ཐེག་དམན་དང་ཐེག་ཆེན་ཞེས་པའི་ཐ་སྙད་སྐོར།

ཐེག་དམན་དང་ཐེག་ཆེན་ཞེས་པའི་ཐ་སྙད་ནི་ཐོག་མར་ཕལ་ཆེར་དུས་རབས་གཉིས་པའི་ནང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་ནང་གསལ་ཡོད། མདོ་དེ་དག་ནི་ཐེག་ཆེན་གྱི་མདོའི་ནང་གི་སྔ་ཤོས་གྲས་ཡིན་པ་དང་། ཁོང་ཚོས་ཐ་སྙད་གཉིས་བེད་སྤྱོད་བྱས་ཡོད་པ་ནི། ཁོང་ཚོའི་ཆོས་དེ་དག་ནི་ཀུན་སློང་དང་གཏིང་ཟབ་ལོད་ཀྱི་ཆ་ནས་དེ་སྔོན་གྱི་ནང་པའི་གྲུབ་མཐའ་ཁག་ལས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ཞེས་བརྗོད་པའི་ཆེད་དུ་ཡིན།

ཐ་སྙད་དེ་གཉིས་ཀྱི་གོ་དོན་ལ་ཕྱོགས་རིས་ཡོད་པ་དང་ཐེག་ཆེན་གྱི་གཞུང་ཁོ་ནར་གསལ་གྱི་ཡོད་ནའང་། དེ་ལ་རན་ཞིང་འཚམ་ལ་ཕྱོགས་ལྷུང་བྲལ་བའི་ཚིག་ཚབ་འདང་ངེས་ཤིག་རག་རྒྱུ་ཁག་པོ་ཡིན། ཐེག་དམན་ནི་ནང་པའི་ཉན་ཐོས་སྡེ་པ་བཅོ་བརྒྱད་ཐུན་མོང་གི་ཐ་སྙད་ཅིག་ཏུ་གྱུར་ཞིང་། དེ་དག་ལས་གཅིག་ཁོ་ན་ད་ལྟ་གནས་བཞིན་པ་ནི་གནས་བརྟན་སྨྲ་བའི་སྡེ་ཡིན། དེ་ག་ནང་བཞིན་ཐེག་ཆེན་གྱི་ཁྱབ་ཁོངས་སུའང་ནང་གསེས་ཀྱི་གྲུབ་མཐའ་འགའ་ཞིག་ཡོད། རྒྱ་བོད་ཀྱི་སྲོལ་རྒྱུན་ཐོག་ཐེག་དམན་གྱི་གྲུབ་མཐའི་ལུགས་ལ་སློབ་གཉེར་དང་བགྲོ་གླེང་བྱེད་སྐབས། ཁོང་རྣམས་ཀྱི་ཁུངས་གཏུགས་ས་ནི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་གཉིས་ཡིན། དེ་གཉིས་ནི་སྡེ་པ་བཅོ་བརྒྱད་ཀྱི་ནང་གསེས་གཞན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཡིན། ཐེག་དམན་གྱི་གྲུབ་མཐའ་འགའ་ཞིག་ནི་ཐེག་ཆེན་ཐེག་ཆེན་གྱི་རྗེས་སུ་བྱུང་ཡོད་སྟབས། ང་ཚོས་ཐེག་དམན་ལ་ནང་བསྟན་སྔ་བའམ་ངོ་མ་ཞེས་དང་། ཐེག་ཆེན་ལ་ནང་བསྟན་ཕྱི་མ་ཞེས་བརྗོད་མི་ཐུབ།

གནས་བརྟན་སྨྲ་བའི་སྡེ་ནི་ད་ལྟའི་ཆར་ཤྲཱི་ལངྐ་དང་ལྷོ་ཤར་ཨེ་ཤི་ཡའི་ནང་དར་ཡོད་པ་དང་། ཐེག་དམན་གྱི་སྡེ་པ་བཅོ་བརྒྱད་ནང་གི་ཆོས་སྲུང་སྡེ་པ་ནི། དབུས་ཨེ་ཤི་ཡ་དང་རྒྱ་ནག་ཏུ་དར་ཡོད། རྒྱ་ནག་གི་རབ་བྱུང་གི་སྲོལ་རྒྱུན་དེ་ནི་ཆོས་སྲུང་སྡེ་པའི་འདུལ་ཁྲིམས་ཀྱི་རྗེས་སུ་འབྲང་གི་ཡོད། དེར་མ་ཟད། ཐེག་ཆེན་ཨིན་ཌོནེཥྱའི་ནང་དར་ཁྱབ་བྱུང་ཞིང་། དེར་དུས་རྒྱུན་རིང་པོར་གནས་ཐུབ་མེད། དེར་བརྟེན་ཐེག་དམན་ལ་ལྷོ་ཕྱོགས་སུ་དར་བའི་ནང་ཆོས་དང་ཐེག་ཆེན་ལ་བྱང་ཕྱོགས་སུ་དར་བའི་ནང་ཆོས་ཞེས་འབོད་ནའང་། དེས་ཀྱང་འཐུས་པ་ཞིག་ཡོང་གི་མེད།

ཐེག་དམན་དང་ཐེག་ཆེན་གཉིས་ཀས་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་ཕྱིར། ཉན་ཐོས་ཀྱི་ལམ་དང་རང་རྒྱལ་གྱི་ལམ་ཞེས་གསུང་གི་ཡོད་པ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་ལམ་ཞེས་གསུང་གི་ཡོད། དེར་བརྟེན་ཐེག་དམན་ལ་ཉན་ཐོས་ཐེག་པ་དང་ཐེག་ཆེན་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་བརྗོད་ནའང་མགོ་རྙོག་ཚ་པོ་ཡོད།

དེའི་རྗེས་འབྲས་སུ། ཐེག་དམན་གྱི་ཉམས་ལེན་པ་རྣམས་ཀྱིས་ཐེག་པ་དམན་པ་དང་ཐེག་པ་ཆེན་པོ་ཞེས་པའི་ཐ་སྙད་དེ་བརྙས་པའམ་ཁྱད་གསོད་དུ་མཐོང་ནའང་། ང་ཚོས་མི་འདོད་བཞིན་དུ་གོང་གི་ཕྱོགས་ལྷུང་བྲལ་བའི་ཐ་སྙད་དེ་ཏག་ཏག་རན་འཚམ་མེད་ནའང་། ད་དུང་ནང་པའི་གྲུབ་མཐའི་དབྱེ་ཚུལ་དང་བསྟུན་ནས་བེད་སྤྱོད་བྱེད་ཀྱི་ཡོད།།

Top