོས།

འདི་དག་ནི་འཛམ་གླིང་ནང་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་གང་ཞིག་ངས་ཁྱེད་རང་ཚོར་ཞུ་འདོད་པའི་ང་རང་གི་བསམ་ཚུལ་ཙམ་ཡིན། གང་ཡིན་ཟེར་ན། གལ་སྲིད་ང་ཚོས་ནང་པའི་ཆོས་འདི་གཞན་ཕན་གྱི་ཆེད་དུ་འོས་འཚམ་གྱི་སྒོ་ནས་གཞན་གྱིས་ལོངས་སྤྱོད་ཐུབ་པ་དང་སྙོབ་ཐུབ་པའི་ཆེད་འབད་བརྩོན་བྱེད་ཀྱི་ཡོད་ན། དེང་སང་འཛམ་གླིང་ནང་འབྱུང་བཞིན་པའི་གནས་ཚུལ་ལ་རྒྱུས་མངའ་བྱེད་རྒྱུ་དང་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། འཛམ་གླིང་ནི་དེང་དུས་ཀྱི་སྤྱི་ཚོགས་བརྒྱུད་ལམ་དང་མཉམ་དུ་འགྱུར་ལྡོག་ཧ་ཅང་མྱུར་པོ་དང་གལ་གནད་ཆེན་པོའི་སྒོ་ནས་འགྲོ་གི་ཡོད་པས། ནང་ཆོས་ཀྱི་ངོས་ནས་སྤྱི་ཚོགས་ཀྱི་འཕེལ་རིམ་ནང་རོགས་རམ་དང་ལེགས་སྐྱེས་ཇི་ལྟར་འབུལ་ཐུབ་མིན་ཐད་ང་ཚོས་དོ་ཁུར་གྱིས་བརྗོད་དགོས་ངེས་སུ་མཐོང་།།

Top