དགའ་ལྡན་ལྷ་བརྒྱ་མ།

00:24
སྐད་ཡིག་གཞན།

༄༅། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།

༡༽དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སེམས་ཅན་ཐམས་ཅད་བདག་གིས་གྲོལ། །བྱང་ཆུབ་གནས་ལ་འགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །

༢༽ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །

༣༽ལྷ་དང་མི་ཡི་མཆོད་པའི་རྫས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཀུན་བཟང་མཆོད་སྤྲིན་བླ་ན་མེད། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །

༤༽དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །

༥༽མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན། །བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། །

༦༽ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་། །གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ། །

༧༽ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང་། །དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། །བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ། །

༨༽གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། །ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང་། །ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །

༩༽སྙིགས་མའི་དུས་འདིརམང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས། །མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་། །

༡༠༽རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི། །ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ། །ལྷུན་གྲུབ་ཆོས་ཀྱི་ཆར་བ་དབབ་དུ་གསོལ། །

༡༡༽བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་། །ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་བོ་རིང་དུ་གསལ་བྱེད་ཤོག  །

༡༢༽༈ ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་ བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་གུ་རུ་རཏྣ་མཎ་ཌ་ལ་ཀཾ་ནིརྱ་ཏ་ཡཱ་མཱི། །

༡༣༽དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག  །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

༡༤༽དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨོའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་ཏུ་གསོལ། །

༡༥༽དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་སངས་རྒྱས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག།

Top