ཡང་སྲིད་ཟེར་བ་དེ་ག་རེ་ཡིན་ནམ།

རྒྱ་གར་གྱི་ཆོས་ལུགས་གཞན་དག་དང་འདྲ་བར། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་སྐྱེ་བ་ཕྱི་མའམ། ཡང་ན་ཡང་སྲིད་ཡོད་པ་བདེན་པ་དག་སྐྱེལ་བྱེད་ཀྱི་ཡོད། གང་ཟག་ཞིག་གི་སེམས་རྒྱུན་དང་། དེའི་བག་ཆགས། རིག་རྩལ་ལ་སོགས་པ་སྐྱེ་བ་སྔ་མ་ལས་བྱུང་བ་དང་སྐྱེ་བ་ཕྱི་མར་འགྲོ་གི་ཡོད། གང་ཟག་སོ་སོའི་བྱ་སྤྱོད་དང་དེ་དག་གིས་རྐྱེན་བྱས་པའི་བསམ་བློའི་སྟེང་གི་བག་ཆགས་ལ་བརྟེན་ནས། སྐྱེ་བ་ཕྱི་མར་འགྲོ་བ་མི་དང་། དུད་འགྲོ། འབུ་སྲིན། ཐ་ན་ཡི་དྭགས་དང་མཐོང་མི་ཐུབ་པའི་སྐྱེ་བ་བཟང་ངན་སྣ་ཚོགས་པ་ལེན་སྲིད། སེམས་ཅན་ཐམས་ཅད་འདོད་ཆགས་དང་། ཁོང་ཁྲོ། གཏི་མུག་སོགས་ཉོན་མོངས་པ་དང་། དེ་དག་གིས་རྐྱེན་སློང་བྱས་པའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་ཤུགས་ལ་བརྟེན་ནས་རང་དབང་མེད་པར་ཡང་ནས་ཡང་དུ་སྐྱེ་བ་མྱོང་གི་ཡོད། གལ་སྲིད་མི་ཞིག་རང་གི་སྔོན་མའི་སྤྱོད་ལམ་གྱི་འགྲོས་དང་གནོད་བྱེད་མི་དགེ་བའི་ལས་ཀྱི་དབང་ལས་བྱུང་བའི་སེམས་ནང་གི་སྐུལ་སློང་ངན་པའི་རིགས་ཀྱི་རྗེས་སུ་འབྲང་བ་ཡིན་ན། དེའི་འབྲས་བུར་སྡུག་བསྔལ་དང་མི་སྐྱིད་པ་མྱོང་གི་རེད། ཕྱོགས་གཞན་ཞིག་ནས། གལ་སྲིད་མི་ཞིག་དགེ་བའི་ལས་ལ་འཇུག་པ་ཡིན་ན། དེའི་འབྲས་བུར་བདེ་སྐྱིད་མྱོང་གི་ཡོད། དེ་འདྲ་སོང་ཙང་། གང་ཟག་སྒེར་སོ་སོའི་སྐྱེ་བ་རིམ་པར་བརྒྱུད་པའི་ནང་གི་བདེ་སྡུག་གང་ཡོང་བ་དེ་ལེགས་སྐྱེས་ཤིག་གམ། ཡང་ན་ཉེས་ཆད་ཅིག་མ་ཡིན་པར། སྤྱོད་ལམ་གྱི་རྒྱུ་འབྲས་རྣམ་གཞག་ལྟར་ན། དེ་ནི་གང་ཟག་དེའི་སྐྱེ་བ་སྔ་མའི་ལས་ཀྱིས་བཟོས་པ་ཞིག་ཡིན།

ང་ཚོས་སྐྱེ་བ་སྔ་ཕྱི་ཇི་ལྟར་ཤེས་ཐུབ་བམ།

ང་ཚོས་ཁུངས་ཐུབ་པའི་ཐོག་གནད་དོན་གང་ཞིག་བདེན་པ་ཡིན་པ་ཇི་ལྟར་ཤེས་སམ། ནང་པའི་ཆོས་ཀྱི་ཐོག་ནས་བཤད་ན། ཆོས་རྣམས་ཐབས་ལམ་གཉིས་ཀྱི་སྒོ་ནས་ཁུངས་ཐུབ་ཐོག་ཤེས་ཐུབ། དེ་ཡང་མངོན་སུམ་ཚད་མའི་སྒོ་ནས་ཤེས་ཐུབ་པ་དང་རྗེས་དཔག་གི་སྒོ་ནས་ཤེས་ཐུབ་པ་གཉིས་ཡིན། བརྟག་དཔྱད་ཁང་ཞིག་ལ་ཚོད་ལྟའི་བརྟག་དཔྱད་བྱེད་ན། ང་ཚོས་མངོན་སུམ་གྱི་སྒོ་ནས་དངོས་པོ་གང་ཞིག་ཡོད་པར་ཁུངས་ཐུབ་བཟོ་ཐུབ། དཔེ་ཆ་བཞག་ན། ཕྲ་མཐོང་ཆེ་ཤེལ་བརྒྱུད་ནས་ང་ཚོས་བལྟས་པ་ཡིན་ན། ང་ཚོས་རང་གི་དབང་ཤེས་བརྒྱུད་ནས་མཚོ་ཆུ་ཐིགས་པ་གཅིག་གི་ནང་དུ་སྐྱེ་དངོས་ཕྲ་རབ་མང་པོ་ཡོད་པ་དེ་བདེན་པ་ཡིན་པ་ཤེས་ཀྱི་ཡོད།

འོན་ཀྱང་གནད་དོན་འགའ་ཤས་ང་ཚོས་མངོན་སུམ་ཚད་མ་བརྒྱུད་ནས་ཤེས་ཐུབ་ཀྱི་མེད། དེའི་སྐབས་སུ་ང་ཚོས་ངེས་པར་དུ་རིགས་པ་དང་། རྒྱུ་མཚན། རྗེས་དཔག་ལ་བརྟེན་དགོས། དཔེར་ན། ཁབ་ལེན་གྱི་རང་གཤིས་དངོས་སུ་ཡོད་པ་རྡོ་ཁབ་ལེན་ཞིག་གི་ཉེ་འགྲམ་དུ་ཡོད་པའི་ལྕགས་ཀྱི་ཁབ་ཅིག་གི་གཡོ་འགུལ་ལ་བརྟེན་ནས་རྗེས་སུ་དཔག་ཐུབ་པ་ལྟ་བུ་རེད། སྐྱེ་བ་སྔ་ཕྱི་ནི་ང་ཚོའི་མངོན་སུམ་ཚད་མའི་དབང་ཤེས་ཀྱི་ཐབས་ལ་བརྟེན་ནས་བདེན་པ་ཁུངས་སྐྱེལ་བྱ་རྒྱུ་དཔེ་ཁག་པོ་ཡོད། འོན་ཀྱང་སྐྱེ་བ་སྔོན་མ་དྲན་མཁན་མི་མང་པོ་ཡོད་ལ། ཁོ་ཚོས་རང་གི་སྐྱེ་བ་སྔ་མའི་ནང་བེད་སྤྱོད་བྱས་པའི་ཅ་དངོས་དང། ཡང་ན་སྔར་ངོ་ཤེས་པའི་མི་ངོ་རྟགས་ཆོད་ཐུབ་མཁན་གྱི་དཔེ་མཚོན་མང་པོ་ཡོད། དེའི་ཐོག་ནས་ང་ཚོས་སྐྱེ་བ་སྔ་ཕྱི་ཡོད་པ་རྗེས་སུ་དཔོག་ཐུབ་ཀྱང། མི་འགའ་ཤས་ཀྱི་མཇུག་སྡོམ་དེ་འདྲ་ལ་ཐེ་ཚོམ་དང་དེ་གཡོ་བྱུས་ཤིག་ཡིན་པའི་དྭོགས་གཞི་སྐྱེ་སྲིད་པ་རེད།

སྐྱེ་བ་སྔ་མ་དྲན་པའི་ལོ་རྒྱུས་དེ་དག་ཟུར་དུ་བཞག་ནས། ང་ཚོས་སྐྱེ་བ་སྔ་ཕྱི་རྟོགས་པར་རྒྱུ་མཚན་རིགས་པ་ལ་བརྟེན་ནས་བཤད་ཆོག་པ་ཡིན། ༸གོང་ས་མཆོག་གིས། གལ་སྲིད་གནད་དོན་འགའ་ཤས་དངོས་དོན་དང་མ་མཐུན་ན། ཁོང་གིས་དེ་དག་ནང་ཆོས་ནས་འདོར་རྒྱུར་ཐུགས་འདོད་ཡོད་གསུངས་གནང་ཡོད། དེ་སྐྱེ་བ་སྔ་ཕྱིའི་སྐོར་ལའང་གསུང་གི་ཡོད། དོན་དངོས་ཐོག་ྋགོང་ས་མཆོག་གིས་གསུང་དེ་ཐོག་མར་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་ཐོག་ལ་གསུངས་གནང་ཡོད། གལ་སྲིད་ཚན་རིག་པ་ཚོས་སྐྱེ་བ་སྔ་ཕྱི་མེད་པ་ཁུངས་སྐྱེལ་བྱེད་ཐུབ་པ་ཡིན་ན། དེ་ནས་ང་ཚོས་སྐྱེ་བ་སྔ་ཕྱི་བདེན་པ་ཡིན་པའི་ཡིད་ཆེས་དེ་ངེས་པར་དུ་འདོར་དགོས། འོན་ཀྱང་གལ་སྲིད་ཚན་རིག་པ་ཚོས་དེ་བདེན་པ་མིན་པ་ཁུངས་སྐྱེལ་བྱེད་མ་ཐུབ་ན། སྐྱེ་བ་སྔ་ཕྱི་ཡོད་མེད་ངེས་པར་དུ་ཞིབ་འཇུག་བྱེད་དགོས། གང་ཡིན་ཟེར་ན། ཚན་རིག་པ་ཚོས་རིགས་པ་དང་ཚན་རིག་གི་ཐབས་ལམ་ཁག་གི་རྗེས་སུ་འབྲང་གི་ཡོད་པ་དང་། གནད་དོན་གསར་པ་ཤེས་རྟོགས་ལ་གུ་ཡངས་ཀྱི་འདུན་པ་ཡོད། སྐྱེ་བ་སྔ་ཕྱི་མེད་པ་ཁུངས་སྐྱེལ་བྱེད་པ་ལ། ཁོ་ཚོས་མེད་པའི་མེད་ཚུལ་དེ་འཚོལ་དགོས་ཀྱི་ཡོད། “སྐྱེ་བ་སྔ་ཕྱི་མེད། གང་ཡིན་ཟེར་ན། དེ་ངས་མིག་གིས་མཐོང་གི་མི་འདུག་” ཅེས་ཟེར་བ་ཙམ་གྱིས་སྐྱེ་བ་སྔ་ཕྱི་མེད་པ་རྙེད་པ་ཞིག་མ་ཡིན། དངོས་པོ་མང་པོ་ཞིག་དངོས་སུ་ཡོད་ཀྱང་། ང་ཚོའི་མིག་གིས་མཐོང་ཐུབ་ཀྱི་མེད། དཔེར་ན། ཁབ་ལེན་གྱི་རང་གཤིས་ (magnetism) དང་གོ་ལའི་འཐེན་ཤུགས་ (gravity) ལྟ་བུ་རེད།

བརྙན་པར། མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་ ༢། “སྐྱེ་བ་ཕྱི་མ་ཟེར་བ་དེ་གང་རེད་དམ།”

སྐྱེ་བ་སྔ་ཕྱི་ཡོད་མེད་ཞིབ་འཇུག་བྱེད་པའི་རིགས་ལམ།

གལ་སྲིད་ཚན་རིག་པ་ཚོས་སྐྱེ་བ་སྔ་ཕྱི་མེད་ཚུལ་ཁུངས་སྐྱེལ་བྱེད་མ་ཐུབ་པ་ཡིན་ན། དེ་ནས་དེས་སྐྱེ་བ་ཕྱི་མ་དོན་དངོས་ཐོག་ཡོད་པ་གཞིར་བཞག་ནས་ཁོ་ཚོས་ཞིབ་འཇུག་བྱེད་ན་ཕན་ཐོགས་ཡོད། ཚན་རིག་གི་ཐབས་ལམ་ནི་གཅེས་བསྡུས་བྱས་པའི་དཔྱད་གཞི་ངེས་ཅན་ལ་གཞི་བཞག་ནས་ལྟ་གྲུབ་ཀྱི་རྣམ་གཞག་ཅིག་ལ་བདེན་དཔང་གི་གཞི་རྟེན་དུ་བྱས་ནས་དེ་ཁུངས་ཐུབ་ཡིན་མིན་ཞིབ་འཇུག་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་། ང་ཚོས་དཔྱད་གཞི་ལ་བལྟ་གི་ཡོད། དཔེ་ཆ་བཞག་ན། ང་ཚོས་ཕྲུ་གུ་མ་འབྱར་རྣམས་ཐོག་མར་སྐྱེས་དུས་སྒྲ་སྡུད་འཁོར་ཐག་སྟོང་པ་འདྲ་པོ་ཞིག་མིན་པར། ཁོང་ཚོར་ཐ་ན་ཆུང་ཆུང་ཡིན་པའི་སྐབས་ནས་གོམས་གཤིས་དང་གཤིས་ཀའི་ཁྱད་ཆོས་སོགས་ལ་དོ་སྣང་བྱེད་ཐུབ་ཀྱི་ཡོད། དེ་དག་གང་ནས་བྱུང་བ་ཡིན་ནམ།

དེ་ཚོ་སྐྱེ་བ་སྔོན་མ་ནས་བརྒྱུད་པའི་ཕྲུ་གུ་ཚོའི་ཕ་མའི་ལུས་ཀྱི་ཁུ་ཁྲག་གམ་ཕ་ཡི་ས་བོན་དང་མ་ཡི་སྒོ་ང་གཉིས་འདུས་པ་ཙམ་ལས་བྱུང་བ་རེད་ཟེར་ན་རྒྱུ་མཚན་ལྡན་པ་ཞིག་མ་རེད། ཕའི་ས་བོན་དང་མའི་སྒོ་ང་ཆ་ཚང་རེ་རེ་མཉམ་དུ་འདུས་ཏེ་མངལ་དུ་བཞག་ནས་སྦྲུམ་སྲིང་དུ་སྐྱེ་འཕེལ་བྱེད་ཀྱི་མེད། དེ་དག་ཕྲུ་གུ་ཆགས་པ་དང་མ་ཆགས་པའི་དབར་གྱི་ཁྱད་པར་བཟོ་མཁན་དེ་གང་ཡིན་ནམ། བྱིས་པའི་གཤིས་ལུགས་དང་ལྷན་སྐྱེས་ཀྱི་རིག་པ་འདྲ་མིན་ཡོད་པ་བཟོ་མཁན་གྱི་རྐྱེན་དངོས་དེ་གང་ཡིན་ནམ། ང་ཚོས་དེ་ནི་ཌི་ཨེན་ཨེ་ (DNA) དང་རིགས་རྫས་ (genes) རེད་ཅེས་བཤད་ཆོག འདི་ནི་ལུས་ཀྱི་ཕྱོགས་ནས་བཤད་ཀྱི་ཡོད། མི་སུ་གཅིག་གིས་ཀྱང་འདི་ནི་བྱིས་པ་ཞིག་གི་ལུས་ཀྱི་རྣམ་པའི་ཆ་ནས་གང་འདྲ་ཆགས་ཀྱི་ཡོད་མེད་ཡིན་པ་ཁས་མི་ལེན་པ་མི་བྱེད། དེ་འདྲ་ཡིན་ནའང་། ཉམས་མྱོང་གི་ཕྱོགས་ནས་བཤད་ན། དེ་གང་འདྲ་ཡིན་ནམ། ང་ཚོས་སེམས་ལ་འགྲེལ་བརྗོད་གང་འདྲ་བྱེད་དམ།

དབྱིན་སྐད་ཀྱི་ཐ་སྙད་ “mind” ཟེར་བ་དེ་ལེགས་སྦྱར་དང་བོད་སྐད་ཀྱི་ཐ་སྙད་དང་གཅིག་པ་བསྒྱུར་དགོས་ཀྱང་དེ་ལྟར་བསྒྱུར་མེད། སེམས་ཀྱི་གོ་དོན་དེ་སྐད་ཀྱི་འབྱུང་གཞི་ངོ་མ་ལྟར་བྱེད་ན། སེམས་ཀྱི་བྱེད་ལས་སམ་སེམས་ཀྱི་བྱུང་བ་ལ་གོ་གི་ཡོད་པ་ལས། ལས་ཀ་དེ་དག་བྱེད་མཁན་ཞིག་ལ་གོ་བ་མ་ཡིན། བྱེད་ལས་ཡང་ན་བྱུང་བ་ནི་རྟོག་པའི་སྒོ་ནས་བྱུང་བའི་བསམ་བློ་དང་། མཐོང་ཆ། སྒྲ། སེམས་ཚོར། ཚོར་བ་ལ་སོགས་པ་ཡིན་ཞིང་། དེ་དག་ལ་རྟོག་པ་ཞུགས་པའི་སྐབས་སུ། མཐོང་བ། གོ་བ། ཤེ་པ། ཐ་ན་མི་ཤེས་པ་ལ་སོགས་པའང་ཡོང་གི་ཡོད་པ་རེད།

འདི་ལྟ་བུའི་རང་སོ་སོའི་རྟོག་པའི་ཡུལ་ལ་ཤར་བ་དང་ཞུགས་པའི་སེམས་ཀྱི་བྱེད་ལས་དེ་གང་ནས་ཡོང་བ་ཡིན་ནམ། འདིར་ང་ཚོས་ལུས་པོ་གང་ནས་ཡོང་བ་ཡིན་པའི་སྐོར་བཤད་ཀྱི་མེད། དེ་ནི་ཕ་མ་གཉིས་ལ་བརྟེན་ནས་བྱུང་ཡོད་པ་དེ་གསལ་པོ་རེད། ང་ཚོས་རྣམ་དཔྱོད་ལ་སོགས་པའི་སྐོར་བཤད་ཀྱི་མེད། གང་ཡིན་ཟེར་ན། དེ་ལ་ང་ཚོས་ཡང་རིགས་རྒྱུན་གྱི་རྫས་ལ་གཞིར་བྱས་པའི་རྒྱུ་མཚན་དྲངས་ན་འགྲིག་གི་ཡོད། ཡིན་ནའང་། མི་ཞིག་གིས་མངར་ཆ་ལས་གྲུབ་པའི་འཁྱགས་པ་བྱེ་རིལ་ལ་དགའ་མོས་ཡོད་པ་དེ་མིའི་རིགས་རྫས་ལས་བྱུང་བ་རེད་ཟེར་ན། དེ་ནི་ཧ་ཅང་ཐལ་དྲགས་པ་རེད།

ང་ཚོས་འགའ་ཞེན་དང་དབྱིངས་ཡོད་པའི་ཆ་འགའ་ཤས་ང་ཚོའི་ནང་མིའི་ཤུགས་རྐྱེན་དང་། ཡང་ན་དཔལ་འབྱོར་དང་གནས་ཡུལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་བརྟེན་ནས་བྱུང་བ་རེད་ཟེར་ཆོག་གི་ཡོད། དེ་དག་གིས་ཤུགས་རྐྱེན་ཡོད་པ་ནི་ངེས་པ་རེད། འོན་ཀྱང་ང་ཚོས་གང་བྱེད་ཀྱི་ཡོད་པ་ཚང་མ་དེ་ལྟར་ཡིན་པའི་འགྲེལ་བརྗོད་བྱེད་ཁག་པོ་ཡོད། དཔེར་ན། རང་ཉིད་ལ་མཚོན་ན། ང་རང་ཆུང་དུས་ནས་ཡོ་གའི་ལུས་སྦྱོང་ལ་དོ་སྣང་སླེབས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ངའི་ནང་མི་དང་ཉེ་འཁོར་གྱི་སྤྱི་ཚོགས་ནང་དེ་ལྟར་དོ་སྣང་བྱེད་མཁན་གཅིག་ཀྱང་མེད། ང་གནས་སའི་ས་ཆ་དེར་དེབ་འགའ་ཤས་ཀློག་རྒྱུ་ཡོད་པས། ཁྱེད་ཀྱིས་སྤྱི་ཚོགས་ཀྱིས་ང་ལ་ཤུགས་རྐྱེན་ཏོག་ཙམ་ཐེབས་ཡོད་ཟེར་ན་འགྲིག། འོན་ཀྱང་ངས་ཡོ་གའི་རིགས་མང་པོ་ནང་ནས་ཧ་ཐཱ་ཡོ་ག་ཞེས་པ་དེའི་སྐོར་གྱི་དེབ་ལ་དམིགས་བསལ་གྱིས་དོ་སྣང་སླེབས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ངས་དེབ་དེ་བླངས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་ནི་དྲི་བ་གཞན་ཞིག་རེད། གནས་ཚུལ་གང་བྱུང་བ་རྣམས་སྟེས་དབང་གིས་བྱུང་ནས་རླུང་རྟས་གཞོགས་འདེགས་བྱས་པ་རེད་དམ། ཡང་ན་གང་བྱུང་བ་ཐམས་ཅད་འགྲེལ་བཤད་རྒྱག་ཐུབ་པ་ཞིག་རེད།

ང་ཚོའི་སེམས་ཀྱི་བྱེད་ལས་ག་ནས་ཡོང་གི་ཡོད་དམ།

གོང་གི་གནད་དོན་དེ་དག་ཚང་མ་ཟུར་ལ་བཞག་ནས་ང་ཚོས་དྲི་བ་གཙོ་བོར་ཕྱིར་ལྟས་ཤིག་བྱེད་ན། དེ་དག་གི་ནང་དུ་ཡོད་པའི་ཤེས་པའི་ཡུལ་འཆར་ཚུལ་དང་དེ་ལ་འཇུག་ཚུལ་གྱི་སེམས་ཀྱི་བྱེད་ལས་དེ་ག་ནས་ཡོང་གི་ཡོད་དམ། འདི་ལྟ་བུ་རྟོགས་པའི་ནུས་པ་དེ་གང་ནས་ཡོང་གི་ཡོད་དམ། མི་ཚེའི་འབྱུང་རྐྱེན་དེ་ག་ནས་ཡོང་གི་ཡོད་དམ། ཕའི་ས་བོན་དང་མ་ཡི་སྒོ་ང་རེ་རེ་མཉམ་འདུས་ཀྱིས་ཚེ་སྲོག་དངོས་གང་ལ་བརྟེན་ནས་བཟོས་པ་ཡིན་ནམ། འགྲོ་བ་མི་ཞིག་ཆགས་པ་གང་ལ་བརྟེན་དགོས་སམ། ཀླད་པའི་ནང་རྫས་དང་གློག་གི་བྱེད་ལས་ཀྱི་མྱོང་བའི་ཕྱོགས་ཡིན་པའི་རྣམ་རྟོག་ཁག་དང་མཐོང་ཆ་ཁག་འབྱུང་བར་བྱེད་པ་དང། དེ་དག་ལ་ཤེས་པ་འཇུག་པའི་རྒྱུ་གང་གིས་བྱེད་ཀྱི་ཡོད་དམ།

བྱིས་པའི་སེམས་ནང་གི་བྱེད་ལས་དེ་ཕ་མ་གཉིས་ལ་བརྟེན་ནས་བྱུང་བ་རེད་ཅེས་ཤོད་ཡག་ཁག་པོ་རེད། གལ་སྲིད་དེ་ལྟར་ཡིན་ན། དེ་ཕ་མ་ལ་བརྟེན་ནས་གང་འདྲ་འབྱུང་གི་ཡོད་དམ། དེར་ཆ་ལག་གྲུབ་ཚུལ་ཐེ་གཏོགས་ཡོད་དགོས་པ་ཞིག་དགོས། ཅ་དངོས་ལ་དྲན་ཤེས་ཐུབ་པའི་ཁྱད་ཆོས་ལྡན་པའི་ཚེ་སྲོག་གི་མེ་སྟག་དེ་ཕའི་ས་བོན་དང་མ་ཡི་སྒོ་ང་གཉིས་ཀྱིས་བྱས་པ་ལྟར་ཕ་མ་གཉིས་ནས་བྱུང་བ་ཡིན་ནམ། དེ་འཁྲིག་སྦྱོར་གྱི་ཚོར་བ་མཐར་ཐུག་ལས་བྱུང་བ་ཡིན་ནམ། ཁམས་དམར་འདོན་ཚུལ་དབང་གིས་ཡིན་ནམ། དེ་ཕའི་ས་བོན་ནང་དུ་ཡོད་དམ། ཡང་ན་མ་ཡི་སྒོ་ངའི་ནང་ཡོད། གལ་སྲིད་ང་ཚོས་རྒྱུ་མཚན་རིགས་པ་དང་དང་ཚན་རིག་གི་ལམ་ནས་དེ་ཕ་མ་གཉིས་ལ་བརྟེན་ནས་བྱུང་པའི་བརྡ་སྟོན་གསལ་པོ་ཞིག་མཁོ་སྤྲོད་བྱེད་མི་ཐུབ་པ་ཡིན་ན། དེ་ནས་ང་ཚོས་ཐབས་ལམ་གཞན་ཞིག་འཚོལ་དགོས།

རྒྱུ་མཚན་རིགས་པ་གཅིག་པུའི་ཐོག་ནས་བལྟས་པ་ཡིན་ན། དོན་བྱེད་ནུས་པའི་ཆོས་ ༼དངོས་པོ་༽ ཚང་མ་དེ་དག་སོ་སོའི་རྒྱུན་ལ་བརྟེན་ནས་ཡོང་གི་ཡོད་པ་ང་ཚོས་མཐོང་གི་ཡོད། དེ་ཡང་རིགས་མཐུན་པའི་ཆོས་གང་ཞིག་གི་སྐད་ཅིག་སྔ་མའི་རྒྱུན་ནས་ཡོང་གི་ཡོད། དཔེར་ན། བེམ་པོ་དང་ནུས་ཤུགས་གང་ཡང་རུང་བ་ནི་དེའི་སྐད་ཅིག་སྔ་མའི་རྒྱུན་གྱི་དངོས་པོ་ཡང་ན་ནུས་པ་ལ་བརྟེན་ནས་ཡོང་གི་ཡོད་པ་ལྟ་བུ་རེད། དེ་ནི་བར་མི་ཆད་པའི་རྒྱུན་ཞིག་རེད།

ང་ཚོས་ཁོང་ཁྲོ་ལྟ་བུར་དཔེ་བཞག་པ་ཡིན་ན། ང་ཚོས་རླུང་ལངས་པའི་སྐབས་ལུས་ཀྱི་ནུས་ཤུགས་ཚོར་སྟངས་སྐོར་ལ་སྐད་ཆ་ཤོད་ཐུབ་པ་དེ་གཅིག་རེད། ཡིན་ནའང་། ཁོང་ཁྲོ་མྱོང་བའི་སེམས་ཀྱི་བྱེད་ལས་ནི། སེམས་ཚོར་བྱུང་བ་དང་། དེ་ལ་དྲན་ཤེས་དང་ལྡན་པའམ། ཡང་ན་དྲན་ཤེས་མེད་པ་མྱོང་བ་ལྟ་བུ་ལ་བསམ་བློ་ཞིག་གཏོང་དགོས། ཁོང་ཁྲོ་མྱོང་བ་བྱེད་མཁན་གྱི་གང་ཟག་ཅིག་ལ་དེ་རང་གི་སྐད་ཅིག་སྔོན་མའི་རྒྱུན་ཞིག་ཚེ་འདིའི་ནང་དུ་ཡོད་པ་རེད། འོན་ཀྱང་དེའི་སྔོན་ལ་དེ་གང་ནས་བྱུང་བ་ཡིན་ནམ། དེ་ནི་ཡང་ན་ཕ་མ་གཉིས་ལ་བརྟེན་ནས་བྱུང་དགོས་ཟེར་ན། དེ་ཇི་ལྟར་བྱུང་བར་ཐབས་ལམ་ཞིག་འགྲེལ་རྒྱུ་མེད་པ་འདྲ་པོ་རེད། ཡང་མིན་ན་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ནས་བྱུང་དགོས། མི་འགའ་ཤས་ལ། ནུས་མཐུ་ཀུན་ལྡན་གྱི་དཀོན་མཆོག་གིས་བཟོས་པ་རེད་ཟེར་བའི་འགྲེལ་བརྗོད་ལ་རིགས་པའི་ཆ་ནས་འགལ་འདུའི་སྐྱོན་ཞིག་ཡོད། དཀའ་རྙོག་དེ་དག་སེལ་བའི་ཆེད་དུ། གདམ་ཀ་གཞན་ཡོད་པ་དེ་ནི་གང་ཟག་གང་རུང་ཞིག་གི་ཁོང་ཁྲོའི་སྐད་ཅིག་དང་པོ་དེ་ནི་དེ་རང་གི་ཐོག་མའི་རྒྱུན་ཞིག་ནས་ཡོང་བ་རེད། སྐྱེ་བ་སྔ་ཕྱིའི་རྣམ་གཞག་གིས་འདིའི་སྐོར་ལ་འབྲེལ་བརྗོད་བྱེད་ཀྱི་ཡོད།

གློག་བརྙན་ཞིག་དང་མཚུངས་བསྡུར།

ང་ཚོས་གློག་བརྙན་ཞིག་ལ་མཚུངས་བསྡུར་བྱས་ནས་སྐྱེ་བ་སྔ་ཕྱི་ཤེས་ཐབས་བྱེད་ཆོག གློག་བརྙན་ནི་གཞི་པར་མང་པོ་ཡོད་པའི་སྤྱིན་ཤོག་གི་རྒྱུན་ལ་བརྟེན་ནས་བྱུང་བ་ནང་བཞིན་ང་ཚོའི་སེམས་ཀྱི་རྒྱུན་དེ་ཡང་ཚེ་གཅིག་གི་ནང་དང་། ཡང་ན་ཚེ་གཅིག་ནས་སྐྱེ་བ་ཕྱི་མའི་སྐད་ཅིག་རེ་རེར་རྟག་ཏུ་འགྱུར་བ་འགྲོ་བཞིན་པའི་དྲན་ཤེས་ཀྱི་རྒྱུན་ཞིག་ཡིན་པ་ལས། རང་ཚུགས་ཐུབ་ཅིང་རྡོག་རྡོག་དང་རྙེད་རྒྱུ་ཡོད་པའི་ངོ་བོའི་རང་བཞིན་གྱི་ “ང་” དང་ “ངའི་སེམས་” ཟེར་བ་ཞིག་སྐྱེ་བ་ལེན་མཁན་མེད། སྐྱེ་བ་ཕྱི་མ་ནི་དངོས་པོ་འོར་འདྲེན་བྱེད་ཆས་སྒང་ལ་བཞུགས་པའི་སྐུ་འདྲ་ཆུང་ཆུང་ཞིག་དང་མཚུངས་པའི་སྐྱེ་བ་གཅིག་ནས་སྐྱེ་བ་གཞན་ཞིག་ལ་འགྲོ་བ་ལྟར་མ་ཡིན་པར། དེ་ལས་ལྡོག་སྟེ། དེ་ནི་གློག་བརྙན་ཞིག་དང་འདྲ་བ་རྒྱུན་མི་ཆད་པར་འགྱུར་བ་འགྲོ་གི་ཡོད། དེའི་གཞི་པར་རེ་རེ་མི་འདྲ་བ་རེད། འོན་ཀྱང་འདིའི་ནང་ལ་རྒྱུན་ཞིག་ཡོད། གཞི་པར་གཅིག་གཞི་པར་རྗེས་མ་དང་འབྲེལ་བ་ཡོད། དེ་ག་ནང་བཞིན་སྐད་ཅིག་འགའ་ཤས་དྲན་ཤེས་མེད་པའི་དབང་དུ་བཏང་ན་ཡང་། དེར་རྒྱུན་མི་ཆད་པར་སྐད་ཅིག་རེ་རེ་འགྱུར་བ་འགྲོ་བཞིན་པའི་དྲན་ཤེས་ཀྱི་རྒྱུན་ཞིག་ཡོད། དེར་མ་ཟད། ཚང་མ་གློག་བརྙན་ཡིན་ཡང་གློག་བརྙན་ཚང་མ་ནང་དོན་གཅིག་པ་མིན་པ་བཞིན། དེ་དང་ཕྱོགས་མཚུངས་སེམས་རྒྱུན་ཚང་མ་ཡང་ན་ “སེམས་” ཚང་མ་སེམས་གཅིག་མ་རེད། དེ་ལ་གྲངས་ཀྱིས་མི་ལངས་པའི་ཤེས་པའི་རྒྱུན་རང་སོ་སོ་ཡོད་པ་དང་། དེ་དག་རེ་རེ་ལ་ “ང་” ཞེས་རང་རང་སོ་སོའི་མཐོང་ཕྱོགས་ཆ་ནས་མིང་འདོགས་ཆོག་པ་ཡིན།

བརྙན་པར། བྱ་རོག་བླ་མ། “ནང་ཆོས་ནང་གི་སྐྱེ་བ་སྔ་ཕྱི།” 

རྒྱུ་མཚན་རིགས་པ་འདི་དག་ལ་བརྟེན་ནས་ང་ཚོས་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་དྲི་བའི་ཐོག་ལ་ཞིབ་འཇུག་བྱ་རྒྱུ་འགོ་བཙུག་དགོས། གལ་སྲིད་ལྟ་བའི་རྣམ་གཞག་ཞིག་རིགས་པ་དང་མཐུན་པའི་དོན་སྟོན་གྱི་ཡོད་ན། དེ་ནས་ང་ཚོས་སྐྱེ་བ་སྔ་མ་དྲན་མཁན་གྱི་མི་ཚོའི་ངོ་ཐོག་གི་བདེན་པ་དེ་ལ་དོ་ནན་གྱིས་ལྟ་ཆོག དེ་ལྟར་ང་ཚོས་རིགས་པའི་ལང་ཕྱོགས་ཀྱི་ཐོག་ནས་སྐྱེ་བ་སྔ་ཕྱི་ཡོད་པ་བརྟག་དཔྱད་བྱེད་དགོས།

སྐྱེ་བ་ཡང་བསྐྱར་ལེན་པ་ལ་ག་རེ་དགོས་སམ།

ནང་པ་སངས་རྒྱས་པའི་ཆོས་ལྟར་ན། སྐྱེ་བ་སྔ་ཕྱི་དང་འདྲ་མཚུངས་སུ་ཡོད་པ་ནི་རྣམ་ཤེས་རྟག་པ་འགའ་ཤས་ཡོད་པ་ལྟ་བུ་མ་རེད། དཔེར་ན། དངོས་པོ་འོར་འདྲེན་བྱེད་ཆས་སྒང་ལ་འགྲུལ་བསྐྱོད་བྱེད་བཞིན་པའི་སྐུ་འདྲ་རྡོག་རྡོག་ཆུང་ཆུང་ཞིག་གམ། ཡང་ན་གང་ཟག་ཅིག་སྐྱེ་བ་གཅིག་ནས་སྐྱེ་བ་གཞན་ཞིག་ལ་འགྲོ་བ་འདྲ་པོ་མ་རེད། འོར་འདྲེན་བྱེད་ཆས་དེས་དུས་ཚོད་མཚོན་པ་དང་དེས་གཟུགས་བརྙན་ཤུགས་སུ་སྟོན་པ་དེ་དངོས་པོ་རྡོག་རྡོག་ཁ་ཤས་ཡིན་ཞིང་། བརྟན་ཚུགས་པའི་རང་གཤིས་སམ་རྣམ་ཤེས་ “ང་” ཟེར་མཁན་ཞིག་དུས་ཀྱི་རྒྱུད་རིམ་བཞིན་འགྲུལ་བསྐྱོད་བྱས་ཏེ་ “ད་ལྟ་ང་གཞོན་གཞོན་ཡིན། ད་ལྟ་ང་རྒས་འཁོགས་ཡིན། ད་ལྟ་ང་སྐྱེ་བ་འདིའི་ནང་ཡོད། ད་ལྟ་སྐྱེ་བ་དེའི་ནང་ཡོད།” ཅེས་ཟེར་བ་འདྲ་པོ་ཡོད། འདི་ནི་ནང་པའི་སྐྱེ་བ་སྔ་ཕྱིའི་ལྟ་ཚུལ་དེ་མ་རེད། དེ་ལས་ལྡོག་ཏེ། དཔེ་མཚོན་རན་པ་དེ་ནི་གློག་བརྙན་ཞིག་དང་འདྲ་བ་རེད། གློག་བརྙན་ཞིག་ལ་རྒྱུན་ཡོད། དེའི་གཞི་པར་ཁག་ནི་རྒྱུན་མི་ཆད་པའི་གྲུབ་ཆ་རེད།

ནང་ཆོས་ཀྱི་ངོས་ནས་ང་ཁྱེད་རང་ཆགས་པ་རེད་ཟེར་གྱི་མེད་ལ། ཡང་ན་ང་ཚོ་ཚང་མ་གཅིག་རེད་ཟེར་གྱི་མེད། གལ་སྲིད་ང་ཚོ་ཚང་མ་གཅིག་ཡིན་ན། ང་ཁྱེད་རང་རེད། དེ་ནས་གལ་སྲིད་ངེད་གཉིས་ཀ་ལྟོགས་པ་ཡིན་ན། ཁྱེད་ཀྱིས་ང་སྣུམ་འཁོར་ནང་སྒུག་སྟེ། ང་རང་ཁ་ལག་བཟའ་བར་འགྲོ་ན་འགྲིག་གི་ཡོད། ཡིན་ནའང་དེ་ནི་དེ་འདྲ་མ་རེད། ང་ཚོ་མི་ངོ་རེར་རང་རང་གི་བར་མི་ཆད་པའི་རྒྱུན་ཞིག་ཡོད། ངའི་གློག་བརྙན་ནང་ཡོད་པའི་གོ་རིམ་དེ་ཁྱེད་ཀྱི་གློག་བརྙན་ནང་ཡོད་པའི་གོ་རིམ་ལ་འགྱུར་གྱི་མ་རེད། འོན་ཀྱང་ང་ཚོའི་མི་ཚེ་དེ་གློག་བརྙན་བཞིན་མདུན་སྐྱོད་བྱེད་ཀྱི་ཡོད། དེའི་དོན་ནི་མཁྲེགས་པོ་རྡོག་རྡོག་དང་འགྱུར་བ་མེད་པ་མིན་པར་མུ་མཐུད་ཀྱི་ཡོད་པ་ཡིན། མི་ཚེ་ནི་གཞི་པར་གཅིག་ནས་གཞན་ཞིག་ལ་སོང་བ་བཞིན་མུ་མཐུད་ཀྱི་རེད། ལས་ལ་གཞིར་བཞག་ཐོག་ནས་དེས་གོ་རིམ་ཞིག་བརྒྱུད་ནས་འགྲོ་གི་ཡོད་པས། བར་མི་ཆད་པའི་རྒྱུན་ཞིག་ཆགས་ཀྱི་ཡོད།

རྒྱུན་རེ་རེ་ནི་སུ་རུང་བ་ཞིག་ཡིན་པ་དང་། དེ་ལ་ “ང་” ཞེས་ལབ་ན་འགྲིག རྒྱུན་དེ་སུ་ཡང་མིན་པ་ཞིག་མ་རེད། འོན་ཀྱང་གློག་བརྙན་ཞིག་གི་མིང་དེ་གློག་བརྙན་ཆ་ཚང་དང་དེའི་ནང་ཡོད་པའི་གཞི་པར་རེ་རེ་ལ་གོ་གི་ཡོད་ཀྱང། གཞི་པར་རེ་རེའི་ཐོག་ནས་རྡོག་རྡོག་ཅིག་རྙེད་རྒྱུ་མེད། དེ་ག་ནང་བཞིན་ “ང་” ཞེས་པ་དེ་གང་ཟག་སྒེར་གཅིག་གི་སེམས་ཀྱི་རྒྱུན་དང་དེའི་ནང་གི་སྐད་ཅིག་རེ་རེ་ལ་གོ་དགོས་ཀྱང། སྐད་ཅིག་གང་རུང་གཅིག་གི་ནང་ནས་རྡོག་རྡོག་ཅིག་གང་ཡང་རྙེད་རྒྱུ་མེད་པ་ལྟ་བུ་རེད། གང་ལྟར་ཡང་། འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་ “ང་” ཡང་ན་ “བདག་” ཟེར་བ་ཞིག་ཡོད། ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ཆད་ལྟའི་རིང་ལུགས་ཤིག་མ་རེད།

འགྲོ་བ་མི་རྣམས་རྟག་ཏུ་མིར་སྐྱེ་བ་ལེན་གྱི་ཡོད་དམ།

ང་ཚོས་འདིར་སེམས་ཀྱི་བྱེད་ལས་དང་། ང་ཚོའི་སེམས་ཀྱི་བྱེད་ལས་མཚོན་པར་བྱེད་པའི་སྤྱིར་བཏང་གི་ཆ་རྐྱེན་རྣམས་གང་ཡིན་པའི་སྐོར་ལ་སྐད་ཆ་ཤོད་ཀྱི་ཡོད། འགྲོ་བ་མིའི་སེམས་ཀྱི་བྱེད་ལས་དེ་གང་གིས་མཚོན་པར་བྱེད་ཀྱི་ཡོད་ཅེ་ན། དེ་ནི་རྣམ་དཔྱོད་ཀྱིས་མཚོན་པར་བྱེད་ཀྱི་ཡོད། རྣམ་དཔྱོད་དེ་ཡང་ང་ཚོས་ཤེས་གསལ་ལྟར། “རྣམ་དཔྱོད་དེ་ཙམ་མེད་པ་” ནས་ “ཆེས་རྣམ་དཔྱོད་དང་ལྡན་པ་” བར་གྱི་ཚད་གཞི་ཧྲིལ་པོའི་ཐོག་ནས་འཇོག་ཐུབ་པ་ཡིན། འོན་ཀྱང་སེམས་ཀྱི་བྱེད་ལས་ཀྱི་ཆ་ཤས་སུ་འགྱུར་བའི་རྐྱེན་གཞན་དག་ཀྱང་ཡོད་པ་ནི། དཔེར་ན། ཁོང་ཁྲོ་དང་། འདོད་རྔམ། ཆགས་ཞེན། རྣམ་གཡེང་། དེ་བཞིན་སེམས་ཀྱི་བྱེད་ལས་འདི་དག་གིས་འཁྱེར་ཡོང་བའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་རྣམས་ཡོད། མི་འགའ་ཤས་ལ་རྐྱེན་དེ་དག་གིས་ཁོང་ཚོའི་སེམས་ཀྱི་བྱེད་ལས་དབང་སྒྱུར་བྱེད་པ་ལ་བརྟེན་ནས་ཁོང་ཚོས་རང་གི་འགྲོ་བ་མིའི་རྣམ་དཔྱོད་བེད་སྤྱོད་མི་བྱེད་པར། དེ་ཚབ་ཏུ་གནས་སྟངས་མང་ཆེ་བའི་ནང་འདོད་རྔམ། ཡང་ན་ཁོང་ཁྲོ་ལ་སོགས་པར་གཞི་བཞག་ནས་ལས་ཀ་བྱེད་ཀྱི་ཡོད།

དཔེ་ཆ་བཞག་ན། མི་འགའ་ཤས་ལ་འཁྲིག་སྤྱོད་ཀྱི་འདོད་པ་ཧ་ཅང་ཤུགས་ཆེན་པོ་ཡོད་པས། ཆང་ཁང་རིགས་ལ་འཁྱམ་མྱུལ་བྱས་ནས་མི་གཞན་དག་ཐུག་འཕྲད་བྱེད་པ་དང་། ཁོང་ཚོས་ཕལ་ཆེར་མི་སུ་འདྲ་ཞིག་དང་འཕྲད་ཀྱང་འཁྲིག་པ་སྤྱོད་ཀྱི་ཡོད། མི་དེའི་བྱེད་སྟངས་ནི་ཁྱི་དང་འདྲ་པོ་ཡོད། ཁྱེད་ཀྱིས་བསམ་བློ་བཏང་ན་དེ་འདྲ་མ་རེད་དམ། ཁྱི་ཞིག་གིས་ཁྱི་གཞན་གང་རུང་ཞིག་དེས་འཕྲད་པའི་སྒང་ལ་བཞོན་ནས་འཁྲིག་སྤྱོད་བྱེད་ཀྱི་ཡོད། དུས་ཚོད་ག་དུས་བྱུང་ནའང་དེ་ལྟར་བྱེད་ཀྱི་རེད། ཁྱི་དེས་གང་ལྟར་ཡང་རང་ཚོད་ཟིན་ཐུབ་ཀྱི་མེད། གལ་སྲིད་མི་ཞིག་གིས་དེ་འདྲ་བྱས་པ་ཡིན་ན། ཁོང་ཚོས་ཁྱིའི་བློའི་འཁྱེར་སོའི་གོམས་གཤིས་དེ་འདྲ་གསོག་འཇོག་བྱེད་ཀྱི་ཡོད། གལ་སྲིད་ང་ཚོས་སྐྱེ་བ་ཕྱི་མའི་ངོས་ནས་བསམ་བློ་གཏོང་བ་ཡིན་ན། དེ་འདྲ་བའི་མིའི་འདོད་ཆགས་ཀྱི་བློའི་འཁྱེར་སོ་དེ་མ་འོངས་པའི་སྐྱེ་བ་ཕྱི་མར་ཁོང་ཚོའི་སེམས་ཀྱི་བྱེད་ལས་ཀྱི་རྣམ་པ་གཙོ་བོ་ཆགས་ནས་ཁོང་ཚོའི་སེམས་ཀྱི་བྱེད་ལས་དེ་ལ་རན་པོ་ཡོད་པའི་ལུས་ཕུང་ཞིག་ལ་སྐྱེ་བ་ལེན་གྱི་རེད། དེ་ནི་དུད་འགྲོའི་སྐྱེ་བ་རེད། བྱས་ཙང་། དེ་ལ་ཧ་ལས་དགོས་རྒྱུ་གང་ཡང་མེད།

དེ་འདྲ་སོང་ཙང་། ང་ཚོའི་སྤྱོད་ལམ་ལ་བརྟག་དཔྱད་བྱ་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད། དཔེར་ན་ “ངས་དུད་འགྲོ་འདི་དང་། ཡང་ན་དེ་འདྲ་པོ་བྱེད་ཀྱི་འདུག་གམ་” ཞེས་དང་།  སྦྲང་བུ་ཞིག་ཡིན་པ་ལ་བསམ་བློ་བཏང་ནས། དེའི་བློའི་འཁྱེར་སོ་དེ་ཡོངས་སུ་རྣམ་པར་གཡེང་ཞིང་འཁྱམ་མྱུལ་གྱི་བསམ་བློ་རང་རེད། སྦྲང་བུ་ཞིག་གིས་ས་གནས་གཅིག་རང་ལ་སྐར་མ་ཁ་ཤས་ལས་མང་བ་སྡོད་མི་ཐུབ་པར། དེ་ནི་རྒྱུན་མི་ཆད་པར་གཡོ་འགུལ་བྱེད་པ་དང་རྒྱུན་མི་ཆད་སེམས་གཡེང་གི་ཡོད། འོ་ན་ང་ཚོའི་སེམས་དེ་སྦྲང་བུའི་སེམས་འདྲ་པོ་ཡོད་པ་ཡིན་ནམ། གལ་སྲིད་དེ་ལྟར་ཡོད་ན། ང་ཚོས་སྐྱེ་བ་ཕྱི་མར་རེ་བ་ག་རེ་བྱེད་དགོས་སམ། ང་ཚོས་རྣམ་དཔྱོད་ལྡན་པ་ཞིག་དང་དམིགས་པ་གཅིག་གཏད་ཀྱི་བསམ་གཏན་ཡག་པོ་ཡོད་པ་ཞིག་ཡོང་བའི་རེ་བ་བྱེད་དགོས་སམ།

འདི་དག་ནི་འགྲོ་བ་མི་རྣམས་སྐྱེ་བ་ཕྱི་མར་མི་ལུས་ལེན་དགོས་པའི་ངེས་པ་མེད་པ་ཤེས་པར་ཕན་པའི་བསམ་ཚུལ་འགའ་ཤས་རེད། ང་ཚོ་སྐྱེ་བ་ཕྱི་མར་སྐྱེ་གནས་འདྲ་མིན་སྣ་ཚོགས་ཀྱི་ནང་སྐྱེ་བ་ལེན་སྲིད་པ་དང་། དེ་ཡག་སྡུག་གང་ཡང་ཡོང་སྲིད་པ་ཞིག་རེད། གལ་སྲིད་ང་ཚོས་འགྲོ་བ་མི་ཡིན་པའི་སྐབས་ལ་དགེ་བའི་གོམས་གཤིས་མང་པོ་གསོག་འཇོག་བྱས་ཡོད་ན། སྐྱེ་བ་ཕྱི་མར་ཐ་ན་ང་ཚོ་དུད་འགྲོའི་སྐྱེ་བ་ལེན་ན་ཡང་། ང་ཚོའི་ཚེ་སྔོན་ལས་ཀྱི་ཤུགས་ལ་བརྟེན་ནས་དུད་འགྲོའི་སྤྱོད་ལམ་དེ་མེད་པ་ཆགས་ནས་རང་གིས་བསགས་པའི་དགེ་བའི་ལས་ཀྱི་ནུས་པ་དེ་གཙོ་བོར་གྱུར་ནས། ང་ཚོ་སླར་ཡང་མི་ལུས་ལེན་ཐུབ་པ་ལས། ང་ཚོ་ངན་འགྲོར་གཏན་དུ་སྐྱེ་བ་ལེན་དགོས་པའི་ཁྲིམས་ཐག་བཅད་བཞག་པ་ཞིག་ནི་མ་ཡིན།

ང་ཚོས་ཤེས་དགོས་པའི་གནད་དོན་དེ་གང་རེད་ཟེར་ན། སེམས་ཀྱི་བྱེད་ལས་ལ་ལྷན་སྐྱེས་ཀྱི་ཆ་ཞིག་གིས་འགྲོ་བ་མི་ཡི་སེམས་ཀྱི་བྱེད་ལས་སམ། ཡང་ན་དེས་ཕོ་ཡང་མོ་བཟོ་མཁན། ཡང་ན་དེ་འདྲ་གང་རུང་བཟོ་མཁན་ཞིག་མེད། དེ་ནི་སེམས་ཀྱི་བྱེད་ལས་རང་རེད། བྱས་ཙང་། ང་ཚོ་ལ་ཡོད་པའི་སྐྱེ་བ་གང་འདྲ་ཞིག་ཡིན་པ་དེ་ནི་ལས་དང། ང་ཚོས་ངང་ངམ་ཤུགས་ཀྱི་སྤྱོད་ལམ་ལ་བརྟེན་ནས་གསོག་འཇོག་བྱེད་པའི་གོམས་གཤིས་སྣ་ཚོགས་པ་ལ་རག་ལས་ཡོད་པ་ཡིན། མ་འོངས་པའི་སྐྱེ་བ་ཕྱི་མར་ང་ཚོར་གོམས་གཤིས་དེ་ཚོ་ལག་བསྟར་བྱེད་པ་ལ་འོས་ཤིང་འཚམས་པའི་གཞི་རྟེན་གྱི་དོན་བྱེད་པའི་ལུས་ཕུང་ཞིག་འཐོབ་ཀྱི་རེད།

བརྙན་པར། འབུམ་རམས་པ་མུ་རེ་ ཀོརྐ། “འགྲོ་བ་མི་དང་མིའི་འདུ་ཤེས།” 

ཕྱོགས་བསྡོམས།

ང་ཚོས་རྒྱུ་མཚན་དང་ལྡན་པའི་ཐོག་ནས་ནང་པའི་ཡང་སྲིད་ཀྱི་སྐོར་འགྲེལ་བརྗོད་བྱེད་སྟངས་ལ་བརྟག་དཔྱད་བྱེད་པའི་སྐབས་སུ། ང་ཚོས་རྒྱུ་འབྲས་ཀྱི་རྒྱུད་རིམ་གྱིས་རང་སོ་སོའི་སེམས་རྒྱུན་དེ་རྒྱུན་སྲིང་བྱེད་ཀྱི་ཡོད་པ་དེ་ལ་བརྟག་དཔྱད་བྱེད་དགོས། རང་སོ་སོའི་སེམས་ཀྱི་བྱེད་ལས་ཀྱི་རྒྱུན་དེ་ནམ་ཡང་ཉམས་རྒུད་དུ་འགྲོ་གི་མེད། རང་རང་གི་སྔོན་མའི་སྤྱོད་ལམ་གྱི་གོམས་གཤིས་གསོག་འཇོག་བྱས་པ་དེས་སྐྱེ་བ་རེ་རེར་བཟོ་ལྟ་བཟོ་བ་དང་ཆབས་ཅིག་ཐོག་མ་མེད་པ་ནས་སྐྱེ་བ་ལེན་གྱི་ཡོད་པ་ནི་ང་ཚོར་སླེབས་པའི་མཇུག་སྡོམ་དེ་རེད།།

Top