སེམས་ཀྱི་རྒྱུན་དག་པ་དང་སྐྱེས་བུ་ཆེན་པོ།

མ་རིག་པ་དང་། ཉོན་མོངས་པ། ལས་ཀྱི་བག་ཆགས་བཅས་ལ་ཐོག་མ་མེད།

ང་ཚོ་མི་རེ་ངོ་རེ་ལ་ཐོག་མ་དང་མཐའ་མ་མེད་པའི་སེམས་ཀྱི་རྒྱུན་རེ་ཡོད་པ་དང་། ང་ཚོ་མུ་མཐུད་དེ་སྐྱེ་བ་ལེན་རྒྱུ་ཡིན་པའི་སྐོར་བཤད་ཟིན་པ་རེད། དེར་མ་ཟད། ཐོག་མ་མེད་པ་ནས་ང་ཚོའི་སེམས་ཀྱི་རྒྱུན་འདི་མ་རིག་པ་དང་འདྲེས་ནས་ཡོད། སྟབས་བདེ་པོའི་སྒོ་ནས་ཞུས་ན། རྨོངས་པ་དང་འདྲེས་ནས་ཡོད། འདི་ནི་སྤྱོད་ལམ་གྱི་རྒྱུ་འབྲས་རྣམ་གཞག་ལ་གོ་གི་ཡོད། དེ་ཡང་སྡུག་བསྔལ་རྣམས་མི་དགེ་བའི་སྤྱོད་ལས་འབྱུང་གི་ཡོད་པ་དང་བདེ་བ་ནི་དགེ་བའི་སྤྱོད་ལམ་ལ་བརྟེན་ནས་འབྱུང་གི་ཡོད་པ་དེ་ང་ཚོས་ཤེས་ཀྱི་མེད། ད་དུང་འདི་གཞི་རྩའི་དངོས་པོའི་གནས་ལུགས་ལ་རྨོངས་པའམ་མི་ཤེས་པ་ལའང་གོ་གི་ཡོད། དེ་ཡང་ང་ཚོ་ཇི་ལྟར་ཡོད་པ་དང་། གཞན་རྣམས་ཇི་ལྟར་ཡོད་པ། དེ་ག་ནང་བཞིན་ཆོས་ཐམས་ཅད་ཇི་ལྟར་གནས་པའམ་གྲུབ་ཡོད་པའི་སྐོར་ཤེས་ཀྱི་མེད། མ་རིག་པ་དེ་གཞི་རྩ་བྱས་ཏེ། ང་ཚོས་ཉོན་མོངས་བསྐྱེད་པ་དང་། དེ་ནས་རྨོངས་པ་དང་འདྲེས་པའི་སྒོ་ནས་དགེ་བ་དང་མི་དགེ་བའི་ལས་ལ་ངང་ངམ་ཤུགས་ཀྱིས་འཇུག་གི་ཡོད། འདིས་ང་ཚོའི་སེམས་རྒྱུན་ལ་ལས་ཀྱི་རྗེས་འབྲས་སམ་བག་ཆགས་ཤིག་འཇོག་གི་ཡོད། དེའི་ནང་ལས་ཀྱི་བག་ཆགས་དང་། དགེ་བ་དང་མི་དགེ་བའི་ལས་ཀྱི་ནུས་པ་བཅས་ཚུད་ཡོད། དེར་བརྟེན་ང་ཚོའི་སེམས་ཀྱི་རྒྱུན་དང་གཞན་ཚང་མའི་སེམས་ཀྱི་རྒྱུན་དེ་ཐོག་མ་མེད་པ་ནས་མ་རིག་པ་དང་། ཉོན་མོངས། ལས་ཀྱི་བག་ཆགས་དང་འདྲེས་ནས་ཡོད། 

སེམས་ཀྱི་རྒྱུན་གྱི་སྟེང་དུ་ལས་ཀྱི་བག་ཆགས་དེ་ཇི་ལྟར་རྒྱུན་མཐུད་ཚུལ།

ལས་ཀྱི་བག་ཆགས་དང་ནུས་པ་རྣམས་ནི་གཟུགས་སུ་གྲུབ་པའི་ཆོས་ཞིག་མིན་ལ་གནད་དོན་ཞིག་རྟོགས་པའི་ཚུལ་དེ་ཡང་མིན། དེ་དག་ནི་ང་ཚོའི་སེམས་རྒྱུན་དུ་བཏགས་པ་ཙམ་རེད། དཔེར་ན། གལ་ཏེ་ང་ཚོས་དེ་རིང་འཚིག་ཇ་འཐུང་བ་དང་། ཁ་སེང་འཐུང་ཡོད་པ་དང་ཁས་ཉིན་མོ་འཐུང་ཡོད་ན། དེ་གོ་རིམ་སྒྲིག་བཀོད་བྱེད་སྟངས་ཤིག་ལ་ང་ཚོས་འཚིག་ཇ་འཐུང་རྒྱུའི་བག་ཆགས་ཤིག་འདུག་ཅེས་བརྗོད་ཀྱི་ཡོད། བག་ཆགས་དེ་ནི་གཟུགས་སུ་གྲུབ་པ་དེ་འདྲ་མ་རེད་ལ་གནད་དོན་ཞིག་རྟོགས་ཚུལ་དེ་ཡང་མ་རེད། དེ་ནི་བྱུང་རྐྱེན་འདྲ་མཚུངས་ཀྱི་གོ་རིམ་ལ་བཏགས་པ་ཙམ་ཞིག་རེད།
 
ང་ཚོའི་མ་རིག་པ་དང་ཉོན་མོངས་ལའང་དེ་དག་གི་རྒྱུན་འཛིན་པའི་བག་ཆགས་ཡོད། གང་ལྟར་ཡང་། ང་ཚོས་འཚིག་ཇ་ལ་ཉིན་གང་པོར་བསམ་བློ་མི་གཏོང་བ་ནང་བཞིན་ང་ཚོ་ག་དུས་ཡིན་ནའང་ཁོང་ཁྲོ་ཟ་གི་མེད། ཡིན་ནའང་དེ་ལ་རྒྱུན་ཞིག་ཡོད་པ་དང་དེ་ནི་བག་ཆགས་དང་འབྲེལ་བའི་སྒོ་ནས་འགྲེལ་བརྗོད་བྱས་ཡོད། ང་ཚོའི་སེམས་ཀྱི་རྒྱུན་ལ་བཏགས་པའི་བག་ཆགས་དེ་ལ་བརྟེན་ནས་མ་རིག་པ་དང་། ཉོན་མོངས་པ། ལས་ཀྱི་རྗེས་འབྲས་སམ་བག་ཆགས་བཅས་སེམས་རྒྱུན་གྱི་སྟེང་དུ་ཁྱེར་དང་འཁྱེར་མུས་ཡིན་པ་དང་། དེ་ཡང་མུ་མཐུད་དེ་ང་ཚོས་དེ་མཚམས་འཇོག་ཆེད་འབད་བརྩོན་ཞིག་མ་བྱས་བར་དུ་ཁྱེར་ནས་འགྲོ་གི་རེད།  

བདེན་པར་གྲུབ་པར་འཛིན་པ།

ང་ཚོའི་ཉོན་མོངས་ཀྱི་གཞི་རྟེན་དུ་གྱུར་བའི་དངོས་པོའི་གནས་ལུགས་ཀྱི་མ་རིག་པ་དང་། དེ་ག་ནང་བཞིན་ང་ཚོའི་ངང་ངམ་ཤུགས་ཀྱི་ལས་ཀྱི་སྤྱོད་ལམ་བཅས་ནི། ང་ཚོའི་སེམས་ཀྱིས་ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པའི་ཆོས་རྣམས་ཀྱི་སྣང་བ་ཞིག་སྐྲུན་པའི་བདེན་དོན་ལ་གཞི་རྟེན་བྱས་ཡོད། དོན་ངོ་མར་ང་ཚོའི་སེམས་ཀྱིས་དེ་ལྟར་སྐད་ཅིག་རེ་རེའི་ནང་བྱེད་ཀྱི་ཡོད། བདེན་པར་གྲུབ་པར་འཛིན་པ་ལ་བརྟེན་ནས་ང་ཚོས་འཁྲུལ་སྣང་དེ་དག་རྟོགས་ནས་དེ་དག་དངོས་པོའི་གནས་ལུགས་དང་མཐུན་པར་ཡིད་ཆེས་བྱེད་ཀྱི་ཡོད། མ་རིག་པ་ལ་བརྟེན་ནས་ང་ཚོས་དེ་བདེན་པ་མིན་པ་ཤེས་ཀྱི་མེད།
 
དངོས་པོ་ལ་བདེན་པར་གྲུབ་པར་འཛིན་པ་དང་། མ་རིག་པ། ཉོན་མོངས་པ། དེ་བཞིན་ལས་ཀྱི་བག་ཆགས་དང་ནུས་པ་རྣམས་དེ་ལ་བརྟེན་ནས་ཡོད། དེའི་ཁོངས་སུ་སེམས་ཚོར་གྱི་སྒྲིབ་པའམ་ཉོན་མོངས་པའི་སྒྲིབ་པ་གཏོགས་ཀྱི་ཡོད། དེ་དག་གིས་ཐར་པ་འཐོབ་པར་གེགས་བྱེད་ཀྱི་ཡོད། འཛིན་པ་འདིའི་གོམས་གཤིས་ཀྱིས་འཛིན་པ་སྐྱེ་རུ་འཇུག་པ་ཙམ་དུ་མ་ཟད། དེ་དག་གིས་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་སྟེ། དངོས་པོ་རྣམས་བདེན་པར་གྲུབ་པའི་འཁྲུལ་སྣང་སྐྱེ་རུ་འཇུག་གི་ཡོད། དེ་ལྟར་རྒྱུན་མ་ཆད་པར་བྱེད་པ་སོང་ཙང་། རྒྱུན་གོམས་ཆགས་ཀྱི་ཡོད། དེ་དག་གི་ནང་ཤེས་བྱའི་སྒྲིབ་པ་ཡོད་པས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་གེགས་བྱེད་ཀྱི་ཡོད། ཐར་པ་མ་ཐོབ་གོང་ལ་གོམས་གཤིས་དེ་དག་གིས་འཁྲུལ་སྣང་དང་སྣང་བ་དེ་དག་རྟོགས་པ་དང་ཡིད་ཆེས་པ་གཉིས་ཀ་སྐྱེ་རུ་འཇུག་གི་ཡོད། ཐར་པ་ཐོབ་པའི་རྗེས་དང་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་གོང་ལ་དེ་དག་གིས་མུ་མཐུད་དེ་སྣང་བ་སྐྱེ་རུ་འཇུག་གི་ཡོད། འོན་ཀྱང་དེ་ནི་སྣང་བ་དེ་དག་རྟོགས་པའི་སྒོ་ནས་འཛིན་པ་ཁོ་ན་སྐྱེ་རུ་འཇུག་གི་ཡོད། དེ་དག་གིས་སྣང་བ་དེ་དག་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་ཡིན་པའི་ཡིད་ཆེས་སྐྱེ་རུ་འཇུག་གི་མེད།

རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་པ་སྟེ། སྣང་ཚུལ་ལྟར་གྲུབ་པའི་ཆོས་གཅིག་ཀྱང་མེད་པ་དེས་ང་ཚོའི་སྒྲིབ་པ་དེ་དག་རེ་རེ་བཞིན་མེད་པ་བཟོ་གི་ཡོད། དེ་ཡང་ངེས་འབྱུང་ཡང་ན་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་གཉིས་ཀའི་གོ་རྟོགས་ཡོད་པའི་རྒྱབ་ཀྱི་སྐུལ་ཤུགས་ལ་རག་ལུས་ཡོད།

དངོས་པོ་རྣམས་བདེན་པར་གྲུབ་པའི་དོན།

ང་ཚོའི་སེམས་ཀྱི་སྣང་ཚུལ་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་སྟངས་དེ་ལ་ཕྲ་བའི་རིམ་པ་མང་པོ་ཡོད། གཏིང་ཟབ་ཤོས་དང་ཕྲ་ཤོས་ཀྱི་རིམ་པའི་ནང་། ང་ཚོས་བརྗོད་པའི་དངོས་པོ་རྣམས་ལ་བདེན་པར་གྲུབ་པའི་སྣང་བ་ཞིག་ཡོད་པ་དེ་ཡིན། རྒྱ་གར་གྱི་གྲུབ་མཐའ་མི་འདྲ་བའི་ནང་། བདེན་པར་གྲུབ་པ་དེ་ལ་མཚན་ཉིད་དང་འགྲེལ་ཚུལ་སྣ་ཚོགས་ཤིག་ཡོད། འོན་ཀྱང་ང་ཚོས་རི་བོ་དགེ་ལུགས་པའི་ཆོས་བརྒྱུད་ཀྱིས་རྟོགས་པ་ནང་བཞིན་དབུ་མ་ཐལ་འགྱུར་བའི་ལུགས་གཙོ་བོར་བཟུང་ནས་འགྲེལ་བརྗོད་བྱེད་ཀྱི་ཡིན།
 
“གྲུབ་ཚུལ་” ཞེས་པའི་ཐ་སྙད་འདི་ནི་ཆོས་གང་ཞིག་ཡོད་པ་དེ་གང་གིས་གྲུབ་པ་ལ་གོ་བ་ཡིན། དེ་ནི་ཆོས་གང་ཞིག་གྲུབ་ལུགས་གྲུབ་སྟངས་ཀྱི་སྐོར་ཤོད་ཀྱིན་མེད། དེ་གཉིས་ཀྱི་བར་ལ་ཤིན་ཏུ་ཕྲ་བའི་ཁྱད་པར་ཡོད། “གྲུབ་པ་” ཞེས་པའི་ཚིག་དེ་ཆོས་གང་ཞིག་གྲུབ་པའི་བདེན་དོན་དེ་ལ་རྟགས་སམ་རྒྱུ་མཚན་གང་ཡོད་པར་གོ་བ་ཡིན། གྲུབ་མཐའ་སྨྲ་བ་སྔ་མ་རྣམས་ཀྱི་ལུགས་ལྟར་ན། ཆོས་གང་ཡང་རུང་བ་ཞིག་ཡོད་པའམ་གྲུབ་པར་སྟོན་པའིི་གནད་དོན་ཧ་ཅང་སྟབས་བདེ་པོ་ཞིག་ནི། དེས་བྱ་བ་བྱེད་པའམ་ལས་སུ་རུང་བ་ཡིན་པ་དེ་རེད། ཆོས་དེས་བྱ་བ་ཞིག་བྱེད་ཀྱི་ཡོད་པ་དང་། བྱ་བ་དེ་བྱེད་པ་དེས་ཆོས་དེ་ཡོད་པའམ་གྲུབ་པའི་རྟགས་སྟོན་གྱི་ཡོད། འདི་ནི་གྲུབ་མཐའ་འོག་མ་རྣམས་ཀྱི་བཞེད་ཚུལ་དེ་རེད།

དབུ་མ་ཐལ་འགྱུར་བ་རྣམས་ཀྱིས་བདེན་པར་གྲུབ་པ་ཞེས་པའི་སྐོར་ཤོད་ཀྱི་ཡོད། དེའི་དོན་ནི་ཡུལ་གང་རུང་ཞིག་གི་ཟུར་ལ་དེ་ཡོད་པར་གྲུབ་པའི་ཆོས་ཞིག་ཡོད་པར་བཞེད་ཀྱི་ཡོད། བདེན་པར་གྲུབ་པ་དེ་ཡང་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ་བདེན་པར་གྲུབ་པའི་ཚད་ཡིན་པར་བཞེད་ཀྱི་ཡོད།

ང་ཚོས་སྟོང་ཉིད་ལ་གོ་བ་རྙེད་པའི་སྐབས། གང་ཡིན་པ་མི་སྲིད་པའི་ཚུལ་གྱི་གྲུབ་པ་དེ་དག་ལ་དཔྱད་གཞི་དངོས་དང་བྲལ་བ་ཡིན་པ་ཤེས་ཀྱི་ཡོད། དེ་འདྲ་བའི་ཆོས་མེད། འདི་རྟོགས་པར་དཔེ་མཚོན་ཞིག་བཞག་ན། ང་ཚོས་ “ང་རང་ལ་ལུས་པོ་སྟོབས་ཆེན་པོ་དང་ཤུགས་ཆེན་པོ་ཞིག་ཡོད་” ཅེས་བརྗོད་སྲིད། གང་ཡིན་ཟེར་ན། ང་ཚོའི་སེམས་ཀྱིས་སོ་སོའི་ལུས་པོའི་ཟུར་དུ་གཞན་གང་ལའང་བརྟེན་མི་དགོས་པའི་སྟོབས་ཆེན་བཟོ་མཁན་ཞིག་ཡོད་པར་སྣང་བར་བྱེད་ཀྱི་ཡོད། དེ་ལྟར་ “ང་ནི་སྟོབས་ཆེན་པོ་དང་བདེ་ཐང་ཡིན་” ཞེས་པའི་འཕྲོད་བསྟེན་ཡག་པོ་དང་། ཟས་བཅུད་ལྡན་པ། ལུས་རྩལ་སོགས་རྒྱུ་དེ་དག་ཐམས་ཅད་ང་ཚོར་སྣང་གི་མེད། ལུས་སྟོབས་ཆེན་པོ་དེ་དག་ལས་བྱུང་བ་ལྟ་བུ་སྣང་གི་མེད། འོན་ཀྱང་ང་ཚོས་མེ་ལོང་ནང་བལྟ་བའི་སྐབས། རང་ངོས་ནས་གྲུབ་པའི་ལུས་སྟོབས་ཆེན་པོ་ངོ་མ་ཞིག་ཏུ་སྣང་གི་ཡོད།

གལ་ཏེ་ལུས་སྟོབས་ཆེན་པོ་ཡོད་པ་དེ་ལུས་རང་ངོས་ནས་གྲུབ་པ་ཞིག་ཡིན་ན། དེ་ནི་གནས་སྟངས་གང་འདྲ་ཞིག་ཡིན་ནའང་དེ་སྟོབས་ཆེན་རང་དུ་གནས་དགོས། ཐ་ན་གཞན་དང་འགྲན་བསྡུར་སྐབས་སུའང་སྟོབས་ཆེན་པོ་རང་འཇགས་གནས་དགོས་ཀྱི་ཡོད། ཡིན་ནའང་ཕྲུ་གུ་མ་འབྱར་གྱི་ལུས་པོ་ལ་ལྟོས་པའི་མི་དར་མའི་ལུས་པོ་དེ་སྟོབས་ཆེ་བ་ཡོད། འོན་ཀྱང་མི་རྒོད་ཕོ་ཞིག་གི་ལུས་ལ་ལྟོས་ནས་མི་དར་མའི་ལུས་སྟོབས་ཞན་པ་ཡོད། སྟོབས་དང་ནུས་ཤུགས་དེ་རྒྱུ་རྐྱེན་མང་པོ་ལ་བརྟེན་ནས་འབྱུང་གི་ཡོད། དེ་ནི་ཟས་དང་ལུས་རྩལ་ཁོ་ན་ལ་བརྟེན་ནས་འབྱུང་གི་མེད། འོན་ཀྱང་ད་དུང་གཞན་དག་ལ་ལྟོས་ནས་ང་ཚོས་དཔེ་མཚོན་འགོད་ཆོག །འདི་ཙམ་མ་རེད། དེར་མ་ཟད། སྟོབས་ཆེན་པོའམ་ཤུགས་ཆེན་པོ་ཞེས་པའི་ཚིག་དང་དོན་ལ་བརྟེན་ནས་འགྲེལ་བརྗོད་བྱེད་ཆོག

གང་ལྟར་ཡང་། ང་ཚོས་ཉིན་ལྟར་བྱེད་པའི་གནད་དོན་རྣམས་མཛུབ་སྟོན་བྱེད་ཀྱི་ཡོད་པ་དང་། དེ་ལ་གཞི་བཞག་ནས་སྟོབས་ཆེན་པོ་ཟེར་བའི་ཚིག་དང་དོན་འབྱུང་གི་ཡོད། གདོད་མའི་དུས་སུ་སྟོབས་ཆེན་པོ་ཟེར་བ་དེ་སྐད་ཡིག་ཐོག་མར་འགོ་འཛུགས་བྱེད་མཁན་གྱི་མི་རྣམས་ལ་དོན་མེད་ཀྱི་སྒྲ་ཙམ་ཞིག་རེད། དེ་ནས་རིམ་པས་དེ་ལ་གོ་དོན་ཞིག་དང་སྡེ་ཚན་ཞིག་ཏུ་དབྱེ་བ་ཕྱེས་པ་དང་། སྡེ་ཚན་དེའི་ནང་མི་རྣམས་ཀྱིས་དངོས་པོ་རྣམས་ཀྱང་རན་འཚམས་སུ་དེའི་ཁོངས་སུ་གཏོགས་པར་བྱས་ཡོད། ལུས་པོ་སྟོབས་ཆེན་ཡིན་པ་དེ་གང་གིས་གྲུབ་བམ། དེ་སྟོབས་ཆེན་དུ་གྲུབ་པ་གཅིག་རང་ཡོད་པ་ནི། ང་ཚོས་ཟེར་བའི་མིང་དུ་འདོག་གཞི་དང་བློའི་གདོགས་ཚུལ་ཙམ་དེ་རེད། གཞན་གང་ཡང་མ་རེད། ང་ཚོས་ག་རེ་ཤོད་ཐུབ་ཅེ་ན། སྟོབས་ཆེན་པོ་ཟེར་དུས་སྟོབས་ཆེན་ཟེར་བའི་ཚིག་དེ་ཆོས་ཤིག་གི་སྟེང་དུ་གཞི་རྟེན་ལྟ་བུ་བཏགས་པའི་སྐབས་ཀྱི་གོ་དོན་དང་། ཆོས་དེ་སྡེ་ཚན་ཞིག་ལ་མིང་དུ་བཏགས་པའི་སྟོབས་ཆེན་ཟེར་བ་དེ་ལ་གོ་བ་ཡིན། མི་ཞིག་སྟོབས་ཆེན་རེད་ཅེས་གཞིའི་ངོས་ནས་གྲུབ་པ་ཞིག་མེད། གང་ཡང་རྙེད་དུ་མེད།

ང་ཚོས། “འོན་ཀྱང་། དེ་དག་ལ་སྟོབས་ཆེན་ཡིན་པའི་མཚན་ཉིད་མེད་པ་རེད་དམ།” ཞེས་འདྲི་བ་གཏོང་ཆོག །མི་འགའ་ཞིག་གིས་བརྒྱ་མ་བརྒྱ་ཐམ་པ་བཀྱག་ཐུབ་ཀྱི་ཡོད། དེ་ནི་ཡུལ་གྱི་ངོས་ནས་སྟོབས་ཆེན་པོ་དང་ཤུགས་ཆེན་པོའི་མཚན་ཉིད་མ་རེད་དམ། མ་རེད། གང་ཡིན་ཞེ་ན། དངོས་པོ་ལྗིད་ཅན་བཀྱག་པའི་མཚན་ཉིད་དེ་ཡང་མི་རྣམས་ཀྱིས་བཟོས་པ་ཞིག་དང་། སེམས་ཀྱིས་ཤུགས་ཆེན་པོ་ཟེར་བའི་དོན་དེ་བསྐྲུན་པ་ཞིག་ཡིན། ཁོང་ཚོས་མཚན་ཉིད་ཅིག་བཟོས་པ་དང་དེ་ཚིག་མཛོད་ཅིག་གི་ནང་དུ་བླུགས་པ་རེད། དེ་ནས་ང་ཚོར་ཤུགས་ཆེན་པོ་ཟེར་བ་དེ་རག་ཡོད། འོན་ཀྱང་དེ་ནི་ད་དུང་ཡང་སེམས་སམ་བསམ་བློས་སྐྲུན་པ་ཞིག་ཆགས་ཀྱི་ཡོད། གང་ལྟར་ཡང་། ང་ཚོའི་སེམས་ཀྱིས་ལུས་དང་དེའི་ཤུགས་ཙམ་ཞིག་གི་སྣང་བ་དེ་སྐྲུན་གྱི་ཡོད། “ངས་ push-up ཞེས་པའི་ལུས་རྩལ་དེ་ཐེངས་མ་བརྒྱ་བྱས་པ་ཡིན། ང་རང་ཧ་ཅང་ཤུགས་ཆེན་པོ་ཡིན་” ཞེས་བརྗོད་པ་ལྟ་བུ་རེད། དེ་ནི་ང་ཚོའི་ལུས་ཀྱི་ཤུགས་དེ་རང་ངོས་ནས་ཤུགས་ཆེན་པོ་ཡོད་པའམ་གྲུབ་པ་ལྟ་བུ་སྣང་གི་ཡོད།

སྣང་བ་འདི་དང་དེ་དངོས་ཡོད་ཅིག་ལ་གོ་གི་ཡོད་པའི་ཡིད་ཆེས་ལ་གཞི་རྟེན་བྱས་ནས་ང་ཚོས་ལུས་ཀྱི་ཁྱད་ཆོས་ལ་སྒྲོ་བཏགས་ནས་འདོད་ཆགས་དང་། ང་རྒྱལ། ཁེངས་དྲེགས་སོགས་སྐྱེད་ཀྱི་ཡོད། ང་ཚོས་སོ་སོ་ལས་ཤུགས་ཆེ་བ་ཆ་འཇོག་བྱེད་པའི་མི་གཞན་ཞིག་ལ་བལྟས་ནས་ཕྲག་དོག་ཟ་གི་ཡོད། ཡང་མིན་ན་ང་ཚོས་ push-up ཐེངས་མ་ལྔ་བཅུ་ལས་བརྒྱ་བྱེད་མི་ཐུབ་པར་ཁོང་ཁྲོ་ལངས་པ་དང་སུན་སྣང་སྐྱེ་གི་ཡོད། དེ་ལྟར་དངོས་ཡོད་ལ་མི་སྲིད་པའི་སྣང་བ་འདི་ལ་ཡིད་ཆེས་པ་དེ་གཞི་རྟེན་དུ་བྱས་ནས་ང་ཚོར་ཉོན་མོངས་ཀྱི་རིགས་ཚང་མ་འབྱུང་གི་ཡོད།

འོན་ཀྱང་ཀུན་རྫོབ་ཀྱི་དབང་དུ་ཤུགས་ཆེན་པོ་ཟེར་བ་ཞིག་མེད་ཅེས་པའི་དོན་མིན། ཀུན་རྫོབ་ཀྱི་དབང་དུ་ཚིག་དང་དོན་ལ་གཞིགས་ནས་ང་ཚོ་ཤུགས་ཆེན་པོ་ཡིན། དེ་ནི་དཀའ་ངལ་ཞིག་མ་རེད། ང་ཚོས་གང་ཡང་གྲུབ་མེད་ཅེས་བརྗོད་ཀྱི་མེད། ཀུན་རྫོབ་ཀྱི་དབང་དུ་བྱས་ན། ང་ཚོའི་ལུས་པོ་ལ་སྟོབས་དང་ནུས་ཤུགས་ཡོད་པ་དང་། ཚིག་དང་དོན་ལ་ལྟོས་པའི་སྒོ་ནས་ང་ཚོས་ཕྲུ་གུ་མ་འབྱར་ལ་སོགས་པ་དང་བསྡུར་ནས་སྟོབས་ཆེ་བ་དང་ཤུགས་ཆེ་བ་རེད་ཅེས་བརྗོད་ཆོག །འོན་ཀྱང་ང་ཚོའི་ལུས་པོའི་ཤུགས་ཀྱི་ངོས་ནས་ང་ཚོ་ཤུགས་ཆེན་པོ་ཡིན་ཞེས་གང་ཡང་གྲུབ་ཀྱི་མེད། དེ་ག་ནང་བཞིན་བློའི་འདོག་ཚུལ་གྱི་གཞིའི་ངོས་ནས་ཀྱང་ཀུན་རྫོབ་དང་དོན་དམ་གང་རུང་ནས་གྲུབ་པ་ཞིག་མེད།

འདི་ནི་འགྲེལ་བརྗོད་སྙིང་བསྡུས་ཤིག་རེད། ཡིན་ནའང་ང་ཚོས་དེའི་སྐོར་བསམ་བློ་གཏོང་དགོས། གལ་ཏེ་ཡུལ་གྱི་ངོས་ནས་གྲུབ་པ་ཞིག་དང་། ང་ཚོའི་ནུས་ཤུགས་དེས་རང་ངོས་ནས་སྟོབས་ཆེན་པོ་བཟོས་པའམ། རང་སྟོབས་ཀྱིས་ཤུགས་ཆེན་པོ་བཟོས་པ་ཞིག་ཡིན་ན། ང་ཚོ་ན་བ་དང་། རྒ་བ་སོགས་གང་བྱུང་བ་ལ་ལྟོས་མེད་ཀྱི་ཤུགས་ཆེན་པོ་ཡིན་དགོས། རྒྱུ་མཚན་རིགས་པ་བཀོལ་སྤྱོད་བྱེད་པའི་སྐབས། ང་ཚོས་དེ་ནི་ཆོ་མེད་པ་ཞིག་ཡིན་པ་ཤེས་ཀྱི་རེད།

སྟོང་པ་ཉིད།

ང་ཚོས་སྟོང་ཉིད་ལ་དམིགས་པ་གཏད་པའི་སྐབས། ང་ཚོས་དེ་ལྟའི་ཆོས་ཤིག་མེད་པར་དམིགས་ཀྱི་ཡོད། དངོས་པོ་རྣམས་བདེན་པར་གྲུབ་པའི་སྣང་བ་འདིའི་བཏགས་ཆོས་དངོས་དང་ཡོངས་སུ་བྲལ་བ་ཞིག་ཡིན། སྣང་ཚུལ་དེ་དངོས་པོའི་གནས་ལུགས་གང་དང་ཡང་མཐུན་གྱི་མེད། དེ་ནི་ཐོག་མ་ཉིད་ནས་དེར་ནམ་ཡང་མེད། འདིའི་ཐ་སྙད་གཞན་ཞིག་ནི་དམིགས་གཏད་ཟེར་བ་དེ་རེད། ཡིན་པ་མི་སྲིད་པའི་སྣང་ཚུལ་འདི་ལ་དམིགས་གཏད་ཟེར་བ་ཞིག་མེད། སྒེའུ་གི་གྲིབ་ནག་ལ་མི་ཞིག་གི་གྲིབ་གཟུགས་ཡོད་པའི་སྐབས། དེའི་རྒྱབ་ལ་མི་ངོ་མ་ཞིག་གི་དམིགས་གཏད་ཡོད་པར་བརྟེན་ནས་གྲིབ་གཟུགས་ཤར་གྱི་ཡོད། འདིར་གྲིབ་ནག་དང་འདྲ་བར་བདེན་པར་གྲུབ་པའི་སྣང་ཚུལ་ཞིག་ཡོད་ནའང་། དེའི་རྒྱབ་ལ་རང་ངོས་ནས་རྒྱབ་རྟེན་བྱེད་མཁན་ནམ་དམིགས་མཁན་གང་ཡང་མེད།
 
ང་ཚོས་སྟོང་ཉིད་ལ་དམིགས་ནས་མཐའ་གཅིག་ཏུ་དེའི་ནང་མཉམ་པར་བཞག་པའི་སྐབས། ང་ཚོར་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ཡོད་པའི་དོན་རེད། དེའི་སྐབས་སུ་སེམས་ཀྱིས་བདེན་པར་གྲུབ་པའི་སྣང་བ་སྐྲུན་གྱི་མེད་པ་དང་། དེ་ལ་ཡིད་མི་ཆེས་པ་མི་བྱེད་པ་ཡིན། ང་ཚོས་འདི་རྟོག་མེད་ཀྱི་སྒོ་ནས་འབྱུང་གི་ཡོད་པའི་སྐོར་ཤོད་ཀྱིན་ཡོད། གལ་ཏེ་དེ་རྟོག་པ་དང་བཅས་པ་ཡིན་ན། དེ་ནི་སྟོང་ཉིད་ཀྱི་གོ་དོན་ཟེར་བའི་སྡེ་ཚན་དང་འདྲེས་ནས་ཡོད། འདི་ནི་ཧ་ཅང་མགོ་རྙོག་ཅན་ཞིག་ཡིན།

ཉོན་སྒྲིབ་དང་ཤེས་སྒྲིབ་ནི་སེམས་ཀྱི་རང་བཞིན་གྱི་ཆ་ཤས་ཤིག་མིན།

གོང་དུ་ཞུས་པའི་ཉོན་མོངས་པའི་སྒྲིབ་པ་ནི་མ་རིག་པ་དང་ཉོན་མོངས་པ། དེ་ག་ནང་བཞིན་དེ་དག་གི་བག་ཆགས་དང་ལས་ཀྱི་བག་ཆགས་དང་ནུས་པ་བཅས་ལ་གོ་གི་ཡོད། ཇི་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནང་འགྲེལ་བརྗོད་བྱས་ཡོད་པ་ནང་བཞིན་འདི་དག་གིས་འཁོར་བར་སྐྱེ་བའི་རྒྱུ་བྱེད་ཀྱི་ཡོད། དེ་དག་ནི་དངོས་པོ་རྣམས་ལ་བདེན་པར་གྲུབ་པར་འཛིན་པ་ལས་བྱུང་བ་དང་ཐར་པའི་གེགས་བྱེད་ཀྱི་ཡོད། ཤེས་བྱའི་སྒྲིབ་པ་ནི་དངོས་པོ་རྣམས་ལ་བདེན་པར་གྲུབ་པའི་སྣང་ཚུལ་ལ་གོ་བ་དང་། དེ་ནི་འཛིན་པ་འདིའི་རྒྱུན་ཆད་མེད་པའི་གོམས་གཤིས་ལས་འབྱུང་གི་ཡོད། ང་ཚོའི་སེམས་ཀྱིས་དངོས་པོ་རྣམས་ལ་བདེན་པར་གྲུབ་པའི་སྣང་བ་སྐྲུན་པའི་སྐབས། དེ་དག་གིས་དངོས་པོ་རྣམས་གཞན་ལ་ལྟོས་མེད་འབྲེལ་མེད་ཀྱིས་རང་དབང་གིས་གྲུབ་པར་སྣང་བར་བྱེད་ཀྱི་ཡོད། ང་ཚོས་སྣང་བ་དེ་དག་རྟོགས་པའི་སྐབས། ཆོས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་ལྟོས་ཡིན་པའི་རྟེན་འབྲེལ་གྱི་གནས་ལུགས་དེ་མཐོང་ཐུབ་ཀྱི་མེད། བྱེ་བྲག་ཏུ་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་རྣམ་གཞག་མཐོང་ཐུབ་ཀྱི་མེད། དེ་དག་གིས་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོག་རྐྱེན་བྱེད་པ་སོང་ཙང་། ང་ཚོས་གཞན་ལ་ཕན་ཡག་ཤོས་ཇི་ལྟར་འདོགས་དགོས་མིན་ཤེས་ཀྱི་མེད། ང་ཚོས་དཀའ་ངལ་རྣམས་ཀྱི་ཐོག་མ་མེད་པའི་རྒྱུ་དང་ང་ཚོས་གང་ཞིག་བསླབ་པ་དེའི་མཐའ་མེད་པའི་འབྲས་བུ་དེ་དག་གང་ཡང་མཐོང་ཐུབ་ཀྱི་མེད།

ང་ཚོའི་སེམས་ཀྱི་རྒྱུན་དེ་ཐོག་མ་མེད་པ་ནས་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་དྲི་མས་སྒྲིབ་ནས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་འཁོར་བ་ལས་ཐར་ཐུབ་ཀྱི་མེད་ལ་སངས་རྒྱས་ཀྱི་གོ་འཕང་ཡང་འཐོབ་ཐུབ་ཀྱི་མེད། འོ་ན་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་དྲི་བ་དེ་དག་མེད་པ་བཟོ་ཐུབ་བམ། དེ་དག་སེམས་ཀྱི་རང་བཞིན་གྱི་ཆ་ཞིག་རེད་དམ། ཡང་ན་དེ་དག་གློ་བུར་བའི་དྲི་མ་རེད་དམ། གལ་ཏེ་དེ་དག་སེམས་ཀྱི་རང་བཞིན་གྱི་མཚན་ཉིད་དེ་ཡིན་ན། དེ་དག་སྐད་ཅིག་རེ་རེའི་ནང་ཡོད་དགོས། ཡིན་ནའང་དེ་མ་རེད། དེ་དག་མེད་པའི་དུས་སྐབས་དཔེར་ན། ང་ཚོ་སྟོང་པ་ཉིད་ལ་མཐའ་གཅིག་ཏུ་མཉམ་པར་བཞག་པའི་སྐབས་ལྟ་བུ་ཡོད། འདིས་སྒྲིབ་པ་དེ་དག་ང་ཚོའི་སེམས་ཀྱི་རང་བཞིན་གྱི་ཆ་ཤས་མིན་པར་སྟོན་གྱི་ཡོད།

ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་གཏན་ནས་མེད་པ་བཟོ་ཐུབ།

དེའི་རྗེས་དྲི་བ་ནི། གལ་ཏེ་དེ་དག་གློ་བུར་གྱི་དྲི་མ་ཡིན་པ་དང་སེམས་ཀྱི་རང་བཞིན་གྱི་ཆ་ཤས་མིན་ན། དེ་དག་སླར་མི་འབྱུང་བའི་ཚུལ་གྱིས་གཏན་དུ་མེད་པ་བཟོ་ཐུབ་བམ། གཏན་ནས་མེད་པ་བཟོ་བའམ་སྤོང་བའི་དོན་ནི་དེ་དག་འགོག་པའི་འགོག་བདེན་དེ་ཡིན། དེ་ནི་འཕགས་པའི་བདེན་པ་གསུམ་པ་དེ་རེད། གང་ཡིན་ཞེ་ན། མ་རིག་པ་དང་། ཉོན་མོངས། ལས་ཀྱི་བག་ཆགས་སྣ་ཚོགས་པ་དང་། དེ་བཞིན་དངོས་པོར་བདེན་པར་གྲུབ་པར་འཛིན་པའི་རྒྱུན་ཆད་མེད་པའི་གོམས་གཤིས་བཅས་ད་དུང་ཡང་མཐའ་གཅིག་ཏུ་སྟོང་པ་ཉིད་ལ་རྟོག་མེད་ཀྱི་སྒོ་ནས་མཉམ་པར་བཞག་པའི་སེམས་ལ་མིང་དུ་བཏགས་ཡོད་ཆོག །ང་ཚོ་གནས་བབས་དེ་ལས་ལྡང་པའི་རྗེས་སུ་འཛིན་པ་ལ་སོགས་སླར་ཡང་འབྱུང་གི་ཡོད། དེ་དག་ནམ་ཡང་སླར་མི་འབྱུང་བའི་ཚུལ་དུ་ང་ཚོས་ཇི་ལྟར་སྤོང་ཐུབ་བམ།
 
བག་ཆགས་དང་གོམས་གཤིས་རྣམས་ནི་བྱུང་རྐྱེན་འདྲ་མཚུངས་ཀྱི་གོ་རིམ་ལ་མིང་དུ་བཏགས་ཡོད། གལ་ཏེ་གང་བསྐྱར་ཟློས་བྱས་པ་དེ་ལ་མ་འོངས་པའི་སླར་འབྱུང་ཡོང་ཆོག་ན། ང་ཚོའི་སེམས་ཀྱི་རྒྱུན་ལ་ད་ལྟ་འབྱུང་བཞིན་པའི་བག་ཆགས་ཤིག་ཡོད་ཅེས་ཤོད་ཐུབ། གལ་ཏེ་མ་འོངས་པའི་སླར་འབྱུང་ཞིག་མེད་ཆོག་ན། ང་ཚོས་སྔ་མའམ་འདས་པའི་དུས་ཀྱི་བག་ཆགས་སམ་གོམས་གཤིས་ཡོད་ཅེས་ཤོད་ཐུབ། ཡིན་ནའང་དེ་ད་ལྟའི་དུས་སུ་མེད། དཔེར་ན། ང་རང་ལ་ལག་པ་གཡས་པས་ཡི་གེ་སོགས་འབྲི་བའི་གོམས་གཤིས་ཤིག་ཡོད་པ་དང་། དེ་ནི་ད་ལྟ་འབྱུང་བཞིན་པའི་གོམས་གཤིས་ཤིག་རེད། གང་ཡིན་ཟེར་ན། ངས་མ་འོངས་པ་ལའང་ད་དུང་ལག་པ་གཡས་པས་ཡི་གེ་སོགས་འབྲི་ཐུབ་ཀྱི་རེད། འོན་ཀྱང་། གལ་ཏེ་ངའི་ལག་པ་གཡས་པ་དེ་བརྡབ་སྐྱོན་སོགས་བྱུང་ནས་བེད་མེད་ཆགས་པ་ཡིན་ན། ད་དུང་གོམས་གཤིས་དེ་ང་ལ་ད་ལྟའང་ཡོད་དམ། མེད། ང་ལ་སྔོན་ལག་པ་གཡས་པས་འབྲི་བའི་གོམས་གཤིས་དེ་ཡོད་ནའང་། ངས་ད་ནས་བཟུང་ཡི་གེ་འབྲི་མི་ཐུབ། གང་ཡིན་ཟེར་ན། ང་ལ་ལག་པ་གཡས་པ་དེ་མེད་པ་རེད། དེ་ནི་འདས་པའི་གོམས་གཤིས་ཙམ་ཞིག་ལས་ད་ལྟའི་གོམས་གཤིས་ཤིག་མིན། གལ་ཏེ་ང་ཚོས་མ་འོངས་པའི་སྣང་བའི་སླར་འབྱུང་གང་འདྲ་ཞིག་སྔོན་འགོག་བྱེད་ཐུབ་ན། དཔེར་ན། དངོས་པོ་རྣམས་བདེན་པར་གྲུབ་པ་དང་སྣང་བ་དེ་དག་རྟོགས་པ་དང་ཡིད་ཆེས་བྱས་ན། གོམས་གཤིས་དེ་གཏན་ནས་མེད་པ་ཆགས་ཀྱི་རེད། དེ་སླར་འབྱུང་གི་མ་རེད།  

སྟོང་ཉིད་ལ་རྟོག་མེད་ཀྱིས་མཉམ་པར་བཞག་པ་དེས་དངོས་པོར་བདེན་པར་གྲུབ་པར་འཛིན་པ་དེ་མེད་པ་བཟོ་གི་ཡོད།

ང་ཚོས་སྟོང་པ་ཉིད་ལ་ཇི་ཙམ་གྱིས་རྟོག་མེད་ཀྱིས་མཉམ་པར་བཞག་ནས་བདེན་པར་གྲུབ་པའི་སྣང་བ་མེད་པ་དང་དེ་ལ་འཛིན་པ་མེད་པའི་སྒོ་ནས་བསྡད་པ་དེའི་ཚོད་ཀྱིས་བག་ཆགས་དང་གོམས་གཤིས་ཞན་དུ་འགྲོ་གི་ཡོད། མ་རིག་པ་ནི་གང་སྣང་བ་དེ་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་རེད་བསམས་ནས་ཡིད་ཆེས་བྱེད་པ་ལ་གཞི་རྟེན་བྱས་ཡོད། འོན་ཀྱང་སྟོང་པ་ཉིད་ལ་ཏིང་ངེ་འཛིན་གྱིས་མཉམ་པར་བཞག་པ་ལ་བརྟེན་ནས་ང་ཚོས་སྐད་ཅིག་ནས་སྐད་ཅིག་ཏུ་དངོས་པོའི་གནས་ལུགས་དང་མཐུན་པའི་ཆོས་དེ་འདྲ་བ་ཞིག་མེད་པ་ལ་དམིགས་པ་གཏད་ཀྱི་རེད། བྱས་ཙང་། ང་ཚོས་ཇི་ཙམ་གྱིས་སྟོང་པ་ཉིད་ལ་མཉམ་པར་བཞག་ནས་བསྡད་པ་ཡིན་ན། མཐར་མཉམ་བཞག་གི་ཕྱི་རོལ་ཏུ་ང་ཚོས་རྟོགས་པའི་འཁྲུལ་སྣང་དེ་དངོས་པོའི་གནས་ལུགས་ཤིག་དང་མཐུན་གྱི་ཡོད་པ་ལ་ཡིད་ཆེས་བྱ་རྒྱུ་མཚམས་འཇོག་བྱེད་ཀྱི་རེད། ཕྱོགས་གཞན་ཞིག་ནས་དངོས་པོར་བདེན་པར་གྲུབ་པར་འཛིན་པའི་གོམས་གཤིས་དེ་ཡིད་ཆེས་སུ་བཅུག་པ་དེ་མཚམས་འཇོག་མ་བྱས་བར་དུ་བདེན་པར་གྲུབ་པ་དེ་ཞན་དུ་ཞན་དུ་འགྲོ་གི་རེད།
 
དེ་འདྲའི་སྐབས་སུ་ང་ཚོས་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་ཐར་པ་ཐོབ་ཀྱི་རེད། དེ་གང་ཡིན་ཞེ་ན། གང་སྣང་བ་དེ་དག་ཐམས་ཅད་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད་པ་ང་ཚོས་མི་ཤེས་པའི་མ་རིག་པ་དང་དེའི་བག་ཆགས་དང་བཅས་པ་གཏན་དུ་སྤངས་ཟིན་པ་རེད། མ་རིག་པས་ཐོག་མར་ང་ཚོའི་ཉོན་མོངས་དང་ལས་ཀྱི་རྗེས་འབྲས་སམ་བག་ཆགས་ལ་འཁྲིད་མཁན་གྱི་ངང་ངམ་ཤུགས་ཀྱི་ལས་དེ་སྐྱེ་བར་བྱེད་པ་དང་། ཉོན་མོངས་པ་དེ་དག་གིས་མ་འོངས་འཁོར་བའི་ནང་སྐྱེ་བར་བྱེད་པའི་ལས་ཀྱི་བག་ཆགས་དེ་ནུས་ལྡན་དུ་བཟོ་གི་ཡོད། མ་རིག་པ་མེད་ན། ལས་ཀྱི་བག་ཆགས་ལ་མཐུ་ལྡན་དུ་བཟོ་མཁན་མེད་ལ། ལས་ཀྱི་བག་ཆགས་ཀྱི་ས་བོན་འདེབས་རྒྱུ་མེད། དེ་ལྟར་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བའི་རྒྱུན་གཅོད་པའམ་འཁོར་བའི་ནང་གཏན་ནས་སྐྱེ་མི་དགོས་པ་ཡིན།

གལ་ཏེ་ང་ཚོས་སྟོང་པ་ཉིད་ལ་དམིགས་ནས་གཏན་དུ་གནས་ཐུབ་ན། དཔེར་ན། ང་ཚོས་སངས་རྒྱས་ནང་བཞིན་བྱེད་ངེས་པ་ལྟར། དེ་ནས་དངོས་པོ་རྣམས་ལ་བདེན་པར་གྲུབ་པའི་སྣང་ཚུལ་མི་འབྱུང་བ་ཡིན། ང་ཚོའི་སེམས་ཀྱིས་ཆོ་མེད་ཀྱི་རྟོག་པ་དེ་འདྲ་སྐྲུན་གྱི་མ་རེད་ལ་ང་ཚོ་ཐམས་ཅད་མཁྱེན་པ་ཆགས་ངེས་རེད། གང་ཡིན་ཟེར་ན། ང་ཚོས་ཆོས་ཐམས་གཅིག་ལ་གཅིག་བརྟེན་གྱི་རྟེན་འབྲེལ་དེ་རྟོགས་ཐུབ་ཀྱི་རེད། རྒྱུ་མཚན་དེ་ལྟ་བས་ནས། ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཡོད་པ་དང་ཐོབ་རུང་ཡིན་པ་གཏན་ལ་དབབ་ཀྱི་ཡོད།

ཐར་པ་ཐོབ་པར་སྟོང་ཉིད་རྟོགས་པའི་རྒྱབ་ཀྱི་སྟོབས་ལྟ་བུ་ནི་རྩོལ་མེད་ཀྱི་ངེས་འབྱུང་ཡིན།

སྟོང་པ་ཉིད་རྟོགས་པའི་སེམས་ལ་སྟོབས་ཤུགས་ངེས་ཅན་ཞིག་ཡོད་དགོས། ང་ཚོས་སྟོང་པ་ཉིད་ཀྱི་དོན་དེ་གཙུག་ལག་སློབ་ཁང་ཆེན་མོ་ཞིག་གི་འཛིན་ཁང་དུ་ཤེས་ཡོན་སློབ་ཁྲིད་ཀྱི་ཚུལ་ཙམ་དུ་ཆ་འཇོག་བྱས་ཏེ་གོ་བ་ལེན་ཆོག །འོན་ཀྱང་དེ་ལ་སྟོབས་དང་ནུས་ཤུགས་དེ་ཙམ་མེད། དོན་ངོ་མར་འདི་ལྟ་བུའི་གོ་རྟོགས་ལ་བརྟེན་ནས་ཁེངས་དྲེགས་ཧ་ཅང་ཆེན་པོ་སྐྱེ་སྲིད། གལ་ཏེ་གོ་རྟོགས་དེའི་རྒྱབ་ལ་རྩོལ་མེད་ངེས་འབྱུང་གི་ནུས་ཤུགས་དེ་ཡོད་ན། རྩོལ་མེད་ཀྱི་ངེས་འབྱུང་ཟེར་བ་ནི་ངེས་འབྱུང་སྐྱེད་མི་དགོས་པར་རང་ཤུགས་ཀྱིས་ངེས་པར་འབྱུང་བ་དེ་རེད། དེ་ལ་མ་རིག་པ་དང་ཉོན་མོངས་ཀྱི་བག་ཆགས་རྣམས་སྤོང་ཐུབ་པའི་ནུས་པ་འདང་ངེས་ཡོད་པ་མ་ཟད། མ་རིག་པ་དང་ཉོན་མོངས་དེ་དག་ཀྱང་སྤོང་ཐུབ།

ཅིའི་ཕྱིར་ཞེ་ན། ང་ཚོས་ག་རེ་ངེས་པར་འབྱུང་གི་ཡོད་པ་ནི་ཉོན་མོངས་དང་བག་ཆགས་ཀྱི་འབྲས་བུ་ཡིན། ང་ཚོས་འཁོར་བར་སླར་སྐྱེ་བ་དེ་ངེས་པར་འབྱུང་གི་ཡོད། དེ་ནི་ང་ཚོས་གང་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་དེ་ཡིན་པ་དང་དེའི་རྒྱུ་རྣམས་སྤོང་བའི་འདུན་སེམས་ཡོད། ང་ཚོས་ཕུང་པོ་འདི་དག་གི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སྤོང་གིན་ཡོད། མི་སུས་ཀྱང་གདུང་བ་དང་སྡུག་བསྔལ་དེ་སྤོང་ཐུབ། གང་ཡིན་ཟེར་ན། སུས་ཀྱང་གདུང་བ་དང་སྡུག་བསྔལ་མི་འདོད་པ་ཡིན། དེ་ནི་གྲུབ་འབྲས་ཆེན་པོ་གང་ཡང་མིན། ཐ་ན་དུད་འགྲོ་སེམས་ཅན་རྣམས་ལའང་སྡུག་བསྔལ་དེ་འདོད་ཀྱི་མེད། དེའི་སྒང་ལ་ཆོས་ལུགས་གཞན་རྣམས་ཀྱིས་རང་ཉིད་ལྷ་ཡུལ་ལྟ་བུ་ཞིག་ཏུ་འགྲོ་བའི་ཆེད་དུ་འཇིག་རྟེན་གྱི་བདེ་བ་སྤོང་གི་ཡོད། བྱས་ཙང་། དེ་ནི་ནང་པའི་དམིགས་བསལ་ཁྱད་ཆོས་གང་ཡང་མིན། ང་ཚོས་ག་རེ་སྤོང་གིན་ཡོད་ཅེ་ན། སྡུག་བསྔལ་གྱི་རིགས་གསུམ་པ་དེ་སྤོང་གི་ཡོད། དེ་ནི་འཁོར་བའི་གཞི་ལྟ་བུ་རེད། གནད་དོན་འདི་ནི་ཧ་ཅང་གལ་ཆེན་པོ་རེད།

འཁོར་བ་སྤོང་བ། ཐར་འདོད་ཀྱི་ཆོད་སེམས་བརྟན་པོ།

འཁོར་བ་དེ་གང་གིས་མཚོན་པར་བྱེད་དམ། འདི་ནི་འཕེལ་འགྲིབ་འགྲོ་གི་ཡོད། མཚམས་མཚམས་ང་ཚོས་ཡག་པོ་དང་སྐྱིད་པོ་ཚོར་གྱི་ཡོད། ཡང་སྐབས་རེར་སྐྱིད་པོ་མེད་པ་དང་མི་བདེ་བ་ཚོར་གྱི་ཡོད། ང་ཚོས་སྐད་ཅིག་ཕྱི་མའི་ནང་ག་རེ་ཚོར་རྒྱུ་ཡིན་པའི་སྔོན་དཔགས་རྩ་ནས་བྱེད་མི་ཐུབ། ཐ་ན་ང་ཚོ་ཡག་པོ་དང་བདེ་པོ་ཚོར་ནའང་། དེ་ལས་འབྲལ་དགོས། “ང་རང་འདང་ངེས་ཀྱི་སྐྱིད་པོ་ཚོར་གྱི་མི་འདུག་” ཟེར་བ་ལྟ་བུ་ང་ཚོ་དེ་ལ་འདོད་བློ་ཁེངས་པ་ཞིག་ཡོང་གི་མེད། འདི་ནི་ང་ཚོས་སྤོང་བཞིན་པའི་འཁོར་བའི་གནས་སྟངས་རེད། ང་ཚོས་གང་ཡོད་པ་དང་གནས་པའམ་མི་ཚེ་དེ་སྤོང་གི་མེད། སེམས་ཀྱི་འགོག་རྐྱེན་འབྱུང་སྲིད་པ་རེད། དེའི་སྐབས་ང་ཚོས་གལ་ཏེ་སྤྲོ་སེམས་ཁོལ་བའི་མི་ཚེའི་འཕྲེལ་འགྲིབ་དེ་དག་མེད་ན། དེ་ནས་ང་ཚོའི་མི་ཚེ་ནི་སྟོང་པ་དང་ཉོབ་ཏོ་ཆགས་ཀྱི་རེད་བསམ་གྱི་ཡོད། འོན་ཀྱང་ང་ཚོས་གཏིང་ཟབ་པོའི་སྒོ་ནས་བརྟག་དཔྱད་བྱས་ན། ཐར་པ་ཐོབ་པའི་སྐབས། ད་དུང་ཡང་སྐད་ཅིག་རེ་རེའི་མྱོང་བ་སྐྲུན་མཁན་གྱི་ཕུང་པོ་ཡོད་པ་དང་། ད་དུང་ཡང་ཚོར་བ་ཡོད་པ་ང་ཚོས་ཤེས་ཀྱི་རེད། འོན་ཀྱང་དེ་དག་གིས་བསུན་གཙེར་བྱེད་ཀྱི་མ་རེད། ང་ཚོར་བསུན་གཙེར་མེད་པའམ་ཉོན་མོངས་དང་བྲལ་བའི་བདེ་བ་དང་བཏང་སྙོམས་ཡོད། ང་ཚོར་ཉོན་མོངས་གཅིག་ཀྱང་མེད་པའི་སྒོ་ནས་བྱམས་པ་དང་། སྙིང་རྗེ། བཟོད་པ། སྦྱིན་པ། བརྩེ་བ་ལ་སོགས་པ་དང་ལྡན་པ་ཆགས་ཀྱི་རེད།

མདོར་ན་དེ་དག་ནི་ང་ཚོ་སྐྱེས་བུ་འབྲིང་གི་གང་ཟག་ཅིག་དངོས་གནས་ཆགས་པའི་ཆེད་འབད་བརྩོན་བྱེད་དགོས་པ་ཁག་རེད། ང་ཚོའི་སེམས་ཀྱི་རྒྱུན་འདི་གཏན་དུ་མུ་མཐུད་འགྲོ་གི་ཡོད་པར་ཡིད་ཆེས་ཡོད་པ་དང་། སེམས་ཀྱི་རང་བཞིན་ལ་ཉོན་མོངས་པས་གོས་མེད་པ་སོང་ཙང་། དེ་དག་གཏན་དུ་མེད་པ་བཟོ་ཐུབ། ང་ཚོ་ལ་ད་དུང་ག་རེ་སྤོང་བཞིན་ཡོད་པའི་ངོས་འཛིན་མ་ནོར་བ་ཞིག་ཀྱང་ཡོད། དེ་དག་ཐམས་ཅད་གསལ་པོ་ཆགས་པའི་སྐབས། ང་ཚོ་སྐྱེས་བུ་འབྲིང་གི་གང་ཟག་ཅིག་དངོས་སུ་ཆགས་པའི་ལམ་དུ་ཡོད་པ་རེད།

སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་སྟོང་པ་ཉིད་ཀྱི་དོན་རྟོགས་པའི་རྒྱབ་ཀྱི་ནུས་ཤུགས་ལྟ་བུ་རྩོལ་མེད་བྱང་ཆུབ་ཀྱི་སེམས་ཡིན།

ཚད་མཐོའི་ལམ་གྱི་རིམ་པའམ་སྐྱེས་བུ་ཆེན་པོའིི་ནང་། སྟོང་ཉིད་རྟོགས་པའི་སེམས་ཀྱི་ནུས་ཤུགས་ལྟ་བུར་རྩོལ་མེད་བྱང་ཆུབ་ཀྱི་སེམས་དེའི་ནུས་སྟོབས་དེ་ང་ཚོར་ཡོད་སྐབས། དེ་ནི་སྟོང་ཉིད་ཀྱི་སྟེང་དུ་དམིགས་ནས་གཏན་དུ་བརྟན་པོར་གནས་པ་དང་། ཤེས་བྱའི་སྒྲིབ་པའང་སྤོང་གི་ཡོད།

དེ་ཅིའི་ཕྱིར་རེད་དམ། ང་ཚོར་ཐོག་མ་དང་མཐའ་མ་མེད་པའི་སེམས་ཀྱི་རྒྱུན་སྒྲིབ་གཉིས་ཀྱི་དྲི་མ་དང་བྲལ་བ་འདི་ཡོད། དེ་ག་ནང་བཞིན་གཞན་ཚང་མ་ལའང་ཡོད། འདི་ནི་ང་ཚོས་ཤེས་དགོས་ངེས་ཀྱི་གནད་དོན་དང་པོ་དེ་རེད། འདི་ལ་གཞི་བཞག་ནས་ང་ཚོས་སེམས་ཅན་ཐམས་ཅད་ལ་བཏང་སྙོམས་ཀྱི་བསམ་བློ་ཞིག་ཡོང་གི་ཡོད། དཔེར་ན། ང་ཚོས་སེམས་ཀྱི་རྒྱུན་ཞིག་མཐོང་བའི་སྐབས། དེའི་ལས་ལ་བརྟེན་ནས་སེམས་དེ་འབུ་སྲིན་ཞིག་གི་ལུས་དང་འབྲེལ་ནས་ཡོད། སེམས་ཀྱི་རྒྱུན་དེ་རང་ངོས་ནས་འབུ་སྲིན་གྱི་སེམས་རྒྱུན་ཞིག་ཏུ་གྲུབ་ནས་ཡོད་པའི་དོན་མིན། འོན་ཀྱང་ང་ཚོའི་སེམས་ཀྱིས་དེ་ལྟ་བུའི་སྣང་བ་ཞིག་སྐྲུན་གྱི་ཡོད། འབུ་སྲིན་གྱི་སེམས་རྒྱུན་ཟེར་བ་ཞིག་དང་། དེ་ག་ནང་བཞིན་ཕོ་དང་མོ། འགྲོ་བ་མི། མེཀྶི་ཁོའི་མིའི་སེམས་རྒྱུན་ཟེར་བ་དེ་འདྲ་ཞིག་ནི་མེད། དོན་དག་སྙིང་པོ་ནི་ང་ཚོའི་སེམས་ཀྱི་རྒྱུན་དེའང་ཡིན་པ་མི་སྲིད་པའི་ཚུལ་གྱིས་གཞན་ལ་ལྟོས་མེད་དང་། རང་ངོས་ནས་རང་དབང་གིས་གྲུབ་པས་སྟོང་པ་རེད། ང་ཚོའི་སེམས་ཀྱི་རྒྱུན་ཡོད་དོ་ཅོག་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་ནས་ཡོད་པ་དང་། ང་ཚོས་གང་ཉམས་སུ་མྱོང་བའི་ཐད་ལ་ཐོག་མ་མེད་པ་ནས་ཕན་ཚུན་ཤུགས་རྐྱེན་སྤྲོད་རེས་བྱས་ཡོད།
 
ང་ཚོས་ཐོག་མ་མེད་པའི་བདེན་དོན་ལ་དཔྱད་པའི་སྐབས། ང་ཚོ་ཚང་མ་སྔོན་ཕན་ཚུན་རོགས་བྱེད་རེས་བྱས་ཡོད་པ་མ་ཟད། ང་ཚོ་ཚང་མ་ཕན་ཚུན་གྱི་ཕ་མ་སོགས་ཀྱང་བྱས་མྱོང་ཡོད་པ་ཤེས་ཀྱི་རེད། དེའི་སྒང་ལ་ཚང་མ་བདེ་བ་འདོད་པ་ལས་སྡུག་བསྔལ་འདོད་མཁན་སུ་གཅིག་ཀྱང་མེད། འདི་ནི་སེམས་ཀྱི་རྒྱུན་ཚང་མའི་གཞིའི་རྩ་དོན་དེ་ཡིན་པ་དང་ང་ཚོ་ཚང་མ་དེ་གཞི་ལ་བཞག་པའི་ཐོག་གཅིག་པ་རེད། ང་ཚོ་ཚང་མ་གཅིག་གིས་གཅིག་ལ་བརྟེན་པ་དང་ཕན་ཚུན་འབྲེལ་ནས་ཡོད་པ་དང་། ཚང་མ་ལ་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་གཤེགས་སྙིང་པོས་ཁྱབ་ཡོད། སངས་རྒྱས་ཀྱི་རིགས་ནི་སེམས་རྒྱུན་གྱི་གཞིའི་དག་པའི་རང་བཞིན་དེ་ཡིན་པ་དང་། དེས་ང་ཚོ་ཚང་མ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་ཀྱི་ཡོད། དོན་ངོ་མར་ང་ཚོ་ཚང་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཐུབ་པར་ཡིད་ཆེས་རྙེད་ཡོད། ང་ཚོས་སེམས་རྒྱུན་གྱི་སྟོང་པ་ཉིད་རྟོགས་པའི་སྐབས། ང་ཚོས་གཞན་ལ་ཤུགས་རྐྱེན་སྤྲོད་ཐུབ་པ་དང་རོགས་བྱེད་པ་རྟོགས་ཀྱི་ཡོད། རྒྱུའི་འབྲེལ་བ་འདི་སེམས་ཀྱི་རྒྱུན་གྱི་བར་ལ་གང་འབྱུང་སྲིད་པ་ལ་སྒྲོ་འདོགས་མེད་པ་དང་། གང་འབྱུང་སྲིད་པ་ལ་ཁས་མི་ལེན་པ་མི་བྱེད་པར། རྒྱུ་དང་འབྲས་བུ་ལ་དངོས་སུ་གོ་རྟོགས་རྙེད་པ་ལ་གཞི་བྱས་ནས་འབྱུང་སྲིད་པ་ཞིག་ཡིན།

མི་ཚང་མས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཉམ་པར་འཐོབ་ཐུབ་པ་དེ་རྟོགས་པ་ལ་བརྟེན་ནས་ང་ཚོར་སེམས་ཅན་ཐམས་ཅད་ལ་མཐའ་གཅིག་ཏུ་དམིགས་པའི་སྙིང་རྗེ་ཆེན་པོ་སྐྱེ་གི་ཡོད། ང་ཚོས་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་དེ་མཐོང་ཐུབ་པ་དང་། ཧ་ཅང་གསལ་པོ་མཐོང་མི་ཐུབ་ནའང་། རྩ་དོན་དེ་རྟོགས་ཀྱི་ཡོད། ད་ང་ཚོས་བྱང་ཆུབ་སེམས་ཀྱི་སྟོབས་སམ་ནུས་ཤུགས་ཇི་ལྟར་རྒྱ་ཆེན་པོ་ཡིན་པ་དང་། འདིས་རྒྱ་ཆེ་བའི་རང་བཞིན་གྱིས་རིམ་པ་དེའི་སྟེང་ནས་སངས་རྒྱས་ཀྱི་རྣམ་མཁྱེན་དངོས་སུ་འཐོབ་པའི་རྒྱུ་བྱེད་ཐུབ་ཀྱི་ཡོད།

བྱང་ཆུབ་ཀྱི་སེམས་ནི་སྙིང་རྗེ་འདི་དང་སེམས་ཅན་ཐམས་ཅད་སངས་རྒྱས་གོ་འཕང་ལ་འགོད་པའི་འགན་བཞེས་པ་ལ་གཞི་རྟེན་བྱས་ཡོད། ང་ཚོས་དེ་ལ་ཆོད་སེམས་ཁྱད་པར་ཅན་ནམ་ལྷག་པའི་བསམ་པ་ཞེས་ཟེར་གྱི་ཡོད། ཐོག་མར་སོ་སོ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་ན། དེ་ཁོ་ནས་གཞན་ལ་མཐའ་གཅིག་ཏུ་ཕན་ཐོགས་བསྒྲུབ་ཐུབ་པ་ང་ཚོས་ཤེས་ཀྱི་ཡོད། དེར་བརྟེན་ང་ཚོས་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཀ་སྤོང་དགོས། འདི་སྐབས་ནས་ང་ཚོས་སོ་སོའི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་དགོས་ཤིང་། དེ་ནི་འཕགས་པའི་བདེན་པ་གསུམ་པ་དང་བཞི་པར་གོ་བ་ཡིན། འདི་དག་ནི་སྒྲིབ་པ་གཉིས་འགོག་པའི་འགོག་བདེན་དང་ལམ་བདེན་ཡིན། དེ་ནི་ང་ཚོའི་སེམས་རྒྱུན་དུ་ད་ལྟ་ཐོབ་མེད་ཀྱང་། ཐོབ་རུང་ཡིན་པ་དང་ཐོབ་ཐུབ་པ་ཞིག་ཡིན།

སོ་སོའི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པ།

ང་ཚོས་མ་འོངས་པ་ཞེས་པའི་སྐོར་ནུབ་ཕྱོགས་པའི་སྐབས་དོན་དང་འབྲེལ་ནས་ཤོད་པའི་སྐབས། དེ་ནི་ས་ཆ་ག་གེ་མོ་ཞིག་ལ་གཅིག་འབྱུང་བཞིན་ཡོད་པའི་བཟོ་འདྲ་ཞིག་ཡོད་པ་དང་། གལ་ཏེ་ང་ཚོས་འོད་ཀྱི་མགྱོགས་ཚད་ལས་མྱུར་བ་ཕྱིན་ན། ང་ཚོས་མ་འོངས་པར་འགྲུལ་བཞུད་བྱེད་ཐུབ་པ་ལྟ་བུ་སྣང་གི་ཡོད། འདི་ནི་ནང་པའི་གོ་བ་ལེན་སྟངས་དེ་མ་རེད། ནང་ཆོས་ནང་ང་ཚོས་འདས་པའི་སངས་རྒྱས་ཀྱི་གོ་འཕང་དང་། ད་ལྟའི་སངས་རྒྱས་ཀྱི་གོ་འཕང་། མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་བཅས་ཤོད་ཀྱི་ཡོད། གལ་ཏེ་གནད་དོན་ཞིག་འབྱུང་སྲིད་པ་དང་འབྱུང་ངེས་པ་ཁོ་ན་ལ་བརྟེན་ནས་ང་ཚོས་ད་ལྟ་བྱུང་མེད་ཅེས་ཤོད་ཐུབ། ང་ཚོའི་སངས་རྒྱས་ཀྱི་གོ་འཕང་དེ་ད་ལྟ་བྱུང་མེད། འོན་ཀྱང་དེ་ནི་སེམས་ཀྱི་རྒྱུན་གྱི་དག་པའི་རང་བཞིན་དང་དེའི་སྟེང་དུ་བཏགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ལ་གཞི་བྱས་ནས་འབྱུང་ངེས་པའམ་འཐོབ་ཐུབ་པ་ཞིག་ཡིན། མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ནི་དེའི་རྒྱུ་དང་སེམས་དག་པར་གཞི་བྱས་ནས་མིང་དུ་བཏགས་ཡོད།

བསམ་པ་ཧ་ཅང་རྒྱ་ཆེན་པོ་ཞིག་སྐྱེད་པའི་ཆེད་ང་ཚོས་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་དམིགས་ཀྱི་ཡོད། འདི་ནི་ཐེག་པ་ཆེན་པོའམ་བསམ་པ་རྒྱ་ཆེ་བའི་ཐེག་པ་རེད། ང་ཚོས་འདིར་མོ་ཊའི་སྐོར་ཤོད་ཀྱིན་མེད། འོན་ཀྱང་ང་ཚོས་སངས་རྒྱས་ཀྱི་གོ་འཕང་ལ་འཁྲིད་པར་བྱེད་པའི་གོ་རྟོགས་ཤིག་གི་སྐོར་ཤོད་ཀྱིན་ཡོད། དེ་ནི་ཧ་ཅང་རྒྱ་ཆེན་པོ་རེད། གང་ཡིན་ཟེར་ན། ང་ཚོས་སེམས་ཅན་ཐམས་ཅད་དང་དེ་དག་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་ཡོད་པའི་སྐོར་ལ་བསམ་བློ་གཏོང་གི་ཡོད། ང་ཚོས་ད་དུང་སོ་སོ་རང་ཉིད་དང་གཞན་ཚང་མའི་སེམས་ཀྱི་རྒྱུན་གྱི་མཐའ་གཅིག་ཏུ་དག་པའི་རང་བཞིན་ལ་བསམ་བློ་གཏོང་གི་ཡོད། འདིས་སྟོང་ཉིད་རྟོགས་པར་ནུས་ཤུགས་སྦྱིན་གྱི་ཡོད་པ་དང་། དེ་ལ་བརྟེན་ནས་དངོས་པོར་བདེན་པར་གྲུབ་པ་འཛིན་པའི་གོམས་གཤིས་རྒྱུན་ནས་གཅོད་ཐུབ་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་སྟོང་པ་ཉིད་ལ་མཉམ་པར་བཞག་ནས་གཏན་དུ་གནས་ཐུབ་ཀྱི་ཡོད།

ངེས་འབྱུང་གིས་མི་ཚེ་དཀྱུས་མའི་བདེ་སྐྱིད་ནུས་མེད་བཟོ་གི་མེད།

འདི་ནི་སྐྱེས་བུ་འབྲིང་དང་སྐྱེས་བུ་ཆེན་པོ་ལ་བརྟེན་ནས་ང་ཚོ་ལ་གང་ཡོད་པ་དེ་རེད། ང་ཚོ་སྐྱེས་བུ་དེ་དག་རེ་རེ་ལ་དུས་རྟག་ཏུ་རྩོལ་མེད་ཀྱི་སྒོ་ནས་ཡོད་པའི་གང་ཟག་ལ་བསྒྱུར་འདོད་ཡོད། སྐྱེས་བུ་འབྲིང་གི་གང་ཟག་ཅིག་ཡིན་པའི་ཆ་ནས་འཁོར་བའི་ནང་ག་རེ་འཕྲད་ནའང་དེ་སྡུག་བསྔལ་གྱི་རྣམ་པ་ཞིག་ཏུ་མཐོང་བའི་ཁུལ་བྱེད་ཀྱི་ཡོད། དེས་ང་ཚོས་སྐྱིད་པོ་རྩ་ནས་གཏོང་གི་མེད་པ་དང་ང་ཚོར་རྟག་ཏུ་སྙིང་རྗེ་མེད་པའི་དོན་སྟོན་གྱི་ཡོད་དམ། མ་རེད། རྩ་ནས་མ་རེད། དེ་ནི་ང་ཚོས་གང་མཐོང་བ་དེས་ང་ཚོ་ལ་མགོ་སྐོར་བཏང་མེད་པ་ཙམ་དེ་རེད། ཐ་ན་དེ་ནི་ཕྱིའི་སྣང་ཚུལ་ཙམ་ཞིག་ཡིན་ནའང་། ཚང་མ་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་གི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་པ་དང་། དེ་ནི་འགྱུར་བ་འགྲོ་རྒྱུ་ཡིན་པ་དང་གཏན་དུ་མི་གནས་པ་རེད། ང་ཚོས་ག་རེ་འབྱུང་གི་ཡོད་པ་ལ་སྒྲོ་འདོགས་བྲལ་བའི་སྒོ་ནས་ལོངས་སུ་སྤྱོད་དགོས་པ་དང་སྐྱིད་པོ་གཏོང་དགོས། ང་ཚོས་ཟས་ཀྱི་བྲོ་བ་ཞིམ་པོ་མྱོང་བར་དེ་ཁའི་ནང་བཟའ་དགོས། འོན་ཀྱང་། “ཨོ། འདི་ནི་ཧ་ཅང་ཡག་པོ་འདུག །ང་རང་ད་དུང་ཇེ་མང་ནས་ཇེ་མང་བཟའ་འདོད་འདུག་” ཅེས་མི་བསམ་པའི་ཐོག་ནས་བྲོ་བ་མྱོང་དགོས། ང་ཚོ་ཞི་བདེ་ལྷིང་འཇགས་ངང་གནས་ཏེ། དངོས་པོ་རྣམས་གང་ཡིན་དེ་ལ་སྐྱིད་པོ་གཏོང་དགོས།

ང་ཚོ་ཡིད་དབང་འཕྲོག་སའི་མི་རྣམས་ཀྱི་ལུས་ལ་དངོས་ཡོད་དང་མཐུན་པའི་བསམ་ཕྱོགས་ཤིག་ཡོད་པ།

ང་ཚོའི་མི་རྣམས་ལ་འབྲེལ་བ་བྱེད་པའི་སྐབས། ང་ཚོས་ཁོང་ཁྲོ་བཟའ་སའི་མི་དེ་དག་ཡོད་པ་དང་། ང་ཚོ་སེམས་འཁུར་མེད་སའི་མི་རྣམས་ཀྱང་ཡོད། དེ་ག་ནང་བཞིན་ང་ཚོ་ཧ་ཅང་ཡིད་དབང་འཕྲོག་སའི་མི་རྣམས་ཀྱང་ཡོད་ངེས་པ་རེད། ཐ་ན་ང་ཚོས་སྟོང་ཉིད་རྟོགས་པ་དེ་ལག་བསྟར་བྱེད་མི་ཐུབ་ནའང་། དམིགས་རྣམ་བྱེད་པ་ལྟ་བུ་གནས་སྐབས་དང་འཕྲལ་སེལ་གྱི་གཉེན་པོ་བསྟེན་ཆོག །ང་ཚོ་ལ་གློག་པར་ནང་བལྟ་བའི་སྐབས་ཀྱི་མཐོང་ཤུགས་ཡོད་པ་དང་ང་ཚོས་རང་ཉིད་ཧ་ཅང་ཡིད་དབང་འཕྲོག་སའི་མི་ཞིག་གི་རུས་ཀྲང་ལ་བལྟ་བཞིན་ཡོད་པར་བསམ་བློ་གཏོང་དགོས་པའམ། ཡང་ན་དེ་ལས་ནུས་པ་ཆེ་བ་ཞིག་ནི། རྒྱལ་སྲས་ཞི་བ་ལྷས་གསུངས་པ་ནང་བཞིན་ཡིད་དབང་འཕྲོག་སའི་གང་ཟག་དེའི་ལུས་ཀྱི་ལྤགས་པ་བཤུ་གི་ཡོད་པ་བསམ་བློ་གཏོང་དགོས། ང་ཚོས་མི་དེ་ལ་ཁོའམ་མོའི་ལུས་ཀྱི་ཤ་གནད་དང་། རྒྱུ་མ། ལྟོ་བ། གློ་བ་སོགས་ཀྱི་ཐད་བསམ་བློ་བཏང་ནས་ང་ཚོས་ག་ཚོད་ཀྱིས་ཡིད་དབང་འཕྲོག་པའམ་ཞེན་པ་ལོག་པ་བསམས་ནའང་། ཁོང་ཚོ་ནི་ཉོན་མོངས་པ་དང་ལོ་ཚད་ཉམས་ཉེས་ཀྱི་དབང་འོག་ཏུ་ཡོད་པ་དང་། ཁོང་ཚོའི་ལུས་ཀྱི་རོ་སྟོད་དང་རྒྱབ་གཞུང་གི་ཟུག་གཟེར་དེ་ཡོང་རྒྱུ་ཡིན་པ་སོགས་འདྲ་མིན་ཡོད་པ་རེད། འདིས་ཡིད་འཕྲོག་ཡང་ན་ཞེན་ལོག །དེ་བཞིན་ཁོང་ཁྲོ་བཅས་ཞན་དུ་གཏོང་གི་ཡོད། གང་ཡིན་ཞེ་ན། འདིའི་རིགས་མང་པོ་ཞིག་ནི་ཕྱིའི་སྣང་ཚུལ་ལ་གཞི་རྟེན་བྱས་ཡོད། ང་ཚོས་དུས་རྟག་ཏུ་དེ་ལྟ་བུའི་དམིགས་རྣམ་བྱེད་ཐབས་བྱས་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད།

ང་ཚོར་ཡིད་འཕྲོག་པ་དང་ཞེན་པ་ལོག་པ་དེ་འདྲ་མི་འདོད་པས་སྤོང་གྱི་ཡོད། གང་ཡིན་ཟེར་ན། དེས་ང་ཚོར་དཀའ་ངལ་དང་། མི་སྐྱིད་པ། སྡུག་བསྔལ་འབྱུང་བར་བྱེད་ཀྱི་ཡོད། ང་ཚོ་དེ་ལས་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་ཡོད་པ་དང་། དེའི་དོན་ནི་ང་ཚོས་དེའི་ལྡོག་ཟླར་གྱུར་བའི་གཉེན་པོ་ཞིག་བསྟེན་ནས་སྤོང་དགོས། དེ་ནི་ “གལ་ཏེ་ངས་སྨོན་ལམ་མང་པོ་རྒྱག་ན། ངའི་ཉོན་མོངས་དག་འགྲོ་བར་ཤོག་” ཅེས་སྨོན་ལམ་ཡག་པོ་ཞིག་རྒྱག་ནས་དེ་ཆེད་དུ་གང་ཡང་མི་བྱེད་པ་དེ་འདྲ་མ་རེད།

ང་ཚོས་མི་ཞིག་གི་ནང་རོལ་ལ་དམིགས་རྣམ་བྱེད་པའི་སྐབས། ང་ཚོས་དེར་དངོས་གནས་ཡོད་པ་མཐོང་གིན་ཡོད། དེ་ནི་རྟོག་པའི་འཆར་སྣང་ཞིག་མིན། ཡིན་ནའང་དེའི་ཕྱིའི་སྣང་ཚུལ་དེའང་དེར་ཡོད་པ་རེད། ང་ཚོས་ཕྱིའི་སྣང་ཚུལ་དེ་ཁས་མི་ལེན་པ་བྱེད་ཀྱིན་མེད། མཐར་ང་ཚོ་འདོད་ཆགས་སོགས་ཀྱི་དབང་དུ་དེ་ཙམ་ཤོར་མེད་པའི་གནས་སྐབས་ཤིག་ལ་སླེབ་ཀྱི་རེད། དེ་ནས་ང་ཚོས་མི་ཞིག་གི་མཛེས་སྡུག་ལ་ལོངས་སུ་སྤྱོད་ཆོག །དེ་ཡང་མེ་ཏོག་གི་མཛེས་སྡུག་ཡང་ན་ཟས་ཞིམ་པོ་སོགས་དེ་དག་གི་བསུན་གཙེར་མེད་པའི་སྒོ་ནས་ལོངས་སུ་སྤྱོད་ཆོག །གང་ཡིན་ཞེ་ན། ང་ཚོས་གཏིང་ཟབ་པའི་རིམ་པ་དེ་ཤེས་ཀྱི་ཡོད། དེའི་འབྲས་བུར་ང་ཚོས་སྔོན་མཐོང་བའི་ཆོས་རྣམས་ལས་ལྷག་པའི་མཛེས་སྡུག་དེ་དངོས་གནས་མཐོང་འགོ་བཙུག་གི་རེད།

བསྐྱར་བཤད་མདོར་བསྡུས་བྱེད་པ་ལ། སྐྱེས་བུ་འབྲིང་གི་དམིགས་ས་ནི་ཉོན་མོངས་པ་དང་དེ་དག་གིས་རྒྱུ་བྱེད་པའི་འཁོར་བའི་གནས་སྟངས་སྤོང་རྒྱུ་དེ་རེད། ཆོས་ཡངས་པའི་འགྲེལ་ཚུལ་ནི་ཚེ་འདི་ཙམ་ལ་བསམ་བློ་གཏོང་བ་དེ་རེད། ཆོས་ངོ་མའི་དབང་དུ་བཏང་ན། གལ་ཏེ་ང་ཚོས་ཉོན་མོངས་མ་སྤངས་ན། དེ་དག་རང་ངོས་ནས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་དང་ལྷན་དུ་མུ་མཐུད་དེ་ཇི་ལྟར་གཏན་དུ་རྒྱུན་སྲིང་གི་ཡོད་པ་དེ་རེད། དེ་ནི་ང་ཚོ་ལ་རྩ་བ་ནས་དགོས་ཀྱི་མེད།

གཞན་དོན་ཁོ་ནར་བསམ་པ།

ང་ཚོ་སྐྱེས་བུ་ཆེན་པོ་ཆགས་པའི་སྐབས། ང་ཚོས་ཆོས་ཐམས་ཅད་ཀྱི་ཕྱོགས་སུ་སོ་སོའི་ཉོན་མོངས་ལས་ཐར་བར་དམིགས་པ་ཙམ་མིན་པར། ང་ཚོ་ཚང་མ་གནས་སྟངས་གཅིག་པའི་ནང་ཡོད་པ་དེ་མཐོང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙིང་རྗེ་དེ་རྒྱ་སྐྱེད་གཏོང་གི་ཡོད། ང་ཚོ་ཚང་མ་ལས་དང་ཉོན་མོངས་པའི་དབང་དུ་ཡོད་པ་དང་འཁོར་བའི་སྡུག་བསྔལ་གྱི་འཕེལ་འགྲིབ་དེ་ཡོད་པ་རེད། མི་ཚང་མ་ང་ཚོ་ལ་ཡོད་པ་ནང་བཞིན་ཡིད་དུ་མི་འོང་བའི་གནས་བབས་ཀྱི་ནང་ཡོད་པ་འདི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་མ་ཡིན་ནམ།

འདས་པའི་སྐབས་ཀྱི་སེམས་ཅན་རྣམས་རང་གི་མ་བྱས་མྱོང་བ་དང་། ད་ལྟའི་འབུ་སྲིན་གྱི་ལུས་རྟེན། མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་བཅས་ལ་དམིགས་ཏེ། དེ་དག་སེམས་དག་པའི་རང་བཞིན་དང་རྒྱུ་བདེ་བདེགས་སྙིང་པོའི་དོན་རྟོགས་པ་ལ་གཞི་བཞག་ནས་ང་ཚོས་ལམ་གྱི་རིམ་པ་གསུམ་ཀ་དང་འབྲེལ་བ་མཐུད་དགོས། འདི་ནི་ལས་སླ་པོའི་བྱ་བ་ཞིག་མིན། ང་ཚོས་ད་ལྟ་མིའི་ལུས་རྟེན་ཐོབ་པའི་གང་ཟག་ཁོ་ནའི་སྐོར་ཤོད་ཀྱིན་མེད། གལ་ཏེ་ང་ཚོ་ལ་མིའི་ལུས་རྟེན་འདི་གཞན་ཚང་མ་དང་མཉམ་དུ་ཐོབ་ཐུབ་ཡོད་པ་དང་། དོན་ངོ་མར་དེ་ཚང་མ་མཉམ་དུ་དུས་གཅིག་གི་ནང་ཡོད་པར་བསམ་བློ་གཏོང་དགོས།

ཕྱོགས་བསྡོམས།

ང་ཚོའི་སེམས་ཀྱི་རྒྱུན་ལ་ཐོག་མ་དང་མཐའ་མ་མེད་པ་དང་། སླར་ཡང་སྐྱེ་བ་ལེན་རྒྱུ་ཡིན་པ་ངེས་པ་རེད། ང་ཚོས་ད་ལྟ་འབྱུང་བཞིན་པའི་གནད་དོན་ཙམ་ལ་དམིགས་ཀྱི་མེད་པར། ད་ལྟ་བྱུང་མེད་པ་ལ་གཞིགས་ནས་བསམ་བློ་གཏོང་དགོས། གལ་ཏེ་ང་ཚོས་ཐབས་ཤེས་གང་ཡང་མ་བྱས་ན། ད་ལྟའི་འཁོར་བའི་གནས་སྟངས་འདི་མུ་མཐུད་དེ་གཏན་དུ་གནས་ཀྱི་རེད། ཐོག་མ་མེད་ནའང་། ང་ཚོའི་སེམས་ཀྱི་རྒྱུན་དེ་ཉོན་མོངས་པའི་སྒྲིབ་པ་དང་འདྲེས་ནས་ཡོད། ང་ཚོས་དེ་གཏན་དུ་སྤོང་ཐུབ། ང་ཚོས་སོ་སོའི་སེམས་ཀྱི་སྟེང་དུ་འདོགས་ཐུབ་པའི་མ་འོངས་ཐར་པའི་གོ་འཕང་ཞིག་ཡོད། སེམས་ཀྱི་རང་བཞིན་དེ་ཤེས་སྒྲིབ་ཀྱི་དྲི་མས་མ་གོས་པའི་ཐོག་ལ་དེ་དང་གཅིག་མཚུངས་སུ་ཆགས་ཀྱི་ཡོད། ང་ཚོའི་སེམས་ཀྱི་རྒྱུན་ལ་གཞི་བྱས་ནས་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཆོག །སེམས་ཀྱི་རྒྱུན་གྲངས་མེད་པ་གཞན་དག་ཀྱང་ང་ཚོར་ཡོད་པའི་གནས་སྟངས་དང་གཅིག་པའི་ནང་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་པ་དང་། ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པ་དེ་མཐོང་གི་ཡོད།

དེ་ལྟར་སེམས་ལ་བཅངས་ནས་ང་ཚོས་ཚེ་འདི་ཙམ་ལ་དམིགས་རྒྱུ་དེ་ལས་ཁ་བསྒྱུར་ནས་སྐྱེ་བ་ཕྱི་མའི་ཆེད་དུ་བསམ་བློ་གཏོང་དགོས། དེ་ནས་ང་ཚོས་དོན་ངོ་མར་སྐྱེ་བ་ཕྱི་མ་དང་འཁོར་བའི་ས་མཚམས་ཀྱི་ནང་དུ་དམིགས་པ་དེ་ལས་ཁ་བསྒྱུར་ནས་ཐར་པའི་གོ་འཕང་ལ་དམིགས་དགོས། དེའི་རྗེས་ང་ཚོས་ད་དུང་དམིགས་ས་དེ་ཐར་པ་ལས་ཁ་བསྒྱུར་ནས་དོ་སྣང་ཡོངས་སུ་རྫོགས་པ་དེ་མ་འོངས་པའི་སངས་རྒྱས་སམ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་དགོས། རིམ་པ་དེ་དག་རེ་རེའི་ནང་ང་ཚོས་ཁ་ཕྱོགས་བསྒྱུར་བའི་སྐབས་སུ་ངེས་འབྱུང་ཡོད། འདིར་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པའི་སྐབས། ང་ཚོར་བྱང་ཆུབ་ཀྱི་སེམས་ཡོད། འདི་དག་ཐམས་ཅད་སྲིད་པ་ཞིག་དང་ཐོབ་རུང་ཞིག་ཡིན། གང་ཡིན་ཞེ་ན། ང་ཚོས་སེམས་རྒྱུན་གྱི་སྟོང་ཉིད་དེ་རྟོགས་ཡོད།

རྗེ་ཙོང་ཁ་པས་ནན་བརྗོད་གནང་བའི་ལམ་གྱི་གཙོ་བོ་རྣམ་གསུམ་ཡོད། དེ་དག་ནི་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་སྟེ། སྟོང་ཉིད་ཀྱི་ལྟ་བ་བཅས་ཡིན། གལ་ཏེ་ང་ཚོས་ལམ་རིམ་གྱི་རྗེས་སུ་འབྲངས་ནས། ལྷག་བསམ་རྣམ་དག་གི་སྒོ་ནས་རིམ་པས་སྐྱེས་བུ་གསུམ་གྱི་ལམ་དུ་དམིགས་ནས་འབད་ན། དེ་ལས་སླ་པོ་ཞིག་མིན་ནའང་། ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་སེམས་ཅན་ཐམས་ཅད་ལ་ཕན་ཕྱིར་འབད་བརྩོན་བྱེད་ཐུབ་པ་ལ་ཐེ་ཚོམ་མེད་པ་རེད།།

Top