བཟང་སྤྱོད་ཀྱི་ཚུལ་ཁྲིམས་རིམ་པ་དང་པོ།

ངོ་སྤྲོད།

ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟེ་བ་ཞིག་ནི་ལས་དང་འབྲེལ་བའི་བརྗོད་གཞི་དེ་ཡིན་པ་དང་། དེ་ཡང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དང་འབྲེལ་བ་ཧ་ཅང་ཉེ་པོ་ཡོད། ང་ཚོས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ནི་ལས་སྤོང་བ་དང་དེ་ལས་ཐར་བར་ལག་བསྟར་བྱེད་ཀྱི་ཡོད། འདི་ནི་འཕགས་པའི་བདེན་པ་བཞི་ཞེས་སུ་གྲགས་པའི་བརྗོད་བྱའི་ནང་ཏག་ཏག་རན་འཚམས་ཆགས་ཀྱི་ཡོད། འཕགས་པའི་བདེན་པ་བཞི་ནི་སངས་རྒྱས་ཆོས་ཀྱི་གཞི་རྩ་ལྟ་བུ་རེད། དེ་ཡང་།

  • ང་ཚོའི་མི་ཚེའི་ནང་སྡུག་བསྔལ་དང་དཀའ་ངལ་ཆེན་པོ་ཞིག་ཡོད་པ།
  • སྡུག་བསྔལ་དང་དཀའ་ངལ་དེ་དག་རྒྱུ་ལ་བརྟེན་ནས་འབྱུང་གི་ཡོད་པ།
  • སྡུག་བསྔལ་དང་དེ་དག་གི་རྒྱུ་དང་བཅས་པ་ཐམས་ཅད་རྩད་ནས་མེད་པ་བཟོ་བའི་གནས་བབས་ཤིག་ཡོད་པ།
  • གནས་བབས་དེ་ཡང་དངོས་པོའི་གནས་ལུགས་དང་བཟང་སྤྱོད་སོགས་ཡང་དག་པ་རྟོགས་པའི་ལམ་ཞིག་ལ་བརྟེན་ནས་འཐོབ་ཐུབ་པ་བཅས་ཡིན།

ལུགས་འདི་ནི་ཁྱེད་ཀྱིས་སྤྱིར་རྒྱ་གར་གྱི་ལྟ་གྲུབ་དང་ཆོས་ལུགས་ཀྱི་ནང་བརྙེད་པའི་སྒྲོམ་གཞི་ཞིག་རེད། འོན་ཀྱང་སངས་རྒྱས་ཀྱིས། ཁོང་གི་སྔོན་དུ་བྱུང་བའི་གཞན་རྣམས་ཀྱིས་འདི་གཏིང་ཟབ་པོ་འདང་ངེས་ཤིག་ངོ་རྟགས་ཆོད་མེད་ཅེས་གསུངས། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་གིས་གང་རྟོགས་པའི་སྡུག་བསྔལ་བདེན་པ་དང་། དེ་དག་གི་རྒྱུ་ངོ་མ་ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། དེ་བཞིན་འགོག་པ་འཐོབ་པར་བྱེད་པའི་ལམ་གྱི་བདེན་པ་བཅས་གསུངས་ཡོད། གཞན་དག་གིས་མོས་མཐུན་མི་བྱེད་པ་ཡོང་སྲིད་ཀྱང་། གནད་དོན་དེ་དག་ནི་རྟོགས་པ་བརྙེས་ཤིང་། རྟོག་མེད་ཀྱི་སྒོ་ནས་གནས་ལུགས་རྟོགས་པའི་འཕགས་པའི་གང་ཟག་རྣམས་ཀྱིས་བདེན་པར་གཟིགས་ཡོད།

སངས་རྒྱས་ཀྱིས་འཕགས་པའམ་ལེགས་སྦྱར་སྐད་དུ་ཨཱརྱ་ཟེར་བ་དེ་བེད་སྤྱོད་གནང་ཡོད་པ་ནི་དོ་སྣང་བྱ་འོས་ཤིག་རེད། དེ་ནི་སངས་རྒྱས་མ་བྱོན་སྔོན་གྱི་ལོ་ལྔ་བརྒྱ་ཙམ་ནས་རྒྱ་གར་ལ་བཙན་འཛུལ་དང་དབང་དུ་བསྒྱུར་མཁན་གང་ཟག་རྣམས་ཀྱི་མིང་ཡིན་པ་དང་། དེ་དག་གིས་རིག་བྱེད་ཁྲིད་ཡོང་བ་རེད། གང་ལྟར་ཡང་། སངས་རྒྱས་ཀྱིས་བཀའ་མོལ་གནང་བའི་འཕགས་པ་རྣམས་ནི་དབང་བསྒྱུར་བྱེད་མཁན་དེ་ག་རང་མ་ཡིན་པར། དེ་དག་ནི་སྡུག་བསྔལ་བདེན་པ་དང་དེ་དག་གི་རྒྱུ་ངོ་མ་གང་ཡིན་པ་མཐོང་བ་ཙམ་དུ་མ་ཟད། དེ་དག་ལས་ཐར་བའམ་དེ་དག་སྤངས་མཁན་རྣམས་ཡིན་པ་རེད། དེ་དག་ནི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་རྒྱལ་ཁ་ཐོབ་མཁན་གྱི་རྒྱལ་བ་རྣམས་རེད། རྒྱལ་བ་ཞེས་པའི་ཚིག་འདི་ནི་ནང་པའི་ཐ་སྙད་ཀྱི་ནང་སྔ་ཕྱི་བར་གསུམ་དུ་སྤྱད་ཡོད།

ལས་ཞེས་པའི་གོ་དོན་རྟོགས་པ།

བརྙན་པར། འབུམ་རམས་པ་ཨེ་ལེགས་ཛེན་ཌར་བྷར་ཛིན་ལགས། “ལས་ཟེར་བ་དེ་ག་རེ་ཡིན་ནམ།”

ལས་ནི་སྡུག་བསྔལ་བདེན་པའི་རྒྱུ་ངོ་མ་ཞིག་རེད། འོན་ཀྱང་ལས་ཟེར་བ་དེའི་དོན་ངོ་མ་གང་རེད་དམ། ལེགས་སྦྱར་སྐད་དུ་ཀརྨ་ཞེས་བྱ་བ་དེ་རྩ་བའི་ཡི་གེའམ་བྱིངས་ “ཀྲི་” ལས་བྱུང་ཞིང་། དེའི་དོན་ནི་བྱ་བ་ལྟ་བུ་ཞིག་ “བྱེད་པ་” ལ་གོ་བ་ཡིན། ཁྱེད་ཀྱིས་དེའི་མཐའ་རུ་ཚིག་གྲོགས་ “མ་” སྦྱར་བའི་སྐབས། “གང་ཞིག་གིས་བྱ་བ་བྱེད་པའམ། ཡང་ན་གང་ཞིག་གིས་བྱ་བ་རྩོམ་དུ་འཇུག་པ་” ཞེས་པར་གོ་བ་ཡིན། དེ་དང་མཚུངས་པར་ལེགས་སྦྱར་ཀྱི་སྐད་དུ་ཆོས་ཞེས་པ་ལ་ “དྷརྨ་” ཞེས་བརྗོད་པས། དེ་ཡང་ “དྷྲི་” ཞེས་པའི་བྱིངས་ལས་བྱུང་ཞིང་། དེའི་དོན་ནི་ “སྐྱོབ་པ་” ལ་གོ་བ་དང་། དེའི་མཇུག་ཏུ་ “མ་” སྦྱར་བའི་སྐབས། “གང་ཞིག་གིས་ང་ཚོར་སྐྱོབ་པ་” ཞེས་པར་གོ་བ་ཡིན། དེ་ཡང་དཔེར་ན། “གང་ཞིག་གིས་ང་ཚོ་སྡུག་བསྔལ་ལས་སྐྱོབ་པ་” ཞེས་པ་ལྟ་བུ་རེད། བྱས་ཙང་། ལས་ཞེས་བྱ་བ་ནི། ང་ཚོར་ལས་བྱེད་དུ་འཇུག་པ་དང་དེ་ལ་བརྟེན་ནས་སྡུག་བསྔལ་འབྱུང་བར་བྱེད་མཁན་དེ་ཡིན་པ་དང་། ཆོས་སམ་དྷརྨ་ནི་སྡུག་བསྔལ་ལས་སྐྱོབ་པར་བྱེད་མཁན་དེ་ཡིན།

ཀརྨ་ཟེར་བ་དེ་ང་ཚོའི་ལས་སམ་བྱ་བ་དེ་རང་ལ་གོ་གི་མེད། འོན་ཀྱང་ཀརྨ་ཟེར་བ་དེ་བོད་སྐད་དུ་ལས་ཞེས་བསྒྱུར་ཡོད་པ་དང་དེ་ནི་ཕལ་སྐད་ནང་ཡིན་པས། གལ་ཏེ་བོད་ཀྱི་བླ་མ་དགེ་བའི་བཤེས་གཉེན་མང་ཆེ་བས་ཨིན་སྐད་སྐྱོན་གནང་གི་ཡོད་ན། ཀརྨ་ཟེར་བ་དེ་ལས་ལ་གོ་བར་གནང་གི་ཡོད། དེ་ནི་ཧ་ཅང་མགོ་རྙོག་ཚ་པོ་ཡོད། གང་ཡིན་ཞེ་ན། གལ་ཏེ་སྡུག་བསྔལ་གྱི་རྒྱུ་ངོ་མ་ང་ཚོའི་ལས་སམ་བྱ་བ་དེ་ཡིན་ན། ང་ཚོས་བྱ་བ་གང་ཡང་རྩོམ་རྒྱུ་མཚམས་འཇོག་བྱེད་དགོས་པ་ལྟ་བུ་དང་། དེ་ནས་ང་ཚོར་རང་དབང་ཡོད་པ་ལྟ་བུ་རེད། དེ་ལ་གོ་རྒྱུ་རྩ་བ་ནས་མེད་པ་རེད།
 
ཀརྨ་ཡང་ན་ལས་ཟེར་བ་ནི་དོན་ངོར་མར་ངང་ངམ་ཤུགས་ཀྱི་རང་བཞིན་དེ་ལ་གོ་དགོས་ཤིང་། ངང་ངམ་ཤུགས་ཀྱི་སྒོ་ནས་ང་ཚོས་རྨོངས་པ་དང་འདྲེས་ཏེ་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་སྤེལ་དུ་འཇུག་གི་ཡོད། གང་ལ་རྨོངས་པ་རེད་དམ་ཞེ་ན། ང་ཚོ་ཇི་ལྟར་གནས་ཡོད་པ་དང་། གཞན་རྣམས་ཇི་ལྟར་གནས་ཡོད་པ། དེ་བཞིན་དངོས་པོའི་གནས་ལུགས་ལ་རྨོངས་པ་རེད། ང་ཚོ་སུ་ཡིན་པ་དང་འཛམ་གླིང་ནང་གང་འབྱུང་བཞིན་པ་ལ་རྨོངས་པའི་རྒྱུ་མཚན་གྱིས་ང་ཚོས་ངང་ངམ་ཤུགས་ཀྱི་སྒོ་ནས་བྱ་སྤྱོད་སྤེལ་གྱི་ཡོད། བྱ་སྤྱོད་སྤེལ་སྟངས་དེ་དག་ངང་ངམ་ཤུགས་ཀྱི་སྒོ་ནས་མི་དགེ་བ་ཡིན་ཆོག །དཔེར་ན། རྟག་ཏུ་གཞན་ལ་སྐད་ལོག་རྒྱག་པ་དང་གདུག་རྩུབ་ཅན་བྱེད་པ་ལྟ་བུའམ། ཡང་མིན་ན་ངང་ངམ་ཤུགས་ཀྱི་སྒོ་ནས་དགེ་བའང་ཡིན་ཆོག་སྟེ། དཔེར་ན། སྐྱོན་བྲལ་ཡང་དག་པ་ཞིག་བྱེད་པ་ལྟ་བུ་རེད།

གནད་དོན་ཕྱི་མ་དེ་ལ་བསམ་བློ་ཐོངས་དང་། ཁྱེད་རང་སྐྱོན་བྲལ་ཡང་དག་པ་ཞིག་བྱེད་པར་དབང་རྩ་འཁྲུགས་པའི་སྒོ་ནས་སམ་ངང་ངམ་ཤུགས་ཀྱིས། “ང་རང་ཡག་པོ་དགོས་པའམ། ཡང་ན་ཚང་མ་གཙང་མ་དང་གྲ་འགྲིག་པོ་དགོས་” ཞེས་བསམ་གྱི་ཡོད། ཡག་པོ་ཡོད་པ་དང་ཚང་མ་གཙང་མ་དང་གྲ་འགྲིག་པོ་ཉར་བ་དེ་བཟང་ཕྱོགས་དགེ་བ་ཞིག་ཡིན་ནའང་། དེ་ལྟ་བུའི་ངང་ངམ་ཤུགས་ཀྱི་བསམ་བློས་སྡུག་བསྔལ་ཧ་ཅང་མང་པོ་སྐྲུན་གྱི་ཡོད། དེར་བརྟེན་ལས་ཀྱི་སྐོར་གོ་བསྡུར་བྱེད་པ་ལ་བརྟེན་ནས་ང་ཚོས་དགེ་བའི་བྱ་སྤྱོད་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས་པའི་སྐོར་ཤོད་ཀྱིན་མེད། ང་ཚོས་ལས་གང་ཞིག་བྱེད་པའི་རྒྱབ་ཀྱི་དབང་རྩ་འཁྲུགས་པའི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་མེད་པ་བཟོ་དགོས་པའི་སྐོར་ཤོད་ཀྱིན་ཡོད། གང་ཡིན་ཞེ་ན། དེ་ནི་སྡུག་བསྔལ་གྱི་རྒྱུ་རེད། ང་ཚོའི་སྐྱོན་བྲལ་ཡང་དག་གི་རྒྱབ་ལ་ཡོད་པ་ནི་ང་ཚོ་ཇི་ལྟར་གནས་པ་ལ་རྨོངས་པ་དེ་རེད། ང་ཚོས་སོ་སོ་རང་ཉིད་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་ང་ང་” ཟེར་བ་ཞིག་ཡོད་པར་བསམ་པ་དང་། ང་དེ་ཡང་དག་པ་དང་ཁྱད་དུ་འཕགས་པ་ཞིག་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་གང་རེད་ཅེ་ན། སོ་སོའི་ཕ་མས་རང་གི་མགོ་བོར་བྱིལ་བྱིལ་བྱས་ནས་བུ་བཟང་པོ་དང་བུ་མོ་བཟང་པོ་ཞེས་བརྗོད་ན་བསམ་གྱི་ཡོད། ངོས་རང་གི་དགེ་བའི་བཤེས་གཉེན་ཞིག་གིས། “འོ་ན། ང་ཚོས་ག་རེ་བྱེད་རྩིས་ཡོད་དམ། ཁྱི་ནང་བཞིན་རྔ་མ་གཡུག་གཡུག་བྱེད་རྩིས་ཡོད་དམ།” ཞེས་གསུངས་ཡོད།

ལམ་རིམ་གྱི་སྦྱོང་བརྡར་ནང་ལས་ཀྱི་སྐོར།

ང་ཚོས་སྡུག་བསྔལ་གྱི་རྒྱུ་ངོ་མའི་ནང་ནས་གཅིག་སྟེ། ངང་ངམ་ཤུགས་ཀྱི་རང་བཞིན་ནམ་ལས་སྤོང་བར་འབད་བརྩོན་བྱེད་བཞིན་པའི་སྐབས། ང་ཚོས་ལམ་རིམ་ནང་ཇི་ལྟར་བསྟན་པ་ལྟར་རིམ་བཞིན་འབད་བརྩོན་བྱེད་དགོས། ལམ་རིམ་ནི་དོན་ངོ་མར་ཁྱེད་རང་གོམ་པ་སྤོས་ནས་འགྲོ་བ་ལྟ་བུ་ཞིག་མིན་པར། དེ་ནི་སེམས་ཀྱི་གནས་བབས་དང་། རྟོགས་པའི་རིམ་པ། ནང་གི་ཡར་རྒྱས་ཤིག་ཡིན་པ་དང་། དེ་ཡང་ལམ་དང་འདྲ་བར་རིམ་པས་ང་ཚོ་དམིགས་ཡུལ་གྱི་ཕྱོགས་སུ་འཁྲིད་པར་བྱེད་པ་ལ་གོ་དགོས། རིམ་པ་རེ་རེའི་ནང་ང་ཚོས་ཀུན་སློང་དང་། བསྒྲུབ་བྱ། དམིགས་ཡུལ་གྱི་རིམ་པ་རྒྱ་ཆེ་རུ་གཏོང་བ་དང་། རིམ་པ་རེ་རེའི་ནང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལ་བརྟེན་ནས་གཏིང་ཟབ་པའི་ལས་ལས་རྣམ་པར་རྒྱལ་བ་ཞིག་ཡོད།
 
ཧ་ཅང་མདོར་བསྡུས་ན། ཀུན་སློང་ལ་རིམ་པ་གསུམ་ཡོད་དེ། སྔ་རབས་སྲོལ་རྒྱུན་གྱི་ལམ་རིམ་འགྲེལ་ཚུལ་ལ་ཆ་བཞག་ན། སྐྱེ་བ་ཕྱི་མ་ཡོད་ཤག་ལ་ཡིད་ཆེས་བྱེད་ཀྱི་ཡོད་པས། ཀུན་སློང་གི་རིམ་པ་རེ་རེ་ནས་གནད་དོན་འདིའི་ནང་འཁོར་གྱི་ཡོད། ཐ་ན་ང་ཚོས་སྐྱེ་བ་ཕྱི་མ་ཁས་མི་ལེན་ཞིང་། ཚེ་འདི་ཁོ་ན་ཡར་རྒྱས་གཏོང་རྒྱུར་བསམས་ནའང་། ད་དུང་ལམ་གྱི་རིམ་པ་འདི་དང་བསྟུན་ནས་ལས་ལས་ཐར་བའི་ཆེད་འབད་བརྩོན་བྱེད་ཐུབ། ཡིན་ནའང་ང་ཚོས་ལས་འདི་ངས་འབོད་པའི་ཆོས་ངོ་མའི་འགྲེལ་ཚུལ་ནང་ཇི་ལྟར་ཚུད་པའི་སྐོར་ལྟ་ཞིབ་བྱ་རྒྱུ་ཡིན།

  • ཀུན་སློང་གི་རིམ་པ་དང་པོའམ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ལ་བརྟེན་ནས་ང་ཚོར་མུ་མཐུད་དེ་སྐྱེ་བ་ཕྱི་མ་བཟང་བ་ཡོང་ཕྱིར། ངན་སོང་དུ་མི་སྐྱེ་བར་འབད་དགོས། དམིགས་བསལ་ང་ཚོས་སྐྱེ་བ་བཟང་པོ་འཐོབ་འདོད་ཡོད་པ་མ་ཟད། རང་གིས་རང་ཡར་རྒྱས་བཏང་ནས་མུ་མཐུད་དེ་དམིགས་ཡུལ་མཐོན་པོར་འཐོབ་པའི་ཆེད་དུ་འབད་བརྩོན་བྱེད་ཐུབ་པའི་མཐུན་རྐྱེན་ཡག་ཤོས་རྣམས་དང་ལྡན་པའི་མི་ལུས་རིན་ཆེན་ཞིག་འཐོབ་འདོད་ཡོད། གང་ཡིན་ཟེར་ན། ང་ཚོའི་ངང་ངམ་ཤུགས་ཀྱི་མི་དགེ་བའི་སྤྱོད་ལམ་གྱིས་ངན་སོང་གི་གནས་སུ་སྐྱེ་བར་བྱེད་ཀྱི་ཡོད། ང་ཚོས་ཐོག་མའི་ཀུན་སློང་གི་རིམ་པ་འདིའི་སྐབས་སུ་ལས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་སྤོང་བར་དམིགས་དགོས།
  • ཀུན་སློང་གི་རིམ་པ་གཉིས་པའམ་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་ལ་བརྟེན་ནས་སླར་ཡང་སྐྱེ་བ་ཡོངས་རྫོགས་ལས་ཐར་འདོད་ཡོད། ཁྱེད་ཀྱིས་འཁོར་བ་ཞེས་པའི་ཚིག་དེ་གོ་མྱོང་ཡོད་ཀྱི་རེད། དེ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་དེ་རེད། དེ་ཡང་སྐྱེ་བ་གང་འདྲ་ཞིག་བླངས་ནའང་འདྲ་སྟེ། སྡུག་བསྔལ་དང་དཀའ་ངལ་གྱིས་ཁེངས་ནས་ཡོད། ལས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་དགེ་དང་མི་དགེ་གཉིས་ཀ་ནི། ང་ཚོ་འཁོར་བའི་ནང་སྐྱེ་བའི་རྐྱེན་གཙོ་བོ་ནང་གི་གཅིག་ཡིན། དེར་བརྟེན་ལམ་གྱི་རིམ་པ་འབྲིང་གི་སྐབས་འདིར། ང་ཚོས་འཁོར་བ་ལས་ཐར་བར་དམིགས་ཀྱི་ཡོད།
  • ཚད་མཐོའི་ཀུན་སློང་ངམ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་འཁོར་བ་ལས་ཐར་བར་ཕན་ཡག་ཤོས་འདོགས་ཐུབ་པའི་གོ་འཕང་ཞིག་འཐོབ་འདོད་ཡོད། འདིའི་དོན་ནི། ང་ཚོས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འབད་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་སེམས་ཅན་ཐམས་ཅད་ཀྱི་ལས་རྟོགས་ནས་དེ་དག་ལ་ཕན་ཐོགས་ཡག་ཤོས་ཇི་ལྟར་བྱེད་དགོས་པ་ཤེས་ཀྱི་ཡོད།

ཐོག་མའི་ཀུན་སློང་གི་རིམ་པ། ངན་སོང་གི་གནས་སུ་སྐྱེ་བ་ལས་ཐར་བའི་ཆེད་འབད་པ།

སངས་རྒྱས་ཀྱིས་མི་ཚེའི་ནང་གི་སྡུག་བསྔལ་བདེན་པ་དང་དཀའ་ངལ་དངོས་ཀྱི་སྐོར་གསུངས་ཡོད། ཀུན་སློང་གི་རིམ་པ་དང་པོའི་སྐབས། ང་ཚོར་འཕྲད་བཞིན་པའི་གཞི་རིམ་གྱི་དཀའ་ངལ་རྣམས་ལས་ཐར་བའི་ཆེད་འབད་བརྩོན་བྱེད་དགོས་ཤིང་། དེ་དག་ནི་ལུས་སེམས་ཀྱི་སྡུག་བསྔལ་རྣམས་རེད། དེ་དག་ལ་མི་སྐྱིད་པ་དང་། གདུང་བ། གནས་སྟངས་ཧ་ཅང་འཇིགས་སུ་རུང་བ་ང་ཚོར་འབྱུང་བཞིན་པ་རྣམས་རེད།

ངན་སོང་གི་སྐྱེ་བའི་གནས་སུ་སྡུག་བསྔལ་བཟོད་པར་དཀའ་བས་ཁེངས་རྒྱུ་ཡིན་པ་རེད། རྒྱ་མཚོའི་ནང་ཉ་ཞིག་ལ་སྐྱེ་བ་བླངས་ནས་རྐྱལ་རྒྱག་བཞིན་པ་དང་། གློ་བུར་དུ་ཉ་ཆེན་པོ་ཞིག་གིས་སོ་རྒྱག་ནས་དུམ་བུ་ཕྱེད་ཀ་བཟོ་བ་ལྟ་བུའམ། ཡང་ན་འབུ་སྲིན་ཆུང་ངུ་ཞིག་ཏུ་སྐྱེས་ནས་གློ་བུར་དུ་འབུ་སྲིན་ཆེ་བ་ཞིག་གམ་བྱིའུ་ཞིག་གིས་སོ་རྒྱག་ནས་བཟས་པའི་སྐོར་བསམ་བློ་གཏོང་རྒྱུ་དེ་ནི་ལྟ་ཕྱོགས་ཡིད་དུ་འོང་བ་ཞིག་མིན། དེ་འདྲ་ཞིག་ང་ཚོས་ཉམས་སུ་མྱོང་འདོད་མེད། རང་གི་ཟས་འཕྲོག་གི་རེད་བསམ་པའི་རྟག་ཏུ་བློ་དོགས་དང་དངངས་སྐྲག་ཡོད་མཁན་གྱི་དུད་འགྲོ་ལྟ་བུ་ལ་བསམ་བློ་གཏོང་དགོས། ༧གོང་ས་མཆོག་གིས་གསུང་པ་ནང་བཞིན་བྱིའུ་ཕྲུག་གི་བཙོན་ཁང་ཞེས་བྱིའུ་ཕྲུག་རྣམས་ལ་བསམ་བློ་གཏོང་དང་བྱིའུ་དེ་དག་ལྷས་རའི་ནང་བླུགས་ནས་འགུལ་སྐྱོད་བྱེད་མི་ཐུབ་པར་མཐར་མེཀ་ཌོ་ནལ་གྱི་ཟ་ཁང་ནང་བཟའ་ཕྱིར་གསོ་སྐྱོང་བྱེད་པ་དང་། དེ་དག་ལུས་པོ་ཕྱེད་ཀ་ཙམ་གད་སྙིགས་ནང་གཡུགས་ཡོད།

ནང་ཆོས་ཀྱིས་དེ་དག་ལས་སྡུག་པའི་གནས་སྟངས་ཀྱི་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད། ཡིན་ནའང་སྐབས་འདིར་ང་ཚོས་དེ་དག་གི་སྐོར་རྒྱས་བཤད་མི་དགོས། གནད་དོན་གཙོ་བོ་ནི། ང་ཚོས་དེ་དག་ཚང་མ་དངོས་གནས་དྲང་གནས་སྤོང་འདོད་ཡོད་པ་དང་། ང་ཚོར་ག་རེ་འཐོབ་འདོད་ཡོད་ཅེ་ན། བདེ་སྐྱིད་འཐོབ་འདོད་ཡོད། མི་ཚང་མ་བདེ་སྐྱིད་འདོད་པ་ལས་སྡུག་བསྔལ་འདོད་མཁན་སུ་གཅིག་མེད་པ་དེ་ནི་ནང་ཆོས་ཀྱི་གཞི་རྩའི་སྡོམ་ཞིག་རེད། ང་ཚོས་འདིར་བདེ་བ་ཉི་ཚེ་བའི་སྐོར་ཤོད་ཀྱིན་ཡོད། ང་ཚོ་ཀུན་སློང་གི་རིམ་པ་གཉིས་པའི་ནང་སླེབས་པའི་སྐབས། འདིའི་སྐོར་རྒྱས་པར་ཡོང་གི་རེད།

ནང་པའི་བཟང་སྤྱོད་ཀྱི་ལྟ་ཚུལ།

མི་སྐྱིད་པའམ་སྡུག་བསྔལ་དང་ངན་སོང་དུ་སྐྱེ་བའི་སྡུག་བསྔལ་རགས་པ་འདིའི་རྒྱུ་ངོ་མ་གང་ཡིན་ནམ། རྒྱུ་གཙོ་བོ་ནི་ལས་ངན་པའམ་མི་དགེ་བའི་ལས་རེད། ངང་ངམ་ཤུགས་ཀྱིས་མི་དགེ་བའི་ལས་བྱེད་པ་དང་། དེ་ཡང་ཉོན་མོངས་པའི་གྲོགས་བྱས་ཏེ། མི་དགེ་བའི་བྱ་སྤོད་སྤེལ་གྱི་ཡོད། འདི་ནི་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་གནོད་བྱེད་མི་དགེ་བའི་སྤྱོད་ལམ་གྱི་སྐོར་ཤོད་པའི་སྐབས། ཁྲིམས་སམ་དཀོན་མཆོག་ནས་བྱུང་བའམ། ཡང་ན་གཞུང་གིས་བཟོས་པའི་སྤྱི་དམངས་ཀྱི་ཁྲིམས་ལ་གཞི་རྟེན་བྱས་པའི་བཟང་སྤྱོད་ཀྱི་ལམ་ལུགས་ཤིག་གི་སྐོར་ཤོད་ཀྱིན་མེད། བཟང་སྤྱོད་ཀྱི་ལམ་ལུགས་དེ་དག་གི་ནང་། བཟང་སྤྱོད་དང་ལྡན་པའི་མི་ཞིག་བྱེད་དགོས་ཟེར་བའི་དོན་ནི། ང་ཚོས་མི་སེར་བཟང་པོ་ཞིག་གམ་ཡང་ན་ཆོས་དད་ཅན་བཟང་པོ་ཞིག་དང་། དེ་གཉིས་ཀ་གང་རུང་གི་སྒོ་ནས་ཁྲིམས་དེ་ལ་བརྩི་སྲུང་བྱེད་དགོས། དེར་མ་ཟད། ཁྲིམས་དེ་དང་ལྷན་དུ་ནག་ཉེས་དང་ནག་ཉེས་བྲལ་བའི་དཔྱད་ཁྲ་ཡོང་གི་ཡོད། དེ་ནི་ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་རྩ་ནས་མ་རེད།

དེ་ལས་ལྡོག་སྟེ། ནང་ཆོས་ཀྱིས་ཡང་དག་པའི་རྟོགས་པ་དང་གང་ཞིག་ཕན་ཐོགས་ཅན་དང་གང་ཞིག་གནོད་གཞི་ཅན་ཡིན་པ་རྣམ་པར་འབྱེད་པ་ལ་གཞི་རྟེན་བྱས་ནས་བཟང་སྤྱོད་ཀྱི་ལམ་ལུགས་ཤིག་གསུང་གི་ཡོད། ང་ཚོས་མི་དགེ་བའི་བྱ་སྤྱོད་སྤེལ་བའི་སྐབས། ང་ཚོ་བཀའ་བརྩི་དང་ལེན་མི་བྱེད་མཁན་དང་མི་སྡུག་ཅག་ཡིན་པའི་རྒྱུ་མཚན་གྱིས་མ་རེད། དེ་ནི་ང་ཚོ་དངོས་པོའི་གནས་ལུགས་ལ་རྨོངས་པ་ཙམ་རེད། དཔེར་ན། གལ་ཏེ་ཁྱེད་ཀྱིས་སོ་སོའི་ལག་པ་ཐབ་ཚ་པོའི་སྒང་ལ་བཞག་ན། དེ་ནི་ཁྱེད་ཀྱིས། “ཐབ་ཀྱི་སྟེང་ལག་པ་མ་ཞོག་” ཅེས་བཀའ་ཁྱབ་བཏང་བའི་ཁྲིམས་དེ་ལ་ཆ་འཇོག་མི་བྱེད་པའི་རྒྱུ་མཚན་གྱིས་མིན་པར། ཁྱེད་ཀྱིས་ཐབ་དེ་ཚ་པོ་ཡིན་པ་མ་རྟོགས་ནས་དེའི་སྟེང་ལག་པ་བཞག་པ་རེད། ཁྱེད་རང་རྨོངས་པ་རེད། གལ་ཏེ་ཁྱེད་ཀྱིས་ལག་པ་དེའི་སྟེང་དུ་བཞག་ན། དེས་ལག་པ་འཚིག་ངེས་ཡིན་པ་དེ་ཁྱེད་ཀྱིས་ཤེས་ཀྱི་མེད། བྱས་ཙང་། ཁྱེད་ཀྱིས་རྒྱུའི་འབྲེལ་བ་དེ་ལ་ཆ་རྒྱུས་མེད་པ་རེད།

དཔེ་མཚོན་གཞན་ཞིག་ཞུས་ན། ངས་ཁྱེད་ལ་གནོད་འཚེ་བྲལ་བའི་སྐད་ཆ་ཞིག་བཤད་ན། དེས་ཁྱེད་ཀྱི་ཚོར་བ་ལ་གནོད་པ་རེད། ངས་དེ་ལྟར་བརྗོད་པ་སོང་ཙང་། ང་རང་སྡུག་ཅག་ཡིན་པའི་དོན་མ་རེད། ངའི་སྐད་ཆ་དེས་ཁྱེད་ལ་གནོད་ཀྱི་ཡོད་པ་ནམ་ཡང་ཤེས་ཀྱི་མེད། ངས་བཤད་པའི་སྐད་ཆ་དེའི་ཤུགས་རྐྱེན་གང་ཡོང་ངེས་ཡིན་པ་ཤེས་ཀྱི་མེད། ང་རང་རྨོངས་ནས་ཡོད།

ཉོན་མོངས་དང་མི་དགེ་བའི་སྤྱོད་ལམ།

ང་ཚོས་གནོད་བྱེད་མི་དགེ་བའི་སྒོ་ནས་བྱ་སྤྱོད་སྤེལ་བའི་སྐབས། དེ་ནི་ཉོན་མོངས་ཀྱིས་ཀུན་ནས་བསླངས་པའམ་ཉོན་མོངས་པས་གྲོགས་བྱས་ཡོད།

ཉོན་མོངས་ཟེར་བ་དེ་གང་རེད་དམ། དེ་ནི་སེམས་ཚོར་ཞིག་ཡིན་པ་དང་། སེམས་ཚོར་དེ་རང་རྒྱུད་ལ་སྐྱེ་བའི་སྐབས། ང་ཚོའི་སེམས་ཀྱི་ཞི་བདེ་བརླག་པར་བྱེད་པ་དང་རང་ཚུགས་ཤོར་བར་བྱེད་ཀྱི་ཡོད།

དེ་ནི་ཧ་ཅང་ཕན་ཐོགས་ཅན་གྱི་མཚན་ཉིད་ཅིག་རེད། ང་ཚོ་ནམ་རྒྱུན་དངངས་འཚབ་སྐྱེ་བ་དང་། སེམས་ནང་ཞི་བདེ་མེད་པ། དེ་བཞིན་ངང་ངམ་ཤུགས་ཀྱིས་བྱ་སྤྱོད་སྤེལ་བའི་སྐབས། ང་ཚོས་ཤེས་ཚོར་ཐུབ། ང་ཚོས་གང་ཤེས་ཚོར་ཡོད་པ་དེའི་རྒྱབ་ལ་ཉོན་མོངས་ཤིག་ཡོད་པ་སྟོན་གྱི་ཡོད།
 
ཉོན་མོངས་ཆེ་ཁག་རྣམས་གང་དག་རེད་དམ། ཐོག་མར་འདོད་པ་དང་། ཆགས་སེམས། འདོད་རྔམ་བཅས་མཉམ་དུ་ཡོད། དེ་དག་གསུམ་ཀ་ལ་བརྟེན་ནས་ང་ཚོས་ཆོས་གང་ཞིག་གི་ཡོན་ཏན་གྱི་ཆ་ལ་སྒྲོ་འདོགས་པ་དང་། ཆོས་དེའི་སྐྱོན་གྱི་ཆ་ལ་མཐའ་གཅིག་ཏུ་སྣང་མེད་དང་ངོས་ལེན་བྱེད་ཀྱི་མེད། ཉོན་མོངས་ཅན་གྱི་སེམས་ཀྱི་གནས་བབས་ཀྱིས་ང་ཚོས་བདེ་སྐྱིད་མྱོང་བར་འགོག་རྐྱེན་བྱེད་ཀྱི་ཡོད།

  • འདོད་པ། ང་ཚོར་གང་མེད་པ་དེ་འཐོབ་འདོད་ཀྱི་དོན་གཉེར།
  • ཆགས་སེམས། ང་ཚོར་གང་ཡོད་པ་དེ་གློད་གཏོང་བྱེད་འདོད་མེད་པ།
  • འདོད་རྔམ། ང་ཚོར་གང་ཡོད་པ་དེ་ལ་འདོད་བློ་མི་ཚིམས་པ་དང་། དེ་ལས་མང་བ་འཐོབ་འདོད་བྱེད་པ།

དེ་ནས་ཁོང་ཁྲོའི་ཉོན་མོངས་པ་ཡོད་པ་དང་། དེ་ལ་རྣམ་པ་མང་པོ་ཡོད་པ་དཔེར་ན། འཁོན་འཛིན་དང་། མི་མཐུན་ཕྱོགས་ཀྱི་ལྟ་བ། ངན་སེམས། ཞེ་སྡང་། གཏིང་ནད། སེམས་གནག །དགྲ་ལན་ལ་སོགས་པའོ། །དེ་དག་ཐམས་ཅད་ཀྱིས་གཞན་ཞིག་གི་སྐྱོན་གྱི་ཆ་རྣམས་ལ་སྒྲོ་བཏགས་ནས་ལེགས་པའི་ཡོན་ཏན་གྱི་ཆ་རྣམས་ལ་ལོང་བ་ལྟར་ཆགས་ནས་མཐོང་གི་མེད། དེ་ལ་གཞི་བྱས་ཏེ། སོ་སོའི་མི་དགའ་ས་དེ་སྤོང་བ་དང་ཐ་ན་གཏོར་བཤིག་གཏོང་བའི་ཞེན་ལོག་སྐྱེ་གི་ཡོད།

དེ་ནས་ཉོན་མོངས་ཆེ་བ་གཞན་ཞིག་ནི་གཏི་མུག་རེད། དཔེར་ན། དེ་ནི་སོ་སོ་རང་ཉིད་དང་གཞན་གྱི་ཐོག་ལ་རང་གི་སྤྱོད་ལམ་གྱི་ཤུགས་རྐྱེན་གང་སྤྲོད་ཀྱི་ཡོད་པའི་སྐོར་མི་ཤེས་པ་དེ་རེད། དེའི་དཔེ་རུ་ལས་ཀ་མི་བྱེད་པར་སྡོད་པར་དཀའ་བའི་མི་དང་རང་གིས་རང་ལ་ཨུ་ཚུགས་ཆེས་ཆེར་བྱེད་པ་ལྟ་བུ་རེད། དེས་སོ་སོའི་འཕྲོད་བསྟེན་དང་ནང་མི་གཉིས་ཀར་གནོད་རྒྱུ་ཡིན་པ་ཤེས་ཀྱི་མེད། བྱས་ཙང་། དེ་ནི་རང་གིས་རང་འཕུང་བར་བྱེད་པ་ཞིག་ཡིན། ཡང་མིན་ན་ང་ཚོ་རྟག་ཏུ་རྗེས་ལུས་ཐེབས་ནས་གཞན་དང་ཐུག་འཕྲད་ཀྱི་དུས་ཚོད་བཟོས་པ་ལྟར་ཡོང་གི་མེད། དེ་ལྟར་བྱེད་པས་གཞན་གྱི་ཚོར་བར་མི་གནོད་ཅེས་བསམ་པ་དང་། གཞན་དག་མི་བདེ་བ་ཚོར་དུ་འཇུག་པ་ནི་གཏི་མུག་ཡིན་ཞིང་། སླར་ཡང་དེ་ནི་གནོད་གཞི་ཅན་ཞིག་ཡིན།

དེ་དག་ནི་ང་ཚོའི་སེམས་ཀྱི་ཞི་བདེ་བརླག་པར་བྱེད་པ་དང་རང་ཚུགས་ཤོར་བར་བྱེད་མཁན་གྱི་ཉོན་མོངས་གྲགས་ཆེ་བ་རྣམས་རེད། དེ་དག་གིས་མི་དགེ་བའི་བྱ་སྤྱོད་སྤེལ་བར་ངང་ངམ་ཤུགས་ཀྱི་རང་བཞིན་ལ་གྲོགས་བྱེད་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོས་ངང་ངམ་ཤུགས་ཀྱིས་མི་དགེ་བའི་བྱ་སྤྱོད་སྤེལ་བར་རྒྱུ་བྱེད་པའི་ཉོན་མོངས་འཕར་མ་འགའ་ཞིག་ཀྱང་ཡོད་དེ།

  • ཡོན་ཏན་གྱི་ཆ་དང་དེ་དང་ལྡན་པའི་མི་རྣམས་ལ་གུས་ཞབས་མེད་པ།
  • མི་དགེ་བའི་བྱ་སྤྱོད་མི་སྤེལ་བའི་ཆེད་རང་གིས་རང་ལ་སྟངས་འཛིན་མེད་པ།
  • རང་གིས་རང་ལ་ཆེ་མཐོང་དང་གུས་ཞབས་མེད་པ། རང་གིས་རང་ལ་གུས་ཞབས་ཡོད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། དཔེ་ཆ་བཞག་ན། ང་ཚོས་རང་གིས་རང་ལ་ཤིན་ཏུ་གུས་ཞབས་བྱེད་པ་དང་། ང་ཚོས་མི་གཞན་ཞིག་གི་རྗེས་སུ་ཕྱིན་ནས། “ང་གཡུགས་ནས་ནམ་ཡང་མ་འགྲོ” ཞེས་ཞུ་འབོད་བྱེད་ཀྱི་མ་རེད། ང་ཚོ་ལ་རང་གིས་རང་ལ་ཆེ་མཐོང་གི་ཚོར་བ་ཞིག་ཡོད་ནའང་། ང་ཚོས་མི་དགེ་བའི་བྱ་སྤྱོད་སྤེལ་སྐབས། ཚོར་བ་དེ་ང་ཚོར་མེད།
  • ང་ཚོའི་བྱ་སྤྱོད་སྤེལ་སྟངས་ཀྱིས་གཞན་ལ་ཤུགས་རྐྱེན་གང་སྤྲོད་མིན་ཐད་སེམས་འཁུར་མེད་པ། དཔེར་ན། འཇར་མིན་གྱི་མི་ཞིག་ཡིན་པའི་ཆ་ནས་གལ་ཏེ་ཁྱེད་རང་གུང་སེང་ལ་ཕྱིན་ཏེ། སྤྱོད་ངན་རྐྱང་བྱས་ནས་ར་བཟི་བ་དང་། སྐད་ཅོར་རྒྱག་པ། མགྲོན་ཁང་གཏོར་བཤིག་བཏང་ན། དེས་འཇར་མིན་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ལ་མིང་ངན་ཞིག་བཟོ་གི་རེད། གནོད་བྱེད་མི་དགེ་བའི་བསམ་ཕྱོགས་དེ་ལ་བརྟེན་ནས་ཁྱེད་ཀྱིས་རྒྱལ་ཁབ་དང་། རང་གི་མཆེད་གྲོགས་ཡུལ་མི་རྣམས་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ངེས་ཡིན་པའི་ཐད་སེམས་འཁུར་བྱེད་ཀྱི་མེད།

ངང་ངམ་ཤུགས་ཀྱི་མི་དགེ་བའི་སྤྱོད་ལམ་ལ་གྲོགས་བྱེད་མཁན་གྱི་ཉོན་མོངས་མང་དག་ཅིག་ཡོད་པ་དང་། དེས་མི་སྐྱིད་པའི་སྡུག་བསྔལ་མྱོང་བའི་རྒྱུ་བྱེད་པ་དང་གནས་སྟངས་མི་སྡུག་པ་དེ་འདྲ་ང་ཚོར་འབྱུང་གི་ཡོད། འདི་ནི་ཚེ་འདི་ཁོ་ནའི་གནད་དོན་ཞིག་མིན་པར། ལམ་གྱི་རིམ་པ་ཐོག་པའི་སྐབས། དེ་དག་གིས་ཕྱི་མ་ངན་སོང་གི་སྐྱེ་བའི་ནང་དཀའ་ངལ་དང་མི་སྐྱིད་པ་སྔར་ལས་མང་བའི་རྒྱུ་བྱེད་ཀྱི་ཡོད་པ་ང་ཚོས་རྟོགས་ཀྱི་ཡོད་ལ། དེ་དག་ངེས་པར་དུ་སྤོང་འདོད་ཡོད།

ལམ་རིམ་གྱི་ཐོག་མའི་ཀུན་སློང་དང་བསྟུན་ནས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ཀྱི་རིམ་པ་དང་པོ།

ངན་སོང་གི་སྐྱེ་བ་དང་ཚེ་འདིའི་ནང་གི་གནས་སྟངས་སྡུག་པོའི་རིགས་རྣམས་སྤོང་བར། སྡིག་པ་མི་དགེ་བའི་ལས་སྤོང་བའི་ཆེད་ང་ཚོར་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དགོས་ཀྱི་ཡོད། ང་ཚོས་བཟང་སྤྱོད་ཀྱི་རྒྱུ་དང་འབྲས་བུའི་རྣམ་གཞག་ལ་རྨོངས་པ་དེ་སེལ་བའི་སྒོ་ནས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་རྒྱུད་ལ་སྐྱེད་དགོས། གལ་ཏེ་ང་ཚོས་ཉོན་མོངས་པ་དེ་དག་གི་སྟངས་འཛིན་དང་དབང་འོག་ཏུ་ཤོར་བཅུག་ན། ང་ཚོས་ངང་ངམ་ཤུགས་ཀྱིས་མི་དགེ་བའི་ལས་བརྩམ་པ་དང་། དེ་ལས་རང་གཞན་གཉིས་ཀར་མི་སྐྱིད་པ་དང་སྡུག་བསྔལ་འབྱུང་བར་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད།

ང་ཚོས་བཟང་སྤྱོད་ཀྱི་རིམ་པ་དང་པོའི་སྐོར་ཤོད་ཀྱིན་ཡོད་པ་དེ་རྟོགས་དགོས་རྒྱུ་ཤིན་ཏུ་གལ་ཆེ། དེ་ནི་རང་ཚུགས་དང་ལྡན་པ་ཞིག་ཡོང་བར་སྦྱོང་བརྡར་བྱ་རྒྱུ་ཙམ་དེ་རེད། ཡིན་ནའང་རང་ཚུགས་ཟིན་པ་ཟེར་དུས་བཀའ་བརྩི་དང་ལེན་བྱེད་མཁན་གྱི་མི་སེར་བཟང་པོ་དང་། ཆོས་ལུགས་ཤིག་གི་རྗེས་འཇུག་བཟང་པོ། ཡང་ན་བུའམ་བུ་མོ་བཟང་པོ་ཞིག་ཆགས་འདོད་ཙམ་ལ་གཞི་བྱས་མེད། དེ་ལས་ལྡོག་སྟེ། ང་ཚོས་རང་ཚུགས་དང་ལྡན་པའི་སྦྱོང་བརྡར་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། གལ་ཏེ་ང་ཚོས་ངང་ངམ་ཤུགས་ཀྱིས་སྟངས་འཛིན་རྦད་དེ་བྲལ་བའི་སྒོ་ནས་བྱ་སྤྱོད་སྤེལ་བ་ཡིན་ན། དེས་དཀའ་ངལ་དང་མི་སྐྱིད་པ་ཆེན་པོ་ཡོང་ངེས་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། འདི་ནི་ང་ཚོའི་ནང་ཆོས་ཀྱི་གོ་རྟོགས་ནང་ནན་བརྗོད་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན། གལ་ཏེ་ང་ཚོའི་བཟང་སྤྱོད་ཀྱི་རྣམ་གཞག་དེ་བཀའ་བརྩི་དང་ལེན་ལ་གཞི་བྱས་ན། མི་མང་པོ་ཞིག་དང་དམིགས་བསལ་བཅུ་ཐོག་ན་གཞོན་ཚོས་ཁྲིམས་དང་སྒྲིག་གཞི་ལ་བརྩི་སྲུང་བྱེད་དགོས་པའི་ཐད་ངོ་ལོག་རྒྱག་གི་ཡོད་པ་ང་ཚོས་ཉམས་མྱོང་ཐོག་ནས་རྟོགས་ཀྱི་ཡོད། ནག་ཉེས་ཅན་ཚོས་ཀྱང་ཁྲིམས་ལས་ཐར་ཐུབ་བསམ་པའམ། ཡང་ན་ང་ཚོས་ཨིན་སྐད་ནང་། “དེ་ལས་ཐར་བ་” ཞེས་བརྗོད་པ་ལྟར། དེའི་དོན་ནི་ཁོང་ཚོས་ནག་ཉེས་བྱས་ནའང་འཛིན་བཟུང་བྱེད་ཀྱི་མ་རེད་བསམ་གྱི་ཡོད། འདིར་བཟང་སྤྱོད་ཀྱི་རྣམ་གཞག་ནི་གོ་རྟོགས་ལ་གཞི་བཅོལ་བ་ཙམ་ཡིན་པས། ངོ་ལོག་དང་གྱེན་ལོག་དེ་དངོས་གནས་དཀའ་ངལ་ཞིག་མ་རེད།
 
མི་དགེ་བའི་སྤྱོད་ལམ་དང་མི་སྐྱིད་པ་དང་སྡུག་བསྔལ་དབར་གྱི་འབྲེལ་བ་དེ་རྟོགས་རྒྱུ་ལས་སླ་མོ་མེད་ངེས་རེད། ཁྱེད་ཀྱིས་དེ་ལ་ཡིད་ཆེས་བྱེད་མི་སྲིད་པ་དང་གནས་སྟངས་དེ་འདྲའི་ནང་ཁྱེད་ཀྱིས། “བཟང་སྤྱོད་ཀྱི་རྣམ་གཞག་འདི་ཆོ་མེད་རེད་འདུག་” ཅེས་བརྗོད་ངེས་རེད། ཡིན་ནའང་ཕྱོགས་གཅིག་ནས་ཁྱེད་རང་ལ་མི་ཚེའི་ཉམས་མྱོང་འགའ་ཞིག་ཡོད་པའི་སྐབས། གལ་ཏེ་ཁྱེད་ཀྱིས་རྟག་ཏུ་མི་དགེ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་ན། ཁྱེད་རང་མི་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་མིན་པ་ཤེས་ཀྱི་རེད། མི་གཞན་རྣམས་ཁྱེད་ལ་མི་དགའ་བ་དང་ཁོང་ཚོ་ཁྱེད་ལ་ཞེད་སྣང་སྐྱེ་གི་རེད། ཁོང་ཚོ་ཁྱེད་རང་ཐུག་པར་འཇིགས་སྐྲག་སྐྱེ་གི་རེད། གང་ཡིན་ཞེ་ན། ཁྱེད་རང་ཁོང་ཚོ་ལ་ཁོང་ཁྲོ་བཟའ་སྲིད། བྱས་ཙང་། ང་ཚོའི་ཉམས་མྱོང་ལས་ཧ་ཅང་གཞི་རིམ་དང་ཕྱིའི་སྣང་ཚུལ་གྱི་རིམ་པའི་ཐོག་ནས་ཚེ་འདི་ཁོ་ནའི་ཆ་ནས་བསམ་བློ་གཏོང་བ་དང་། གནོད་བྱེད་མི་དགེ་བའི་ལས་བརྩམས་པ་ལས་སྡུག་བསྔལ་འབྱུང་གི་ཡོད་པ་ང་ཚོས་ཤེས་རྟོགས་ཐུབ།
 
དེ་ནི་དོ་སྣང་ཅན་གྱི་གནད་དོན་ཞིག་རེད། གང་ཡིན་ཟེར་ན། ང་ཚོས་མི་དགེ་བའི་ལས་བརྩམས་ནས་དེའི་ཐད་ཧ་ཅང་སྐྱིད་པོ་ཚོར་སྲིད། དཔེར་ན། ཁྱེད་རང་གཉིད་ཁུག་ཐབས་བྱེད་པའི་སྐབས། གདོང་གི་མདུན་དུ་དུག་སྦྲང་ཞིག་གིས་ཟིར་སྒྲ་སྒྲོགས་བཞིན་ཡོད་པའི་དབང་དུ་བཏང་ན། ཁྱེད་ཀྱིས་དུག་སྦྲང་ལ་ཐལ་ལྕག་གཞུས་ནས་ “འོ་ཡ། ད་འགྲིག་སོང་” ཞེས་ཚོར་བ་དང་དེ་ལ་ཁྱེད་རང་སྐྱིད་པོ་ཡོང་གི་ཡོད། འོན་ཀྱང་ཁྱེད་ཀྱིས་དེ་ལས་གཏིང་ཟབ་པ་བརྟག་དཔྱད་བྱས་ན། ཁྱེད་རང་ལ་ད་དུང་ཡང་བློ་དོགས་དང་མི་བདེ་བ་ཡོད་པ་རེད། དེའི་རྒྱུ་མཚན་ནི། གང་ཞིག་གིས་ཁྱེད་ལ་བསུན་པོ་བཟོ་གི་ཡོད་ན། དེ་ལ་རྒྱུན་གཏན་གྱི་གདོང་ལེན་བྱེད་ཚུལ་ཞིག་ཡོད་པ་ནི། ཕ་རོལ་དེ་གསོད་རྒྱུ་དང་དུག་སྦྲང་གཞན་ཞིག་སླེབ་པར་གཟབ་ནན་གྱིས་བལྟ་གི་ཡོད་པ་ལས། ཁྱེད་ཀྱིས་དེ་སེལ་བར་ཞི་བའི་ཐབས་ཤིག་འཚོལ་བར་བསམ་བློ་གཏོང་གིན་མེད། གལ་ཏེ་ཁྱེད་རང་དུག་སྦྲང་ཧ་ཅང་མང་པོ་ཡོད་སའི་ས་ཆར་ཡོད་ན། དེ་ལས་ཐར་ཐབས་སམ་དཀའ་ངལ་དེ་སེལ་བའི་ཞི་བའི་ཐབས་ལམ་ཞིག་ནི། དུག་སྦྲང་འགོག་ཆེད་ཀྱི་དྲྭ་གུར་ཕུབ་པའམ་ཡང་ན་སྐར་ཁུང་ལ་ཡོལ་བ་དགར་དགོས།
 
མི་དགེ་བའི་སྤྱོད་ལམ་དང་མཉམ་དུ་འགྲོ་བའི་ཉོན་མོངས་ཀྱི་མཚན་ཉིད་ནི་སྐབས་དོན་འདིར་ཧ་ཅང་ཕན་ཐོགས་ཅན་ཞིག་རེད། དེ་ནི་སུན་པོ་བཟོ་བའམ་ཉོན་མོངས་པར་བྱེད་པའི་ཚིག་དེའི་དོན་ཏག་ཏག་སྟོན་གྱི་ཡོད། དེ་ཡང་ང་ཚོའི་སེམས་ཀྱི་ཞི་བདེ་བརླག་པར་བྱེད་པ་དང་རང་ཚུགས་ཤོར་གྱི་ཡོད། དེ་ནི་སེམས་ཀྱི་གནས་བབས་བདེ་སྐྱིད་དང་ལྡན་པ་ཞིག་མིན། རེད་དམ། “ང་རང་བློ་དོགས་ཅན་ཆགས་པ་དང་སྐྲག་སྣང་སྐྱེས་ནས་དུག་སྦྲང་གཞན་ཞིག་སླེབ་རྒྱུ་ཡིན་པ་དང་། དེས་ངའི་གཉིད་དཀྲོག་ངེས་རེད་” ཅེས་བསམ་གྱི་ཡོད། ཁྱེད་རང་སྐྲག་སྣང་སྐྱེ་བའི་རྒྱུ་མཚན་གྱིས་སེམས་ཀྱི་ཞི་བདེ་མེད་པ་དང་དལ་ལྷོད་ངང་གཉིད་ཁུག་ཐུབ་པའི་རང་ཚུགས་དེ་མེད་པ་རེད། ཁྱེད་ཀྱི་བྱ་སྤྱོད་སྤེལ་ཚུལ་དེ་ནི་དབང་རྩ་འཁྲུགས་པའི་ངང་ངམ་ཤུགས་དེ་ཡིན། དེ་ནི་ཁྱེད་རང་ཉལ་ཁྲིའི་སྒང་ནས་ཡར་མཆོངས་ཏེ། ཨིན་ཇི་རྣམས་ཨ་ཧྥི་རི་ཀར་ཁྱི་ར་ཡུལ་སྐོར་འགྲོ་བའི་སྐབས་སུ་གྱོན་སྲོལ་ཡོད་པའི་རྩི་ཞྭ་སྙི་མོ་དེ་གྱོན་པ་འདྲ་པོ་ཡོད། ཁྱེད་རང་ཁྱི་ར་ཡུལ་སྐོར་ལ་འགྲོ་བཞིན་ཡོད་པ་དང་རང་གི་ཉལ་ཁང་དུ་དུག་སྦྲང་གཞན་ཞིག་ཡོད་མེད་འཚོལ་བཞིན་པ་ལྟ་བུ་རེད།
 
དེ་ནི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ཀྱི་རིམ་པ་དང་པོ་སྟེ། བཟང་སྤྱོད་ཀྱི་རང་ཚུགས་ལག་བསྟར་བྱེད་པའི་སྒོ་ནས་ངན་སོང་དུ་སྐྱེ་བ་ལས་ཐར་ཐབས་བྱེད་པ་དེ་རེད། དེ་ལ་བརྟེན་ནས་ང་ཚོས་མི་དགེ་བའི་ལས་བྱེད་འདོད་སྐྱེ་བའི་སྐབས། ང་ཚོས་བྱེད་ཀྱི་མེད།

སྒོམ་ཐུན་མཇུག་སྒྲིལ་བ།

ད་ང་ཚོས་དཔྱད་སྒོམ་གྱི་སྒོ་ནས་རང་གི་ཉམས་མྱོང་ལ་བརྟེན་ནས་བསམ་བློ་བཏང་སྟེ། ང་ཚོས་ད་བར་གང་སྦྱངས་ཡོད་པ་རྣམས་སེམས་ལ་ངེས་པའི་ཕྱིར་དུས་ཚོད་ཏོག་ཙམ་ཞིག་གཏོང་རྒྱུ་ཡིན། དཔྱད་སྒོམ་ལ་ཨིན་སྐད་ནང་ (analytical meditation) ཞེས་བསྒྱུར་ཡོད་ཀྱང་། ངོས་རང་ནས་ (discerning meditation) ཞེས་བརྗོད་རྒྱུ་དགའ་འདེམས་བྱེད་ཀྱི་ཡོད། ཨིན་ཚིག་ (discern) ཞེས་པའི་དོན་ནི། ང་ཚོའི་མི་ཚེའི་ནང་གནད་དོན་འགའ་ཞིག་ཆོས་ཀྱི་ནང་ལྟ་ཐབས་བྱེད་པ་དེ་རེད། འདིར་ང་ཚོས་སོ་སོའི་མི་ཚེར་བརྟག་དཔྱད་བྱེད་པ་དང་། ངས་གནོད་བྱེད་མི་དགེ་བའི་ལས་བརྩམས་པའི་སྐབས། དེ་ནི་ཧ་ཅང་ངང་ངམ་ཤུགས་ཀྱིས་བྱེད་ཀྱི་ཡོད་པ་དེ་ངོས་འཛིན་ཐབས་བྱེད་དགོས། དེའི་རྒྱབ་ལ་འདོད་ཆགས་དང་ཁོང་ཁྲོ་ཧ་ཅང་ཤུགས་ཆེན་པོ་ཡོད། དེའི་འབྲས་བུ་གང་རེད་དམ། ང་རང་གང་འཚམས་ཀྱི་གདུང་བས་མནར་སོང་། ང་ཚོས་གནད་དོན་དེ་ལ་ལེགས་ཉེས་ཀྱི་ཞིབ་དཔྱོད་བྱེད་པའི་སྒོ་ནས་རང་གི་ཉམས་མྱོང་ཐོག་ནས་ངེས་བརྟན་བཟོ་དགོས་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་དེ་དངོས་གནས་བདེན་པ་ཡིན་པར་ཡིད་ཆེས་ཤུགས་ཆེར་རྙེད་ཡོད། དད་པའམ་ཡིད་ཆེས་དེ་ཁོ་ནར་བརྟེན་ནས་འདི་ནི་ “མི་ཚེའི་བདེན་དོན་ཞིག་” ཡིན་པ་དང་། ང་ཚོས་སོ་སོའི་སྤྱོད་ལམ་འགྱུར་བ་གཏོང་རྒྱུ་དངོས་སུ་འགོ་འཛུགས་བྱེད་ཀྱི་རེད།།

Top