ནང་ཆོས་ནང་གི་བུད་མེད། དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ།

གནའ་སྔ་མོའི་དུས་ལ། ཕོ་མོའི་དབྱེ་བ་དེ་ཕལ་ཆེར་དེ་ཙམ་གལ་ཆེན་པོ་མ་རེད། ཡིན་ན་ཡང་། འགྲོ་བ་མིའི་དཔལ་ཡོན་ཡར་རྒྱས་སོང་བ་དང་མཉམ་དུ་སྤྱི་ཚོགས་ཁག་ཕྱིའི་དགྲ་ལས་སྲུང་སྐྱོབ་ཡོང་བའི་ཆེད་སྟོབས་ཤུགས་དང་དབང་ཐང་གིས་ལས་དོན་ཧ་ཅང་གལ་ཆེན་པོ་བསྒྲུབས་ཡོད། དེའི་རྗེས་འབྲས་སུ་སྐྱེས་པ་ཕོ་ཚོ་ཕྱིའི་ལུས་སྟོབས་ཀྱི་ཆ་ནས་སྟོབས་ཤུགས་ཆེ་བ་ཡོད་པར་བརྟེན་གཙོ་བོར་གྱུར་བ་རེད། དུས་ཕྱིས་སུ་ཤེས་ཡོན་དང་རྣམ་དཔྱོད་གཉིས་ཀྱིས་ཕྱིའི་ལུས་སྟོབས་ལས་གཙོ་གནས་ཆེ་བའི་ལས་དོན་བསྒྲུབས་ཡོད་པར་བརྟེན། དེའི་ཐོག་ནས་བཤད་ན། ཕོ་མོ་གཉིས་ལ་ཁྱད་པར་གང་ཡང་མེད། འོན་ཀྱང་དེང་སང་དུས་སུ་བྱམས་བརྩེ་དང་ཚོར་བ་འདྲེན་ནུས་ཀྱི་སེམས་བཟང་གཉིས་ཀྱིས་རྩོད་རྙོག་ཁག་དང་དཀའ་ངལ་མང་པོ་སེལ་བར་མེད་དུ་མི་རུང་བའི་ནུས་པ་ཐོན་གྱི་ཡོད། ཁྱད་ཆོས་དེ་གཉིས་བེད་སྤྱོད་བྱས་ཏེ་ཤེས་ཡོན་དང་རྣམ་དཔྱོད་གཉིས་ལ་སྟངས་འཛིན་བྱས་ནས། དེ་གཉིས་འཇུག་འབྲས་ངན་པའི་རིགས་ཀྱི་དོན་དུ་བེད་སྤྱོད་མི་གཏོང་བའི་སྔོན་འགོག་བྱེད་དགོས། དེ་འདྲ་ཡིན་ཙང། བུད་མེད་ཚོས་ནུས་པ་གཙོ་བོ་ཐོན་ཐུབ་པ་ངེས་པར་དུ་བྱེད་དགོས། བུད་མེད་ཚོ་རང་བཞིན་གྱིས་བརྩེ་སེམས་དང་སེམས་བཟང་གི་ཁྱད་ཆོས་དེ་གཉིས་སྐྱེས་པ་ཕོ་ལས་སྐྱེ་སླ་བ་ཡོད། དེའི་རྒྱུ་མཚན་ནི་ཕལ་ཆེར་སྐྱེ་དངོས་རིག་པའམ་ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ཡིན་པ་རེད། འདི་ནི་བུད་མེད་ཚོས་རང་གི་མངལ་ནང་དུ་ཕྲུ་གུ་འཁྱེར་བ་དང་གསར་དུ་སྐྱེས་པའི་ཕྲུ་གུ་མ་འབྱར་ཚོར་ལྟ་སྐྱོང་བྱེད་མཁན་གཙོ་བོ་དེ་ཡིན་པ་ལ་བརྟེན་ནས་ཡོང་གི་ཡོད།

ལུས་སྟོབས་ཀྱི་ཆ་ནས་སྐྱེས་པ་ཕོ་ཚོ་བཙན་ཤུགས་ཀྱི་སྤྱོད་ལམ་དང་ལྡན་པ་ཞིག་ཡོད་པར་བརྟེན། སྲོལ་རྒྱུན་དམག་འཁྲུག་གི་བྱེད་ལས་རྣམས་ཁོང་ཚོས་གཙོ་བོ་བྱས་ཡོད། ཕྱོགས་གཞན་ཞིག་ནས་བུད་མེད་ཚོ་སེམས་འཁུར་དང་གཞན་གྱི་སྡུག་བསྔལ་དང་ན་ཟུག་ལ་ཚོར་བ་རྣོན་པོ་ཡོད། སྐྱེ་བོ་ཕོ་མོ་གཉིས་ཀར་བཙན་ཤུགས་དང་སེམས་བཟང་པོ་བྱེད་པའི་ནུས་པ་གཅིག་མཚུངས་ཡོད་མོད་ཀྱང་། རང་རང་སོ་སོས་ལས་སླ་པོའི་ཐོག་སྟོན་ཐུབ་ལོད་ཀྱི་ཆ་ནས་ཁྱད་པར་ཡོད། དེ་འདྲ་སོང་ཙང་། གལ་སྲིད་འཛམ་གླིང་ནང་ཡོད་པའི་དབུ་ཁྲིད་ཕལ་ཆེ་བ་བུད་མེད་ཡིན་ན། བུད་མེད་འགའ་ཤས་བསྟུན་ཁག་པོ་ཡོད་ཀྱང་། སྤྱི་ཡོངས་ནས་བཤད་ན། འཛམ་གླིང་ནང་དམག་འཁྲུག་གི་ཉེན་ཁ་ཆུང་བ་ཡོད་པ་དང་འཛམ་གླིང་གི་གནད་དོན་ཁག་གི་ཐོག་ལ་མཉམ་ལས་མང་བ་ཡོང་ཐུབ་སྲིད་པ་རེད། རང་གི་ངོས་ནས་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཚོ་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། འོན་ཀྱང་ཁོང་ཚོའི་ངོས་ནས་སྐད་འབོད་རྒྱག་པ་གཅིག་པུ་ཙམ་མ་ཡིན་པར། ངེས་པར་དུ་ནུས་ཤུགས་བཏོན་ནས་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཞབས་འདེགས་སྒྲུབ་ཐུབ་པ་བྱེད་དགོས།

སྐབས་རེ་ཆོས་ལུགས་ནང་སྐྱེས་པ་ཕོ་ཚོ་གལ་གནད་ཆེ་བ་བརྩི་ཡི་ཡོད། ཡིན་ནའང་ནང་ཆོས་ནང་སྡོམ་པ་མཐོ་ཤོས་རིགས། དཔེར་ན། དགེ་སློང་གི་སྡོམ་པ་དང་དགེ་སློང་མའི་སྡོམ་པ་དེ་གཉིས་ལ་མཚོན་ན། ཕོ་མོ་གཉིས་ཀ་གཅིག་མཚུངས་ཡིན་པ་དང་ཐོབ་ཐང་ཁག་གཅིག་པ་ཡོད། འདི་ནི་གནས་སྟངས་འགའ་ཤས་ནང་སྤྱི་ཚོགས་ཀྱི་ལུགས་སྲོལ་གཞིར་བཟུང་དགེ་སློང་ཚོས་ཆོས་ཀྱི་ཆོ་གའི་གནས་འགའ་ཤས་ནང་སྔོན་ལ་ཕེབས་སྲོལ་ཡོད་ཀྱང་དེ་ལྟར་རེད། འོན་ཀྱང་སངས་རྒྱས་ཀྱིས་གཞི་རྩའི་ཐོབ་ཐང་ཁག་དགེ་འདུན་གྱི་ཚོགས་ཕོ་མོ་གཉིས་ཀར་གཅིག་མཚུངས་སུ་གནང་ཡོད། དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱེད་དགོས་མིན་གྱི་གནད་དོན་ཐོག་ལ་བགྲོ་གླེང་བྱས་ནས་ཕན་ཐོགས་གང་ཡང་མེད། དྲི་བ་དེ་གང་རེད་ཟེར་ན། འདུལ་བའི་ལུགས་དང་མཐུན་པའི་ཐོག་ནས་གང་འདྲ་ཡོང་ཐུབ་པ་བྱེད་དགོས་པ་རེད།

མཁན་ཆེན་ཞི་བ་འཚོས་བོད་ནང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་གི་སྡོམ་པ་ཐོག་མར་ངོ་སྤྲོད་གནང་ཡོད། འོན་ཀྱང་། ཁོང་གི་སྡེ་ཁག་ནང་ཡོད་པའི་མི་ཚང་མ་སྐྱེས་པ་ཕོ་ཤ་སྟག་རེད། དགེ་སློང་མའི་སྡོམ་པའི་ཆེད་དུ་དགེ་འདུན་གྱི་ཚོགས་ཕོ་མོ་གཉིས་ཀ་དགོས་པར་བརྟེན། ཁོང་གིས་དགེ་སློང་མའི་སྡོམ་རྒྱུན་ངོ་སྤྲོད་གནང་ཐུབ་མེད། རྗེས་ཀྱི་ལོ་རབས་ནང་། བོད་ཀྱི་བླ་མ་འགའ་ཤས་ཀྱིས་རང་གི་ཨ་མར་དགེ་སློང་མའི་སྡོམ་པ་འབོག་འཇོག་གནང་ཡོད། འོན་ཀྱང་འདུལ་བའི་ལྟ་ཚུལ་ངོས་ནས་བཤད་ན། དེ་དག་ནི་སྡོམ་པ་འབོག་འཇོག་ཚད་ལྡན་མ་རེད། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་རང་གི་ངོས་ནས་ཨ་ནེའི་དགོན་པ་ཕལ་ཆེ་བའི་ཤེས་ཡོན་གྱི་ཆུ་ཚད་དེ་དགེ་འདུན་གྱི་དགོན་པའི་ཆུ་ཚུད་ལ་སླེབས་ཐུབ་དགོས་པ་ཚོར་བྱུང་། རང་གི་ངོས་ནས་དེ་དུས་ཁྲིམས་གཞི་གཏན་འབེབས་བྱས་པ་ལ་བརྟེན་ནས་ད་ཆ་ང་ཚོར་བཙུན་མའི་ནང་དུ་ཤེས་ཡོན་ཅན་དང་མཁས་པ་མང་པོ་ཐོན་ཐུབ་པ་བྱུང་ཡོད། འོན་ཀྱང་དགེ་སློང་མའི་སྡོམ་རྒྱུན་སླར་གསོའི་ཐད་ལ་ང་གཅིག་པུས་ཐག་གཅོད་མི་ཐུབ། དྲི་བ་འདི་འདུལ་བའི་ལུགས་དང་མཐུན་པའི་ཐོག་ནས་ཐག་གཅོད་བྱེད་དགོས།

བརྙན་པར། མཁའ་འགྲོ་རིན་པོ་ཆེ། “བུད་མེད་དགེ་བའི་བཤེས་གཉེན་ཧ་ཅང་ཉུང་བའི་རྒྱུ་མཚན་གང་ཡིན་ནམ།”

ད་ཆ་གནད་དོན་དེའི་སྐོར་ལ་ང་ཚོས་ནང་པའི་སྲོལ་རྒྱུན་གཞན། དཔེར་ན། རྒྱ་ནག་དང་། ཀོ་རི་ཡ་ (Korea) ། ཝི་ཊེ་ནམ་ (Vietnam) གྱི་ནང་པའི་སྲོལ་རྒྱུན་ཁག་དང་བགྲོ་གླེང་བྱེད་པའི་གོ་སྐབས་ཡོད། ཁོང་ཚོར་ད་དུང་ཡང་དགེ་སློང་མའི་སྡོམ་པ་འབོག་འཇོག་གནང་སྲོལ་ཡོད། ཆོས་སྲུང་སྡེ་པའི་སྡོམ་རྒྱུན་གྱི་སྲོལ་རྒྱུན་བཞིན་བོད་ཀྱི་བུད་མེད་ཉི་ཤུ་རྩ་བཞི་ཡས་མས་ཙམ་གྱིས་དགེ་སློང་མའི་སྡོམ་པ་འབོག་འཇོག་གནང་ཟིན་ཡོད། ད་ཆ་སུས་ཀྱང་ཁོང་ཚོ་དགེ་སློང་མ་མིན་ཞེས་ཤོད་མི་ཐུབ།

འདས་པའི་ལོ་སུམ་ཅུ་ཙམ་གྱི་ནང་། ང་ཚོས་གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་ཆོས་སྲུང་སྡེ་པའི་ལུགས་ཀྱི་འདུལ་བའི་མདོ་ཁག་ལ་ང་ཚོས་ཉམས་ཞིབ་བྱེད་བཞིན་ཡོད། འདུལ་བ་ནི་ལེགས་སྦྱར་གྱི་སྲོལ་རྒྱུན་དེ་གཉིས་དང་པཱ་ལིའི་སྲོལ་རྒྱུན་གྱི་ནང་དུའང་ཡོད་པ་སོང་ཙང་། འདུལ་བའི་སྲོལ་རྒྱུན་གསུམ་པོ་དེ་དག་གི་དགེ་འདུན་གྱི་ཚོགས་ཕོ་མོ་ནང་གི་རྒན་རབས་རྣམས་མཉམ་དུ་འཛོམས་ནས་གནད་དོན་དེའི་སྐོར་གྲོས་སྡུར་དང་ཉམས་མྱོང་སྤེལ་རེས་བྱས་ན་ཕན་ཐོགས་ཆེན་པོ་ཡོད། ཤྲཱི་ལངྐའི་ནང་དགེ་སློང་མའི་སྡོམ་རྒྱུན་སྔ་ས་ནས་སླར་གསོ་བྱས་ཟིན་པ་དང་། ཐེ་ལན་ཌིའི་ནང་དུ་དེ་ལྟར་ཡོང་ཐུབ་པའི་འདུན་པ་ཡོད། ད་དུང་ཡང་མུ་མཐུད་ཉམས་ཞིབ་བྱས་ན་ཉིན་གཅིག་ང་ཚོས་མཁན་ཆེན་ཞི་བ་འཚོས་གནང་མ་ཐུབ་པར་ཆད་ལྷག་ལུས་པའི་གནས་ལ་ཁ་གསབ་བྱེད་ཐུབ། འོན་ཀྱང་མི་གཅིག་གིས་གནད་དོན་དེ་ཐག་གཅོད་བྱེད་པའི་དབང་ཚད་ང་ལ་མེད། དེ་ལྟར་བྱས་ན། འདུལ་བའི་འགྲོ་ལུགས་དང་མཐུན་གྱི་མ་རེད། ངས་བྱེད་ཐུབ་པ་ནི་དེའི་སྐོར་ལ་ཉམས་ཞིབ་འགོ་འཛུགས་ཡོང་ཐུབ་པ་བྱེད་རྒྱུ་དེ་རེད།

ང་ཚོ་ཚང་མས་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡོམ་པ་ཐོབ་མཁན་གྱི་བོད་པ་དང་ནུབ་ཕྱོགས་པ་ཚོ་ཆོས་སྲུང་སྡེ་པའི་དགེ་སློང་མ་ཚང་མར་ཁས་ལེན་དང་ངོས་འཛིན་བྱེད་ཀྱི་ཡོད། འདི་གནད་དོན་ཞིག་མ་རེད། གནད་དོན་འདི་གང་རེད་ཟེར་ན། གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་མདོ་དང་མཐུན་པའི་ཐོག་ནས་སྡོམ་པ་འབོག་འཇོག་གི་ཐབས་ལམ་ཞིག་འཚོལ་ཐུབ་པ་བྱེད་རྒྱུ་དེ་རེད། འདིར་སངས་རྒྱས་དངོས་སུ་སྐུ་འཚོ་བཞུགས་ཡོད་པ་ཞིག་ལ་བཀའ་འདྲི་ཞུ་དགོས་པའི་གནད་དོན་འདྲ་པོ་ཆགས་ཡོད། གལ་སྲིད་ང་སངས་རྒྱས་ཡིན་ན། ངས་གནད་དོན་དེ་ཐག་གཅོད་བྱེད་ཐུབ། འོན་ཀྱང་ང་དེ་འདྲ་ནི་མ་རེད། ང་རང་སངས་རྒྱས་མིན་པ་དང་། ངས་གནད་དོན་འགའ་ཤས་ཀྱི་ཐད་ལ་སྲིད་དབང་སྒེར་འཛིན་པ་ཞིག་ཡིན་པ་ལྟར་བྱས་ན་ཆོག་ཀྱང་། འདུལ་བ་དང་འབྲེལ་བའི་གནད་དོན་ཐད་ལ་དེ་ལྟར་བྱེད་མི་ཐུབ། རང་གི་ངོས་ནས་ཆོས་སྲུང་སྡེ་པའི་ལུགས་ལྟར་སྡོམ་པ་འབོག་འཇོག་བྱས་ཡོད་པའི་བོད་པའི་དགེ་སློང་མ་ཚོ་མཉམ་དུ་ཚོ་ཁག་ནང་འཛོམས་ནས། དགེ་འདུན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གསུམ་ ༼གཞི་གསུམ་གྱི་ཆོ་ག་༽ ལག་བསྟར་གྱི་སྲོལ་འགོ་འཛུགས་བྱེད་ཐུབ། [བྱེད་སྒོ་དེ་གསུམ་པོ་ནི། གསོ་སྦྱོང་དང་། དབྱར་སྦྱོར་རམ་དབྱར་གནས། དགག་དབྱེ་བཅས་གསུམ་རེད།] འོན་ཀྱང་སྡོམ་རྒྱུན་སླར་གསོའི་ཆོ་གའི་ཐོག་ནས་བཤད་ན། འདི་ནི་གནད་དོན་མི་འདྲ་བ་ཞིག་རེད། རང་གི་ངོས་ནས་འདི་འདྲ་ཡོང་བའི་རེ་བ་ཡོད་ཀྱང་། དགེ་འདུན་པ་རྒན་པ་ཚོ་དང་བསམ་ཚུལ་གཅིག་མཐུན་དགོས་ཀྱི་ཡོད། ཁོང་ཚོའི་ནང་ནས་འགའ་ཤས་ཀྱིས་དེ་ལ་འགོག་རྒོལ་ཤུགས་ཆེ་བསྐྱོན་གནང་སོང་། འདིར་ཚང་མའི་ངོས་ནས་མང་མོས་ཀྱི་ཐག་གཅོད་ཅིག་བྱུང་མེད་པས། དཀའ་ངལ་དེ་རེད། ཡིན་ནའང་། ངས་ཆོས་སྲུང་སྡེ་པའིདགེ་འདུན་གྱི་ཆོ་ག་གསུམ་ ༼གཞི་གསུམ་གྱི་ཆོ་ག་༽ གྱི་འགྲེལ་ཚུལ་ལ་རན་པོ་ཡོད་པའི་གཞུང་ཁག་རྒྱ་ཡིག་ནས་བོད་ཡིག་ནང་འཕྲལ་དུ་ཡིག་སྒྱུར་བྱེད་ཐུབ། དེ་ལ་སུས་ཀྱང་དགག་པ་རྒྱག་མི་ཐུབ།

ཕྱོགས་གཞན་དག་དེ་ཚོ་ལ་ང་ཚོས་གོ་བསྡུར་མང་ཙམ་བྱེད་དགོས། ནང་བསྟན་གྱི་སྲོལ་རྒྱུན་ཁག་གཞན་ནས་ཡིན་པའི་དགེ་འདུན་རྣམས་ནས་རྒྱབ་སྐྱོར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སོང་ཙང་། ཚོགས་འདུ་འདི་བྱ་བའི་རྒྱུད་རིམ་ནང་ཕན་ཐོགས་ཡོད་པ་ཞིག་རེད། དེའི་གོམ་པ་གཉིས་པའི་ཚོད་དུ་ང་རང་ངོས་ནས་རྒྱལ་སྤྱིའི་དགེ་འདུན་པ་རྒན་རབས་ཚོ་ཁག་འདི་ག་རྒྱ་གར་མགྲོན་འབོད་ཞུ་རྒྱུ་ཡིན། ཁོང་རྣམ་པ་ཚོས་གནད་དོན་འདི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ཡོང་རྒྱུར་དགག་པ་རྒྱག་མཁན་གྱི་བོད་མི་རྒན་གྲས་བསམ་བློ་གུ་དོག་པོ་གཏོང་མཁན་ཚོ་དང་བགྲོ་གླེང་བྱེད་དུ་འཇུག་དགོས།

གལ་སྲིད་སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་ཡོད་ན། ཁོང་གིས་དེ་ལ་བཀའ་འཁྲོལ་གནང་རྒྱུ་ཡིན་པ་ངེས་པ་རེད། འོན་ཀྱང་ངས་སངས་རྒྱས་ཀྱི་ཚབ་བྱེད་མི་ཐུབ། གཞན་ཡང་དགེ་འདུན་གྱི་སྡེ་བོད་ནང་དུས་རབས་བརྒྱད་པ་ནས་ཡོད་མོད་ཀྱང་། ང་ཚོའི་ནང་དགེ་སློང་མས་དགེ་འདུན་གྱི་ཆོ་ག་གསུམ་ལག་བསྟར་བྱེད་མཁན་བྱུང་མྱོང་མེད། ད་འདི་འདྲ་ཡོང་གི་རེད། འོན་ཀྱང་སྡོམ་པ་འབོག་འཇོག་གི་སྐོར་ལ་ཐག་གཅོད་བྱ་རྒྱུ་ཕྲན་བུ་སྔ་དྲགས་པ་རེད།

འདི་ལོ་དགེ་སློང་མས་དགེ་འདུན་གྱི་ཆོ་ག་གསུམ་པོ་འགོ་འཛུགས་བྱེད་རྒྱུ་ཕལ་ཆེར་ཁག་པོ་རེད། འོན་ཀྱང་ལོ་རྗེས་མ་ནས་ང་ཚོས་འགོ་འཛུགས་བྱེད་ཐུབ་རྒྱུ་ངེས་པ་རེད། དགེ་སློང་མའི་སོ་ཐར་གྱི་སྡོམ་པའི་ གཞུང་སྔ་ས་ནས་རྒྱ་ཡིག་ནས་བོད་ཡིག་ནང་ཡིག་སྒྱུར་བྱས་ཟིན་ཡོད། གཞུང་དེ་ལ་ཤོག་གྲངས་སུམ་ཅུ་བཞི་བཅུ་ཙམ་ཡོད། བོད་ཀྱི་ཆོས་སྲུང་སྡེ་པའི་དགེ་སློང་མ་ཚོས་གཞུང་དེ་སེམས་ལ་ངེས་ཐུབ་པ་བྱེད་དགོས། འོན་ཀྱང་དགེ་འདུན་གྱི་ཆོ་ག་གསུམ་ ༼གཞི་གསུམ་གྱི་ཆོ་ག་༽ གྱི་ཆོ་གའི་གཞུང་དངོས་ད་དུང་ཡིག་སྒྱུར་བྱེད་རྒྱུ་ལྷག་ཡོད།

བོད་ཀྱི་བཙུན་མ་ཚོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མ་ནང་བཞིན་སྡོམ་པ་འབོག་འཇོག་ལ་རེ་བ་བྱས་ན་འགྲིག་ཀྱང་། ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡོམ་པ་འབོག་འཇོག་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞིག་ཡིན་པ་ལྟར་ཁས་ལེན་བྱེད་མི་རུང་། གལ་སྲིད་འདི་གཉིས་ཕན་ཚུན་བརྗེ་ལེན་རུང་བ་ཞིག་ཡིན་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བོད་ནང་དགེ་འདུན་ཕལ་ཆེན་པའི་དགེ་སློང་གི་སྡོམ་པ་འབོག་འཇོག་མི་གནང་བའི་འབོད་སྐུལ་ཞུས་པ་ལ་དགོས་པ་རྒྱུ་མཚན་མེད་པ་རེད། [དུས་རབས་བཅུ་གཅིག་གི་འགོ་སྟོད་ལ། རྒྱལ་པོ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་ཞུས་པའི་སྐབས། ཁོང་གི་པོ་པོ་རྒྱལ་པོ་ཡེ་ཤེས་ཡོད་ཀྱིས་སྔོན་ནས་ཁོང་གི་རྒྱལ་ཕྲན་ནང་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་གི་སྡོམ་པ་བསྐྱར་གསོ་ཡོང་ཐབས་སུ་སྦྱིན་བདག་གནང་ནས། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་བོད་ལ་གདན་འདྲེན་ཞུས་ཏེ་བསྐྱར་གསོ་གནང་ཟིན་པ་རེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་དགེ་འདུན་ཕལ་ཆེན་པའི་དགེ་སློང་གི་སྡོམ་པ་མི་གནང་བའི་རེ་སྐུལ་ཞུས་ཡོད། གང་ཡིན་ཟེར་ན། དེ་ལྟར་གནང་ཡོད་ན། བོད་ནང་འདུལ་བའི་སྡོམ་རྒྱུན་མི་འདྲ་བ་གཉིས་ངོ་སྤྲོད་བྱས་པ་ཆགས་ཀྱི་ཡོད།]

གཞན་ཡང་། གལ་སྲིད་ཆོས་སྲུང་སྡེ་པའི་སྡོམ་པ་འབོག་འཇོག་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་པ་འབོག་འཇོག་ཅིག་ཡིན་ན། དེ་ནས་གནས་བརྟན་སྡེ་པའི་ལུགས་ཀྱི་སྡོམ་པ་འབོག་འཇོག་དེའང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་པ་འབོག་འཇོག་ཅིག་ཡིན་དགོས་པས། དེ་ནི་ཁུངས་ལུང་མེད་པ་ཞིག་རེད། ང་ཚོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་དང་ཡང་དག་པ་མཐུན་པའི་ཐོག་ནས་བསྐྱར་གསོ་བྱེད་དགོས་ཀྱི་ཡོད།

འདི་ལོའི་དགུན་དུས་ལ། ཚོགས་འདུ་འདི་འདྲ་པོ་ཞིག་ད་རེས་རྒྱ་གར་གྱི་ས་གནས་རྡོ་རྗེ་གདན་དང། ཝཱ་ར་ཎཱ་སི། ཡང་ན་ལྡི་ལིར་ཚོགས་ཐུབ་པའི་འབད་བརྩོན་གནང་དགོས། ཧམ་བྷུརྒ་ (Hamburg) གི་ཚོགས་འདུ་འདི་ལ་བཅར་མཁན་གྱི་རྒྱལ་སྤྱིའི་དགེ་འདུན་རྒན་པ་རྣམས་ཀྱི་སྟེང་དུ། ང་ཚོས་བོད་པའི་དགེ་འདུན་གྱི་སྡེའི་དབུ་འཁྲིད་གཙོ་བོ་ཁག་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་མཁན་པོ་ཚང་མ། གཅིག་བྱས་ན་བོན་པོའི་དབུ་འཁྲིད་ཀྱང་གདན་ཞུ་གནང་དགོས། བོན་པོ་ཚོར་ད་དུང་དགེ་སློང་མ་ཡོད། དེ་བཞིན་ང་ཚོ་ཚང་མས་གུས་བརྩི་ཞུ་ཡུལ་གྱི་དགེ་སློང་མཁས་དབང་ཁག་གདན་འདྲེན་ཞུ་དགོས། ཁྱོན་བསྡོམས་མི་གྲངས་བརྒྱ་ཙམ་ཆགས་ཀྱི་རེད། དེ་ནས་ངས་ཁོང་ཚོར་རྒྱལ་སྤྱིའི་དགེ་འདུན་གྱི་རྒན་རབས་ཚོས་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་ཡོང་རྒྱུར་ཁོང་ཚོའི་རྒྱུ་མཚན་ཡང་དག་གང་ཡོད་པ་རྣམས་དངོས་སུ་གསུང་བཤད་གནང་ཐུབ་པའི་འབོད་སྐུལ་ཞུ་རྒྱུ་ཡིན། འདི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་རེད། ང་ཚོ་བོད་པ་ཚོའི་ངོས་ནས་ཚོགས་འདུ་འདི་འདྲའི་འགྲོ་གྲོན་ཁག་གི་འགན་ལེན་དང་། སུས་ཚོགས་འདུ་གོ་སྒྲིག་ཡག་པོ་བྱེད་ཐུབ་མིན་ཐག་གཅོད་བྱེད་རྒྱུ་ཡིན།

འདས་པའི་ལོ་ཉིས་སྟོང་དྲུག་བརྒྱ་ལྷག་གི་ནང་། པཱ་ལི་དང་ལེགས་སྦྱར་གཉིས་ཀྱི་དབར་ལ་མངོན་པའི་གཞུང་གི་འགྲེལ་ཚུལ་ཐད་ལ་ཁྱད་པར་མང་པོ་ཐོན་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས་གནད་དོན་ངེས་ཅན་འགའ་ཤས་ལ་གསལ་བཤད་གནང་ཡོད། དེ་མིན་གྱི་སྲོལ་རྒྱུན་དེ་གཉིས་དབར་ལ་ཡོད་པའི་མངོན་གསལ་དོད་པོའི་ཁྱད་པར་རྣམས་བརྟག་དཔྱད་བྱས་ནས་གཙང་མ་བཟོ་ཐུབ། དེ་འདྲའི་སྙིང་སྟོབས་ལ་བརྟེན་ནས། ང་ཚོས་སངས་རྒྱས་ཀྱི་བཀའ་ལ་བརྟག་དཔྱད་བྱ་རྒྱུའི་རང་དབང་བེད་སྤྱོད་བྱེད་ན་འགྲིག་གི་རེད། དཔེ་ཆ་བཞག་ན། རིའི་རྒྱལ་པོ་རི་རབ་དང་། སའི་གོ་ལ་ལེབ་ལེབ་ཡིན་ཚུལ། ཉི་མ་དང་ཟླ་བ་གཉིས་ཆེ་ཆུང་ཕལ་ཆེར་གཅིག་པ་ཡིན་ཚུལ་དང་འཛམ་གླིང་ནས་ས་ཐག་རིང་ཐུང་གཅིག་པ་ཡིན་ཚུལ་ལ་སོགས་པ་ལྟ་བུ་རེད། འདི་ཚོ་བདེན་པ་ཡིན་པ་ཁས་ལེན་རྩ་བ་ནས་བྱེད་མི་ཐུབ་པ་ཞིག་རེད། ང་རང་ལྷ་སར་ཡོད་དུས། རང་གི་དགེ་བའི་བཤེས་གཉེན་ཚོས་ཀྱང་ང་དང་མཉམ་དུ་རྒྱང་ཤེལ་བརྒྱུད་ནས་ཟླ་བའི་སྒང་ལ་ཡོད་པའི་རིའི་གྲིབ་ནག་ཁག་མཐོང་བའི་རྗེས་ལ། ཟླ་བ་ལ་རང་ཉིད་ཀྱི་འོད་ཡོད་པ་མངོན་པའི་སྡེ་སྣོད་ནང་འཁོད་པ་བཞིན་དེ་དོན་དངོས་ཐོག་བདེན་པ་མིན་པ་ཁས་ལེན་གནང་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས་གསལ་བཤད་ལ་མཚོན་ན། དགེ་འདུན་གྱི་གྲོས་མོལ་དེ་མི་དགོས་པ་རེད། དེ་ག་ནང་བཞིན་མདོའི་གནད་དོན་ཁག་ཀྱང་དེ་དང་གཅིག་པ་རེད། འོན་ཀྱང་འདུལ་བའི་གནད་དོན་ལ་སླེབས་དུས་དེ་རྦད་དེ་ཁག་ཁག་རེད།  

འདུལ་བའི་གཞུང་ཡིག་སྒྱུར་བྱས་པ་ཚང་མའི་ནང་ཐོག་མར་ཐམས་ཅད་མཁྱེན་པ་ལ་མཆོད་པ་བརྗོད་ཡོད། འདིས་གང་སྟོན་གྱི་ཡོད་ཟེར་ན། སངས་རྒྱས་རང་ཉིད་ཀྱིས་གཞུང་དེ་དག་ལ་ངོས་སྦྱོར་གནང་བ་སྟོན་གྱི་ཡོད། གང་ཡིན་ཟེར་ན། ཀུན་མཁྱེན་སངས་རྒྱས་ཁོང་གཅིག་པུས་བྱ་སྤྱོད་གང་དང་གང་ཉམས་སུ་ལེན་དགོས་པ་དང་བྱ་སྤྱོད་གང་དང་གང་སྤོང་དགོས་མིན་མཁྱེན་གྱི་ཡོད། ཕྱོགས་གཞན་ཞིག་ནས་མངོན་པའི་སྡེ་སྣོད་ཀྱི་གཞུང་ཁག་གི་ནང་། མཆོད་བརྗོད་འབུལ་ཡུལ་ནི་རྗེ་བཙུན་འཇམ་དཔལ་དབྱངས་རེད། དེར་མ་ཟད། སངས་རྒྱས་སྐུ་མྱང་ངན་ལས་འདས་པའི་རྗེས། དགེ་འདུན་གྱི་ཚོགས་འདུ་འཚོགས་ནས་འདུལ་བའི་སྡེ་སྣོད་ལ་སྒྱུར་བཅོས་འགའ་ཤས་བཏང་ཡོད། སངས་རྒྱས་ཀྱིས་འདི་ལ་བཀའ་འཁྲོལ་གནང་ཡོད་པ་དང་གནད་དོན་གཞན་གྱི་ཐོག་ལའང་འདི་ལྟར་བྱས་ན་འགྲིག་གི་ཡོད། དཔེར་ན། ང་ཚོ་བོད་པ་ཚོས་བྱང་ཆུབ་སེམས་དཔའི་ཐེག་པ་དང་རྒྱུད་ཀྱི་ཐེག་པ་ཉམས་ལེན་བྱེད་ཀྱི་ཡོད། དེ་དག་རེ་རེ་ལ་སོ་སོའི་ཁས་ལེན་བྱེད་རྒྱུའི་སྡོམ་པ་ཁག་ཡོད། གནད་དོན་དང་སྡོམ་པ་འགའ་ཤས་དེ་དག་ནང་ཁུལ་དང་འདུལ་བའི་ནང་འགལ་འདུ་ཡོད། གནད་དོན་དེ་འདྲའི་ནང་སྡོམ་པ་ཚད་མཐོ་བ་རྣམས་སྡོམ་པ་ཆུང་བ་ཁག་གི་གོང་རིམ་དུ་བརྩི་དགོས།

དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དམག་འཁྲུག་གི་བསམ་ཚུལ་དེ་དུས་ཚོད་ཡོལ་ཟིན་ནས་འབྲེལ་བ་མེད་པ་རེད། དེའི་ཚབ་ཏུ་ང་ཚོས་རྩོད་རྙོག་ཁག་ཕན་ཚུན་གྲོས་མོལ་གྱི་ཐོག་ནས་ཞི་འགྲིགས་བཟོ་དགོས། དེའི་ཆེད་དུ་རྣམ་དཔྱོད་གཅིག་པུས་འདང་གིས་མེད། ང་ཚོར་ད་དུང་ཚོར་བ་འདྲེན་ནུས་ཀྱི་སེམས་པ་བཟང་པོ་དང་གཞན་གྱི་བདེ་དོན་གྱི་ཆེད་དུ་བསམ་བློ་ནན་པོ་གཏོང་ཐུབ་པ་དགོས་པས། བཅོས་མིན་གྱི་གྲོས་སྡུར་ཡོང་བར་རྣམ་དཔྱོད་ལས་སྙིང་རྗེ་དགོས་གལ་ཆེ་བ་ཡོད། བུད་མེད་ཚོ་སྐྱེ་དངོས་རིག་པའམ་ལུས་པོའི་གྲུབ་ཆ་ལ་བརྟེན་ནས་རང་བཞིན་གྱིས་སྐྱེས་པ་ཕོ་ལས་ཀྱང་གཞན་གྱི་སྡུག་བསྔལ་ཚོར་ཐུབ་པའི་ཚོར་བ་རྣོན་པ་ཡོད། དཔེ་ཆ་བཞག་ན། བུད་མེད་སྡེབ་གསོད་བྱེད་མཁན་དང་ཤན་པའི་ལས་ཀ་བྱེད་མཁན་ཉུང་ཉུང་རེད། དེ་འདྲ་སོང་ཙང་། རྒྱལ་སྤྱིའི་གྲོས་མོལ་ཡོང་བར་བུད་མེད་ཚོ་དགོས་གལ་ཆེན་པོ་ཡོད་པ་དང་ངེས་པར་དུ་འགན་ཁུར་ཆེ་བ་དང་ལེན་བྱེད་དགོས།

སངས་རྒྱས་ཀྱི་སློབ་མའི་ཚོགས་བཞིའི་ནང་དུ་དགེ་སློང་དང་། དགེ་སློང་མ། དགེ་བསྙེན་ཕ་དང་མ་བཅས་བཞི་ཡོད། གསལ་པོར་མཐོང་ཐུབ་པ་ཞིག་ནི། སྐྱེ་བོ་ཕོ་མོ་གཉིས་ཀའི་བྱེད་སྒོ་མཉམ་པ་རེད། འོན་ཀྱང་ད་ལྟའི་ཆར་བོད་པའི་ནང་འཁོར་རྣམ་པ་བཞི་ཆ་ཚང་བ་ཞིག་མེད། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་དལ་འབྱོར་གྱི་མི་ལུས་རིན་ཆེན་ནང་ནས་གཅིག་ནི་ཡུལ་དབུས་སུ་སྐྱེ་བ་དེ་རེད། དེ་ནི་གནས་ཡུལ་ས་བབས་ཀྱི་ཆ་ནས་སམ། ཡང་ན་ཆོས་ཕྱོགས་ཀྱི་ཆ་ནས་དེ་ལྟར་གོ་བ་ལེན་གྱི་ཡོད། ས་བབས་གནས་སྟངས་ཀྱི་ཆ་ནས་བོད་ནི་འཛམ་གླིང་གྱི་ཡུལ་དབུས་སུ་གནས་མེད། ཆོས་ཀྱི་ཆ་ནས་འགྲེལ་བརྗོད་བྱེད་པའི་ཡུལ་ཞིག་ཡིན་ན། དེའི་ནང་དུ་འཁོར་རྣམ་པ་བཞི་ཆ་ཚང་བ་དགོས། གསལ་པོར་ཤེས་ཐུབ་པ་ཞིག་ནི་བོད་ནང་དགེ་སློང་མ་མེད་པ་སོང་ཙང་། དེ་ཆ་ཚང་བ་མེད་པ་རེད། བོད་པ་མང་པོ་ཞིག་གིས་གལ་སྲིད་དགེ་སློང་ཡོད་ན། དེ་ནི་དལ་འབྱོར་བཅོ་བརྒྱད་ནང་བཤད་པའི་ཡུལ་དབུས་རེད། གང་ཡིན་ཟེར་ན། དགེ་སློང་ནི་འཁོར་རྣམ་པ་བཞིའི་ནང་ནས་གལ་ཆེ་ཤོས་རེད་ཟེར་གྱི་ཡོད། འོན་ཀྱང་དེ་ནི་ཡུལ་དབུས་ཀྱི་འདྲ་ཆོས་ཙམ་དང་དལ་འབྱོར་མི་ལུས་རིན་ཆེན་གྱི་འདྲ་ཆོས་ཙམ་རེད། བོད་ནང་ཡོད་པའི་སྔར་གྱི་མཁས་པ་ཚོས་སྔར་དེ་ལ་དོ་སྣང་གནང་ཡོད་ཤག་རེད།

དགེ་འདུན་གྱི་ཚོགས་ལ་གོ་སྡུར་མི་དགོས་པའི་ཐོག་ནས་ངས་བོད་པའི་བཙུན་མ་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་འགོ་འཛུགས་བྱེད་ཐུབ། ངས་སྔར་དེ་ལྟར་བྱས་ཡོད་ལ་ད་ལྟའི་ཆར་བཙུན་མ་མང་པོ་ཞིག་གི་སྦྱང་པའི་ཡོན་ཏན་གྱི་ཆུ་ཚད་ཧ་ཅང་ཚད་མཐོ་པོ་སླེབས་ཡོད། མོན་གྷོཌ་ནང་ཡོད་པའི་དགོན་སྡེ་ཁག་གི་ནང་དུ། ངས་དགེ་བཤེས་མའི་ཡིག་རྒྱུགས་གྲྭ་སྒྲིག་ད་ལྟ་ནས་བྱེད་དགོས་པའི་གསལ་བསྒྲགས་བྱས་ཡོད། གྲྭ་པ་རྒན་པ་འགའ་ཤས་ཀྱིས་དེ་ལ་དགག་པ་བརྒྱབ་གནང་སོང་། འོན་ཀྱང་ངས་ཁོང་ཚོར་སངས་རྒྱས་ཀྱིས་སྐྱེ་བོ་ཕོ་མོ་གཉིས་ཀ་དགེ་སློང་དང་དགེ་སློང་མ་བྱེད་རྒྱུའི་ཐོབ་ཐང་གཅིག་པ་གནང་ཡོད་པས། དགེ་བཤེས་དང་དགེ་བཤེས་མའི་ཐོབ་ཐང་གཅིག་པ་མེད་པའི་རྒྱུ་མཚན་གང་ཡོད་ཞེས་བཤད་པ་ཡིན། ངའི་བསམ་པར། དཀའ་ངལ་དེ་ནི་གྲྭ་པ་རྒན་རབས་ཁོང་ཚོས་བསམ་བློ་དེ་འདྲའི་རིགས་ལ་གོམས་འདྲིས་བྱས་མེད་པའི་རྐྱེན་གྱིས་རེད།

ཕྱི་ལོ་དྲུག་ཅུའི་མགོ་སྟོད་ནང་། ངས་དགེ་འདུན་པ་ཙམ་མ་ཟད་བཙུན་མ་ཚོ་ཡང་བསྐོངས་ནས་ཁོང་ཚོས་ཀྱང་ཟླ་རེར་ཐེངས་གཉིས་ཡོད་པའི་གསོ་སྦྱོང་གི་ཆོ་གའི་ནང་མཉམ་བཞུགས་བྱས་ན་འགྲིག་བཤད་མྱོང་། དེའི་སྐབས་ལ་དགེ་སློང་མ་མེད། དགེ་ཚུལ་མ་རྣམས་སྤྱིར་བཏང་དགེ་སློང་གི་གསོ་སྦྱོང་ནང་མཉམ་བཞུགས་བྱེད་མི་ཆོག་ཀྱང་། ངའི་ཡོངས་འཛིན་རྣམ་པ་ཚོས་བཀའ་འཁྲོལ་གནང་སོང་། བྱས་ ཙང་། ངས་ཀྱང་དེ་ལྟར་མུ་མཐུད་པ་ཡིན། གྲྭ་བཙུན་ཐུན་མོང་གི་ཐོག་ནས་སྔར་གསོ་སྦྱོང་གནང་མྱོང་མེད་པ་སོང་ཙང་། རྒྱ་གར་ལྷོ་ཕྱོགས་ནང་ཡོད་པའི་དགོན་སྡེ་ཁག་ནས་ཟུར་ཟའི་དགག་པ་འགའ་བྱས་སོང་། འོན་ཀྱང་དེ་ལ་བརྟེན་ནས་གྲྭ་པ་ལོག་མཁན་བྱུང་མེད།

ཕྱི་ལོ་བདུན་ཅུའི་ནང་། བོད་པ་འགའ་ཤས་ཀྱིས་དགེ་སློང་མའི་སྡོམ་པ་རྒྱ་ནག་གྱི་རྒྱུན་སྲོལ་ནས་བླངས་མཁན་བྱུང་ཡོད། ངོས་རང་ཐེ་ལྦན་ལ་འགྲོ་བསྐྱོད་བྱེད་པའི་དམིགས་ཡུལ་གཙོ་བོ་གཅིག་ནི། ཡུལ་དེའི་ནང་དུ་ཡོད་པའི་དགེ་སློང་མའི་སྡོམ་རྒྱུན་གྱི་གནས་སྟངས་རང་གིས་ངོས་ནས་ཤེས་རྟོགས་གསལ་པོ་ཡོང་བའི་ཆེད་དུ་ཕྱིན་པ་ཡིན། ངས་བློ་བཟང་ཚེ་རིང་ལ་མངགས་ནས་དགེ་སློང་མའི་སྡོམ་པ་སྐོར་ལ་ཉམས་ཞིབ་བྱེད་འཇུག་པ་ཡིན། ཁོང་གིས་ད་བར་ལོ་ཉི་ཤུ་ཙམ་རིང་ཉམས་ཞིབ་བྱས་ཡོད། ང་ཚོས་ནུས་པ་གང་ཐུབ་བཏོན་ཡོད། རང་གི་ངོས་ནས་རྒྱའི་དགེ་སློང་གི་སྡོམ་པ་འབོག་འཇོག་གནང་མཁན་གཙོ་བོ་ལ་རྒྱལ་སྤྱིའི་དགེ་འདུན་གྱི་ཚོགས་འདུ་ཞིག་གོ་སྒྲིག་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། འོན་ཀྱང་ཁོང་ཚོའི་ངོས་ནས་དེ་ལྟར་གནང་ཐུབ་མེད། ངའི་ངོས་ནས་དེ་འདྲ་བའི་ཚོགས་འདུ་གོ་སྒྲིག་བྱེད་མི་ཐུབ། གང་ཡིན་ཟེར་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྐྱེན་བྱས་ནས་དཀའ་ངལ་དང་རྙོག་ཁྲ་མང་པོ་ཞིག་འཕྲད་ཀྱི་འདུག །ངས་ཚོགས་པ་གཞན་ཞིག་གི་ངོས་ནས་ཚོགས་འདུ་དེ་འདྲ་པོ་ཚོགས་ཐུབ་ན་བསམས་ནས་ངས་བྱམས་པ་ཆོས་སྒྲོན་ལ་མངགས་པ་ཡིན། དགེ་སློང་རྐྱང་པ་ཞིག་གི་ངོས་ནས་བྱེད་ཐུབ་ཡག་ཚང་མ་བྱས་པ་ཡིན། ད་ལྟ་ང་ཚོར་དགོན་སྡེ་ཁག་གི་ནང་ཡོད་པའི་བོད་པའི་དགེ་འདུན་པ་རྒན་རབས་རྣམ་པ་ཚོའི་ཐུན་མོང་གི་མོས་མཐུན་ཞིག་དགོས།

གསར་ཞུགས་གྲྭ་བཙུན་རྣམས་ལ་དགེ་ཚུལ་གྱི་སྡོམ་པ་འབོག་འཇོག་གནང་ཕྱོགས་ཁག་ནང་། སྐྱབས་གནས་ཡང་དག་པ་གང་ཡིན་པ་དེ་ཤེས་པར་བྱེད་དགོས་ཞེས་འཁོད་ཡོད། སྡོམ་པ་ཁོ་རང་ངོས་ནས་བཤད་ན། དགེ་སློང་མ་གནས་རིམ་མཐོ་བ་ཡོད་ཅེས་གསུངས་ཡོད་ཀྱང་། ཁོང་ཚོ་གྲྭ་བཙུན་དགེ་ཚུལ་གྱི་སྡོམ་པ་དང་ལྡན་པ་ཚོའི་སྐྱབས་གནས་མ་རེད། བྱང་ཆུབ་སེམས་པའི་སྡོམ་པ་དང་གསང་སྔགས་ཀྱི་སྡོམ་པ་གཉིས་སེམས་ལ་བཞག་པའི་ཐོག །ཕལ་ཆེར་འདི་ལའང་བསྐྱར་བཅོས་བྱེད་དགོས་ཀྱི་ཡོད། ལྷག་པར་དུ་གསང་སྔགས་ཀྱི་སྡོམ་པའི་ནང་བུད་མེད་ལ་སྨད་ར་བཏང་མེད། དེའི་ཐོག་ནས་བསམ་བློ་བཏང་ན། འདུལ་བའི་གནད་དོན་དེ་ཉར་ན་བདེ་པོ་མེད། བྱས་ཙང་། སྡོམ་པ་གསུམ་པོ་ཉར་བ་དང་མཉམ་དུ་གནད་དོན་ཆུང་ཙག་རིགས་ལ་ལེགས་བཅོས་གཏོང་དགོས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་པ་མ་ལེན་གོང་གི་སློབ་སྦྱོང་སྐོར་ལ་སྐད་ཆ་བཤད་ན། ཆོས་སྲུང་སྡེ་པའི་རྒྱུད་པའི་ནང་དགེ་སློང་མ་ཆགས་ཡོད་མཁན་ཚོས་དེ་དག་བལྟ་ཀློག་དང་སློབ་གཉེར་བྱས་ན་འགྲིག །འོན་ཀྱང་། ཁོང་ཚོའི་ངོས་ནས་ཆོས་སྲུང་སྡེ་པའི་རྒྱུད་པ་གཞིར་བཟུང་ཐོག་ནས་ཆོ་ཁ་ཁག་ལག་བསྟར་བྱེད་དགོས། ཡིན་ནའང་། དགེ་སློང་མ་མིན་པ་ཚོས་སྡོམ་པ་དེ་དག་སློབ་གཉེར་བྱེད་ཕྱོགས་ཀྱི་སྐོར་ལ་ད་དུང་ཡང་དཀའ་ངལ་ཞིག་ཡོད།

ལེགས་བཅོས་དེ་དག་དང་། ལྷག་པར་དུ་གཞི་ཐམས་ཅད་ཡོད་པར་སྨྲས་བའི་དགེ་སློང་མའི་སྡོམ་པ་ཡང་དག་འབོག་འཇོག་བསྐྱར་དུ་གསར་འཛུགས་བྱེད་པ་ལ་གཞིགས་ན། བོད་ཀྱི་དགེ་འདུན་གྱི་སྡེ་འགའ་ཤས་ཁོ་ནས་དེ་ལྟར་བྱས་པ་མིན་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ངེས་པར་དུ་དགེ་འདུན་གྱི་ཚོགས་ནང་ཁུལ་ཁ་མ་གྱེས་པ་ཞིག་ཡོང་བ་བྱེད་དགོས། ང་ཚོས་བོད་ཀྱི་དགེ་འདུན་གྱི་ནང་རྒྱ་ཁྱབ་ཀྱི་བསམ་པ་གཅིག་མཐུན་ཡོང་བ་བྱེད་དགོས་པར་བརྟེན། དེའི་ཕྱོགས་སུ་ང་ཚོས་འཆར་གཞི་ཁག་ལག་བསྟར་བྱེད་བཞིན་ཡོད། ངས་ཁྱེད་རྣམ་པ་ཚང་མས་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

Top