གནས་བརྟན་སྡེ་པ་དང་། ཐེག་པ་ཆེན་པོ། བོན་བཅས་ཀྱི་ནང་གི་ཕ་རོལ་ཏུ་ཕྱིན་པ་བཅུ།

སྐད་ཡིག་གཞན།

ངོ་སྤྲོད།

རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་བཅུའམ་ཕ་རོལ་ཏུ་ཕྱིན་པ་བཅུའི་སྐོར་ནི་གནས་བརྟན་སྡེ་པ་དང་། ཐེག་པ་ཆེན་པོ། དེ་བཞིན་གཡུང་དྲུང་བོན་གྱི་ཆོས་བརྒྱུད་བཅས་ཀྱི་ནང་གསལ་གྱི་ཡོད། ཕ་རོལ་ཏུ་ཕྱིན་པ་དེ་དག་ནི་ཚིག་དོན་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཆུ་ངོགས་ཀྱི་ཕ་རོལ་ཏུ་སྐྱེལ་བར་བྱེད་པའམ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱེད་པའི་སེམས་ཀྱི་གནས་བབས་རྣམས་རེད། ཉན་ཐོས་ (དགྲ་བཅོམ་པའི་གོ་འཕང་ལ་དམིགས་ནས་སངས་རྒྱས་ཀྱི་ཆོས་ལ་ཉན་མཁན་ཡིན་པས་ཉན་ཐོས་) ཀྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དེ་དག་རང་རྒྱུད་ལ་སྐྱེད་ཀྱི་ཡོད་ནའང་། དེ་དག་བྱང་ཆུབ་ཀྱི་སེམས་དང་མཉམ་དུ་མ་སྦྲེལ་ན་ཕ་རོལ་ཏུ་ཕྱིན་པའི་གྲས་སུ་མི་བརྩི་བ་ཡིན། 

གནས་བརྟན་སྡེ་པའི་སངས་རྒྱས་ཀྱི་སྐྱེས་རབས་འགྲེལ་ཚུལ་ལྟར། སངས་རྒྱས་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་ཆ་ནས་ཉམས་ལེན་བྱེད་པའི་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་བཅུའི་སྐོར་གསུང་གི་ཡོད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་མེད། ཐེག་པ་ཆེན་པོའི་ནང་ཕ་རོལ་ཏུ་ཕྱིན་པའི་མདོ་དང་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་གཉིས་ཀའི་ནང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྐོར་གསུང་གི་ཡོད། འོན་ཀྱང་། ས་བཅུ་པའི་མདོའི་ནང་ཕ་རོལ་ཏུ་ཕྱིན་པ་བཅུའི་གྲངས་འདྲེན་གསལ་བ་དང་དེ་དག་བྱང་སེམས་འཕགས་པའི་སེམས་ཀྱི་རིམ་པ་བཅུ་དང་ཕན་ཚུན་འབྲེལ་ནས་ཡོད། བྱང་སེམས་འཕགས་པ་ནི་སྟོང་པ་ཉིད་ལ་རྟོག་མེད་ཀྱི་ཤེས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཡིན། 

གཡུང་དྲུང་བོན་གྱི་གཞུང་ལུགས་ནང་དུའང་ཕ་རོལ་ཏུ་ཕྱིན་པ་བཅུའི་གྲངས་དེ་གསུངས་ཡོད་ནའང་། དེ་དག་ལ་བླ་ན་མེད་པར་ཕྱིན་པ་བཅུ་ཞེས་བརྗོད་ཀྱི་ཡོད། དེ་དག་ནི་དུས་རབས་ ༡༡ པའི་འགོ་སྟོད་ཙམ་ལ་གཤེན་ཆེན་ཀླུ་དགས་གཏེར་ལས་སྤྱན་དྲངས་པའི་བོན་གྱི་གཏེར་ཆོས་མཛོད་ཕུག་ཅེས་པའི་ནང་དུ་གསལ་ཡོད། 

གནས་བརྟན་སྡེ་པ།

སངས་རྒྱས་དབྱངས་ཀྱིས་དུས་རབས་ལྔ་པའི་འགོ་སྟོད་ལ་མཛད་པའི་བིཤུདྡྷི་མཱརྒའམ་རྣམ་སྦྱང་གི་ལམ་གྱི་ནང་། བྱམས་པ་དང་། སྙིང་རྗེ། དགའ་བ། བཏང་སྙོམས་བཅས་ཚད་མེད་བཞི་ཡང་དག་པར་སྐྱེད་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་ཤུགས་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་སྐྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་ཡོད། 

ཕྱོགས་གཞན་ཞིག་ནས་ཕ་རོལ་ཏུ་ཕྱིན་པ་བཅུའི་གཞི་རྩ་ནི། ཀ༽ འཁོན་འཛིན་དང་། དྲག་ཤུལ། སེམས་འཚབ་དང་བྲལ་བའི་སྒོ་ནས་གཞན་ཐམས་ཅད་སྡུག་བསྔལ་མེད་ཅིང་། བདེ་བ་དང་ལྡན་པར་ཤོག་ཅེས་པའི་ཡིད་སྨོན། ཁ༽སྡུག་བསྔལ་དང་བྲལ་བར་ཤོག་ཅེས་པའི་ཡིད་སྨོན། ག༽ དེ་དག་གི་བདེ་བ་དམ་པ་ལ་དགའ་བ་སྒོམ་པ་དང་དེ་དག་རྒྱུན་སྲིང་བར་གནས་པར་ཤོག་ཅེས་པའི་ཡིད་སྨོན། ང༽ སེམས་ཅན་ལ་ཐ་ན་ཕན་འདོགས་པའི་སྐབས་སུའང་ཆ་སྙོམ་པའི་སེམས་དང་ལྡན་ཞིང་། ཧ་ཅང་ཐལ་ཆེ་བའམ་སྣང་མེད་ཆགས་ཀྱི་མེད། དེ་ལ་གཞི་རྩ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་གཤམ་གསལ་གྱི་གོ་རིམ་ལྟར་སྐྱེད་ཀྱི་ཡོད།

༡༽ སྦྱིན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་བདེ་བ་དང་ལྡན་པའི་ཕྱིར། དེ་དག་འོས་མིན་ལ་མ་ལྟོས་པར་ཟང་ཟིང་གི་སྦྱིན་པ་གཏོང་བའི་ཀུན་སློང་དེ་ཡིན།

༢༽ ཚུལ་ཁྲིམས་ནི། དེ་དག་གིས་སྡོམ་པ་ལེགས་པར་བསྲུང་བ་དང་ཐ་ན་གཞན་གྱིས་རང་ལ་གནོད་པ་སྐྱེལ་ནའང་། ཁོང་ཁྲོ་དང་གནོད་སེམས་དང་བྲལ་བའི་སྒོ་ནས་གཞན་ལ་གནོད་འཚེ་སྤོང་བའི་ཀུན་སློང་དང་ལྡན་པ་དེ་རེད། 

༣༽ འདོད་ཆགས་སྤོང་བ་ནི། དེ་དག་གིས་འཇིག་རྟེན་གྱི་རྒྱུ་དངོས་དང་། སྤྱི་ཚོགས་ཀྱི་གོ་གནས། ཐ་ན་རང་གི་ལུས་པོ་དང་བཅས་པ་ལ་ཆགས་པ་སྤོང་བའི་ཀུན་སློང་དང་ལྡན་པ་དེ་རེད།

༤༽ ཤེས་རབ་ནི། དེ་དག་གིས་གཞན་ལ་གང་ཕན་ཐོགས་ཅན་དང་གང་གནོད་གཞི་ཅན་ཡིན་པ་རྟོགས་པ་དང་དེ་དག་ལ་རྣམ་པར་འབྱེད་པའི་ཀུན་སློང་དང་ལྡན་པ་དེ་རེད།

༥༽ བརྩོན་འགྲུས་ནི། དེ་དག་གིས་གཞན་ལ་ཕན་འདོགས་པའི་ཆེད་དུ་རྒྱུན་ཆད་མེད་པར་འབད་འབུངས་བྱེད་པ་དང་ཕན་འདོགས་ཐུབ་པར་བརྩོན་པའི་ཀུན་སློང་དང་ལྡན་པ་དེ་རེད།

༦༽ བཟོད་པ་ནི། དེ་དག་གཞན་གྱི་སྐྱོན་དང་། ནོར་འཁྲུལ། ལས་ངན་པ་ལ་ཁོང་ཁྲོ་བར་མི་བྱེད་པའི་ཀུན་སློང་དང་ལྡན་པ་དེ་རེད།

༧༽ བདེན་པ་ནི། དེ་དག་གིས་ཐ་ན་སོ་སོའི་ཚེ་སྲོག་ཤོར་ནའང་། རང་གི་སྡོམ་པ་བློས་གཏོང་མི་བྱེད་པར་སྲུང་བའི་ཀུན་སློང་དང་ལྡན་པ་དེ་རེད།

༨༽ ཆོད་སེམས་བརྟན་པོ་ནི། དེ་དག་གིས་གཞན་ལ་ཕན་པའི་ཕྱིར་དུ་གང་བྱ་དགོས་པ་དེ་ནམ་ཡང་མི་སྤོང་བར་ཆོད་སེམས་བརྟན་པའི་ཀུན་སློང་དང་ལྡན་པ་དེ་རེད། 

༩༽ བྱམས་པ་ནི། དེ་དག་གིས་གཞན་གྱི་བདེ་ཐབས་དང་བདེ་སྐྱིད་ཀྱི་དོན་དུ་ཐ་ན་རང་སྲོག་བློས་གཏོང་དགོས་ནའང་། ད་དུང་འབད་བརྩོན་གྱི་ཀུན་སློང་དང་ལྡན་པ་དེ་རེད།

༡༠༽ བཏང་སྙོམས་ནི། དེ་དག་གིས་ཕན་གང་བཏགས་པ་དེ་ལ་ཚུར་དྲིན་ལན་འཇལ་དགོས་པའི་རེ་བ་གང་ཡང་མི་བྱེད་པ་དང་། བདེ་བ་དང་སྡུག་བསྔལ་དེ་བཞིན་ཁོང་ཚོར་ཐོབ་སྲིད་པའི་ཕན་པ་དང་གནོད་པ་ལ་ཇི་མི་སྙམ་པའི་ཀུན་སློང་དང་ལྡན་པ་དེ་རེད། 

གནས་བརྟན་སྡེ་པའི་ལུགས་ནས་ཀྱང་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རེ་རེ་ལ་རིམ་པ་གསུམ་ཡོད་པ་མཛུབ་སྟོན་བྱེད་ཀྱི་ཡོད། དེ་དག་ནི་ཕལ་པ་དང་། འབྲིང་པོ། མཆོག་བཅས་རེད། སྦྱིིན་པ་མཆོག་གི་དཔེ་རུ་བྱང་ཆུབ་སེམས་དཔའ་ཞིག་གིས་གཞན་གྱི་ཆེད་དུ་རང་གི་ལུས་པོ་སྦྱིན་པ་གཏོང་བ་ལྟ་བུ་རེད། སྐྱེ་བ་སྔོན་མའི་ནང་རི་བོང་ཞིག་གི་སྐྱེ་བ་བཞེས་པ་དེའི་ཚེ་ན་སྤྲང་པོ་ཞིག་གིས་ཁོང་ལ་ཟས་སྦྱིན་རོགས་ཞུས་པའི་སྐབས། སྤྲང་པོ་དེ་ལ་ཟས་ཐོབ་པའི་ཆེད་དུ་སངས་རྒྱས་ཀྱིས་ཁོང་ཉིད་མེའི་ནང་དུ་མཆོངས་བ་ལྟ་བུ་རེད། 

ཐེག་པ་ཆེན་པོ།

སྤྱོད་འཇུག་ནང་དུས་རབས་ ༨ པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སེམས་ཀྱི་གནས་བབས་ཡིན་པ་ལས། དེ་དག་གིས་ཀུན་ནས་བསླངས་པའི་ལས་ཡིན་མི་དགོས་ཞེས་འགྲེལ་བརྗོད་རྒྱས་པོ་གནང་ཡོད། དཔེར་ན། སྤྱོད་འཇུག་ལེའུ་ལྔ་པ་ཤེས་བཞིན་སྲུང་བའི་ནང་གི་ཚིགས་སུ་བཅད་པ་ ༩ དང་ ༡༠ པའི་ནང་གསལ་བ་ལྟར་ན། 

གལ་ཏེ་འགྲོ་བ་དབུལ་བོར་ནས། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། ད་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །ཞེས་དང་། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་གསུངས་པ་ལྟ་བུའོ།།

ཐེག་པ་ཆེན་པོའི་ལུགས་སུ་འགྲེལ་བརྗོད་གནང་བའི་ཕ་རོལ་ཏུ་ཕྱིན་པ་བཅུ་ནི།

༡༽ སྦྱིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་བདོག་པ་གང་ཡིན་སྦྱིན་པར་འདོད་པའི་སེམས་པ་དེ་ཡིན་ཏེ། དེ་དག་གི་ལུས་པོ་དང་། རྒྱུ་དངོས། དགེ་བའི་རྩ་བ་དང་བཅས་པ་རྣམས་སོ། །དགེ་བའི་རྩ་བ་དེ་དག་སྦྱིན་པ་ནི་དགེ་བའི་ལས་ལ་བརྟེན་ནས་བྱུང་བའི་བསོད་ནམས་གང་མཆིས་པ་རྣམས་གཞན་ལ་ཕན་པའི་ཕྱིར་དུ་བསྔོ་བའི་དོན་རེད། 

༢༽ ཚུལ་ཁྲིམས་ཏེ། དེ་དག་གི་ལུས་ངག་ཡིད་གསུམ་གྱི་ལས་ལ་སྲུང་སྐྱོབ་བྱེད་དུ་འཇུག་པའི་སེམས་པ་དེ་ཡིན། སེམས་པའམ་སྐུལ་ཤུགས་འདི་ནི་གཞན་ལ་གནོད་འཚེ་བྱེད་པའི་བསམ་བློ་དང་གཞན་ལ་གནོད་འཚེ་བྱེད་པར་སྐུལ་རྐྱེན་བྱས་པའི་གནོད་བྱེད་ཉོན་མོངས་པའི་སེམས་བྱུང་དག་ལས་སེམས་ཁ་བསྒྱུར་བ་ལས་འབྱུང་གི་ཡོད། 

༣༽ བཟོད་པ་སྟེ། གནོད་འཚེ་བྱེད་མཁན་དང་སྡུག་བསྔལ་ལ་བརྟེན་ནས་སེམས་ཁམས་མ་འཁྲུགས་པར་བྱེད་པའི་སེམས་པ་དེ་ཡིན། སྐུལ་ཤུགས་འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ནམ་ཡང་ཁོང་ཁྲོ་བར་མི་བྱེད་པ་ཡིན། 

༤༽ བརྩོན་འགྲུས་ཏེ། དགེ་བ་ལ་སྤྲོ་བའི་སེམས་དང་ལྡན་པར་བྱེད་པའི་སྐུལ་ཤུགས་དེ་རེད། སྐུལ་ཤུགས་འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ནམ་ཡང་ལེ་ལོར་མི་འགྱུར་བ་ཡིན། 

༥༽ བསམ་གཏན་ཏེ། དགེ་བའི་དམིགས་པའི་ཡུལ་གྱི་སྟེང་དུ་རྣམ་པར་མི་གཡེངས་བར་རྩེ་གཅིག་ཏུ་སེམས་འཇོག་པ་དེ་ཡིན། དེ་ནི་སེམས་བརྟན་ཆ་དང་ལྡན་པའི་གནས་བབས་ཤིག་ཡིན་པ་དང་དེ་ནི་བྱིང་བ་དང་རྒོད་པ་ལས་བྲལ་བ་ཞིག་ཡིན་པ་མ་ཟད། འདོད་པའི་ཁམས་ཀྱི་ཉོན་མོངས་གང་གིས་ཀྱང་རྣམ་པར་མི་གཡེངས་པ་ཞིག་ཀྱང་ཡིན། བསམ་གཏན་ཚད་མཐོའི་གནས་བབས་སུ་བདེ་བའི་ཚོར་བ་ལ་སོགས་པའི་སེམས་བྱུང་གཞན་རྣམས་ཀྱིས་ཀྱང་སེམས་གཡེང་བར་བྱེད་ཀྱི་མེད། 

༦༽ ཤེས་རབ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ཡིན་པས་ན་ཤེས་རབ།

༧༽ ཐབས་མཁས་ཏེ། སངས་རྒྱས་ཀྱི་ཆོས་མངོན་པར་རྟོགས་པའི་ཆེད་ནང་གི་ཐབས་ལམ་ནུས་པ་ཆེ་ཤོས་དང་རན་འཚམས་ཆེ་ཤོས་དང་འབྲེལ་བའི་ཤེས་རབ་དམིགས་བསལ་ཅན་ཞིག་ཡིན་པ་དང་དེ་བཞིན་སེམས་ཅན་རྣམ་སྨིན་པར་བྱེད་པའི་(སེམས་ཅན་དེ་དག་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་)ཕྱིའི་ཐབས་ལམ་ནུས་པ་ཆེ་ཤོས་དང་རན་འཚམས་ཆེ་ཤོས་དེ་ཡིན་པ་རེད། 

༨༽ སྨོན་ལམ་སྟེ། ཚེ་རབས་ཀུན་ཏུ་བྱང་ཆུབ་ཀྱི་སེམས་དང་ནམ་ཡང་མི་འབྲལ་བ་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དུ་རྒྱ་ཆེ་བ་ཕུགས་རྒྱང་རིང་བའི་ཕ་རོལ་ཏུ་ཕྱིན་པའི་བྱེད་སྒོ་ཁག་མུ་མཐུད་པ་དེ་ནམ་ཡང་རྒྱུན་མི་ཆད་པའི་ཡིད་སྨོན་དེ་རེད། སེམས་བྱུང་འདི་ནི་མངོན་པར་འདོད་པའམ་ཡིད་སྨོན་བྱེད་སའི་ཆོས་དང་འབྲེལ་བའི་ཤེས་རབ་དམིགས་བསལ་ཅན་ཞིག་ཡིན། 

༩༽ སྟོབས་ཏེ། ཆོས་རྣམ་འབྱེད་ཀྱི་ཤེས་རབ་རྒྱ་སྐྱེད་གཏོང་བ་དང་འདོད་ཆགས་ལྟ་བུ་ཁ་གཏད་ཀྱི་རྐྱེན་གྱིས་ཚར་གཅོད་དུ་མི་འཇུག་པའི་ཆེད་དུ་བཀོལ་བའི་ཤེས་རབ་དམིགས་བསལ་ཅན་དེ་ཡིན། འདི་ལ་དབྱེ་བ་གཉིས་ཡོད་དེ། ༡། ཀུན་བརྟགས་པའི་སྟོབས་དང་། ༢། བསྒོམས་པའི་སྟོབས་གཉིས་སོ།།

༡༠༽ ཡེ་ཤེས་ཏེ། དེ་དག་གི་སེམས་དང་ཡོངས་སུ་མཉམ་སྡེབ་བྱེད་པའི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡོད་པར་བཀོལ་བའི་ཤེས་རབ་དམིགས་བསལ་ཅན་དེ་ཡིན། ཡོངས་སུ་མཉམ་སྡེབ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པའི་རྟོགས་པ་དུས་གཅིག་པ་ཞིག་དང་མཉམ་པ་ཞིག་ཐོབ་ཀྱི་ཡོད། 

མཚན་ཉིད་ལ་གཞིགས་ན་ཕ་རོལ་ཏུ་ཕྱིན་པ་མཐའ་མ་བཞི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པ་ཤེས་རབ་ཀྱི་དབྱེ་བ་ཡིན་པ་གསལ་པོ་རེད། ཐེག་པ་ཆེན་པོའི་ཕར་ཕྱིན་བཅུའི་ནང་དུ་གནས་བརྟན་སྡེ་པའི་སྤོང་བའི་བསམ་ཕྱོགས་དང་། རང་གི་ཚིག་ལ་བདེན་པ། ཆོད་སེམས་བརྟན་པོ། བྱམས་པ། བཏང་སྙོམས་བཅས་ཀྱི་ཕར་ཕྱིན་རྣམས་མེད་པ་ལ་དོ་སྣང་བྱེད་དགོས། དེའི་སྟེང་ལ་བསམ་གཏན་གྱི་ཕར་ཕྱིན་དང་ཤེས་རབ་ཀྱི་དབྱེ་བ་བཞི་བཅས་ཁ་སྣོན་དང་བཅས་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ཕར་ཕྱིན་གྱི་གོ་རིམ་འགྱུར་བ་གཏོང་གི་ཡོད། 

གཡུང་དྲུང་བོན།

གཡུང་དྲུང་བོན་གྱི་ལུགས་སུ་བླ་ན་མེད་པར་ཕྱིན་པ་བཅུ་པོ་དེ་དག་ཐེག་པ་ཆེན་པོའི་ནང་གི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་འདྲ་མཚུངས་ཡོད་ནའང་། མི་འདྲ་བ་འགའ་ཙམ་ཞིག་ཀྱང་ཡོད། དེ་དག་ནི།

༡༽ སྦྱིན་པ།

༢༽ ཚུལ་ཁྲིམས།

༣༽ བཟོད་པ།

༤༽ བརྩོན་འགྲུས།

༥༽ བསམ་གཏན།

༦༽ སྟོབས།

༧༽ སྙིང་རྗེ།

༨༽ སྨོན་ལམ།

༩༽ ཐབས་མཁས།

༡༠༽ ཤེས་རབ་བཅས་བཅུ་རེད།

སྙིང་རྗེའི་ཕ་རོལ་ཏུ་ཕྱིན་པ་དེ་ཁ་སྣོན་བྱེད་པ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོངས་སུ་མི་བརྩི་བ་ལ་བརྟེན་ནས་དེ་དག་འགའ་ཞིག་གི་གོ་རིམ་འགྱུར་བ་འགྲོ་ཡི་ཡོད་པའི་ཐད་དོ་སྣང་བྱེད་དགོས།།

Top