ཀུན་སློང་བཅོས་པ།

ཕྱི་རོལ་པ་ལས་ཁྱད་པར་འབྱེད་ཆེད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའམ་ཉེན་མེད་ཀྱི་ཁ་ཕྱོགས་བསྟེན་པ་དང་། ཐེག་པ་དམན་པ་ལས་ཁྱད་པར་འབྱེད་ཆེད་ཐེག་པ་ཆེན་པོའི་སྐྱབས་འགྲོ་གསུང་གི་ཡོད། སངས་རྒྱས་ཤཱཀྱ་ཐུབ་པ་ནི་ང་ཚོས་སྐྱབས་སུ་འགྲོ་སའི་ཡུལ་གཙོ་བོར་འཛིན་གྱི་ཡོད། བྱམས་དང་སྙིང་རྗེའི་བདག་ཉིད་སངས་རྒྱས་ཤཱཀྱ་ཐུབ་པ་ནི་འཛམ་བུ་གླིང་འདིར་ལོ་ངོ་ ༢༥༠༠ སྔོན་དུ་ཕེབས། ཁོང་གིས་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་སྣ་ཚོགས་པ་དང་། ནང་པའི་ཆོས་ཀྱི་ཐབས་ལམ་ཡོངས་སུ་རྫོགས་པ་མ་ཚང་མ་མེད་པར་བསྟན། གང་གི་རྗེས་འཇུག་པ་རྣམས་ཀྱིས་དེ་དག་ཕྱོགས་སུ་བསྡུས་ཏེ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་ལྷག་པའི་བསླབ་པ་གསུམ་ནང་ཉམས་སུ་བླངས་དང་ལེན་བཞིན་པ་ཡིན། ཐབས་དེ་དག་རྒྱ་གར་ས་ཕྱོགས་གང་སར་དར་བ་དང་ཕྱིས་སུ་བོད་དུ་དར། བོད་དུ་ཡིག་སྒྱུར་བྱ་གཞག་སྔ་འགྱུར་དང་ཕྱི་འགྱུར་་སྐབས་དར་རྒྱས་ཆེན་པོ་བྱུང་། དེར་བརྟེན་ད་ལྟའི་ཆར་ང་ཚོར་སངས་རྒྱས་ཀྱི་ཆོས་ལེགས་པར་གཅེས་སྲུང་བྱས་པ་རྣམས་ཆ་ཚང་བ་ཡོད་ཅིང་དེ་དག་ཉམས་ལེན་གནང་སྟེ་བཤད་སྒྲུབ་ཀྱི་བསྟན་པ་འཛིན་མཁན་སྐྱེས་ཆེན་དུ་མ་བཞུགས།

མ་གཞི་ངོས་རང་ལ་ཁྱད་ཆོས་ཆ་ཚང་ཚང་མེད་ཀྱང་། སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་ཞིག་ཡིན་པའི་ཆ་ནས་དང་། ང་རང་གི་གཞན་ལ་ཕན་འདོགས་འདོད་ཀྱི་བསམ་པ་ལ་བརྟེན་ནས་སོ་སོའི་ལས་འགན་ངོ་ཤེས་པ་དེས་སྐབས་རེ་རང་ཉིད་ལ་བློ་སྟོབས་ཆེན་པོ་སྤེལ་བ་དང་། ཕྱོགས་མཚུངས་སྐབས་རེ་ང་རང་གི་སེམས་ནང་དངངས་འཚབ་ཀྱིས་ཡིད་ཅུང་མི་བདེ་བ་ཆགས་ཀྱི་འདུག །གང་ལྟར་ཡང་། ངས་གཞན་ལ་ཕན་འདོགས་ཐུབ་ན། སངས་རྒྱས་ཀྱི་ཆོས་གང་ཐུབ་ཅི་ཐུབ་ཀྱིས་རང་གི་ཉམས་ལེན་ནང་སྒྲིལ་རྒྱུ་དང་གཞན་ལ་སྦྱིན་རྒྱུར་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན།

དེ་དག་ཚང་མ་ང་ཚོས་ག་རེ་བྱེད་པའི་རྒྱུ་མཚན་ཏེ་ཀུན་སློང་ལ་རག་ལས་པ་ཧ་ཅང་གསལ་པོ་ཡིན། ང་རང་སྒེར་ལ་མཚོན་ན། རང་ལ་རླབས་ཆེ་བའི་ནུས་པ་ཚང་མ་མེད་ཀྱང་། དེ་དག་ཚང་མར་བསམ་ཤེས་ཆེན་པོ་དང་ཁ་ཡོད་ལག་ཡོད་ཀྱིས་འཇུག་ཐབས་བྱེད་ཀྱི་ཡོད། དམག་མི་ཞིག་ལ་ཆ་ཞོག་དང་། གལ་ཏེ་སྟོབས་ཤུགས་སྐྱོ་པོ་ཡོད་ན། དགྲ་ལ་འཐབ་རྒོལ་བྱེད་རྒྱུའི་གོ་སྐབས་བྱུང་ན་ནམ་ཡང་མི་ཤོར་བ་བྱེད་དགོས། དེ་ལས་ལྡོག་སྟེ། སྟོབས་ཤུགས་ཆེན་པོ་ཡོད་ན། ཕྱིར་འགྲོས་བྱས་ཏེ་གོ་སྐབས་དེ་འདྲ་ཡང་བསྐྱར་འཐོབ་ཀྱི་རེད་བསམས་ནས་ཤོར་བཅུག་ན་འགྲིགས། དེ་ག་ནང་བཞིན། ཅི་སྟེ་ང་ཚོར་རིན་ཐང་ཆེ་བའི་དངོས་པོ་ཧ་ཅང་མང་པོ་ཡོད་ན། དེ་དག་ལས་གཅིག་བརླགས་ན་སེམས་མི་སྐྱིད་པ་བྱེད་དགོས་དོན་མེད། གལ་སྲིད་ང་ཚོས་རང་ཉིད་དཔེ་དེ་དང་བསྡུར་ན། ང་ཚོར་གོ་སྐབས་ཡོད་པས། གོ་སྐབས་དེ་བེད་སྤྱོད་ཡག་པོ་ཞིག་གཏོང་དགོས།

གལ་སྲིད་ང་ཚོས་ཕྱི་དངོས་པོའི་རྒྱུ་ཅ་ལག་ཧ་ཅང་མང་པོ་བསགས་ཡོད་ན། དེ་དག་བེད་སྤྱོད་མ་བཏང་བར་རྩ་ཆེན་པོ་རེད་བསམས་ནས་དམ་པོ་བཟུང་བསྡད་ན། ཕན་ཐོགས་ཅི་ཡང་མེད། དཔེར་ན། སོ་སོས་ཕ་ཤུལ་རྒྱུད་འཛིན་བྱས་པའི་དངོས་པོར་ཆ་ཞོག་དང་། གལ་ཏེ་ད་ལྟ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་མ་བྱུང་ན། དེ་དག་ཉར་ནས་ཅི་ཕན། དེ་ནི་དངོས་པོའི་རང་བཞིན་ཡིན། ང་རང་ཚོའི་ལུས་ལས་སྐྲ་དང་སེར་མོ་དོར་བ་བཞིན། དེ་དག་དམ་པོར་བཟུང་ནས་སྡོད་མི་ཉན། གཡུག་དགོས། དེ་ག་ནང་བཞིན་ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་འཛམ་བུ་གླིང་གི་གནས་སྟངས་དང་ང་ཚོར་འཕྲད་བཞིན་པའི་དོན་དངོས་ཀྱི་གནས་སྟངས་ལ་བལྟ་དགོས་ཤིང་། སོ་སོའི་ཉམས་ལེན་གང་ཡིན་པ་ཐམས་ཅད་དང་དེ་དག་འགྲེལ་བརྗོད་བྱེད་སྟངས་བཅས་དེ་དང་མཐུན་པར་ལག་ལེན་བསྟར་དགོས། ད་ལྟའི་ཆར་བེད་སྤྱོད་མེད་པའི་ཐབས་ལམ་རྙིང་པ་དང་ལུགས་སྲོལ་རྙིང་པ་རྣམས་ལ་ཆགས་ནས་སྡོད་མི་ཉན། དེ་ལྟར་བྱས་ན་ཕན་ཐོགས་ཅི་ཡང་མེད།

སྐྱབས་འགྲོའི་སྐོར་མུ་མཐུད་གླེང་ན། ང་ཚོས་ཕྱག་འཚལ་བའི་སྐབས་ངག་ནས་ཚིག་བཟང་པོ་འདོན་པ་ནི་ངག་གི་ཕྱག་དང་། དེའི་དོན་ཡིད་ལ་བྱེད་པ་ནི་སེམས་ཀྱི་ཕྱག་ཡིན། གལ་ཏེ་ང་ཚོས་ལག་གཉིས་ཐལ་མོ་སྦྱར་ན་དེ་ནི་ལུས་ཀྱི་ཕྱག་ཡིན། ངས་ཆོས་བཤད་འགོ་འཛུགས་སྐབས་ཐོག་མར་སངས་རྒྱས་ཤཱཀྱ་ཐུབ་པར་གུས་ཕྱག་ཕུལ་བ་དང་དེ་ནས་བསྟོད་ཚིག་ཕུལ་ཏེ་ཁུ་ནུ་བླ་མ་རིན་པོ་ཆེའི་ཕྱག་སྲོལ་ལྟར་ལག་ལེན་བསྟར་གྱི་ཡོད།

བླ་མ་ནི་ཧ་ཅང་གནད་འགག་ཆེ་ཞིང་། ལྷག་པར་དུ་སྔགས་ཀྱི་ཉམས་ལེན་ནང་ཧ་ཅང་གལ་ཆེ། ང་ཚོས་སྐྱབས་སུ་འགྲོ་བའི་སྐབས། ཐོག་མར་ང་ཚོས་བླ་མ་ལ་སྐྱབས་སུ་འགྲོ་བ་དང་། དེ་ནས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་གི་ཡོད། དེ་ཡང་སྐྱབས་འགྲོའི་ཡུལ་བཞི་པ་ཞིག་ཡོད་པའི་དོན་མིན། བླ་མའི་ཡོན་ཏན་ནང་དཀོན་མཆོག་གསུམ་གྱི་ཡོན་ཏན་འདུས་ཡོད།

གཞུང་འདི་ནི་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ནམ་མཁའ་དཔལ་བཟང་གིས་མཛད་པའི་བློ་སྦྱོང་ཉི་མའི་འོད་ཟེར་ཞེས་བྱ་ཞིང་། ང་ཚོའི་སེམས་གཙང་མ་བཟོ་བའམ་བློ་སྦྱོང་བའི་གཞུང་ཞིག་ཡིན། སྐབས་རེ་ཁོང་ལ་ནམ་མཁའ་དཔལ་ཞེས་ཞུ་གི་ཡོད། ང་ལ་གཞུང་འདི་སྐྱབས་རྗེ་གླིང་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་པ་དང་། ད་དུང་ཨ་མདོའི་བླ་མ་ཞིག་གི་དྲུང་ནས་ཐོབ་བྱུང་། ངས་གཞུང་འདིའི་ཆོས་ཁྲིད་ཐེངས་མང་པོ་ཞུ་རྒྱུ་བྱུང་།

མི་འགའ་ཞིག་གི་སྤྱོད་པ་ཧ་ཅང་རྩུབ་པོ་དང་རྩིང་པོ་ཞེ་དྲགས་ཡོད་ཅིང་། ཐ་ན་སོ་སོའི་ཕ་མ་དང་གྲོགས་པོ་གྲོགས་མོ་རྣམས་ཀྱིས་ཀྱང་མཉམ་དུ་འདུག་འདོད་བྱེད་ཀྱི་མེད། འོན་ཀྱང་ང་ཚོས་ཕན་སེམས་དང་བརྩེ་སེམས་ཤིག་རྒྱུད་ལ་བསྐྱེད་ཐུབ་ན། ཉིན་རེ་བཞིན་སོ་སོའི་རྒྱུད་ཀྱི་ཁྱད་ཆོས་བཟང་པོ་རྣམས་གོང་འཕེལ་འགྲོ་བ་དང་གཞན་ལ་བདེ་སྐྱིད་བསྐྲུན་ཆེད་ང་ཚོའི་རྒྱུད་ལ་ཡོད་པའི་བཟང་པོའི་ཡོན་ཏན་འཕེལ་རྒྱས་འགྲོ་བ་རིམ་གྱིས་མཐོང་ཐུབ་པ་ཡོང་གི་ཡོད། དེའི་འབྲས་བུ་སོ་སོ་རང་ཉིད་ཀྱང་ཧ་ཅང་སྐྱིད་པོ་ཡོང་བ་བརྗོད་མེད་ཡིན། ཅི་སྟེ་ང་ཚོ་མི་ཡག་པོ་དང་སེམས་བཟང་ཅན་ཞིག་བྱེད་ཐུབ་ན། ང་ཚོས་མི་ཚེའི་ནང་གང་འདོད་པ་ཐམས་ཅད་ལྷུན་གྱིས་གྲུབ་ཀྱི་ཡོད། མཐར་ང་ཚོའི་རྒྱུད་དུ་ཁྱད་ཆོས་བཟང་པོ་ཚང་མ་མངོན་དུ་གྱུར་ནས་ཀུན་རྫོབ་དང་དོན་དམ་པའི་རིམ་པ་གཉིས་ཀའི་ཆ་ནས་བསམ་དོན་ལྷུན་གྲུབ་ཡོང་ཐུབ། གལ་ཏེ་སྤྱོད་ཚུལ་ངན་པ་དང་རྩིང་བའི་མི་ཞིག་བྱས་ན། རྟག་ཏུ་དམིགས་ཡུལ་དང་བཅས་དཀའ་ལས་བརྒྱབ་ཀྱང་ཇི་ལྟར་འདོད་པ་ལྟར་ནམ་ཡང་སྒྲུབ་ཐུབ་ཀྱི་མེད།

ཕྱིའི་ལུས་པོ་ཡག་པོ་ཡོང་ཕྱིར་སྦྱོར་བརྡར་བྱེད་པ་བཞིན། ང་ཚོའི་སེམས་ལ་སྦྱོང་བརྡར་གཏོང་བ་ལའང་ཉིན་ནས་ཉིན་དང་། ཟླ་བ་ནས་ཟླ་བ་བཅས་དུས་ཡུན་རིང་པོ་རྒྱུན་བསྲིངས་ནས་འབད་བརྩོན་བསྟེན་དགོས་པའི་ཐབས་ལམ་མང་པོ་ཞིག་དགོས་ཀྱི་ཡོད། སེམས་བཟང་པོ་ནི་དེ་འཐོབ་ན་བསམ་པའི་འདོད་པ་ཡོད་པ་ཙམ་གྱིས་མི་ཡོང་བར་སྦྱོང་བརྡར་དང་རིམ་གྱིས་གོང་མཐོར་གཏོང་བ་ལས་ཡོང་གི་ཡོད། སངས་རྒྱས་པའི་ཆོས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་ཅིང་། ཆོས་ཐམས་ཅད་བརྟེན་ནས་བྱུང་བར་གསུངས། དེར་བརྟེན་གང་བྱུང་བ་ཐམས་ཅད་རྒྱུ་འབྲས་ཀྱི་ཚུལ་དུ་རྒྱུ་མཚན་དང་གོ་རིམ་བཞིན་དུ་འབྱུང་བ་ལས་འཇིག་རྟེན་བཀོད་པ་པོའི་བློའི་གཡོ་བ་ལས་བྱུང་བར་མི་འདོད། ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་ཞིང་། གལ་སྲིད་ང་ཚོས་རྒྱུ་དང་རྐྱེན་དེ་ངོས་འཛིན་དགོས་ན། ཆོས་རྣམས་ལས་ལ་བརྟེན་ནས་འབྱུང་བ་ཡིན་ཞེས་བརྗོད་ཀྱི་ཡོད། ལས་ཞེས་པ་ནི་མིའི་སེམས་དང་མིའི་བྱ་སྤྱོད་ལ་བརྟེན་ནས་བྱུང་བ་དང་། ཁྱད་པར་དུ་གཞན་ལ་ཇི་ལྟར་ཕན་འདོགས་པའམ་གནོད་པའི་ཚུལ་ལ་བརྟེན་ནས་ཡོང་གི་ཡོད།

དེ་དག་ཐམས་ཅད་ཀྱི་རྩ་བ་ནི་ང་ཚོའི་སེམས་རྒྱུད་དུལ་མ་དུལ་ལ་ཐུག་གི་ཡོད། གལ་སྲིད་སེམས་རྒྱུད་མ་དུལ་ན། གནོད་འཚེ་ཆེ་བའི་ལས་སྣ་ཚོགས་བྱེད་ཅིང་། དེ་ལྟའི་མི་དགེ་བའི་ལས་ཀྱི་འབྲས་བུར་རྐྱེན་ངན་དང་སྡུག་བསྔལ་སོགས་འབྱུང་གི་ཡོད། གལ་སྲིད་སེམས་རྒྱུད་ཡང་དག་པར་དུལ་ཡོད་ན། དེ་ལྟའི་སྡུག་བསྔལ་བའི་འབྲས་བུ་མི་ཡོང་། དེར་བརྟེན་རྐྱེན་ངན་ཐོག་ཏུ་བབས་ཚེ། ང་ཚོས་སངས་རྒྱས་ལ་མཛུབ་མོ་བཙུགས་ཏེ་ཁག་དཀྲི་གཡོག་པའམ་ཡང་ན་མི་གཞན་ཞིག་ལ་སྐྱོན་འཛུགས་བྱེད་མི་ཐུབ། དེ་བཞིན་སོ་སོའི་བདེ་སྐྱིད་དེ་མི་གཞན་ཞིག་ལས་བྱུང་བ་ཡིན་ཞེས་བརྗོད་མི་ཐུབ། དེ་དག་ཐམས་ཅད་རང་གི་སེམས་རྒྱུད་དུལ་དང་མ་དུལ་ལ་བརྟེན་ནས་འབྱུང་གི་ཡོད། ང་ཚོའི་སེམས་རྒྱུད་དུལ་བའི་ཚེ། ཕན་བྱེད་དགེ་བའི་ལས་སུ་འཇུག་ཅིང་དགེ་བའི་ནུས་པའམ་ཚོགས་གསོག་གི་ཡོད་པ་དང་། དེའི་འབྲས་བུར་བདེ་བ་འཐོབ་ཀྱི་ཡོད། གལ་ཏེ་ང་ཚོས་སྡུག་བསྔལ་མེད་པ་བཟོ་འདོད་ན། ང་ཚོས་སོ་སོའི་བསམ་ཕྱོགས་ལེགས་བཅོས་གཏོང་དགོས་པ་དང་སེམས་རྒྱུད་ལེགས་པར་འདུལ་དགོས་ཀྱི་ཡོད།

དེ་ག་ནང་བཞིན་དཀའ་ངལ་དང་སྡུག་བསྔལ་མེད་པའི་བདེ་སྐྱིད་ཅིག་རང་ལ་གནང་རོགས་ཞེས་སངས་རྒྱས་ལ་གསོལ་བ་བཏབ་པ་ཙམ་གྱིས་མི་ཡོང་། དེ་དག་ནི་སོ་སོ་རང་གིས་དཀའ་ལས་བརྒྱབ་སྟེ་ཡོང་དགོས་ཤིང་། དེ་ཡང་ང་ཚོའི་རྒྱུད་ཀྱི་མི་དགེ་བའི་སེམས་རྣམས་གཙང་མ་བཟོས་ཏེ་དགེ་བའི་སེམས་བསྐྱེད་པ་ལས་ཡོང་དགོས། གཞན་ཡང་དེ་ང་ཚོའི་སེམས་རྒྱུད་དུལ་མ་དུལ་ལ་རག་ལས་ཡོད། གལ་ཏེ་བདེ་སྐྱིད་འདོད་ན། སེམས་རྒྱུད་འདུལ་དགོས། གལ་ཏེ་དཀའ་ངལ་རྣམས་མེད་པ་བཟོ་འདོད་ན། སེམས་རྒྱུད་འདུལ་དགོས། དེར་བརྟེན་བདེ་བ་ཇི་ལྟར་འཚོལ་བ་དང་སྡུག་བསྔལ་ནམ་དཀའ་ངལ་རྣམས་ཇི་ལྟར་མེད་པ་བཟོ་ཕྱོགས་ཐད་གནད་དོན་གཙོ་བོ་ནི་ང་ཚོའི་སེམས་རྒྱུད་དུལ་མ་དུལ་ལ་ཐུག་ཡོད།

རྒྱུ་མཚན་དེ་བས་ན། ང་ཚོས་འཇིག་རྟེན་བཀོད་པ་པོ་སྟེ་ཁོང་གི་སྙིང་རྗེ་དང་བྱིན་རླབས་ལ་བརྟེན་ནས་ང་ཚོར་བདེ་སྐྱིད་འཐོབ་པའི་རྣམ་གཞག་ཁས་ལེན་གྱི་མེད། འོན་ཏེ་གང་ཟག་བྱེ་བྲག་པ་ཞིག་དང་སངས་རྒྱས་ལ་གཞི་རྩའི་ནུས་པའི་ཆ་ནས་ཁྱད་པར་མེད། མ་གཞི་ང་ཚོར་སངས་རྒྱས་ནས་སེམས་སྐུལ་དང་བྱིན་རླབས་འཐོབ་ཐུབ་ཀྱང་། གཙོ་བོ་ནི་ང་ཚོས་སོ་སོའི་སེམས་རྒྱུད་འདུལ་དགོས་ཀྱི་ཡོད། དེ་འདྲ་སོང་ཙང་། བློ་སྦྱོང་གི་གཞུང་འདི་རིགས་མང་པོ་བཞུགས་ཡོད། མི་ཚང་མས་སོ་སོའི་སེམས་རྒྱུད་དང་བློའི་ཁྱེར་ཕྱོགས་འདུལ་བར་འབད་བརྩོན་བྱེད་དགོས། དེ་ལ་བརྟེན་ནས་བདེ་སྐྱིད་ཡོང་གི་ཡོད།

བརྙན་པར། བྱ་རོག་བླ་མ། “སོ་སོའི་སེམས་ཡར་རྒྱས་གཏོང་བ།” 

གནས་སྟངས་གང་དུ་དང་ང་ཚོས་ལས་ཀ་གང་བྱེད་ཀྱང་ཁྱད་པར་མེད། གནད་འགག་ནི་ཀུན་སློང་ཚུལ་དང་མཐུན་པ་ཞིག་དགོས། ཀུན་སློང་ཚུལ་མཐུན་ཡོད་པའི་ཐོག་ནས་ང་ཚོས་ལས་ཀ་གང་བྱས་ཀྱང་ཕན་བྱེད་དགེ་བའི་ལས་ཆགས་ཐུབ། དཔེར་ན། ན་ཚ་མི་ཡོང་བ་དང་དེ་བཞིན་དཀའ་ངལ་ཆུང་ཙག་དེ་རིགས་ལས་ཐར་ཆེད་ངས་གཞུང་འདི་ཐོས་བསམ་བྱས་ཏེ་དགེ་བའི་ལས་ཤིག་བྱེད་ཀྱི་ཡོད་བསམས་ན། དེ་ནོར་འཁྲུལ་ཆེན་པོ་རེད། ང་ཚོས་ཚེ་འདི་པ་ཙམ་ལ་ཕན་ཕྱིར་དང་། ན་ཚའི་རིགས་སྤོང་ཕྱིར་རམ། ཡང་ན་རང་ཉིད་ལ་མ་འོངས་པར་བདེ་སྐྱིད་མང་བ་འཐོབ་འདོད་སོགས་དམིགས་ཡུལ་དང་དགོས་དོན་ཆུང་ཆུང་དེ་རིགས་སྤོང་དགོས། དེ་བཞིན་འཁོར་བ་ལས་གྲོལ་བའི་ཐར་པ་ཙམ་དོན་གཉེར་གྱི་བསམ་པ་དང་བཅས་གཞུང་འདི་ཉན་པའང་ནོར་འཁྲུལ་ཆེན་པོ་ཡིན། དེར་བརྟེན། “ངས་གཞུང་འདི་ཐོས་བསམ་བྱས་པས་རང་ཉིད་སངས་རྒྱས་ཀྱི་གོ་འཕང་དང་ཐག་ཉེ་རུ་འགྲོ་ཐུབ། དེའི་འབྲས་བུར་ངས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཐུབ།” ཅེས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས། ཀུན་སློང་འདི་འདྲ་ཞིག་ང་ཚོར་ངེས་པར་དུ་དགོས་ཀྱི་ཡོད།

ཆོས་ཇི་ལྟར་ཉན་པའི་ཚུལ།

སྣོད་ཀྱི་དཔེའི་ཐོག་ནས་སློབ་མ་རྣམས་ཀྱིས་ཆོས་ཇི་ལྟར་ཉན་པའི་ཚུལ་འགྲེལ་བརྗོད་གནང་ཡོད། སྣོད་ཅིག་གི་ནང་གང་བླུགས་པ་ཏག་ཏག་འཚོག་པའི་ཆེད་སྣོད་དེ་ཁ་སྦུབ་ན་མི་རུང་། དེ་བཞིན་ཞབས་རྡོལ་བ། མི་གཙང་བ་ཁེངས་པས་མི་རུང་། དེ་བཞིན་ང་ཚོས་བློ་སྒོ་ཡངས་པོར་ཕྱེས་པ་དང་། གང་ཐོས་པ་དེ་མ་བཏང་བ། ཕྱོགས་ལྷུང་གི་དྲི་མས་མ་འགོས་པ་བཅས་བྱེད་དགོས།

སྔོན་མ་མ་སྦྱངས་པ་ཞིག་ཤེས་པའི་ཆེད་དུ་ང་ཚོས་ཉན་དགོས་པ་དང་། གང་ཉན་པ་དེ་དག་འཕྲལ་དུ་ཉམས་ལེན་ནང་སྒྲིལ་དགོས་ཀྱི་ཡོད། དེའི་ཕྱིར་བློ་སྦྱོང་གི་རྣམ་གཞག་གསུང་ཡོད། ང་ཚོས་སོ་སོའི་ཁྱིམ་དུ་དཀའ་ལས་ཅི་ཡང་མ་བརྒྱབ་པར་འདིར་གཙུག་ལག་ཁང་ནང་དུ་རྒྱུག་ཡོང་སྟེ། འདི་གར་སླེབས་པ་དང་། ལྷོད་ལྷོད་བྱས་སྡོད་རྒྱུའི་ས་ཆ་ཞིག་ཏུ་བརྩི་གི་ཡོད། ཆོས་ཤིག་ཉན་རྒྱུའི་གོ་སྐབས་རྩ་ཆེན་འདི་འདྲ་ཐོབ་སྐབས། ལྷོད་ལྷོད་བྱས་སྡོད་མི་ཉན། ང་ཚོས་སོ་སོའི་སེམས་ལ་ཕན་ཐོགས་ཡོང་སླད་གོ་སྐབས་ཚང་མ་བེད་སྤྱོད་ཡག་པོ་གཏོང་དགོས།

ལྗགས་ལུང་ཉན་སྐབས་སྒྲ་ཞིག་ཐོས་པ་ཙམ་མ་ཡིན་པར། དེའི་དོན་དག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། འདིར་འགྲེལ་བཤད་བརྒྱབ་པའི་ནང་དོན་རྣམས་ང་ཚོས་བློ་ལ་འཇུག་པོ་བཟོ་ཐབས་བྱེད་དགོས། ཉན་ནས་བསྡད་པ་ཙམ་གྱིས་མི་འགྲིགས། དེ་བཞིན་དེ་འདྲ་རེད་འདུག་བསམས་ནས་བསམ་བློ་མ་བཏང་བར། སོ་སོའི་སྤྱོད་པ་ལེགས་བཅོས་ཆེད་གང་ཡང་མ་བྱས་པར་བསྡད་ན། ནོར་འཁྲུལ་ཆེན་པོ་རེད། ང་ཚོས་གང་ཐོས་པ་དེར་འདོད་པ་ཁེངས་ནས་སྡོད་རྒྱུ་མེད། དངོས་སུ་ཉམས་ལེན་བྱེད་ཐབས་བྱེད་དགོས། གལ་སྲིད་ང་ཚོས་ཆོས་ཤིག་ཉན་པ་དང་སྐབས་དེར་སོ་སོའི་སེམས་ནང་གོ་བ་ཞིག་རྙེད་ནས། ཆུ་ཚོད་ཁ་ཤས་རིང་བསམ་བློ་བཏང་རྗེས་ཆོས་རྭ་ནས་ཕྱིར་ཐོན་པའི་རྗེས་གཏིང་བརྗེད་དུ་སོང་ན་དེའང་ནོར་འཁྲུལ་ཡིན། ཅི་སྟེ་སློབ་གྲྭའི་ནང་གི་ཡིག་ཚད་ཆེད་སློབ་སྦྱོང་བྱེད་ཀྱི་ཡོད་ན། སློབ་ཚན་ཆ་ཚང་མཐིལ་ཕྱིན་པ་ཤེས་ཐབས་བྱེད་པ་ནི། མཐར་དེ་དག་ཚང་མ་ཚེ་འདིའི་ནང་ལག་ཁྱེར་ཡག་པོ་ཞིག་འཐོབ་རྒྱུའི་ཆེད་དུ་ཡིན། འདིར་ཡང་ང་ཚོས་བསྔོ་བ་དང་བརྩོན་འགྲུས་བརྟན་པོ་ཞིག་ཡོད་པའི་ཐོག་ནས་གཅིག་མཚུངས་བྱེད་དགོས། ང་ཚོས་ནང་ཆོས་སློབ་གཉེར་བྱེད་སྐབས། བཤད་མཁན་གྱིས་འགྲེལ་བཤད་མ་ནོར་བ་བྱེད་དགོས་པ་དང་ཉན་མཁན་གྱིས་ཚུལ་བཞིན་དུ་ཉན་དགོས་པ་ཤིན་ཏུ་གལ་ཆེ། གཏན་འཇགས་སློབ་གྲྭའི་ནང་གི་འགྲོ་ལུགས་ལྟར་ང་ཚོས་ལག་བསྟར་བྱེད་དགོས། ང་ཚོས་ནོར་འཁྲུལ་བཟོས་ཡོད་མེད་དཔྱད་པ་བྱེད་དགོས་པ་དང་གཞུང་དོན་ཏག་ཏག་ཤེས་ཡོད་མེད་བརྟག་དཔྱད་བྱེད་དགོས། ནང་ཆོས་ཉན་པའི་སྐབས་བླ་མ་དེ་ཡར་བཞེངས་ནས་འགྲེལ་བརྗོད་བྱེད་པ་སོགས་ལུས་སྦྱོང་ལྟ་བུ་ཞིག་ཡིན་པ་དང་། མི་རྣམས་ཀྱིས་མར་བསྡད་དེ་ཆོས་ཉན་པ་ལས་སེམས་ཤུགས་འདྲ་བསྐྱེད་པ་ཙམ་གྱི་ཆེད་དུ་ཡིན་ན། བྱིན་རླབས་འདྲ་འཐོབ་སྲིད། འོན་ཀྱང་དེ་ནི་ང་ཚོའི་སེམས་ནང་བག་ཆགས་ཙམ་ཞིག་འཇོག་ཕྱིར་མ་ཡིན། བླ་མས་ཆོས་གསུང་པའི་སྐབས་ང་ཚོར་ཚེ་དབང་དང་བྱིན་རླབས་གནང་རྒྱུར་དམ་བསྒྲགས་ཡོད་དགོས་པ་མ་ཡིན་པར། དེ་ལས་གལ་ཆེ་བ་ནི་མི་རྣམས་ལ་ཤེས་ཡོན་སྤེལ་ཐབས་བྱ་དགོས་རྒྱུ་དེ་ཡིན།

ཀུན་སློང་ཚུལ་བཞིན་དུ་བཅོས་པའི་སྙིང་པོ།

ང་ཚོས་དངོས་གནས་གཟབ་གཟབ་བྱས་དོ་སྣང་བྱེད་དགོས་པ་དང་། སོ་སོའི་སེམས་གྲུང་པོ་དང་རིག་པ་རྣོ་པོ་ཡོང་ཕྱིར་འབད་བརྩོན་གང་ཐུབ་བྱ་དགོས། ནང་ཆོས་སློབ་གཉེར་བྱེད་པ་ནི་དོན་དམ་དུ་ཤེས་ཡོན་ཡང་དག་ཅིང་མ་ནོར་བ་ཞིག་རྒྱུད་ལ་སྦྱོང་བའི་བརྒྱུད་རིམ་ཞིག་ཡིན་པ་ལས་བྱིན་རླབས་ཀྱི་གནད་དོན་ཙམ་མ་ཡིན། གསུང་རབ་ཀྱི་རྗེས་སུ་འབྲངས་ནས་ཆོས་ཉན་པའི་ཕན་ཡོན་ནི། སངས་རྒྱས་ཀྱི་ཆེད་དུ་མིན་ལ་བླ་མའི་ཆེད་དུའང་མིན། སྐྱབས་རྗེ་གླིང་རིན་པོ་ཆེས། “ཁྱེད་རང་ཚོས་ཆོས་ཉམས་ལེན་བྱེད་པ་དེ་ངའི་ཆེད་དུ་མ་རེད། གལ་སྲིད་དེ་ཁྱེད་རང་ཚོར་ཡག་པོ་འདུག་བསམས་ན། མུ་མཐུད་ཉམས་ལེན་བྱེད་དགོས།” ཞེས་བཀའ་གནང་ཡོད། དེ་ནི་སྙིང་དོན་དེ་རེད། ཆོས་ཉམས་ལེན་བྱེད་པའི་སྐབས། གཞན་ལ་ངོམ་སོ་རྒྱག་དགོས་དོན་མེད། ང་ཚོས་དེ་སོ་སོ་རང་ཉིད་ཡར་རྒྱས་འགྲོ་རྒྱུའི་ཆེད་དུ་ཉམས་ལེན་བྱེད་པ་ལས་སངས་རྒྱས་ཀྱི་ཆེད་དུ་བྱེད་ཀྱི་མེད། གལ་སྲིད་དེ་བླ་མ་ལྟ་བུའི་སྐྱེ་བོ་དམ་པ་རྣམས་ཀྱི་ཆེད་དུ་ཡིན་ན། ཆོས་ཉམས་ལེན་བྱེད་པའི་བསམ་བློའི་ཁྱེར་ཕྱོགས་དེ་རྦད་དེ་ནོར་བ་རེད།

ང་ཚོ་གང་དུ་ཡོད་ཀྱང་ཁྱད་པར་མེད། དཔེར་ན། རྒྱ་ནག་དང་། བོད། རྒྱ་གར། ཡང་ན་དཔལ་འབྱོར་ཡར་ཐོན་ཆེ་བའི་ནུབ་ཕྱོགས་རྒྱལ་ཁབ་སོགས་གང་དུ་ཡོད་ཀྱང་ཁྱད་པར་མེད། གནས་སྟངས་གང་ཞིག་ནང་བདེ་སྐྱིད་ཡོང་བ་ནི་སེམས་རྒྱུད་དུལ་མ་དུལ་ལ་རག་ལས་ཡོད། ཕྱིའི་གནས་སྟངས་གང་འདྲ་ཞིག་ཡོད་ཀྱང་། སེམས་རྒྱུད་མ་དུལ་ན། ང་ཚོ་སྐྱིད་པོ་ཡོང་མི་ཐུབ། ཐམས་ཅད་ངཚོའི་བསམ་བློ་གཏོང་སྟངས་དང་བློའི་ཁྱེར་ཕྱོགས་ལས་འབྱུང་གི་ཡོད།

གལ་སྲིད་ང་ཚོས་འབུ་སྲིན་ཆུང་ཆུང་ཞིག་ལ་བལྟས་ན། ཐ་ན་འདྲེ་ཤིག་ཅིག་གིས་ཀྱང་དཀའ་ངལ་དང་སྡུག་བསྔལ་ལས་གཡོལ་ཐབས་བྱས་ཏེ་གནས་སྟངས་བཟང་བ་ཞིག་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད། ཚང་མར་བདེ་བ་འཐོབ་འདོད་ཡོད་ཅིང་སྡུག་བསྔལ་མེད་པ་བཟོ་འདོད་ཡོད། གཞི་རྩའི་མངོན་འདོད་དེའི་ཐོག་ནས་བདེ་བ་སྒྲུབ་བྱེད་ཀྱི་སོ་སོའི་ཐབས་ལམ་དང་བསྟུན་ནས་ཚང་མས་སྒྲུབ་ཐབས་བྱེད་ཀྱི་ཡོད། འགའ་ཞིག་གིས་གཞན་ལ་གནོད་འཚེ་བྱེད་པ་དང་གཞན་གྱི་དྲུང་ནས་ཁེ་སང་བླངས་ཏེ་བདེ་བ་དེ་དོན་གཉེར་བྱེད་དགོས་པར་བསམ་ཞིང་། དེ་ལ་བརྟེན་ནས་བདེ་བ་འཐོབ་ཀྱི་ཡོད། ཁོང་ཚོའི་བྱེད་སྟངས་དེ་འདྲ་ཡིན་ཀྱང་། ཁོང་ཚོའི་བྱ་སྤྱོད་ཀྱི་རྩ་བ་ནི་གཞན་སེམས་ཅན་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་ཡིན། ད་ཁོང་ཚོའི་གྲུབ་འབྲས་སམ་བདེ་སྐྱིད་ལམ་ལྷོང་ཡོང་བ་ནི་གཙོ་བོ་རང་གི་སེམས་རྒྱུད་དུལ་མ་དུལ་ལ་རག་ལས་པ་དང་། ཐབས་ལམ་མ་ནོར་བ་ཞིག་ཉམས་སུ་བླངས་མ་བླངས་ལ་རག་ལས་ཡོད།

ཐམས་ཅད་ང་ཚོའི་བློའི་ཁྱེར་ཕྱོགས་ལ་རག་ལས་ཡོད། དཔེར་ན། གལ་ཏེ་ང་ཚོ་ནད་ཀྱིས་མནར་ཡོད་ན། ང་ཚོས་སེམས་གུ་དོག་པོ་ཚོར་ན་ལུས་ལ་ན་ཚ་ཡོད་པའི་ཁར་སེམས་ནང་མི་བདེ་བ་ཞེ་དྲགས་ཡོང་གི་ཡོད། ངོས་རང་ལ་མཚོན་ན། བདག་གཞན་མཉམ་བརྗེའི་བརྒྱུད་རིམ་དེར་གདེང་སྤོབས་དང་ཡིད་ཆེས་མཐའ་གཅིག་ཏུ་ཡོད། དེ་ནི་བདེ་སྐྱིད་ཀྱི་གཞི་རྟེན་དངོས་གནས་དེ་ཡིན་ཅིང་། ངས་རྒྱུན་དུ་སེམས་གཏིང་ནས་ཉམས་ལེན་བྱེད་ཐབས་བྱེད་པའི་གནད་དོན་ཞིག་ཡིན། བློའི་ཁྱེར་སོ་དེའི་ཐོག་ནས་འབད་བརྩོན་བྱས་ན། རང་གི་མི་ཚེའི་ནང་གནས་སྟངས་གང་འདྲ་ཞིག་ཆགས་ཀྱང་ཁྱད་པར་མེད། དཀའ་ངལ་དང་སྡུག་བསྔལ་འབྱུང་ངེས་པ་གསལ་པོ་ཡིན། ང་ཚོས་རེ་བ་གང་ཞིག་བྱེད་ཀྱི་ཡོད་དམ། འཛམ་གླིང་ནང་དངོས་གནས་སྡུག་བསྔལ་ཡོད་པ་སངས་རྒྱས་ཉིད་ཀྱིས་གསུངས་ཡོད། འོན་ཀྱང་ང་ཚོའི་བློའི་ཁྱེར་སོ་ལ་འགྱུར་བ་བཏང་ནས་སོ་སོའི་ཚབ་ཏུ་གཞན་ལ་བསམ་བློ་བཏང་ན། དཀའ་ངལ་དང་སྡུག་བསྔལ་གྱི་གཞི་རྩའི་གནས་སྟངས་དེའི་སྟེང་ནས་བདེ་སྐྱིད་འཐོབ་ཐུབ། ཅི་སྟེ་ང་ཚོས་མི་ཚེ་འདིའི་ནང་སོ་སོ་གཅིག་པུའི་ཆེད་དུ་བསམ་བློ་བཏང་ན། བསམ་བློ་དེ་ནི་གུ་དོག་པོ་དང་ཧ་ཅང་རྒྱ་ཆུང་ཆུང་ཞིག་ཡིན། དེ་བཞིན་སོ་སོའི་མ་འོངས་པ་གཅིག་པུའི་ཐད་ལ་བསམ་བློ་གཏོང་བ་དེའང་ཆུང་ཆུང་ཡིན། དེ་ལས་ལྡོག་སྟེ། གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་དང་། སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུར་བསམ་བློ་བཏང་ན། དེ་ནི་ཧ་ལས་པའི་རྒྱ་ཆེ་བའི་བསམ་བློ་གཏོང་སྟངས་ཤིག་ཡིན། དེ་ལྟར་བྱུང་ན། ཚེ་འདི་སྐྱིད་པོ་ཡོང་བ་མ་ཟད་ཚེ་ཕྱི་མ་ལའང་སྐྱིད་པོ་ཡོང་ཐུབ།

ད་ང་ཚོས་བསམ་བློ་ག་རེ་གཏོང་དགོས་སམ་ཞེ་ན། “ངས་སེམས་ཅན་གཞན་ལ་ཕན་འདོགས་པ་དང་། གཞན་དོན་སྒྲུབ་པའི་ནུས་པ་མ་ཐོབ་བར་རང་ཉིད་ཡར་རྒྱས་གཏོང་བའི་ཆེད་དུ་གཞུང་འདི་ཉན་གྱི་ཡིན།” ཞེས་བསམ་བློ་གཏོང་དགོས། ཆོས་འདི་ཉན་པའི་སྐབས་ང་ཚོས་སོ་སོའི་སེམས་ཀྱི་གནས་བབས་དེ་སྐྱིད་པོ་དང་དགའ་པོ་ཡོང་ཐབས་བྱེད་དགོས་པ་དང་། བརྩོན་སེམས་དགོས་པ་ཡིན། སེམས་གཏིང་ནས་གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་དགའ་པོ་བྱེད་པ་དང་བསམ་བློ་ཡག་པོ་གཏོང་དགོས། དེའི་ཕྱིར་ང་ཚོས་གང་ཐུབ་ཐུབ་ཀྱིས་སོ་སོའི་བློའི་ཁྱེར་སོ་དང་ཀུན་སློང་ལ་ཞུ་དག་བྱས་ནས་ཡག་པོ་ཞིག་ཡོང་བ་བྱེད་དགོས།

མཚན་བྱང་དང་གླེང་བརྗོད།

གཞུང་འདིའི་མཚན་བྱང་ལ་བློ་སྦྱོང་ཉི་མའི་འོད་ཟེར་ཞེས་བྱ། ང་ཚོའི་ཀུན་སྤྱོད་ལ་སྦྱོང་བརྡར་གཏོང་བའི་དོན་ངས་སྔོན་ཚུད་ནས་འགྲེལ་བཤད་བྱས་ཟིན། ཉི་མའི་འོད་ཟེར་གྱི་བསྟན་དོན་ནི། གཞུང་འདི་ལ་སེམས་ཀྱི་དྲི་མ་སྣ་ཚོགས་སེལ་བའི་ནུས་པ་ལྡན་ཡོད། དེར་བརྟེན་སེམས་ཉི་མ་ལྟར་གསལ་པོ་ཆགས་ཀྱི་ཡོད།

དེ་ལ་ཐོག་མར་མཆོད་པར་བརྗོད་པ་དང་མཉམ་དུ་བསྟོད་ཚིག་དང་དེ་ནས་རྩོམ་པར་དམ་བཅའ་བ་གསུང་། གཞུང་འདིའི་རྩོམ་པ་པོས་ཐོག་མར་རང་གི་རྩ་བའི་བླ་མའི་དྲུང་ནས་སྐྱབས་འགྲོ་བླངས་ཏེ་ཕྱག་འཚལ་ནས་མཆོད་པ་བརྗོད་པ་དང་། དེ་ནས་གཞན་སེམས་ཅན་རྣམས་བདེ་བ་དང་ལྡན་པར་ཤོག་ཅེས་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་ཤོག་ཅེས་པའི་སྙིང་རྗེ་ཆེན་པོ་མངའ་བའི་སངས་རྒྱས་ལ་མཆོད་པ་བརྗོད་དེ་བསྟོད་པ་ཕུལ། འདི་ནི་གཞན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་འཐོབ་པ་དང་། ཕར་ཕྱིན་དྲུག་ཉམས་སུ་ལེན་པ། བསྡུ་བའི་དངོས་པོ་བཞི་ཉམས་སུ་ལེན་ཆེད་བྱང་ཆུབ་སེམས་ཀྱི་རྩ་བ་ཡིན། དེ་དག་ཉམས་སུ་ལེན་པ་ནི་དྲི་མ་ཐམས་ཅད་སེལ་བ་དང་། ཡོན་ཏན་ཐམས་ཅད་གོང་དུ་སྤེལ་བ། མཐར་སངས་རྒྱས་ཀྱི་ས་ལ་བགྲོད་པའི་ཐབས་ཡིན། ནམ་མཁའ་དཔལ་གྱིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལ་འགྲོལ་བའི་དེད་དཔོན་ལྟ་བུའི་སངས་རྒྱས་ལ་མཆོད་པ་བརྗོད། འདིར་ནན་བརྗོད་བྱེད་ས་གཙོ་བོ་ནི་བྱམས་པ་དང་སྙིང་རྗེའི་རྩ་བར་གྱུར་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན།

དེ་ནས་རྩོམ་པ་པོས་སངས་རྒྱས་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ལ་ཕྱག་འཚལ་ཏེ་བསྟོད་པ་ཕུལ། རྒྱ་ཆེན་སྤྱོད་པའི་བརྒྱུད་ནི་བྱང་ཆུབ་སེམས་དཔའ་རྗེ་བཙུན་བྱམས་པ་མགོན་པོ་ནས་རང་གི་སློབ་མ་མི་ཡི་ཤ་ཚུགས་ཅན་འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན། སློབ་མ་བློ་གྲོས་བརྟན་པ་སོགས་བརྒྱུད་ནས་བྱུང་བའི་ལམ་རིམ་གྱི་བརྒྱུད་པ་དང་། ཟབ་མོ་ལྟ་བརྒྱུད་ནི་བྱང་ཆུབ་སེམས་དཔའ་རྗེ་བཙུན་འཇམ་དབྱངས་ནས་མགོན་པོ་ཀླུ་སྒྲུབ། དེ་ནས་ཟླ་བ་གྲགས་པ་སོགས་ལ་རིམ་གྱིས་བརྒྱུད་པའོ། །གཞན་ཡང་ནམ་མཁའ་དཔལ་གྱིས་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལས་བརྒྱུད་པའི་མཆོད་པར་བརྗོད་ཡུལ་གསུམ་པ་ཉམས་ལེན་བྱིན་རླབས་བརྒྱུད་ལ་མཆོད་པ་ཕུལ། དེ་དག་ནི་དཔེར་ན། བདག་གཞན་མཉམ་བརྗེ་ལྟ་བུའི་ཉམས་ལེན་དང་འབྲེལ་བའི་གཞུང་སྣ་ཚོགས་ཡིན་ཅིང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བ་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷར་རྗེ་བཙུན་འཇམ་དབྱངས་ཀྱི་དྲུང་ནས་ཐོབ་པའི་གཞུང་ཁག་ལས་བྱུང་།

བརྒྱུད་པ་གསུམ་པོ་དེ་དག་ནི་བླ་མ་དུ་མ་ནས་གསེར་གླིང་པ་དང་། ཁོང་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་རིམ་གྱིས་བརྒྱུད། ཨ་ཏི་ཤས་བཀའ་གདམས་པའི་བརྒྱུད་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་གསུངས། འབྲོམ་སྟོན་པ་ནི་འབྲོག་པ་ཞིག་ཡིན་ཅིང་ངོས་དང་ས་ཆ་གཅིག་ནས་ཡིན། དེ་ནས་བཀའ་གདམས་སྤུན་མཆེད་གསུམ་དང་། རིམ་བཞིན་དགེ་བཤེས་གླང་རི་ཐང་པ་སོགས་ལ་བརྒྱུད་པའོ།།

ནམ་མཁའ་དཔལ་ལ་གཞུང་འདི་བླ་མ་མང་པོའི་དྲུང་ནས་ཐོབ་པ་གསལ་པོ་ཡིན་ཅིང་། དེ་དག་ལས་གཙོ་བོ་རྗེ་ཙོང་ཁ་པ་ཆེན་པོའི་ཞབས་ནས་ཐོབ་ཅིང་། རྗེ་ཙོང་ཁ་པ་ལ་རྗེ་བཙུན་འཇམ་དབྱངས་ཀྱིས་ལམ་སྟོན་མཛད་ཡོད། གཞུང་འདིའི་ནང་རྗེ་ཙོང་ཁ་པ་ཆེན་པོ་དང་ཁོང་གི་ཡོན་ཏན་ལ་བསྟོད་པའི་ཚིགས་སུ་བཅད་པ་ཞིག་ཡོད། གལ་སྲིད་ང་ཚོས་ཁོང་གི་གསུང་པོད་བཅོ་བརྒྱད་བཞུགས་པ་རྣམས་བཀླགས་ན། ཁོང་གི་རླབས་ཆེན་ཡོན་ཏན་མཐའ་དག་མཐོང་ཐུབ། ཁོང་གིས་ཆོ་གའི་གཞུང་གཅིག་པུ་མིན་པར་རྒྱ་ཆེ་བའི་འགྲེལ་བ་ཧ་ཅང་གསལ་པོ་མང་པོ་མཛད། འོན་ཀྱང་པོད་མང་ལོད་ཇི་་ཙམ་མཛད་པར་ངོ་མཚར་ཆེ་བའི་གནས་སུ་མ་གྱུར་ཡང་། གཞུང་དེ་དག་གི་བརྗོད་བྱ་རྣམས་གསལ་ཞིང་ཁུངས་བཙན་པ་དང་མཁས་པ་མགུ་བའི་གནས་སུ་བཞུགས་ཤིང་རྨད་དུ་བྱུང་བ་ཞིག་ཡོད།

མཆོད་བརྗོད་ཀྱི་ཚིགས་སུ་བྱས་པའི་འོག་ཏུ་མཛད་པ་པོས་རང་གིས་བླ་མ་རྣམས་ཀྱིས་བསྟན་པ་ལྟར་བདག་གིས་ཇི་ལྟར་ནུས་བཞིན་བྱང་ཆུབ་ཀྱི་སེམས་སྐྱེད་པའི་ཐབས་བཤད་པར་བྱ་ཞེས་གསུངས་ཏེ་རྩོམ་པར་དམ་བཅའ་བ་མཛད་པ་དང་། ང་ཚོར་གཞུང་དེ་ཐོས་བསམ་དགོས་པར་སྐུམ་མ་གནང་། གཞུང་འདིའི་འབྱུང་ཁུངས་གཙོ་བོ་ནི་འཇམ་དཔལ་དབྱངས་ཡིན་ཅིང་། ཁོང་གིས་རྒྱལ་སྲས་ཞི་བ་ལྷར་གནང་། དེ་རྗེས་ཞི་བ་ལྷས་བསླབ་བཏུས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་མཛད། གཞུང་ཕྱི་མ་དེས་གཞུང་འདིའི་ནང་གི་རྩ་བའི་ཆོས་འགྲེལ་བརྗོད་བྱེད་པ་དང་ཁྱད་པར་དུ་དེས་བདག་གཞན་མཉམ་བརྗེའི་སྒོ་ནས་ང་ཚོའི་བློའི་ཁྱེར་སོ་ལེགས་བཅོས་བྱ་ཚུལ་གསུངས་ཡོད།

དེར་བརྟེན་གཞུང་འདི་ནི་བྱང་ཆུབ་སེམས་སྦྱོང་གི་གདམས་པ་སྙིང་པོ་ལས་བརྩམས། ཞལ་ནས་སྙན་དུ་བརྒྱུད་པའི་གདམས་པའི་སྙིང་པོ་དང་རྒྱུད་པ་རྣམས་རླབས་ཆེན་གྱི་གཞུང་འདི་ལས་ཐ་དད་དུ་གྱུར་བ་གང་ཡང་མིན་ཅེས་རྗེ་ཙོང་ཁ་པོ་ཉིད་ཀྱིས་གསལ་པོར་གསུངས་ཡོད། དེ་ཡང་གཞུང་གཞན་གྱི་ནང་མངོན་གསལ་དོད་པོར་འགྲེལ་བཤད་མཛད་མེད་པའི་གནད་རྣམས་གཞུང་འདིའི་ནང་གོ་བདེ་རུ་བཏང་བ་ཙམ་ཡིན་ཅིང་། གཞུང་ཆེན་གཞན་གྱི་གནད་རྣམས་རྟོགས་པའི་ལྡེ་མིག་ལྟ་བུར་གྱུར། བྱས་ཙང་། གཞུང་འདིའི་བརྗོད་བྱ་རྣམས་དེ་དག་ལ་ལོགས་སུ་གྱུར་བ་གང་ཡང་མིན། གཞུང་འདིས་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལས་བརྒྱུད་པའི་བྱང་ཆུབ་སེམས་སྦྱོང་གི་གདམས་པ་རྣམས་རྟོགས་པར་ལམ་སྟོན་བྱེད་ཀྱི་ཡོད།

བློ་སྦྱོང་གི་རྩ་བའི་སྲོལ་རྒྱུན་གང་དུ་གཏོགས་པའི་གཞུང་ནི་དགེ་བཤེས་འཆད་ཁ་བས་མཛད་པའི་བློ་སྦྱོང་དོན་བདུན་མ་ཡིན། གཞུང་འདི་ལ་རྩ་གཞུང་གཅིག་ཡོད་ཅིང་དེ་ལ་འགྲེལ་པ་མང་པོ་ཡོད། རྗེ་ཙོང་ཁ་པ་ཆེན་པོས་ཚིགས་བཅད་དུ་བྲིས་མཛད་པའི་པར་མ་དེ་ནི་རྩ་བའི་གཞུང་དེ་ལས་ཐ་དད་དུ་བཞུགས།

(མཆན། ནམ་མཁའ་དཔལ་གྱིས་རྗེ་ཙོང་ཁ་པའི་ཚིགས་སུ་བཅད་པའི་པར་མའི་རྗེས་སུ་འབྲངས་ཡོད། ཁོང་ཉིད་ཀྱི་གཞུང་འདི་ལ་འགྲེལ་བ་མི་འདྲ་བ་འགའ་ཞིག་ཡོད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྲེལ་བ་དེ་དག་ལས་གཅིག་འགྲེལ་བཤད་གནང་གི་ཡོད་ཅིང་། སྟབས་མི་ལེགས་པ་ཞིག་ལ། ད་ལྟའི་གསུང་སྒྱུར་བས་འགྲེལ་པ་དེའི་མཚན་བྱང་རྙེད་མི་འདུག)

དེ་ག་ནང་བཞིན་རྗེ་ཙོང་ཁ་པའི་རྗེས་སུ་ཕེབས་པའི་ས་སྐྱའི་སློབ་དཔོན་མུ་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་ཕྱོགས་སྒྲིག་ཞུས་པའི་བློ་སྦྱོང་བརྒྱ་རྩའི་ནང་། རྩ་བའི་གཞུང་གི་མ་ཕྱི་དང་མཐུན་པའི་པར་མ་འགའ་མཇལ་རྒྱུ་ཡོད་པ་དང་། གཞན་རྣམས་ཅུང་ཟད་མི་འདྲ་བ་དང་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་ཡོད།

(དཔེར་ན། ནམ་མཁའ་དཔལ་དང་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་རྩ་གཞུང་འགོ་འཛུགས་སྐབས། “སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ནི་བླ་མ་གསེར་གླིང་པའི་རྒྱུད་པ་ལས་བྱུང་།” ཞེས་བཀོད་ཡོད། དེ་སྔོན་གྱི་རྒྱལ་སྲས་ཐོགས་མེད་བཟང་པོའི་པར་མའི་ནང་ཚིགས་བཅད་དེ་རྩ་གཞུང་གི་མཇུག་ཏུ་ཐོན་གྱི་ཡོད།)

པར་མ་དེ་དག་ཚང་མའི་ནང་། ཆོས་རྣམས་ཡིན་པ་མི་སྲིད་པའི་ཚུལ་དུ་བདེན་པར་གྲུབ་པར་འཛིན་པའི་མ་རིག་པ་སྤོང་བའི་ཐབས་དང་ཐར་པ་འཐོབ་བྱེད་ཀྱི་ཐབས་སྣ་ཚོགས་ཤིག་དགེ་བཤེས་འཆད་ཁ་བས་བསྟན་ཡོད། ཐར་པ་ལ་མི་རྣམས་ཀྱིས་ཐ་སྙད་འདྲ་མིན་བེད་སྤྱོད་བྱེད་སྲོལ་ཡོད། འོན་ཀྱང་ང་ཚོའི་དཀའ་ངལ་དང་སྡུག་བསྔལ་ཀུན་གྱི་རྒྱུར་གྱུར་བའི་ཆོས་རྣམས་བདེན་པར་གྲུབ་པར་འཛིན་པའི་བདེན་འཛིན་སྤངས་པའི་ཐར་པ་ཐོབ་པ་ཙམ་གྱིས་འགྲིགས་ཀྱི་མེད། གཞན་སེམས་ཅན་རྣམས་ལ་ཕན་འདོགས་སླད་ང་ཚོས་གཞན་གྱི་གནས་ཚུལ་དངོས་དེ་ཤེས་རྟོགས་དགོས་ཀྱི་ཡོད། ཆོས་རྣམས་ཇི་ལྟར་གནས་པའི་ཚུལ་དང་ཇི་ཙམ་དུ་གནས་པ་གཉིས་ལས་གཞན་པའི་རྟོགས་ཚུལ་ཕུང་གསུམ་པ་ཞིག་མེད།

ང་ཚོས་ཐར་པ་མངོན་དུ་བྱ་ཚུལ་ཤེས་པའི་ཆེད་སངས་རྒྱས་ཀྱིས་ཐེག་པ་དམན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡང་ན་ཐེག་དམན་གྱི་ཆོས་བསྟན། དེ་བཞིན་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་ཐེག་པ་ཆེན་པོའི་ཆོས་བསྟན། ཐེག་ཆེན་ལའང་མདོ་དང་སྔགས་བཅས་སྡེ་ཚན་གཉིས་གསུངས་པ་དང་། ཐེག་ཆེན་ནི་གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཀུན་སློང་བྱང་ཆུབ་སེམས་ཀྱིས་ཟིན་པའི་བསམ་བློའི་འཁྱེར་སོ་རྒྱ་ཆེན་པོ་ཞིག་ཡོད་ཅིང་། གཞུང་འདིས་དེ་ཉིད་གསུང་གི་ཡོད།

སེམས་རྒྱུད་སྦྱོང་བ།

ང་ཚོ་བོད་ནས་བསླེབས་མཁན་ཚོས་མི་རིགས་སྡེ་ཚན་གསུམ་དུ་ཕྱེས་ཏེ་བསམ་བློ་ན་ཆོག །གཅིག་ནི་ཆོས་སམ་སེམས་དོན་རིག་པ་ཁས་ལེན་མཁན་དང་མི་ལེན་མཁན་གང་རུང་དང་། གཉིས་པ་དེ་རིགས་གང་ཡིན་ཀྱང་ཆོས་ནི་ང་ཚོའི་དཀའ་ངལ་ཐམས་ཅད་ཀྱི་རྒྱུར་བལྟ་མཁན། གསུམ་པ་དེས་ཆོས་ནི་ཡག་སྡུག་གང་དུའང་མི་བལྟ་བར་སྣང་མེད་དུ་སྡོད་མཁན་ཞིག་ཡིན། སེམས་ནང་ཚོར་བ་ཞིག་སླེབས་ནའང་སྣང་མེད་དུ་སྡོད་ཀྱི་ཡོད། མི་མང་ཆེ་བར་བསམ་བློ་དེ་རིགས་ཡོད།

ད་ཆོས་ལུགས་ལ་མཚོན་ན། ང་ཚོར་བདེ་བ་བསྐྲུན་མཁན་ཞིག་ཏུ་བརྩི་གི་ཡོད། གལ་ཏེ་དེས་བདེ་སྐྱིད་བསྐྲུན་ཐུབ་ཀྱི་མེད་ན། ཉར་ནས་བསྡད་ན་བེད་སྤྱོད་ཅི་ཡང་མེད་པས་ང་ཚོས་འདོར་ན་འགྲིགས་ཀྱི་ཡོད། འོན་ཀྱང་ཆོས་ཡོངས་སུ་དོར་བའམ་ཁས་མི་ལེན་མཁན་གྱི་མི་རྣམས་ཀྱིས་ཆོས་ནི་མི་མང་གི་བཟི་སྨན་ལྟ་བུར་བརྩིས་ཏེ་ཁོང་ཚོར་བདེ་སྐྱིད་རྙེད་ཐུབ་ཀྱི་མེད། མ་རེད་དམ། དེ་ལས་ལྡོག་སྟེ། རྒྱུན་དུ་ཁོང་ཚོ་དངངས་སྐྲག་དང་། འཇིགས་སྣང་། འགྲན་སེམས་བཅས་ཀྱི་ཐོག་ནས་སྡོད་དགོས་ཀྱི་ཡོད། དེར་བརྟེན་ང་ཚོས་ཆོས་ཁས་མི་ལེན་མཁན་དང་ལེན་མཁན་རྣམས་ཀྱི་ཁྱད་པར་དང་སུ་སྐྱིད་པ་ཡོད་མེད་བལྟས་ན། གཏན་གཏན་ཆོས་ལ་གཅེས་སྤྲས་བྱས་ཏེ་ཉམས་ལེན་བྱེད་མཁན་རྣམས་ཀྱི་སེམས་པ་སྐྱིད་པ་ཡོད་པ་ཤེས་རྟོགས་ཐུབ། རྒྱུ་མཚན་ནི་ཆོས་ཀྱི་གནད་དོན་ངོ་མ་དེ་མིའི་སེམས་བཏུལ་ནས་ཞི་བདེ་བསྐྲུན་རྒྱུ་དེ་ཡིན། བྱས་ཙང་། ཆོས་ཉམས་ལེན་བྱེད་མཁན་གྱི་མི་རྣམས་ཞི་བདེ་དང་ལྡན་ཞིང་བདེ་ཞིང་སྐྱིད་པ་ཡོང་གི་ཡོད།

བོད་ནང་གུང་ཁྲན་རིང་ལུགས་འགོ་བཙུགས་པ་དེ་མི་རྣམས་ལ་ཕན་འདོགས་པའི་ཆེད་དུ་ཡིན་ཟེར་གྱི་ཡོད། འོན་ཀྱང་གལ་སྲིད་མི་རྣམས་ལ་བཙན་ཤེད་བྱས་ན། སྤྱི་སྒེར་གཉིས་ཀར་ཕན་ཐོགས་ཅི་ཡང་ཡོང་མི་ཐུབ། སྤྱི་ཚོགས་ཤིག་གི་ཆེད་ལས་ཀ་བྱེད་འདོད་པའི་སྐབས་ཕྱི་ལོགས་ནས་མི་རྣམས་ལ་བཙན་སྐུལ་བྱས་ན་མི་འགྲིགས། དེ་ལས་སེམས་ནང་ནས་ཡར་རྒྱས་གཏོང་དགོས་པ་དང་། མི་རྣམས་ཀྱིས་རང་འགུལ་ངང་ཚོར་བ་དང་བཅས་མདུན་སྐྱོད་བྱེད་དགོས་ཀྱི་ཡོད། མིའི་རིག་ཚོར་ལ་ཕྱི་ལོགས་ནས་བཙན་སྐུལ་བྱེད་པས་མཇུག་འབྲས་བཟང་བ་གང་ཡང་ཡོང་མི་ཐུབ།

བོད་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་ཧྲིལ་པོར་འགྱུར་ལྡོག་གཏོང་ཕྱིར་གྲལ་རིམ་འཐབ་རྩོད་ལག་བསྟར་བྱས་པའི་བརྒྱུད་རིམ་དེ་ནི་ཁོང་ཁྲོ་དང་། ཞེ་སྡང་། འཁོན་འཛིན་བཅས་ཀྱི་ཐོག་ལ་གཞི་བཞག་ཡོད། དེས་གྲ་འགྲིག་པོ་ཞིག་རྩ་བ་ནས་ཡོང་མི་ཐུབ། གལ་སྲིད་དེ་གཞན་ལ་སེམས་ཁུར་དང་གཞན་ལ་ཕན་པ་སྒྲུབ་འདོད་པའི་ཐེག་ཆེན་གྱི་སྤྱོད་ཚུལ་སྟེང་གཞི་བཞག་ཡོད་ན། མི་རྣམས་ཡར་རྒྱས་འགྲོ་བར་ཕན་ཐོགས་ངེས་ཅན་ཞིག་ཡོང་ཐུབ། འོན་ཏེ་ཞེ་སྡང་ཐོག་གཞི་བྱས་ན། བཀྲ་མི་ཤིས་ཤ་སྟག་ཡོང་གི་ཡོད།

ནང་ཆོས་ནི་ཐོག་མར་རྒྱ་གར་ནང་ནས་བྱུང་བ་དང་སངས་རྒྱས་ཤཱཀྱ་ཐུབ་པས་རིགས་རུས་སྣ་ཚོགས་ཅན་གྱི་སྤྱི་ཚོགས་ལམ་ལུགས་ནང་དགོས་ངེས་ཀྱི་གནད་རྣམས་ལེགས་པར་བཀའ་བསྩལ་ཡོད། ལམ་ལུགས་དེས་ཆོས་དང་མ་འབྲེལ་བའི་སྤྱི་ཚོགས་ནང་རིམ་པ་འདྲ་མིན་ཐོག་སྡུག་བསྔལ་དང་། བར་ཆད། དཀའ་ངལ་མང་པོ་བཟོས་ཡོད། དེར་བརྟེན་གཏིང་ཟབ་པའི་ཁྱད་པར་དེ་དག་དང་དབྱེ་འབྱེད་དེ་དག་མེད་པ་བཟོ་ཆེད་སངས་རྒྱས་ཀྱིས་ཐབས་སྣ་ཚོགས་བསྟན་ཡོད། ཁོང་གིས་སྤྱི་ཚོགས་ཀྱི་ལམ་ལུགས་གང་ལའང་ཞེན་ཆགས་མེད་པར་སངས་རྒྱས་ཀྱི་ས་ལ་བགྲོད་པའི་ལམ་ཡང་དག་པ་བཀའ་བསྩལ་ཞིང་། སྣ་ཆེན་པོའམ་འཚོ་ཐབས་བྱེ་བྲག་པ་ཡང་ན་གནས་སྟངས་གཞན་གྱི་ཐོག་ནས་མིའི་དབར་གྲལ་རིམ་མམ་རིགས་རུས་ཀྱི་དབྱེ་འབྱེད་བྱེད་རྒྱུ་མེད་ཅེས་སངས་རྒྱས་ཀྱི་བཀའི་ནང་ལེགས་པར་གསུངས་ཡོད། བྱེད་སྟངས་དེ་ནི་ཆོ་མེད་པ་ཉིད་དུ་ཟད། མི་རྣམས་ཐོག་མར་མ་ཡི་མངལ་ནས་བཙས་མ་ཐག་གྲལ་རིམ་མམ་སྡེ་ཚན་གྱི་དབྱེ་བ་རྩ་བ་ནས་མེད།

རྒྱུ་མཚན་དེ་འདྲ་སོང་ཙང་། རྒྱ་གར་ནང་ནང་ཆོས་ལ་དོ་དབྱིངས་ཡོད་མཁན་གྱི་མི་རྣམས་རིགས་རུས་དམའ་བ་ཤ་སྟག་ཆགས་ཡོད། ཁོང་ཚོས་ནང་ཆོས་ལ་དགའ་མོས་ཅིའི་ཕྱིར་བྱེད་དམ། དེ་ནི་སྙིང་རྗེའི་སྤྱོད་ཚུལ་ལམ་སྐྱེ་བ་ཕྱི་མར་ཕན་འདོགས་སྲིད་པ། ཡང་ན་ནང་ཆོས་ནས་གསུང་པའི་སྟོང་ཉིད་ཀྱི་ལྟ་བའི་དབང་གིས་མིན་པར། ནང་ཆོས་ནང་རིགས་རུས་ཀྱི་དབྱེ་འབྱེད་མེད་པའི་རྐྱེན་གྱིས་ཡིན།

ནང་ཆོས་དང་ཆོས་ལུགས་གཞན་དབར་བསྡུར་ཞིབ།

རིགས་རུས་ཀྱི་དབྱེ་བ་གཙིགས་སུ་མི་འཛིན་པས། སངས་རྒྱས་ཀྱིས་ཆོས་ལུགས་གཞན་ལ་སྐྱོན་འཛུགས་གནང་བ་གང་ཡང་མིན། ཆོས་ལུགས་གཞན་གྱི་ནང་ལྟར། སངས་རྒྱས་ཀྱིས་སྲོལ་རྒྱུན་གྱི་ཆོས་ལུགས་གཞན་ལ་བཅོས་མིན་གྱི་གུས་བརྩི་དགོས་པར་བཀའ་གནང་ཡོད། དེ་དག་ཚང་མས་འགྲོ་བ་མིའི་རིགས་ལ་ཕན་འདོགས་ཕྱིར་ཁྱད་ཆོས་བཟང་པོ་སྐྱེད་དགོས་ཚུལ་སློབ་ཀྱི་ཡོད། དཔེར་ན། ཁ་ཆེའི་ཆོས་ལུགས་ནང་ཆོས་ཕྱོགས་ཀྱི་ཉམས་ལེན་རྣམས་སྙིང་རྗེའི་ཐོག་གཞི་བྱེད་མཁན་གྱི་ཆོས་བརྒྱུད་ཅིག་ཡོད།  ཨི་རཱན་ (Iran) ནང་ཕྱུག་པོའི་རྩ་ནས་ཞལ་འདེབས་བསླངས་ཏེ་དབུལ་ཕོངས་དང་ཐོབ་ཐང་འདྲ་མཉམ་མེད་པའི་མི་རྣམས་ལ་བགོ་འགྲེམས་བྱེད་མཁན་གྱི་ཁ་ཆེའི་སློབ་དཔོན་མུལ་ལཱ་ (Mullahs) ཡོད། དེས་ག་རེ་སྟོན་གྱི་ཡོད་ཅེ་ན། ཐ་ན་ད་ལྟའི་ཆར། དཔེར་ན། ཨི་རག་ (Iraq) མཉམ་དུ་དམག་འཐབ་བྱས་པའི་མཇུག་འབྲས་ལྟ་བུའི་དཀའ་རྙོག་དང་སྡུག་བསྔལ་གྱིས་ཁེངས་ནས་ཡོད་པའི་ཨི་རཱན་འདྲ་བའི་རྒྱལ་ཁབ་ནང་དུའང་། སྦྱིན་སེམས་དང་སྙིང་རྗེའི་ཐོག་གཞི་བཞག་པའི་བློའི་ཁྱེར་སོ་དེ་དག་གིས་ཁུངས་བསྐྱལ་བ་བཞིན། མི་རྣམས་ཀྱིས་ཆོས་ཀྱི་མིང་ཐོག་ནས་མདུན་སྐྱོད་བྱེད་ཀྱི་ཡོད་པ་སྟོན་གྱི་ཡོད།

གལ་སྲིད་ང་ཚོས་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་འདྲ་མིན་ལ་བལྟས་ན། དེ་དག་ཚང་མས་རྩ་བའི་ཆ་ནས་ང་ཚོ་ཚང་མས་མི་བཟང་པོ་ཞིག་བྱེད་དགོས་ཞེས་གསུང་གི་ཡོད། ང་ཚོས་དཀོན་མཆོག་ལ་གསོལ་བ་འདེབས་དགོས་ཤིང་གང་བྱུང་བ་ཐམས་ཅད་དཀོན་མཆོག་གི་ཕྱག་ཏུ་ཡོད། འོན་ཀྱང་ང་ཚོས་ད་དུང་ཡ་རབས་ཚུལ་མཐུན་ངང་ཆོས་དང་མཐུན་པའི་སྒོ་ནས་བྱ་བ་བྱེད་དགོས་ཤིང་། དེ་ལྟར་བྱས་ན་ཕན་ཡོན་ཤིན་ཏུ་ཆེ། ནང་ཆོས་ཀྱི་བསླབ་བྱའི་ནང་། ང་ཚོས་གང་ཞིག་ཡར་རྒྱས་སམ་ཡག་པོ་ཞིག་ཡོང་བར་འདོད་ན། དཀོན་མཆོག་ལ་སྨོན་བཏབ་པ་ཙམ་གྱིས་འདང་གི་མེད། དེ་དང་མཉམ་དུ་གཙོ་བོ་སོ་སོས་འབད་བརྩོན་བསྟེན་ནས་ལས་དོན་ཧུར་ཐག་སྒྲུབ་དགོས་ཀྱི་ཡོད།

དེར་བརྟེན་མཐའ་གཅིག་ཏུ་དཀོན་མཆོག་ལ་རེ་བ་བཅོལ་མཁན་གྱི་ཆོས་ལུགས་དེ་འདྲ་ཡོད་པ་དང་། ནང་ཆོས་ནང་ང་ཚོས་དེ་ལྟར་རེ་བ་བཅོལ་གྱི་མེད། ཡིན་ནའང་ང་ཚོར་ལྷ་སྲུང་གི་རིགས་གཞན་ཞིག་ཡོད། ང་ཚོས་དེ་དག་ལ་གསོལ་བ་བཏབ་ནས་བྱིན་རླབས་དང་སེམས་ངར་འཐོབ་ཀྱི་ཡོད། འོན་ཏེ་དེ་ནི་ཐབས་ལམ་གྱི་རྣམ་པ་གཅིག་ཙམ་ཡིན་པ་ལས་ཆོས་རྣམས་ཇི་ལྟར་འབྱུང་བའི་ཁུངས་གཙོ་བོ་དེ་མ་ཡིན། ལྷ་ཡོད་པར་སྨྲ་བའི་སྲོལ་རྒྱུན་ནང་། ང་ཚོས་དངོས་གནས་སོ་སོར་ནུས་པ་མེད་པར་ཚོར་གྱི་ཡོད། ང་ཚོས་དཀོན་མཆོག་ལ་གསོལ་བ་བཏབ་ནས་དེ་ག་ནང་བཞིན་དཀོན་མཆོག་འཇིག་རྟེན་ཡོངས་རྫོགས་དང་། བདེ་སྐྱིད། སྡུག་བསྔལ་སོགས་ཐམས་ཅད་བཟོ་གི་ཡོད་པར་བལྟ་གི་ཡོད། དེར་བརྟེན་སྨོན་ལམ་གྱི་སྟེང་གཞི་བཞག་སྟེ་ང་ཚོས་དཀོན་མཆོག་གི་དྲུང་ནས་བྱིན་རླབས་ཞུས་ཏེ་བདེ་བ་འཐོབ་ཀྱིན་ཡོད། འོན་ཀྱང་སོ་སོ་རང་ཉིད་ལ་མཐར་གཏུགས་ན་དབང་ཆའམ་ནུས་པ་རྩ་བ་ནས་མེད་པ་ལྟ་བུ་ཆགས་ཀྱི་ཡོད། དུས་མཚུངས་ནང་ཆོས་ནང་། མ་གཞི་ང་ཚོས་སངས་རྒྱས་སོགས་སྐྱེ་བོ་དམ་པ་རྣམས་ལ་སྨོན་ལམ་བཏབ་ནས་བྱིན་རླབས་དང་འཕྲིན་ལས་འཐོབ་ཐབས་བྱེད་ཀྱི་ཡོད་ཀྱང་། གཙོ་བོ་དེ་སངས་རྒྱས་ཀྱིས་གསུངས་པ་བཞིན་རང་ངོས་ནས་དེ་དག་ཉམས་ལེན་ནང་སྒྲིལ་དགོས་ཀྱི་ཡོད། བདེ་བ་སྒྲུབ་ཐབས་སུ་སངས་རྒྱས་ཀྱིས་བསྟན་པའི་ཐབས་ལམ་མང་པོ་ཡོད་པ་རྣམས་ང་ཚོ་རང་ངོས་ནས་ལག་བསྟར་བྱེད་དགོས། དེས་ན་ཐམས་ཅད་སོ་སོ་ལ་རག་ལས་ཡོད།

ལྷ་ཡོད་པར་སྨྲ་བའི་སྲོལ་རྒྱུན་ནང་སྲུང་སྐྱོབ་དང་སྐྱབས་འགྲོའི་ཡུལ་ནི་ཕྱི་རོལ་ཏུ་ཡོད་ཅིང་། ཐམས་ཅད་དཀོན་མཆོག་ནས་མར་འབྱུང་གི་ཡོད་བསམ་གྱི་ཡོད། ནང་པའི་ཆོས་ནང་། སྐྱབས་འགྲོ་དང་སྲུང་སྐྱོབ་དངོས་དེ་ནང་སེམས་རྒྱུད་ནས་ཡོང་དགོས་ཤིང་། དེ་ཡང་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་རང་རྒྱུད་ཡར་རྒྱས་བཏང་ནས་ཡོང་དགོས། ཐམས་ཅད་ཕྱི་རོལ་གྱི་སྤྱི་གཙོ་བོ་ཞིག་ནས་མར་ཡོང་རྒྱུའི་ཚབ་ཏུ་ཚང་མ་རང་ངོས་ནས་དཀའ་ལས་རྒྱག་ནས་ཡར་སྐྱེད་དགོས། ལྷོད་ལྷོད་བྱས་བསྡད་ནས། “ང་སྐྱིད་པོ་ཡོང་བ་ཤོག །ང་ལ་ཐར་པ་འཐོབ་པར་ཤོག །” ཅེས་སངས་རྒྱས་ལ་སྨོན་ལམ་ཙམ་བཏབ་པས་ངོ་མཚར་ཆེ་རྒྱུ་དང་ཕན་ཐོགས་ཆེན་པོ་མི་ཡོང་། སོ་སོའི་ངོས་ནས་ཡར་རྒྱས་འགྲོ་ཆེད་འབད་བརྩོན་བསྟེན་པ་དང་མཉམ་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད། “རང་རྒྱུད་དུ་བྱང་ཆུབ་ཀྱི་སེམས་སྐྱེད་ཐུབ་པར་ཤོག །” ཅེས་ང་ཚོས་སངས་རྒྱས་ལ་སྨོན་ལམ་བཏབ་ན་གཏན་གཏན་ཕན་ཐོགས་ཆེན་པོ་ཡོད།

དེ་ལྟར་ཡོང་བར། ང་ཚོས་ཕྱིའི་ལུས་པོ་ཙམ་མ་ཡིན་པར་ནང་སེམས་རྒྱུད་འདུལ་དགོས། གང་ཡིན་ཟེར་ན། ཕྱིའི་ལུས་བདེ་ཐང་ཡོད་པ་དང་ཆབས་གཅིག་ནང་སེམས་ཧ་ཅང་སྡུག་བསྔལ་བའང་ཡོང་སྲིད་པ་ཡིན། གལ་ཏེ་ང་ཚོའི་སེམས་སྐྱིད་པོ་ཡོད་ན། ཐ་ན་ལུས་ལ་ཅུང་ཟད་མི་བདེ་བ་ཡོད་ནའང་། སེམས་འཁྲུགས་འགྲོ་གི་མེད། དཔེར་ན། ཅི་སྟེ་ང་ཚོའི་སེམས་ནང་མི་སྐྱིད་པས་ཁེངས་ཡོད་ན། དངངས་སྐྲག་བསྐྱེད་དེ་ཁྲག་ཤེད་མཐོན་པོ་ཆགས་སྲིད་པ་དང་སེམས་ནང་ཚ་གེ་ཚི་གེ་ཆགས་ཉེན་ཡོད། དེ་དག་ཚང་མས་ལུས་ལ་མི་བདེ་བ་དང་སྡུག་བསྔལ་བཟོ་གི་ཡོད། གལ་ཏེ་ང་ཚོའི་སེམས་སྐྱིད་པོ་ཡོད་ན། སོ་སོའི་ཚོར་སྣང་ཡོང་སྟངས་ལ་བཟང་ཕྱོགས་ནས་ཤུགས་རྐྱེན་ཐེབས་ཀྱི་ཡོད།

ཡེ་ཤུའི་ཆོས་ལུགས་ནང་མཐར་ཐུག་གི་གོ་འཕང་མཐོ་ཤོས་དང་དམིགས་ཡུལ་དེ་གང་ཡིན་ནམ། དེ་ནི་ལྷ་ཡུལ་དུ་སྐྱེ་བ་ལེན་པ་དང་ཅུང་ཟད་འདྲ་པོ་ཡོད་ཀྱང་། ང་ཚོས་བཤད་པའི་དག་པའི་ཞིང་དང་གཅིག་པ་མ་ཡིན། གོ་འཕང་ངམ་དམིགས་ཡུལ་བླ་ན་མེད་པ་དེ་ནི་དཀོན་མཆོག་ལ་གསོལ་བ་བཏབ་པ་ལས་ལྷ་ཡུལ་དུ་སྐྱེ་བ་ལེན་པ་དེ་ཡིན། དེ་ལས་ལྡོག་སྟེ། ང་ཚོས་ནང་པའི་མཐར་ཐུག་གི་དམིགས་ཡུལ་ཐར་པའི་སྐོར་ཤོད་སྐབས། དེ་ནི་ལྷ་ཡུལ་དུ་སྐྱེ་བ་བཟང་པོ་ཞིག་ལེན་པ་ཙམ་མ་ཡིན་པར། ང་ཚོའི་སེམས་མི་གཙང་བ་བཟོ་མཁན་གྱི་ཉོན་མོངས་དང་མི་དགེ་བའི་སེམས་མེད་པ་བཟོ་རྒྱུ་དང་། ང་ཚོའི་བྱ་སྤྱོད་རྣམས་ལམ་ནོར་བ་ཤུགས་རྐྱེན་བྱས་མཐར་ང་ཚོར་སྡུག་བསྔལ་སྦྱིན་མཁན་གྱི་མི་དགེ་བའི་ལས་ཀྱི་ནུས་པ་མེད་པ་བཟོ་རྒྱུ་དེ་ཡིན། ཐར་པ་འཐོབ་བྱེད་ཀྱི་ལམ་དངོས་ནི་ལྷ་ཡུལ་དུ་སྐྱེ་བ་ཤོག་ཅེས་སྨོན་ལམ་འདེབས་པ་དེ་མ་ཡིན་པར་གཙོ་བོ་སེམས་རྒྱུད་བཏུལ་ནས། སེམས་ནང་གི་གནོད་འཚེ་ཅན་གྱི་ཉོན་མོངས་དང་སྡུག་བསྔལ་གྱི་རྒྱུ་ཚང་མ་འཇོམས་དགོས། དེ་ནི་ལུས་ལ་སྦྱོང་བརྡར་བྱེད་པ་དང་ཡར་རྒྱས་གཏོང་བའི་ཐོག་ནས་མ་ཡིན་པར། ནང་ཆོས་ཀྱིས་སེམས་ལ་སྦྱོར་བརྡར་སྤྲད་དེ་སེམས་འདུལ་དགོས་པར་གསུངས་ཡོད།

སེམས་ཡར་རྒྱས་གཏོང་བར་ང་ཚོས་དངོས་པོའི་གནས་ལུགས་གང་ཡིན་པ་མཐིལ་ཕྱིན་པ་ཤེས་དགོས། དཔེར་ན། ཕྱག་འཚལ་བ་དང་། སྨྱུང་གནས་ལ་སྡོད་པ། གཟུངས་སྔགས་འདོན་པ་སོགས་ལུས་ཀྱི་ཐབས་ལམ་ལ་བརྟེན་ང་ཚོས་དགེ་བའི་ལས་གསོག་ཐུབ་པ་བདེན་པ་རེད། ཕན་ཐོགས་པོ་ཡོད། འོན་ཀྱང་ཐར་པ་འཐོབ་བྱེད་ཀྱི་གཞི་རྟེན་གཙོ་བོ་ནི་སེམས་རྒྱུད་ཡར་རྒྱས་གཏོང་རྒྱུ་དེ་ཡིན། དོན་དངོས་སུ་འབྲས་བུ་གང་ཞིག་སྨིན་མིན་ནི་སེམས་ཀྱི་རང་བཞིན་ལ་ཐུག་ཡོད།

དཔེར་ན། གལ་སྲིད་ང་ཚོས་རྒྱུ་ཆ་ལྕགས་ལས་ཅ་ལག་ཅིག་བཟོ་འདོད་པ་དང་། མཐའ་མའི་ཐོན་ཟོག་དེ་ལྕགས་ལས་གྲུབ་པ་དགོས་འདོད་ན། དེའི་རྒྱུ་ཡང་ལྕགས་ངེས་པར་དུ་ཡིན་དགོས། ང་ཚོས་ལྕགས་ཀྱི་རྒྱུ་དེ་བཟོ་ལྟ་བཟོ་བ་དང་གུག་གུག་བཟོ་བ་སོགས་བྱས་ཏེ་ཇི་ལྟར་འདོད་པའི་དངོས་པོ་བཟོ་གི་ཡོད། དེ་ག་ནང་བཞིན། ང་ཚོས་མཐའ་མའི་དམིགས་ཡུལ་དེ་སངས་རྒྱས་སམ་ཐར་པ་འཐོབ་ཆེད་ཡིན་ན། སོ་སོའི་སེམས་གཙང་མ་བཟོ་དགོས་པ་དང་སེམས་ལ་བཟོ་ལྟ་བཟོ་དགོས་ཤིང་། སེམས་ཀྱི་རང་བཞིན་གང་ཡོད་པ་ལྟར་བྱ་བ་བྱེད་ཐུབ་པ་བཟོ་དགོས། དེ་ནི་སེམས་ལ་བཟོ་ལྟ་བཟོ་བར་ང་ཚོར་ཡོད་པའི་རྒྱུ་ཆ་ཡིན།

སེམས་ལ་དྲི་མ་སྣ་ཚོགས་ཞུགས་ཡོད་ཀྱང་དེ་དག་གློ་བུར་བ་ཡིན་པ་ལས་སེམས་ཀྱི་རྩ་བའི་རང་བཞིན་གྱི་ཆ་ཤས་གང་ཡང་མ་ཡིན། དེར་བརྟེན་ང་ཚོས་གཙོ་སེམས་དང་སེམས་བྱུང་སོགས་ཀྱི་རང་བཞིན་གང་ཡིན་པ་དེ་དང་བྱ་བ་བྱེད་ཚུལ་ཤེས་པ་དགོས། དེ་བཞིན་ང་ཚོས་སྒྲུབ་འདོད་པ་དང་འཐོབ་ཐབས་བྱེད་པའི་མཐའ་མའི་བསྒྲུབ་བྱ་དེ་སེམས་ནང་འཇོག་དགོས། དེ་ནས་ང་ཚོས་སོ་སོར་ཡོད་པའི་རྒྱུ་ཆ་དེ་དག་བེད་སྤྱོད་བཏང་། ཇི་ལྟར་འདོད་པ་ལྟར་བཟོ་ལྟ་བཟོས་ནས་མཐའ་མའི་དམིགས་ཡུལ་དེ་སྒྲུབ་ཐུབ། དཔེར་ན། ལྕགས་ལས་གྲུབ་པའི་དངོས་པོ་ཞིག་བཟོ་བར་ལྕགས་ཀྱི་རྒྱུ་ཆར་བཟོ་བལྟ་བཟོ་བ་ལྟ་བུ།

དེའི་ཕྱིར་སེམས་ཀྱི་གནས་བབས་གང་ཞིག་ཡང་དག་པ་དང་གང་ཞིག་ཡང་མ་དག་པ་ཡིན་ཚུལ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཡང་མ་དག་པའི་སེམས་ཀྱིས་ཡུལ་གྱི་གནས་ཚུལ་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། ཐག་གཅོད་མི་ཐུབ་པའམ་ཐེ་ཚོམ་གྱི་གནས་སུ་གྱར་བ། ཚོད་དཔག་བྱེད་པའི་ཐོག་ནས་ཡུལ་ལ་འཇུག་གི་ཡོད། འོན་ཏེ་ཕྱོགས་གཞན་ཞིག་ནས་ང་ཚོར་མངོན་སུམ་དང་རྗེས་དཔག་ཚད་མ་ལྟ་བུ་ཡང་དག་པའི་ཤེས་པ་ཡོད་ཅིང་། དེ་གཉིས་ཀྱི་ཐོག་ནས་ང་ཚོས་ཡུལ་རྟོགས་ཚུལ་མི་འདྲ་བ་དང་། ཆོས་རྣམས་ཇི་ལྟར་གནས་པ་ལྟར་ཤེས་པའི་སེམས་ཀྱི་གནས་སྟངས་ཤིག་རྒྱུད་ལ་སྦྱོང་བ་དང་ཡར་རྒྱས་གཏོང་ཐུབ། བློ་སྦྱོང་ལ་མཚོན་ན། ང་ཚོས་འབད་བརྩོན་བྱེད་པ་བཞིན་སེམས་ཀྱི་བྱ་བ་བྱེད་ཚུལ་དང་ཡུལ་རྟོགས་ཚུལ་ཤེས་རྒྱུ་གལ་ཆེ། ང་ཚོའི་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱ་རྒྱུའི་ཆེད་སོ་སོའི་སེམས་ལ་སྦྱོང་བརྡར་གཏོང་དགོས་ཀྱི་ཡོད། སངས་རྒྱས་ཀྱི་གོ་འཕང་ནི་སེམས་རྒྱུད་ཡར་རྒྱས་བཏང་བའི་འབྲས་བུ་ཡིན།

གཙོ་གནད་ཁག་ལ་བསྐྱར་ཞིབ།

ངས་གོང་དུ་བཤད་པ་བཞིན། ཆོས་ལ་དོ་སྣང་ཡོད་མཁན་ཞིག་དང་། ཆོས་ལ་འགག་པ་རྒྱག་མཁན་ཞིག །ཆོས་ལ་དོ་སྣང་མེད་མཁན་ཞིག་བཅས་སྡེ་ཚན་གསུམ་ཡོད། ཆོས་ལ་དོ་སྣང་ཡོད་མཁན་གྱི་སྡེ་ཚན་ནང་ལྷ་ཡོད་པར་སྨྲ་བ་སྟེ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་སྲོལ་རྒྱུན་ནང་། ཐམས་ཅད་ཀྱི་གཙོ་བོ་མཐུ་སྟོབས་ཆེ་བའི་དཀོན་མཆོག་ལ་གསོལ་བ་འདེབས་པ་དང་སྨོན་ལམ་འདེབས་པ་ལས་དཀོན་མཆོག་གིས་བདེ་སྐྱིད་གནང་གི་ཡོད་པར་འདོད། ནང་ཆོས་ནི་ཆོས་ལུགས་ཀྱི་སྡེ་ཚན་གཞན་ཞིག་ནང་ཡོད་ཅིང་། ཐམས་ཅད་ཀྱི་རྩ་བ་མཐུ་སྟོབས་ཆེ་བའི་འཇིག་རྟེན་བཀོད་པ་པོ་མི་འདོད་ཀྱང་བདེ་སྐྱིད་ནི་སེམས་རྒྱུད་དུ་གནས་པའི་རང་རང་གི་ལས་དང་། ཀུན་སློང་། ས་བོན། གོམས་པ་བཅས་ལ་བརྟེན་ནས་འབྱུང་བར་བརྗོད་ཀྱི་ཡོད། དེ་འདྲ་སོང་ཙང་། ནང་པ་ཚོས་རང་ཉིད་ལ་ “ནང་པ་” ཞེས་བརྗོད་ཅིང་བདེ་སྐྱིད་དང་མ་འོངས་པའི་མི་ཚེར་ཤུགས་རྐྱེན་སྦྱིན་མཁན་ནི་སོ་སོའི་རྒྱུད་ལ་ཡོད་པར་འདོད། དོ་སྣང་བྱེད་ས་གཙོ་བོ་དེ་ནང་སེམས་ལ་ཡིན།

ནང་པས་སྐྱེ་བ་སྔ་མའི་ཐོག་ནས་བསམ་བློ་གཏོང་གི་ཡོད། དེ་ག་ནང་བཞིན་ཆོས་ལུགས་གཞན་གྱིས་ཀྱང་དེ་ལྟར་བསམ་བློ་གཏོང་གི་ཡོད། ཁ་ཅིག་གིས་སྐྱེ་བ་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་མཁན་གྱི་རྣམ་ཤེས་སམ་བདག་རང་རྐྱ་བ་ཞིག་འདོད། གཞན་རྣམས་ཀྱིས་སྐྱེ་བ་སྔ་ཕྱི་ཁས་ལེན་ཀྱང་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་མཁན་གྱི་བདག་རང་རྐྱ་བ་མི་འདོད། སྡེ་ཚན་དེ་གཉིས་ནང་ནས་ནང་པས་སྔ་མ་ནས་འདིར་འོང་བ་དང་འདི་ནང་ཕྱི་མར་འགྲོ་མཁན་གྱི་རང་རྐྱ་བ་དང་འགྱུར་བ་མེད་བདག་གམ་རྣམ་ཤེས་ཤིག་མི་འདོད་ཅིང་། དེ་འདྲ་བའི་བདག་དེ་ཐར་པའི་རྩ་བར་མི་འདོད།

དེས་ན་ཆོས་ལུགས་ཀྱི་རིགས་ཧ་ཅང་མང་པོ་ཡོད། ང་ཚོ་ནང་པ་ཚོས་དཀོན་མཆོག་ནི་འཇིག་རྟེན་བཀོད་པ་པོའམ་བདེ་སྐྱིད་ཀྱི་འབྱུང་ཁུངས་སུ་འདོད་ཀྱི་མེད། དེ་བཞིན་ང་ཚོས་ཐར་པའི་ས་ལ་བགྲོད་མཁན་གྱི་རང་རྐྱ་ཐུབ་པའི་བདག་གམ་རྣམ་ཤེས་ཤིག་མི་འདོད། ནང་པའི་ནང་དུ་སྤྱོད་ལམ་འཁྱེར་སོ་ནི་སྙིང་རྗེའི་ཐོག་གཞི་རྩ་བྱས་ཡོད་པ་དང་། ཡང་དག་པའི་ལྟ་བ་ནི་རྟེན་འབྲེལ་དང་རྒྱུ་འབྲས་ཐོག་ལ་གཞི་བྱས་ཡོད། གཞི་རྟེན་དེའི་ཐོག་ནས་ཐེག་པ་ཆེན་པོའི་ཆོས་ཀྱིས་གཙོ་བོ་སྙིང་རྗེ་དང་བྱང་ཆུབ་སེམས་གོང་སྤེལ་གཏོང་བར་དོ་ནན་དམིགས་བསལ་བྱེད་ཀྱི་ཡོད།

ཐེག་པ་ཆེན་པོའི་ནང་དུ་མདོ་དང་གསང་སྔགས་གཉིས་སུ་ཕྱེས་ཡོད་པ་དང་། འདིར་ང་ཚོས་མདོ་ཕྱོགས་ནས་སྐད་ཆ་ཤོད་ཀྱི་ཡོད། མདོའི་ནང་དུ་རྒྱུད་པ་གསུམ་ཡོད་དེ། གཅིག་འཕགས་པ་ཐོགས་མེད་ནས་དང་། གཅིག་མགོན་པོ་ཀླུ་སྒྲུབ་ནས། གཅིག་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནས་ཡིན། མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པ་དང་ལྷག་པར་དུ་ཁོང་གི་ཕྱག་དཔེ་རིན་ཆེན་ཕྲེང་བའི་ནང་། གཞན་གྱི་ཕམ་ཁ་རང་གི་ལེན་པ་དང་རང་གི་རྒྱལ་ཁ་གཞན་ལ་སྤྲོད་དགོས་ཚུལ་གསུངས་ཡོད།

རྒྱུད་པ་དེ་དག་དབར་གྱི་ཁྱད་པར་གང་ཡིན་ནམ། འཕགས་པ་ཐོགས་མེད་ལས་བརྒྱུད་པས་བྱང་ཆུབ་སེམས་སྦྱོང་ཆེད་རྒྱུ་འབྲས་མན་ངག་བདུན་གསུང་པ་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལས་བརྒྱུད་པས་བདག་གཞན་མཉམ་བརྗེ་གསུང་ཞིང་། ཕྱི་མ་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བའི་ནང་དུའང་གསུང་གི་ཡོད། དེས་ན་ང་ཚོས་མགོན་པོ་ཀླུ་སྒྲུབ་དང་ཞི་བ་ལྷའི་སེམས་སྦྱོང་གི་ཐབས་ལམ་གཉིས་པོའི་ཁྱད་པར་འགྲེལ་བརྗོད་ཇི་ལྟར་བྱེད་ཐུབ་བམ། ངའི་བསམ་པར། མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་བའི་ཆ་ནས་ཟབ་མོ་སྟོང་ཉིད་ཀྱི་ལྟ་བའི་ཐོག་གཙོ་བོར་བཟུང་ནས་ཞོར་དུ་ཁོང་གིས་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་སེམས་སྦྱོང་སྐོར་གསུང་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཞི་བ་ལྷས་རྩ་བའི་ཆ་ནས་བྱང་ཆུབ་སེམས་སྦྱོང་ཐོག་ལ་དོ་ནན་གཙོ་བོ་གནང་སྟེ་འགྲེལ་བརྗོད་མཛད་ཡོད་ཅེས་ཁྱད་པར་ཕྱེས་ན་ཆོག་པར་སྙམ།

ཆོས་ཀྱི་ལོ་རྒྱུས་འགྲེལ་བཤད།

གཞུང་གི་སྡེ་ཚན་དང་པོ་ནི་ཆོས་ཀྱི་ལོ་རྒྱུས་འགྲེལ་བཤད་ཡིན་ཅིང་། ཐོག་མར་བྱང་ཆུབ་སེམས་སྦྱོང་བའི་གལ་གནད་སྐོར་གོ་སྡུར་མཛད་ཡོད། ཐེག་དམན་ནང་དེས་བསླབ་པ་གསུམ་གྱི་ཐོག་དོ་ནན་བྱེད་པ་བརྗོད། བསླབ་པ་གསུམ་པོ་དེ་དག་སྟེང་གཞི་བཞག་ནས་ཐར་པ་འཐོབ་རྒྱུ་དང་ང་ཚོས་སྤོང་འདོད་པའི་སྤང་བྱ་མང་པོ་ཞིག་སྤོང་ཐུབ། འོན་ཀྱང་ང་ཚོའི་རྒྱུད་ཀྱི་སྒྲིབ་པ་ཐམས་ཅད་སེལ་བར་བྱང་ཆུབ་སེམས་ངེས་པར་དུ་རྒྱུད་ལ་སྦྱོང་དགོས་ཀྱི་ཡོད།

གཞུང་འདིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་འབྲོམ་སྟོན་པ་དང་འབྲེལ་བའི་ལོ་རྒྱུས་མུ་མཐུད་འགྲེལ་བཤད་མཛད་པ་དང་། རྭ་སྒྲེང་དགོན་དུ་བརྩམས་པའི་བློ་སྦྱོང་གི་འགྲེལ་བ་གསུང་གི་ཡོད། རྭ་སྒྲེང་དུ་བཞུགས་པའི་སློབ་མ་ཚང་མའི་ཁྲོད་ནས་མཚན་ཡོངས་སུ་གྲགས་པའི་སློབ་མ་གསུམ་ནི་བཀའ་གདམས་སྤྲུལ་པའི་སྐུ་མཆེད་གསུམ་ཡིན་པ་དང་། དམིགས་བསལ་དགེ་བཤེས་པོ་ཏོ་བ་ཡིན། པོ་ཏོ་བ་ནི་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ལེགས་པར་ཆུད་པའི་སྐྱེ་བོ་ཞིག་ཡིན། འབྲོམ་སྟོན་པ་ལས་བརྒྱུད་པའི་བཀའ་གདམས་རྒྱུད་པ་གསུམ་ལས། དང་པོ་ནི་གཞུང་པ་བ་དང་། གཉིས་པ་ནི་ལམ་རིམ་པ། གསུམ་པ་ནི་མན་ངག་པ་བཅས་ཡིན། ངས་བློ་སྦྱོང་གི་གཞུང་གཅིག་བཀླགས་པ་ཡིན་པ་དང་། དགེ་ལུགས་ཀྱི་སྲོལ་དེ་རྩ་བའི་ཆ་ནས་བཀའ་གདམས་གཞུང་པ་ལས་བྱུང་འདུག །ལམ་རིམ་གྱི་བརྒྱུད་པ་དེ་ཐོག་མར་བཀའ་བརྒྱུད་པར་དར་ཞིང་། དེའང་་གཙོ་བོ་ཏཻ་ལོ་པ་དང་། ནཱ་རོ་པ། མར་པ། མི་ལ་རས་པ་སོགས་ལས་བྱུང་། དེའི་སྔགས་ཀྱི་འགྲེལ་བ་ནི་རྗེ་སྒམ་པོ་པའི་གསུང་ནང་ཕྱག་རྒྱ་ཆེན་པོའི་ཡང་དག་པའི་ལྟ་བའི་རྣམ་གཞག་བསྟན་པ་ལས་བྱུང་། དེ་དག་ནི་བཀའ་གདམས་ལམ་རིམ་པའི་སྲོལ་རྒྱུན་ནང་བསྡུས་ཡོད།

དཔེར་ན། ཤ་ར་བ་སོགས་དགེ་བཤེས་པོ་ཏོ་བའི་སློབ་མ་མང་པོའི་ནང་ནས་ཚང་མར་རང་རང་སོ་སོའི་དམིགས་བསལ་ཁྱད་ཆོས་རེ་ཡོད། དགེ་བཤེས་འཆད་ཁ་བ་ནི་བྱང་ཆུབ་སེམས་ལ་མྱོང་བ་དམིགས་བསལ་ཐོན་པ་ཞིག་ཡིན། ཁོང་གིས་དགེ་བཤེས་གླང་རི་ཐང་པའི་བློ་སྦྱོང་ཚིགས་བརྒྱད་མའི་གཞུང་གསན་ནས་བྱང་ཆུབ་སེམས་ལ་སྤྲོ་བ་ཤིན་ཏུ་འཕེལ།

དགེ་བཤེས་འཆད་ཁ་བས་ད་དུང་ཆོས་དེ་དག་གསན་འདོད་ནས། སློབ་དཔོན་ཆེན་མོ་དགེ་བཤེས་ཤ་ར་བའི་དྲུང་དུ་བཅར། སྐབས་དེར་དགེ་བཤེས་ཤ་ར་བ་ནི་ཉན་ས་སློབ་ཁྲིད་གནང་བཞིན་ཡོད་སྟབས། དགེ་བཤེས་ཤ་ར་བ་ཉན་སའི་གཞུང་ལ་མཁས་པས་ཡ་མཚན་སྐྱེས། ཁོང་ལ་ཉན་སའི་ཁྲིད་རྒྱུན་ཡོད་པ་ནི་དོགས་པ་མེད། དེ་ནས་དགེ་བཤེས་འཆད་ཁ་བས་གསལ་པོ་མ་མཁྱེན་ནའང་བཀའ་འདྲི་ཞུས་ན་ལེགས་པར་དགོངས། གསུང་ཆོས་གྲུབ་པའི་རྗེས་དགེ་བཤེས་ཤ་ར་བ་མཆོད་རྟེན་ཞིག་ལ་སྐོར་བ་གནང་བ་དང་། དགེ་བཤེས་འཆད་ཁ་བ་ཁོང་གི་མདུན་དུ་བཅར་ནས། “རྒན་ལགས།” ཞེས་ཞུས། དགེ་བཤེས་ཤ་ར་བས། “ག་རེ་བྱས་སོང་། དེ་རིང་ཆོས་ཁྲིད་བྱས་པ་ཤེས་མ་སོང་ངམ། ངས་ཚང་མ་གསལ་པོ་བཟོས་ཟིན་པ་ཡིན། ད་དུང་གསལ་པོ་མ་ཆགས་པ་ག་རེ་འདུག་” ཅེས་གསུངས་པར། དགེ་བཤེས་ཆད་ཁ་བས། “རང་གི་རྒྱལ་ཁ་གཞན་ལ་སྤྲོད་པ་དང་གཞན་གྱི་ཕམ་ཁ་རང་གི་ལེན་དགོས་ཞེས་པའི་ཚིགས་བཅད་དེ་ཐོས་པ་དང་ང་རང་བསམ་བློ་གཏོང་དགོས་བྱུང་བ་དང་། ད་དུང་དེའི་སྐོར་མང་ཙམ་ཤེས་ནས་ཉམས་ལེན་བྱེད་འདོད་བྱུང་། དེར་བརྟེན་ཁྱེད་ཀྱིས་ད་དུང་མང་ཙམ་མཁྱེན་གྱི་ཡོད་དམ། བློ་དེ་དངོས་སུ་ཇི་ལྟར་སྦྱོང་དགོས་སམ། ཆོས་འདི་དག་གི་འབྱུང་ཁུངས་གང་ཡིན་ནམ། གཞུང་གང་ལས་འཕྲོས་སམ། དེ་ཉམས་ལེན་ནང་སྒྲིལ་ན་རན་པོ་ཡོད་དམ་མེད་བཅས་ཀྱི་སྐོར་ང་རང་ཤེས་འདོད་ཆེན་པོ་འདུག་” ཅེས་ཞེས་ཞུས།

དགེ་བཤེས་ཤ་ར་བས། “དེ་ཁྱེད་རང་གིས་ཉམས་ལེན་བྱེད་མིན་གྱི་གནད་དོན་མ་རེད། གཙོ་བོ་ནི་གལ་ཏེ་དེ་ཉམས་ལེན་བྱས་ན། གཏན་གཏན་བྱང་ཆུབ་ཀྱི་གོ་འཕང་འཐོབ་རྒྱུ་རེད།” ཅེས་གསུངས། དེར་བརྟེན་དགེ་བཤེས་འཆད་ཁ་བས་ཐེ་ཚོམ་མེད་པར་དགེ་བཤེས་ཤ་ར་བའི་མཁྱེན་པ་ཤེས་ཐུབ་པ་བྱུང་། དེ་མིན་ཤ་ར་བས་ངའི་དྲི་བར་ལན་སྟབས་བདེ་ལ་གནད་ལ་ཁེལ་པོ་དེ་འདྲ་གནང་མི་ཐུབ་ཅེས་དགོངས། དེ་ནས། “གཞུང་དེའི་ཁུངས་གཏུགས་སའི་གཞུང་གང་ཡིན་ནམ།” ཞེས་ཞུས་པར། དགེ་བཤེས་ཤ་ར་བས། “དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བ་ལས་བྱུང་།” ཞེས་ལན་གནང་བ་དང་། དགེ་བཤེས་འཆད་ཁ་བས། “ཨ་ཅང་ཅང་མགོན་པོ་ཀླུ་སྒྲུབ་ནི་སངས་རྒྱས་གཉིས་པ་ཡིན་པ་དང་ཁོང་གིས་གང་གསུངས་པར་ཁུངས་བཙན་པོ་ཡོད།” ཅེས་ཞུས། གློ་བུར་དུ་དགེ་བཤེས་འཆད་ཁ་བར་ཐམས་ཅད་ཐུགས་ཚིམས་པ་བྱུང་ནས། “འདི་ནི་ངས་འབད་བརྩོན་ཡོད་རྒུ་བྱེད་དགོས་པ་ཞིག་རེད་འདུག” །ཅེས་ཐག་ཆོད་པོར་གསུངས་སོ།།

ཁོང་གིས་ཆོས་དེ་དག་གནང་རོགས་ཞུས་པ་དང་དགེ་བཤེས་ཤ་ར་བས། “ད་ལྟ་ངས་ཆོས་གང་འཁྲིད་བཞིན་པ་ཉན་པ་ན་ནམ་ཞིག་ཆོས་དེ་དག་ཁྱེད་ལ་འཐོབ་པའི་དུས་ཤིག་འཆར་ཡོང་། ཉན་ས་འཆད་འགྲེལ་བྱེད་བཞིན་པའི་སྐབས་འདིར་ཁྱེད་ཀྱིས་ཉན་འདོད་བྱེད་པའི་ཆོས་གཞན་ཞིག་འཁྲིད་ན། གཞན་རྣམས་དེ་ལ་དོ་དབྱིངས་ཡོད་མེད་དམ་དངོས་སུ་ཉམས་ལེན་བྱེད་མིན་མི་ཤེས།” ཞེས་གསུངས་པ་དང་། དགེ་བཤེས་འཆད་ཁ་བ་ཐུགས་རབ་ཏུ་མཉེས་ནས་མཐར་དགེ་བཤེས་ཤ་ར་བའི་དྲུང་ནས་བློ་སྦྱོང་གི་གཞུང་དེ་དག་གསན་ཐུབ་པ་བྱུང་། དུས་མཚུངས་ཁོང་གིས་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་སེམས་གོང་ནས་གོང་དུ་སྤེལ་བ་དང་ཤུགས་ཆེ་རུ་གཏོང་བའི་ཉམས་ལེན་གནང་།

ཆོས་དེ་དག་གི་ཕན་ཡོན།

ད་ཆོས་དེ་དག་གི་ཕན་ཡོན་འགྲེལ་བར་བྱང་ཆུབ་སེམས་ནི་ཉི་མ་དང་། ནོར་བུ་རིན་ཆེན། སྨན་དང་འདྲ་བར་གསུངས། ནོར་བུ་རིན་ཆེན་གྱིས་དབུལ་པོ་རྣམས་ཀྱི་སྡུག་བསྔལ་སེལ་བ་བཞིན་བྱང་ཆུབ་སེམས་ཀྱིས་མི་ཤེས་པའི་སྡུག་བསྔལ་སེལ་བས་རྡོ་རྗེ་ཕ་ལམ་དང་འདྲ། གལ་སྲིད་ང་ཚོར་ཕ་ལམ་ཆེན་པོ་ཞིག་ཡོད་ན། དེས་ཉམ་ཐག་གི་སྡུག་བསྔལ་མང་པོ་ཞིག་སེལ་ཐུབ། འོན་ཏེ་ཕ་ལམ་ཆུང་ཆུང་ཞིག་ལས་མེད་ནའང་། སོ་སོའི་སྡུག་བསྔལ་སེལ་ཐུབ། དེ་ག་ནང་བཞིན་གལ་སྲིད་ང་ཚོར་བྱང་ཆུབ་སེམས་ཆུང་ཆུང་ཞིག་ལས་མེད་ཀྱང་དེ་ལ་ཕན་ཡོན་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་ཕ་ལམ་དང་འདྲ་བ་ཡིན།

དེ་ནི་ཉི་མ་དང་འདྲ་སྟེ། ཉི་མའི་འོད་ཟེར་གྱིས་མུན་པ་སེལ་བ་ལྟར། གལ་སྲིད་ང་ཚོས་བྱང་ཆུབ་སེམས་བསྐྱེད་ན། དེས་ང་ཚོ་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཉོན་མོངས་དང་མི་དགེ་བའི་ལས་ཀྱི་མུན་པ་སེལ་བ་ཡིན། ཐ་ན་སྤྲིན་པའི་གསེབ་ནས་འོད་ཟེར་ཆུང་ཆུང་ཞིག་ལས་མ་ཕྲོས་ཀྱང་། དེས་མུན་པ་སེལ་གྱི་ཡོད། དེ་ག་ནང་བཞིན་ང་ཚོའི་རྒྱུད་ཀྱི་ཉོན་མོངས་དང་མི་དགེ་བའི་སེམས་ཀྱི་སྤྲིན་པའི་ཁྲོད་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་ཅུང་ཟད་ཕྲོས་ཀྱང་དེས་ང་ཚོའི་སེམས་ནས་སྣང་བ་རྒྱས་པར་བྱེད་ཀྱི་ཡོད།

བྱང་ཆུབ་སེམས་ནི་སྨན་དང་འདྲ་སྟེ། སྨན་གྱི་ལྗོན་ཤིང་གི་རྩ་བ་དང་། ལྤགས་པ། འབྲས་བུ། ཡལ་ག །ལོ་མ་བཅས་ཚང་མ་ཕན་ཐོགས་པོ་ཡོད་ཅིང་། ང་ཚོར་དེའི་ཆ་ཤས་གཅིག་ཙམ་ཡོད་ནའང་སྨན་གྱི་རིན་ཐང་ཡོད་པ་བཞིན་ང་ཚོས་བྱང་ཆུབ་སེམས་བསྐྱེད་ཐུབ་ན། ཕན་ཡོན་ཤིན་ཏུ་ཆེ་བ་དང་། ཐ་ན་ཆུང་ཆུང་ཞིག་ལས་མེད་ཀྱང་ཕན་ཐོགས་ཤིན་ཏུ་ཆེ། དེ་ནི་སྤྱིར་བྱང་ཆུབ་སེམས་ཙམ་མིན་པར་བློ་སྦྱོང་བ་ལའང་ཕན་ཐོགས་ཆེན་པོ་ཡོད།

གཞན་ཡང་བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི་དེས་ཚང་མར་དགའ་བ་སྐྱེ་འཇུག་པ་དང་ཕྲག་དོག་སོགས་མེད་པ་བཟོ་གི་ཡོད། འདི་ནི་དམིགས་བསལ་མི་རྣམས་ཀྱི་རྒྱུད་ལ་ཉོན་མོངས་དང་མི་དགེ་བའི་སེམས་འཕེལ་བ་དང་སྤྱོད་པ་ཇེ་སྡུག་འགྲོ་བའི་སྐབས་འདིར་ཕན་ཐོགས་ཧ་ཅང་ཆེ། རྒྱ་གར་ནང་དུའང་ང་ཚོའི་སྐྱབས་བཅོལ་བའི་གནས་སྟངས་འོག་མ་གཞི་ང་ཚོར་ཕྱི་དངོས་པོའི་མཐུན་རྐྱེན་དེ་ཙམ་མེད་ནའང་། ཕྲ་ལ་ཕྲན་བུ་ཡོད་ཅིང་སློབ་གྲྭ་དང་། ཚོང་ལས་ཆུང་ཙག་ལ་སོགས་འཛུགས་ཐུབ་པ་བྱུང་ཡོད། འོན་ཀྱང་དེ་དག་གིས་ཀྱང་ཕྲག་དོག་དང་འགྲན་སེམས་ཀྱི་གཞི་རྩ་བྱེད་ཐུབ། དེར་བརྟེན་ཕྱི་དངོས་པོའི་ཡར་རྒྱས་གཅིག་པུ་མིན་པར་མཉམ་དུ་ནང་སེམས་ཀྱི་ཡར་རྒྱས་དགོས་གལ་ཆེན་པོ་ཆགས་ཡོད། བྱང་ཆུབ་སེམས་བསྐྱེད་ཐུབ་ན་ཕྲག་དོག་དང་ཉོན་མོངས་དེ་དག་སྤོང་ཐུབ་པ་དང་། ང་ཚོ་རྒྱ་གར་ནང་ཡར་རྒྱས་ཕྲན་བུ་ཕྱིན་ཏེ། ཕྱི་དངོས་པོ་ལ་བརྟེན་ནས་དཀའ་ངལ་ཚང་མ་སེལ་ཐུབ་བསམ་པའི་སྐབས་འདིར་དེ་དགོས་གལ་ཆེན་པོ་ཡོད། དེ་ནི་དངོས་གནས་ནོར་བ་རེད། ཕྱི་དངོས་པོའི་བདེ་བར་བརྟེན་ནས་སྡོད་མཁན་གྱི་མི་རྣམས་སེར་སྣ་ཚ་བ་དང་སྡུག་བསྔལ་མང་བ་ཡོད་པ་ངས་མཐོང་མྱོང་། དེས་ན་ཕྱི་ནང་གཉིས་ཀའི་ཐོག་ནས་འབད་བརྩོན་བསྟེན་རྒྱུ་གལ་ཆེན་པོ་ཡིན།

(མཆན། འདིར་༸གོང་ས་མཆོག་ནས་འགྲེལ་བཤད་སྐྱོན་པའི་རྩ་བའི་གཞུང་གི་ཡིག་ཕྲེང་ཁག་གི་ནང་། གཞུང་འདིའི་གནད་འགག་ནི་རྡོ་རྗེ་ཕ་ལམ་དང་། ཉི་མ། སྨན་གྱི་ལྗོན་ཤིང་དང་འདྲ་བར་རྟོགས་པ་དང་། དེ་སྙིགས་མ་ལྔ་བདོ་བའི་དུས་སྐབས་སུ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་དགོས་པ་དེ་ཡིན། དེ་ཡང་ནམ་མཁའ་དཔལ་དང་སྐྱབས་རྗེ་ཕ་བོང་ཁ་གཉིས་ཀའི་པར་མའི་ནང་ལ་ཡོད། རྒྱལ་སྲས་ཐོགས་མེད་བཟང་པོའི་པར་མའི་ནང་སྨན་གྱི་ལྗོན་ཤིང་དང་འདྲ་བར་རྟོགས་པ་དེ་རྩ་བ་ནས་མཇལ་རྒྱུ་མེད་པ་དང་སྙིགས་མའི་དུས་སུ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་ཚུལ་དེ་གཞུང་གི་མཇུག་དུ་གསལ་ཡོད། དེ་ཡང་། “མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ལས་བརྒྱུད་པ་ཡིན། །”ཞེས་པའི་སྔོན་དུ་གསལ་གྱི་ཡོད།)

གལ་སྲིད་མི་རྣམས་ཀྱིས་རང་གི་བསམ་བློ་གཏོང་སྟངས་དེ་གཞན་ལ་ཕན་འདོགས་རྒྱུར་འབད་བརྩོན་མ་བྱས་པར་ཕྱི་དངོས་པོའི་ཐོག་ལ་དོ་ནན་ཆེ་བ་བྱས་ན། མི་ཚང་མར་དཀའ་ངལ་ཆེན་པོ་བཟོ་ངེས་ཡིན། ས་ཆ་མང་པོ་ཞིག་ལ་འཛུགས་སྐྲུན་གྱི་ལས་ཀ་དང་བཟོ་གྲྭའི་ལས་དོན་མང་པོ་སྒྲུབ་བཞིན་པ་རྣམས་ལ་དཔེ་ཆ་བཞག་ན། དེ་དག་གིས་ཞར་བྱུང་དུ་དུ་བ་དང་དུ་དྲེག་སོགས་མང་པོ་བསྐྲུན་ནས་མཐར་མཁའ་རླུང་བཙོག་པ་བཟོ་བ་དང་ཁོར་ཡུག་ལ་གནོད་སྐྱོན་གཏོང་གི་ཡོད། དེ་ཡང་གཙོ་བོ་ཕྱི་དངོས་པོའི་ཐོག་ནས་ཡར་རྒྱས་ཤུགས་ཆེ་བ་ཕྱིན་པའི་ལུང་པའི་ནང་འབྱུང་གི་ཡོད། ཨ་ཅང་ཅང་ཕྱི་དངོས་པོའི་ཡར་རྒྱས་གལ་ཆེན་པོ་རེད། འོན་ཀྱང་མི་རྣམས་ཀྱིས། “ད་ནས་བརྩིས་པའི་ལོ་ཤས་ནང་དང་། མི་ལོ་ ༢༠༠ དང་ ༡༠༠༠ རྗེས་སུ་དེ་དག་གི་མཇུག་འབྲས་གང་འབྱུང་མིན་ཐད་བསམ་བློ་གཏོང་དགོས།” དེ་ག་ནང་བཞིན་རྡུལ་ཕྲན་གྱི་རྫས་དང་འཕྲུལ་ཆས་རྣམས་མཚོན་ན། དེ་དག་ཇི་ལྟར་མེད་པ་བཟོ་གི་ཡིན། འབྱུང་འགྱུར་དེ་དག་གིས་ཕན་ཐོགས་ག་རེ་ཡོད་དམ། རྒྱལ་ཁབ་ཁ་ཤས་ཀྱིས་གོ་མཚོན་ཐད་ཤུགས་སྣོན་རྒྱག་གི་ཡོད་པས་དེ་ནི་དཀའ་ངལ་གྱི་རྒྱུ་འཕར་མ་ཞིག་རེད། དཔེར་ན། སོ་སོའི་མགོ་ལ་སོ་སོས་གཞུ་བ་ལྟ་བུ་ཡིན། མཐར་འཛམ་གླིང་ནང་སྡུག་བསྔལ་འཕར་མ་བཟོ་རྒྱུ་རེད།

རྒྱ་མིས་བོད་ས་བཙན་བཟུང་བྱས་པ་དང་བོད་རང་བཙན་ཤོར་བའི་སྐབས། བོད་མིའི་བསོད་ནམས་ཟད་པར་བརྟེན་ཡུལ་ལྷ་རྣམས་ཀྱི་སྲུང་སྐྱོབ་བྱེད་པའི་ནུས་པ་ཉམས་ཏེ་སྐྱོབ་ཐུབ་མེད། ཨ་མདོའི་ནང་ཡུལ་ལྷ་ཞིག་བཙོན་ཁང་ནང་སྡོད་དགོས་བྱུང་བའི་སྒྲུང་ཞིག་ཡོད། ཐ་ན་ཡུལ་ལྷའང་རྒྱ་གར་ནང་མ་ཡོང་གོང་ལོ་བཅུའི་རིང་རྒྱ་མིའི་བཙོན་ཁང་ནང་སྡོད་དགོས་བྱུང་ཡོད། རྒྱ་གར་ནང་སླེབས་པའི་རྗེས་ཡུལ་ལྷ་དེ་བསྐྱར་དུ་ཨ་མདོར་ཕྱིར་ལོག་བྱས་པ་དང་། མི་རྣམས་ཀྱིས་ཤ་གསོས་པ་ཕུལ་ནའང་མ་བཞེས་པར། ཁོང་གིས་ངའི་མདུན་ནས་དམར་མཆོད་འབུལ་བ་སོགས་སེམས་ཅན་གསོད་པའི་ལས་མི་བྱ་རྒྱུར་ཁས་ལེན་བྱས་ཡོད་ཅེས་གསུངས། དེ་དངོས་གནས་ཡིན་མིན་ངས་མི་ཤེས། འོན་ཀྱང་ང་རང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ལུང་པའི་ནང་འགྲོ་སྐབས། མི་རྣམས་དམར་མཆོད་འབུལ་བ་ནི་ལམ་ལོག་པ་ཞིག་ཡིན་ཅེས་ཤོད་ཀྱི་ཡོད། དེར་བརྟེན་གཅིག་བྱས་ན་འབྲེལ་བ་ཞིག་ཡོད་རྒྱུ་རེད། ལྷ་དེས་དམར་མཆོད་རྩ་བ་ནས་བཞེས་མེད། གང་ཡིན་ཞེ་ན། ངས་དུས་འཁོར་དབང་ཆེན་བསྩལ་སའི་ས་ཆ་ཁག་ཏུ་སེམས་ཅན་བསད་ནས་དམར་མཆོད་འབུལ་མི་རུང་ཞེས་ངས་ནན་བརྗོད་བྱས་ཡོད། གཅིག་བྱས་ན་ལྷ་དེ་དབང་ཞུ་མཁན་གྱི་ཁྲོད་དུ་ཡོད་ཤས་ཆེ།

ཅི་སྟེ་ང་ཚོས་སོ་སོའི་སེམས་ཚུལ་བཞིན་དུ་སྦྱོང་བརྡར་བྱས་ཡོད་ན། ཕྱི་ལུས་ཀྱི་ཐོག་ནས་ཧ་ཅང་སྐྱིད་པའི་གནས་ཤིག་འཚོལ་མི་དགོས། ཅི་སྟེ་ང་ཚོའི་སེམས་བཏུལ་ཡོད་ན། གནས་སྟངས་སྐྱིད་པོ་ང་ཚོས་བཟོ་ཐུབ་ཅིང་། ང་ཚོའི་སེམས་ནང་བདེ་བ་ཅན་གྱི་ཡུལ་བསྐྲུན་པའི་ནུས་པ་ཡོད།

གཞན་ཡང་བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི་བདེ་བའི་རྒྱུ་དང་རྐྱེན་བྱུང་བའི་སྐབས་ང་ཚོར་བདེ་བ་བྱུང་བ་ཙམ་མིན་པར། ཐ་ན་སྤྱིར་བཏང་སྡུག་བསྔལ་གྱི་རྒྱུར་གྱུར་བའི་གནས་སྟངས་དང་རྒྱུ་རྣམས་ང་ཚོས་བདེ་བའི་རྒྱུར་སྒྱུར་ཐུབ། དེ་དག་ནི་བྱང་ཆུབ་སེམས་ཀྱི་ཕན་ཡོན་ཡིན།

ཁྱེད་རང་ཚོ་བོད་ནས་ཕེབས་མཁན་ཚང་མས་མ་ཎི་འདོན་རྒྱུ་དང་། བདག་ཅག་གི་སྟོན་ཤཱཀྱ་ཐུབ་པ་བསྒོམས་ནས་སོ་སོའི་སེམས་རྒྱུད་བཟང་པོ་ཡོང་བ་ཤོག་ཅེས་སྨོན་ལམ་འདེབས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།།

Top