ལམ་གཙོ་རྣམ་གསུམ།

བདག་གི་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།། 

༡༽ རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན།། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ།། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ།། ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།།

༢༽ གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་།། དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས།། རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི།། སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན།།

༣༽ རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།། བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།། སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།། ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།། 

༤༽ དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།། ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག། ལས་འབྲས་མི་བསླུ་འཁོར་བའི་སྔུག་བསྔལ་རྣམས།། ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག། 

༥༽ དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ།། ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་།། ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ།། བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས།། 

༦༽ ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས།། ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི།། ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས།། བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད།། 

༧༽ ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།། བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།། བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།། མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།། 

༨༽ མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།། སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།། གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི།། ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད།།

༩༽ གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།། ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།། སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།། དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།། 

༡༠༽ གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།། རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་།། དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ།། དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས།། 

༡༡༽ སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།། སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།། 

༡༢༽ ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།། རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས།། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞི་ན།། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།། 

༡༣༽ གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།། སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད།། རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན།། མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ།། 

༡༤༽ དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི།། གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ།། དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས།། གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ།། 

Top