ཟབ་མོ་དབུ་མའི་ལྟ་བ་ངོ་མཚར་རྨད་བྱུང་།

སྐད་ཡིག་གཞན།

༄༅། །ན་མོ་གུ་རུ་མ་ཉྫུ་གྷོ་ཥྰ་ཡ།

ཟབ་མོ་རྟེན་ཅིང་འབྲེལ་འབྱུང་དོན་གཟིགས་པའི། །དངོས་བརྒྱུད་བླ་མ་རྣམས་ལ་མགོས་ཕྱག་འཚལ། །ལྟ་བའི་ཡང་རྩེ་དབུ་མ་ཐལ་འགྱུར་བའི། །ལྟ་བ་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། ། 

དེ་ཡང་བདག་ཅག་གི་སྟོན་པ་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དེ་ཉིད་ཀྱིས་གསུང་གི་ཁྱད་ཆོས། རྒྱལ་བའི་ལུང་གིས་ཟིན་པའི་སློབ་དཔོན་ཀླུ་སྒྲུབ་དང་། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དགོངས་པའི་མཐར་ཐུག ཟབ་མོ་དབུ་མའི་ལྟ་བ་འདི་ཉིད་ཇི་བཞིན་པ་ཞིག་རྟོགས་ན། དེང་སང་སྟོང་ཉིད་རྟོགས་པའི་ཁུལ་བྱས། ལས་རྒྱུ་འབྲས་མི་བརྩི་བར་སྤྱོད་པ་རྩིང་པོར་བྱེད་པ་རྣམས་ལ་ཕན་ཐོགས་པར་འདུག་པས། དེས་ན་ཐལ་འགྱུར་བའི་ལྟ་བའི་མཐར་ཐུག རྗེ་ཡབ་སྲས་ཀྱིས་གཏན་ལ་ཕབ་པའི་ཟབ་མོ་རྟེན་འབྱུང་གི་དོན་དེ། དམ་པ་གོང་མའི་གསུང་བཞིན། འདིར་རང་གིས་གང་ཤེས་ཅུང་ཟད་ཙམ་ཞིག་བཤད་པར་བྱ་སྟེ། དེ་ཡང་རྟེན་འབྱུང་ཞེས་པ། མཐའ་བྲལ་སྟོང་པ་ཉིད་ཀྱི་དོན་དུ་བྱ་དགོས་ཏེ། རྩ་བ་ཤེས་རབ་རབ་བྱེད་ཉེར་བཞི་པ་ལས། 

རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་པས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། ། 

ཞེས་དང་། རྩོད་བཟློག་ལས།

གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་དོན་དུ་དོན་གཅིག་པར། །

ཞེས་དེ་གསུམ་རྣམ་གྲངས་སུ་གསུངས་སོ། དེས་ན་སྟོང་པ་ཉིད་དང་། རྟེན་འབྱུང་གཉིས་དོན་གཅིག་སྟེ། ལེགས་བཤད་སྙིང་པོ་ལས། 

རང་བཞིན་གྱིས་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་གསུངས་པ། སྟོང་པ་སྨྲ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་བླ་ན་མེད་པར་གཟིགས་ནས། སློབ་དཔོན་གྱིས་གཞུང་མང་པོར། བཅོམ་ལྡན་འདས་ལ་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་དེ་

ཞེས་གསུངས་པ་བཞིན། རྗེ་རིན་པོ་ཆེས་ཀྱང་། རྟེན་འབྲེལ་བསྟོད་པ་ལས། 

འདི་ཀུན་ངོ་བོས་སྟོང་པ་དང་། །འདི་ལས་འདི་འབྲས་འབྱུང་བ་ཡི། །ངེས་པ་གཉིས་པོ་ཕན་ཚུན་དུ། །གེགས་མེད་པར་ནི་གྲོགས་བྱེད་པ། ། 
འདི་ལས་ངོ་མཚར་གྱུར་པ་དང་། །འདི་ལས་རྨད་དུ་བྱུང་བ་གང་། །ཚུལ་འདིས་ཁྱོད་ལ་བསྟོད་ན་ནི། །བསྟོད་པར་འགྱུར་གྱི་གཞན་གྱིས་མིན། །

གསུངས། མགོན་པོ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལས། 

ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་རྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །

ཞེས་གསུངས་ལ། རྗེ་བླ་མས་རྗེ་བཙུན་རེད་མདའ་བ་ལ་ཕུལ་བའི་ཞལ་གདམས་ལས། 

དེའང་སྤྱིར་སྟོང་པས་ཡོད་མཐའ་དང་། སྣང་བས་མེད་མཐའ་སེལ་བ་འདི་རྒྱང་འཕེན་གྱི་བར་ལ་ཐུན་མོང་པ་ཡིན་པས། ཐལ་འགྱུར་བའི་ཁྱད་ཆོས་ལ། སྣང་བས་ཡོད་མཐའ་དང་། སྟོང་པས་མེད་མཐའ་སེལ་ཞིང་། སྟོང་ཉིད་རྒྱུ་འབྲས་སུ་འགྲོ་ཚུལ་ཤེས་དགོས་ལ།

ཞེས་དང་། 

རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་མི་བསླུ་བར་མཐོང་བའི་བློ་དེ་ཉིད་ཀྱིས། བློ་གཞན་ལ་ལྟོས་མེད་དུ་དམིགས་གཏད་ཅིག་གིས་སྟོང་པའང་འོང་བའི་ཚུལ་དང་། རྒྱུ་འབྲས་མི་བསླུ་བའི་གཏན་ཚིགས་དེ་ཉིད་ཀྱིས། རྟགས་གཞན་ལ་ལྟོས་མེད་ཡོད་མཐའ་སོགས་དང་བྲལ་བའི་སྟོང་པར་འགྲུབ་པའི་ཚུལ་ལས། རྒྱུ་འབྲས་མི་བསླུ་བ་ལ། གཏིང་ནས་ངེས་ཤེས་འདྲོངས་ཤིང་། དེ་ཀ་ནས་དམིགས་གཏད་ཐམས་ཅད་ཞིག་པའི་ཞེན་མེད་ཀྱང་འོང་བ་ཡིན་ཞེས་

གསུངས་ཤིང་། དེ་དག་གི་གནད་འདུས་པ་ལམ་གྱི་གཙོ་བོ་རྣམ་གསུམ་ལས། 

གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་རྒྱུལ་བ་དགྱེས་པའི་ལམ་ལ་ཞུགས། ། 
སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། ། 
ནམ་ཞིག་རེ་འཇོག་མེད་པར་ཅིག་ཆར་དུ། །རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། ། 
གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད་། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། ། 

ཞེས་གསུངས། འཇམ་དཔལ་དབྱངས་དངོས་ཁྲི་གུང་ཐང་བས། 

སྣང་བ་རྒྱུ་མཚན་དུ་བྱས་ཏེ། གདགས་གཞིའི་ངོས་ནས་མ་གྲུབ་པ་དང་། རང་བཞིན་གྱི་སྟོང་པ་རྒྱུ་མཚན་དུ་བྱས་ཏེ། སྣང་བ་ཅིར་ཡང་འཆར་རུང་བར་བསྒྲུབས་པས། མཐའ་གཉིས་སེལ་ཚུལ་འདི་ནི་གོང་དུ་སྨོས་པ་ལྟར། སྟོང་པ་ཞེས་པ་དང་། རྟེན་འབྱུང་ཞེས་པ། དོན་གོ་ཚུལ་གཅིག་ཏུ་འབབ་པ་ལ་ཐུག་པས། གཏན་ཚིགས་འདི་ལ་མཐའ་གཉིས་ཆར་སེལ་བའི་རིགས་པའི་རྒྱལ་པོ་ཞེས་གསུངས་སོ།

གསུངས་ལ། དེ་བཞིན་དུ་རྫོང་དཀར་མ་ཎི་བས་མཛད་པའི་དབུ་མའི་ལྟ་ཁྲིད་ལས། 

རྟེན་འབྲེལ་གྱི་དོན་ནི། དཔེར་ན་མྱུ་གུ་ལྟ་བུའི་སྟོང་ཉིད་གཏན་ལ་འབེབས་པའི་སྐབས་ཡིན་ན། དེ་རང་གི་རྒྱུའི་གཙོ་བོ་ཉེར་ལེན་དུ་གྱུར་པའི་ས་བོན་དང་། ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་པའི་ཆུ་ལུད་དྲོད་གསུམ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལྟ་བུའོ། མྱུ་གུ་བདེན་པར་མེད་པའི་རྒྱུ་མཚན་དུ་རྟེན་འབྲེལ་བཀོད་པ་ལ་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་ཟེར་ལ། རྒྱལ་པོ་ཟེར་བའི་དོན། སྦྱོར་གཅིག་གམ་དེས་མཐའ་གཉིས་དངོས་སུ་སེལ་བས་ན་བསྟོད་པ་ནི། རྟེན་འབྲེལ་ཡིན་པས་མེད་མཐའ་སེལ། བདེན་མེད་ཡིན་པས་ཡོད་མཐའ་སེལ་ལོ།

ཞེས་དང་།

སྣང་སྟོང་གཉིས་གཅིག་ཆར་དུ་འཆར་དུས་སུ། སྣང་བས་ཡོད་མཐའ་དང་། སྟོང་པས་མེད་མཐའ་སེལ་ལམ། གཅིག་ཆར་འཆར་བ་དཔེར་ན། ཀླུ་ཐར་ཚུ་རི་ན་ཡོད་པར་ཤེས་པ་ཙམ་གྱིས། ཁོ་ཕ་རི་ན་མེད་པར་འཆར་བ་ལྟ་བུའོ།

གསུང་། གཞན་ཡང་སྣང་བས་ཡོད་མཐའ་སེལ་ཞིང་། སྟོང་པས་མེད་མཐའ་སེལ་ཚུལ་ནི། དེ་ཡང་རང་ལུས་སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། རང་རང་གི་གདགས་གཞིའི་སྟེང་དུ་མིང་གིས་ཕར་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་བཞིན་དུ། ལས་བཟང་ངན་གྱི་རྒྱུ་རྐྱེན་མང་པོ་ཚོགས་པའི་རྟེན་འབྲེལ་ལ་བརྟེན་ནས། ནམ་མཁའི་འཇའ་ཚོན། བར་སྣང་གི་ཟླ་བ། མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་སྣང་བ་ཡིན་པས་སྣང་བཞིན་དུ་སྟོང་པའི་ཚུལ་ཤེས་པས། ཆོས་ཐམས་ཅད་ཚུགས་ཐུབ་བདེན་གྲུབ་ཏུ་ཡོད་པར་འཛིན་པའི་ཡོད་མཐའ་འམ། རྟག་མཐའ་སེལ་ཞིང་། སྟོང་བཞིན་དུ་སྣང་བར་ཤེས་པས་ཆོས་ཐམས་ཅད་མོ་གཤམ་གྱི་བུ་དང་། རི་བོང་གི་རྭ་ལྟར་གཏན་མེད་དུ་འཛིན་པའི་མེད་མཐའ་འམ་ཆད་མཐའ་སེལ། དེ་ལྟར་སྣང་བཞིན་དུ་སྟོང་པས་ཡོད་མཐར་མ་ལྷུང་། སྟོང་བཞིན་དུ་སྣང་བས་མེད་མཐར་མ་ལྷུང་། མཐའ་གཉིས་དང་བྲལ་བ་དེ་མཐའ་བྲལ་ཟབ་མོ་དབུ་མའི་ལྟ་བའི་མཐར་ཐུག་ཡིན་ཞེས་དམ་པ་གོང་མ་རྣམས་ཀྱིས་གསུངས། ཡང་སྟོང་ཉིད་རྒྱུ་འབྲས་སུ་འཆར་ཚུལ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་ལ་བརྟེན་ནས། ལས་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་འབྱུང་བས་ན། སྟོང་ཉིད་ཆོས་ཐམས་ཅད་ཀྱི་རྒྱུ་རུ་འཆར་ཞིང་། ཆོས་ཐམས་ཅད་ལ་བརྟེན་ནས་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་འབྱུང་བས་ན། སྟོང་ཉིད་ཆོས་ཐམས་ཅད་ཀྱི་འབྲས་བུར་འཆར་ལ། དེ་ལྟར་སྟོང་ཉིད་ཆོས་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུ་རུ་འཆར་བའི་ཚུལ་ལ་ངེས་པ་རྙེད་ན། སྟོང་ཉིད་རྟོགས་པ་ཙམ་གྱིས་ལས་རྒྱུ་འབྲས་མེད་པར་ལྟ་བའི་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་སོགས། རྟག་ཆད་ཀྱི་མཐར་ལྷུང་བའི་མཐར་འཛིན་གྱི་ལྟ་བ་ངན་པས་ཡིད་འཕྲོག་པར་མི་འགྱུར་བ་ཟབ་མོ་དབུ་མའི་ལྟ་བའི་ཁྱད་ཆོས་ཡིན་ཞེས་བླ་མ་སྐྱེས་བུ་དམ་པ་མང་པོས་གསུངས་སོ། དེ་ཡི་ནང་ནས་ཀྱང་། སངས་རྒྱས་སྣང་བ་མཐའ་ཡས་ངུར་སྨྲིག་གར་གྱི་རྣམ་རོལ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་བླ་མ་མཆོད་པ་ལས། 

འཁོར་འདས་རང་བཞིན་རྡུལ་ཙམ་མེད་པ་དང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་གཉིས། །ཕན་ཚུན་འགལ་མེད་གྲོགས་སུ་འཆར་བ་ཡི། །ཀླུ་སྒྲུབ་དགོངས་དོན་རྟོགས་པར་བྱིན་གྱིས་རློབས། །

ཞེས་གསུངས་པའི་དོན་ཡང་། དཔེར་ན་ནམ་མཁའ་སྟོང་པ་ཉིད་དང་། ཚ་གྲང་གི་རྒྱུ་ལས། འབྲས་བུ་འཇའ་ཚོན་རྟེན་ཅིང་འབྲེལ་བ་ནམ་ཡང་བསླུ་བ་མེད་པ་གཉིས། ཕན་ཚུན་འགལ་བ་མེད་པར་མ་ཟད། གཅིག་གྲོགས་སུ་གཅིག་འཆར་བ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་པ་ཉིད་དང་། ལས་བཟང་ངན་གྱི་རྒྱུ་ལས་འབྲས་བུ་འཁོར་འདས་བདེ་སྡུག་གི་སྣང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ནམ་ཡང་བསླུ་བ་མེད་པ་གཉིས། ཕན་ཚུན་འགལ་བ་མེད་པར་མ་ཟད། གཅིག་གྲོགས་སུ་གཅིག་འཆར་བ་བྱུང་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པའི་དོན་མཐར་ཐུག་པ་དབུ་མ་ཐལ་འགྱུར་བའི་ལྟ་བ་འཁྲུལ་མེད་ཡིན་པས། དེ་རྟོགས་པར་བྱིན་གྱིས་རློབས་ཤིག ཅེས་གསུངས་པ་ལྟར། བླ་མ་ལ་གསོལ་བ་འདེབས་བཞིན། སྟོང་པ་ཉིད་དང་ལས་འབྲས་བསླུ་མེད་གཉིས་ཕན་ཚུན་འགལ་བ་ཕར་ཞོག གཅིག་གྲོགས་སུ་གཅིག་འགྲོ་བ་ལ་བསླབ་པར་བྱའོ། ཡང་དཔེར་ན་ཤིང་རྟའི་གདགས་གཞི་འཁོར་ལོ་སྲོག་ཤིང་གཟེར་བུ་སོགས་ཀྱི་ཐོག་ཏུ་ཤིང་རྟ་ཞེས་བཏགས་པ། རང་ངོས་ནས་གྲུབ་པ་ཞིག་ཡོད་ན། འདི་རྣམས་གཅིག་ཏུ་གྲུབ་བམ། ཐ་དད་དུ་གྲུབ་ཅེས་གཅིག་དུ་བྲལ་གྱི་རིགས་པས་དཔྱད་ཚེ། གདགས་གཞི་དེ་རྣམས་ཀྱི་སྟེང་དུ་ཤིང་རྟ་ཞེས་མིང་གིས་ཕར་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མི་རྙེད་ཅིང་། དེ་རྣམས་འཚོགས་པའི་ཐོག་ཏུ་ཤིང་རྟ་ཞེས་མིང་ཙམ་ཡོད་པས་ཡོད་གོ་ཆོད་ཅིང་། ཤིང་རྟའི་དོན་གང་ཡང་བྱེད་ནུས་པ་བཞིན་དུ་ངའི་གདགས་གཞི་ཕུང་པོ་ལྔའི་ཐོག་ཏུ་ང་ཞེས་བཏགས་པ། རང་ངོས་ནས་གྲུབ་པ་ཞིག་ཡོད་ན་ཕུང་པོ་ལྔ་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ་ཅེས་གཅིག་དུ་བྲལ་གྱི་རིགས་པས་དཔྱད་ཚེ། ཕུང་པོ་ལྔའི་སྟེང་དུ་ང་ཞེས་མིང་གི་ཕར་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མི་རྙེད་ཀྱང་། ཕུང་པོ་ལྔ་ཚོགས་པའི་ཐོག་ཏུ་ང་ཞེས་མིང་ཙམ་ཡོད་པས་ཡོད་གོ་ཆོད་ཅིང་། ངས་དོན་གང་ཡང་བྱེད་ནུས་པར་འགྱུར་ལ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་གདགས་གཞིའི་ཐོག་ཏུ་བཙལ་ན། རང་བཞིན་གྱིས་གྲུབ་པ་མེད་ཀྱང་། དེ་རྣམས་ཀྱི་ཐོག་ཏུ་མིང་ཙམ་ཡོད་པས་ཡོད་གོ་ཆོད་ཅིང་། རང་རང་གི་དོན་བྱེད་ནུས་པ་ཡིན་པས། དེས་ན་ལས་རྒྱུ་འབྲས་དང་། དེ་མྱོང་བ་པོ་ང་ལ་སོགས་པ་ཡོད་ཚུལ་ལ་ངེས་པ་གཏིང་ནས་རྙེད་དེ། ལས་རྒྱུ་འབྲས་བརྩི་བ་གལ་ཆེ། དཔེར་ན་དཀར་ནག་གི་གཟུགས་གང་བསྟན་ཀྱང་མེ་ལོང་ནང་དུ་འཆར་བ་བཞིན་ཚེ་འདིར་ལས་བཟང་ངན་གང་བསགས་ཀྱང་། ཚེ་ཕྱི་མར་རང་རྒྱུད་ལ་སྨིན་ནས་བདེ་སྡུག་མྱོང་དགོས་པས། སྟོང་ཉིད་རྟོགས་པ་ཙམ་གྱིས་ལས་རྒྱུ་འབྲས་མེད་པར་མི་འགྲོ་བས། སྟོང་ཉིད་ལ་ཁ་ངན་བཀལ་ནས། གསད་ཆོག་བརྡུང་ཆོག་ཅེས་ལས་རྒྱུ་འབྲས་ཁྱད་དུ་མི་གསོད་པར། སྟོང་ཉིད་རྒྱུ་འབྲས་སུ་འཆར་བའི་ཚུལ་ལ་བསླབ་པར་བྱའོ། གཞན་ཡང་ཤེས་སྙིང་ལས། 

ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པ་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།

གསུངས། མདོ་གཞན་ལས། 

རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། མྱ་ངན་ལས་འདས་པའི་ཆོས་ལས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་ངས་བསྟན་ཏོ། རང་འབྱོར་ཆོས་ཐམས་ཅད་ཡང་དག་པར་མ་ཡིན་པ་ཀུན་ཏུ་བཏགས་པ། མེད་བཞིན་དུ་སྣང་བ་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ།

ཞེས་དང་། ཤྰནྟི་དེ་ཝས། 

འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །

ཞེས་གསུངས་པ་ལྟར། སེམས་དང་གཉིད་ཀྱི་རྒྱུ་རྐྱེན་ལས་རྨི་ལམ་དང་། རྫས་སྔགས་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་ལས། སྒྱུ་མའི་རྟ་གླང་སོགས་སྣང་བ་ལྟར། སེམས་ཀྱི་ལས་བཟང་ངན་ཀྱི་རྒྱུ་རྐྱེན་སྣ་ཚོགས་པ་བསྒྲིགས་པ་ལས། ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ་རྣམས། སྣང་ལ་རང་བཞིན་གྱིས་མ་གྲུབ་པ་རྨི་ལམ་ལྟ་བུར་བལྟ་ཞིང་། རྨི་ལམ་སྒྱུ་མ་ལྟ་བུར་སྤང་བླང་བྱ་ཞིང་། རྨི་ལམ་སྒྱུ་མ་ལྟ་བུར་ཚོགས་བསགས་སྒྲུབ་སྦྱོང་ལ་འབད་པར་བྱའོ། དེ་བཞིན་ཏུ་པཎ་ཆེན་རིན་པོ་ཆེས། 

ཆོས་ཉིད་ལ་བལྟས་པས་ཆོས་ཅན་བཀྲ། །ཆོས་ཅན་ལ་དཔྱད་པས་སྟོང་པར་བྲོས། །སྣང་སྟོང་གཉིས་རེས་འཇོག་མི་བྱེད་པའི། །ཟུང་འཇུག་དེ་བླ་མའི་དྲིན་གྱིས་རྙེད། །

ཅེས་དང་། རྗེ་བཙུན་སྐལ་ལྡན་རྒྱ་མཚོས། 

ལར་སྣང་བའི་སྟོང་པ་མི་འགོག་ཅིང་། །ཡུལ་སྟོང་པའི་ངང་ལ་སྣང་བ་བཀྲ། །གང་ཤར་ཀྱང་བདེན་པར་མི་ཞེན་པར། །མཚོ་དྭངས་པར་ཤར་བའི་ཟླ་གཟུགས་ལྟར། །དོན་བདེན་གཉིས་སྣང་སྟོང་རྣལ་འབྱོར་ལ། །དུས་ཉིན་བཞིན་ལྟད་མོ་བལྟ་བ་ལ། །བློ་འགྱུར་བ་མེད་པའི་རྣལ་འབྱོར་བདེ། །

ཞེས་གསུངས་པ་ལྟར་བདེན་པ་གཉིས་ཀྱི་དོན་ཁོང་དུ་ཆུད་ནས་ཚོགས་གཉིས་བསགས་པ་ལ་འབད་ན། རིང་པོར་མི་ཐོག་པར་སྐུ་གཉིས་ཀྱི་གོ་འཕང་བདེ་བླག་ཉིད་དུ་ཐོབ་ནས། རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་རོ། གཞན་ཡང་ཡིད་ཆེས་ངེས་ཤེས་འདྲོངས་པའི་ཕྱིར་རྒྱབ་སྐྱོར་དུ་ལུང་འདྲེན་པ་ལ། རྩ་བ་ཤེས་རབ་ལས། 

རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །

ཞེས་དང་། མ་དྲོས་པའི་ཞུས་པའི་མདོ་ལས། 

གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །

ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། 

སྒྱུ་མ་ཆུ་བུར་སྨིག་རྒྱུ་གློག་འདྲ་ཞིང་། །ཆོས་རྣམས་ཐམས་ཅད་ཆུ་ཡི་ཟླ་བ་བཞིན། །ཤི་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེས་པ་མི་དམིགས་ཀྱང་། །ལས་རྣམས་བྱས་པ་མེད་པར་མི་འགྱུར་རོ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །རིག་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །

ཞེས་དང་། ས་ལུ་ལྗང་པའི་མདོ་ལས། 

དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་མི་འཕོ་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར། ལས་ཀྱི་འབྲས་བུ་མངོན་པར་ཡང་ཡོད་དེ། འདི་ལྟ་སྟེ། དཔེར་ན། རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ། བཞིན་གྱི་གཟུགས་བརྙན་སྣང་བ་ཡང་། མེ་ལོང་གི་དཀྱིལ་འཁོར་དུ་མ་འཕོས་མོད། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་བཞིན་དུ་མངོན་པར་ཡོད་དོ།

ཞེས་དང་།

ཡང་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ནས་འགྲོ་སྟེ། འོན་ཀྱང་སྣོད་ཆུང་ངུ་ཆུས་གང་བར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བ་ཡང་། ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ནས་མ་འཕོས་ཏེ། སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སོང་བ་ཡང་མེད་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་སྣང་བ་ཡང་ཡོད་དེ། དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འཕོས་པ་མེད་ལ། གཞན་དུ་མ་སྐྱེས་མོད་ཀྱི། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར། ལས་ཀྱི་འབྲས་བུ་མངོན་པ་ཡང་ཡོད་

ཅེས་གསུངས་པ་ལ་སོགས་པ་རྒྱལ་བའི་གསུང་དྲི་མ་མེད་པ་རྣམས་ལ་བལྟས་ཏེ་དེའི་དོན་བསམ་ནས་ལས་རྒྱུ་འབྲས་མི་བསླུ་བ་ལ་ངེས་པ་སྙིང་ཐག་པ་ནས་དྲངས་ཏེ། སངས་རྒྱས་ཀྱི་གསུང་བཞིན་ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་རྣམས་རྒྱང་ཁྱད་དུ་མི་གསོད་པར་བླང་དོར་འབྱེད་པ་ལ་འབད་པར་བྱའོ། མདོར་ན་སྟོང་ཉིད་རྒྱུ་འབྲས་སུ་འཆར་ཚུལ་ནི། ཆོས་ཐམས་ཅད་རང་བཞིན་གྱི་མ་གྲུབ་པའི་སྟོང་པ་ཉིད་ལ་བརྟེན་ནས་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་འབྱུང་བ་གོ་དགོས། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་ངོ་བོ་སྟོང་པ་ཉིད་དུ་ཤེས་པ་དོན་དམ་བདེན་པ། རང་བཞིན་གྱིས་མ་གྲུབ་བཞིན་དུ་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ལ་བརྟེན་ནས་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་བཞིན་དུ་སྣང་བར་ཤེས་པ་ཀུན་རྫོབ་བདེན་པ་སྟེ། བདེན་པ་གཉིས་ཀྱི་དོན་ཁོང་དུ་ཆུད་ནས། མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་བསྒོམས་ནས་ཡེ་ཤེས་ཀྱི་ཚོགས་བསགས། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་ཉིད་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས་ཏེ། ཐབས་ཤེས་ཡ་མ་བྲལ་བའི་ལམ་བཟང་ལ་བརྟེན་ནས་སངས་རྒྱས་ཀྱི་ས་རུ་འགྲོ་བ་ནི་སྐལ་བཟང་སྐྱེ་བོ་ཕོ་མོ་རྣམས་ཀྱི་ཆོས་ལུགས་སོ། སྨྲས་པ། 

ཨེ་མ་དད་ཅན་སྐྱེ་བོ་ཕོ་མོ་རྣམས། །བདེན་གཉིས་ཆོས་ཀྱི་གླུ་དབྱངས་ལེན་བཞིན་དུ། །ཐབས་ཤེས་གཉིས་ཀྱི་གོམས་སྟབས་རབ་བསྒྱུར་ནས། །རྣམ་མཁྱེན་སངས་རྒྱས་ས་རུ་ད་སོང་ཞིག ། 

ཅེས་ཟབ་མོ་དབུ་མའི་ལྟ་བ་ངོ་མཚར་རྨད་བྱུང་ཞེས་བྱ་བ་འདི་ནི་ཟབ་མོ་རྟེན་འབྱུང་གི་དོན་ལ་མོས་པའི་རྣལ་འབྱོར་ཞབས་དཀར་བས་ཉམས་དགའ་རིག་པ་དྭངས་པའི་དབེན་གནས་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ། དགེའོ། མངྒ་ལཾ།

Top