སྲིད་པའི་ཁམས་མི་འདྲ་བ་དང་ལས།

འགྲོ་བ་མིའམ་ཡང་ན་དུད་འགྲོ་མིན་པའི་སྲོག་ལྡན་གཞན་དུ་སྐྱེ་བ་རྟོགས་པ།

ནམ་རྒྱུན་ཡང་སེ་ཟུར་དུ་བསྐྱུར་བའི་བརྗོད་གཞི་ཞིག་ནི་ངན་སོང་གསུམ་གྱི་སྡུག་བསྔལ་རྣམས་རེད། བོད་སྐད་ནང་དེ་ལ་ངན་འགྲོའམ་ངན་སོང་གསུམ་ཞེས་ཟེར་གྱི་ཡོད། ངན་པ་ཞེས་པའི་ཚིག་དེ་ཏོག་ཙམ་འཚུབ་པོ་ལྟ་བུར་སྣང་། བྱས་ཙང་། ངས་དེ་ལ་ཨིན་སྐད་ནང་ worse ཞེས་དེ་བས་སྡུག་པ་ཞེས་བསྒྱུར་ནས་ three worse realms ཞེས་བརྗོད་ཀྱི་ཡོད། སྐབས་འགར་ཨིན་སྐད་ནང་ three lower realms ཞེས་དམའ་གསུམ་བསྒྱུར་ཡོད་པས། ཁམས་དེ་དག་དམའ་བ་ lower ཞེས་གོ་བའི་ཐ་སྙད་མི་འདུག

མི་འགའ་ཞིག་ནི་ངན་སོང་གི་གནས་རྣམས་ལ་ཆོས་ཡངས་པའི་འགྲེལ་ཚུལ་དེ་བེད་སྤྱོད་བྱ་རྒྱུ་དགའ་པོ་ཡོད་པ་དང་། དོན་ངོ་མར་སྣ་ཚོགས་པའི་འགྲོ་བ་རིགས་དྲུག་ལ་ཆོས་ཡངས་པའི་སྒོ་ནས་འགྲེལ་བ་རྒྱག་གི་ཡོད། མི་དང་དུད་འགྲོ་ཡོད་པ་ནི་ང་ཚོས་ངོས་ལེན་བྱེད་ཆོག་པ་དང་། མི་འགའ་ཞིག་གིས་གདོན་དང་སྲིན་པོ་ཡོད་པར་ཁས་ལེན་བྱེད་སྲིད། སྐྱེ་གནས་གཞན་དག་དེ་ཚོ་ཏོག་ཙམ་དཀའ་ལས་ཁག་པོ་རེད། ཆོས་ཡངས་པའི་འགྲེལ་ཚུལ་གྱིས། སྐྱེ་གནས་སམ་ཁམས་དེ་དག་ནི་དངོས་གནས་འགྲོ་བ་མི་རྣམས་ཀྱི་སེམས་ཁམས་རིག་པ་དང་སེམས་ཀྱི་གནས་བབས་ཀྱི་སྐོར་ཤོད་ཀྱི་ཡོད། ཆོས་ཀྱི་རྣམ་པ་གཅིག་གིས་སྐྱེ་གནས་དེ་དག་གང་རུང་ཞིག་གི་ནང་སྐྱེས་པའི་རྗེས། གལ་ཏེ་རྗེས་སུ་འབྱུང་རྒྱུའི་སྐྱེ་བ་དེ་མིའི་ལུས་རྟེན་ཡིན་ན། འགྲོ་བ་མིའི་སྐྱེ་བ་ཞིག་གི་ནང་མྱོང་བའི་རིགས་ཀྱི་ལྷག་འཕྲོ་ཅུང་ཟད་ཅིག་གནས་ཀྱི་ཡོད་ཅེས་གསུང་གི་ཡོད། བྱས་ཙང་། དོན་ངོ་མར་མིའི་ཉམས་མྱོང་ཞིག་གི་ནང་འདྲ་བའི་ཆོས་ཞིག་ཡོད་པ་རེད། འོན་ཀྱང་དེ་ནི་ཆོས་ངོ་མའི་འགྲོ་བ་རིགས་དྲུག་མ་རེད།

ཆོས་ངོ་མའི་ནང་། ཚང་མ་ཐོག་མ་དང་མཐའ་མ་མེད་པའི་སེམས་ཀྱི་རྒྱུན་ཞིག་ལ་གཞི་བྱས་ཡོད། གལ་ཏེ་ང་ཚོས་གཟུགས་སྒྲ་དྲི་རོ་རེག་བྱ་དང་། བདེ་སྐྱིད་དང་སྡུག་བསྔལ་སོགས་གང་མྱོང་བ་ལ་བརྟག་དཔྱད་བྱས་ན། ང་ཚོའི་མྱོང་བ་དང་། དོ་དབྱིངས། དོ་དབྱིངས་མེད་པ། རིག་པ་རྩེ་སྒྲིམ། རིག་པ་རྩེ་སྒྲིམ་དང་བྲལ་བ་བཅས་ལ་ཤུགས་རྐྱེན་བྱེད་པ་དང་འགྱུར་བ་གཏོང་བའི་ཚད་གཞི་འདྲ་མིན་སྣ་ཚོགས་ཡོད་པ་མཐོང་ཐུབ། ང་ཚོས་ཤོད་བཞིན་པའི་ཚད་གཞི་དེ་དག་རེ་རེ་ལ་མཐའ་གཅིག་ཏུ་དོ་དབྱིངས་ཡོད་པ་ནས་དོ་དབྱིངས་མེད་པའི་བར་དང་། མཐའ་གཅིག་ཏུ་རིག་པ་རྩེ་སྒྲིམ་ནས་རིག་པ་རྩེ་སྒྲིམ་རྩ་ནས་མེད་པའི་བར། མཐའ་གཅིག་ཏུ་ཁོང་ཁྲོ་ནས་ཁོང་ཁྲོ་མེད་པ་སོགས་ཀྱི་བར་དུ་འཆར་སྣང་ཡོངས་སུ་རྫོགས་པ་ཡོད། འཆར་སྣང་འདི་འདྲ་ཞིག་གི་སྟེང་ནས་ང་ཚོས་རྟག་ཏུ་ཚང་མ་ཉམས་སུ་མྱོང་གི་ཡོད།

དཔེར་ན། འདི་ནི་མིག་གི་མཐོང་རྒྱ་དང་འབྲེལ་བའི་གནས་སྟངས་ཤིག་ཡིན། དེའི་སྐབས་འོད་ཀྱི་འཆར་སྣང་ཆ་ཚང་བ་ཞིག་ཡོད་པ་དང་། ང་ཚོའི་འགྲོ་བ་མིའི་གྲུབ་ཆ་རགས་པ་ལ་བརྟེན་ནས་འཆར་སྣང་དེའི་གནད་དོན་འགའ་ཞིག་ལས་རྟོགས་ཐུབ་ཀྱི་མེད། ང་ཚོས་དམར་ཕྱིའི་འོད་ཟེར་རམ་སྨུག་ཕྱིའི་འོད་གང་ཡང་མཐོང་མི་ཐུབ། འོན་ཀྱང་དེ་རྟོགས་པར་འཕྲུལ་ཆས་རགས་པའི་ཡོ་ཆས་བེད་སྤྱོད་བྱེད་དགོས། དཔེར་ན། འུག་པ་ལྟ་བུའི་རགས་པའི་གྲུབ་ཆ་ལ་མཚོན་ན། མཚན་མོའི་སྐབས་སུ་ང་ཚོས་མཐོང་མི་ཐུབ་པ་རྣམས་དེ་དག་གིས་མཐོང་ཐུབ་ཀྱི་ཡོད།

ཁྱི་ལྟ་བུའི་མིག་གི་དབང་པོ་རགས་པས་མིའི་རྣ་མཆོག་གིས་ཐོས་མི་ཐུབ་པའི་ཟློས་ཕྱོད་མཐོ་བའི་སྒྲ་ཐོས་ཐུབ་ཀྱི་ཡོད། ང་ཚོ་མིའི་སྣ་ལས་ཀྱང་ཁྱིའི་སྣས་དྲི་མ་རྦད་དེ་སྐྱེན་པ་སྣོམ་ཐུབ་ཀྱི་ཡོད། གནད་དོན་འདི་དག་གང་ལ་གང་འཚམ་གྱི་གསལ་པོ་རེད། མིའི་ལུས་པོའི་དབང་པོ་རགས་པས་དབང་ཤེས་ཀྱི་གནས་ཚུལ་འཆར་སྣང་གི་ཆ་ཤས་འགའ་ཞིག་མཐོང་མི་ཐུབ་པའི་རྒྱུ་མཚན་ཙམ་གྱིས་ང་ཚོའི་དབང་པོའི་ནུས་པའི་མཚམས་ལས་འདས་པའི་ཆ་ཤས་དེ་དག་གཞན་གྱིས་རྟོགས་མི་སྲིད་པའི་དོན་མིན། ང་ཚོས་དམར་ཕྱིའི་འོད་ཟེར་དང་སྨུག་ཕྱིའི་འོད་མཐོང་མི་ཐུབ་པའི་རྒྱུ་མཚན་ཙམ་གྱིས་དེ་དག་མེད་ཅེས་པའི་དོན་མིན། དེ་ལ་གྲུབ་ཆ་རགས་པ་མི་འདྲ་བ་ཞིག་དགོས་པ་ཙམ་རེད།

ང་ཚོ་འགྲོ་བ་མིའི་ནུས་པའི་ཚད་ལས་འདས་པའི་བདེ་སྡུག་གི་རིམ་པ།

ང་རང་ཚོ་སྒེར་སོ་སོའི་སེམས་ཀྱི་རྒྱུན་དེ་ལུས་ཀྱི་རིགས་གཅིག་དང་འབྲེལ་ནས་ཡོད་པའི་དབང་པོ་རགས་པའི་གྲུབ་ཆ་བྱེ་བྲག་གཅིག་ཡོད་པར་ཚད་བཀག་བཟོས་མེད། ང་ཚོའི་སེམས་ཀྱིས་འཆར་སྣང་དེའི་སྟེང་ནས་གང་ཡིན་པ་དང་གང་དུའང་ཡིན་པ་ཚང་མ་ཤེས་པའི་ནུས་པ་དང་ལྡན་པ་ཡིན། གལ་ཏེ་དེ་ནི་གཟུགས་སྒྲ་དྲི་རོ་སོགས་ཀྱི་འཆར་སྣང་ཡིན་ན། དེ་ནི་བདེ་བ་དང་སྡུག་བསྔལ། སྐྱིད་པོ་དང་མི་སྐྱིད་པའི་འཆར་སྣང་མིན་པའི་རྒྱུ་མཚན་ཞིག་ཡོད་དམ། གལ་ཏེ་ང་ཚོས་ལུས་པོའི་ཚོར་བ་སྟེ། མིའི་དབང་པོ་རགས་པའི་གྲུབ་ཆ་དང་འབྲེལ་བའི་ཐོག་ནས་བཤད་ན། སྡུག་བསྔལ་དེ་ཤུགས་ཧ་ཅང་ཆེན་པོ་ཆགས་དུས་ང་ཚོ་རང་ཤུགས་ཀྱིས་བྱ་བ་བྱེད་མི་ནུས་པར་དྲན་མེད་དུ་འགྱུར་གྱི་ཡོད། དེས་སྡུག་བསྔལ་དང་ཟུག་གཟེར་དེ་ལས་ཆེ་བ་མེད་ཅེས་པའི་དོན་མིན་པར། དེ་ནི་ང་ཚོའི་དབང་པོ་རགས་པས་དེ་དག་རྟོགས་ཐུབ་ཀྱི་མེད་པ་ཙམ་རེད། དེ་ལ་བྱ་བ་བྱེད་མི་ནུས་པའི་ཉེན་སྲུང་ལྡན་པའི་ཐབས་ཚུལ་ཞིག་ཡོད།

ང་ཚོས་ད་དུང་འཆར་སྣང་གི་ཕྱོགས་གཞན་བདེ་བའམ་སྐྱིད་ཚོར་གྱི་སྐོར་ལ་ཤོད་ཆོག །དེ་ལ་ཡུལ་གྱི་ངོས་ནས་དཔྱད་ཞིབ་བྱས་ན། དབང་པོ་རགས་པའི་ནང་དེ་དང་མཚུངས་པའི་ཐབས་ཚུལ་ཞིག་ཡོད་པ་དང་། དེ་རིམ་པ་ངེས་ཅན་ཞིག་ཏུ་སླེབས་པའི་ཚེ་ན། བདེ་བ་དེ་མེད་པ་བཟོ་བའམ་བཀག་འགོག་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་འཁྲིག་སྤྱོད་ཀྱི་བདེ་བ་ལ་བསམ་བློ་བཏང་ན། ང་ཚོ་རིམ་པ་ངེས་ཅན་ཞིག་ཏུ་སླེབས་པའི་སྐབས། གཞི་རྩའི་ཆ་ནས་ང་ཚོས་ཁུ་བ་ཕྱིར་འདོན་དང་བཅས་མཇུག་རྫོགས་པར་བྱེད་ཀྱི་ཡོད། དེ་ནི་ཟ་འཕྲུག་ལངས་པའི་སྐབས་དང་གཅིག་པ་རེད། དེའི་སྐབས་ཟུག་གཟེར་མེད་ཀྱང་། དེ་ནི་དངོས་གནས་བདེ་བ་དྲག་པོར་ཚོར་བ་ཞིག་རེད། དེ་ནི་ཧ་ཅང་སྐྱིད་ཚོར་ལྡན་པ་ཞིག་ཡོད་པ་སོང་ཙང་། ང་ཚོས་སྦར་ཤད་རྒྱག་ནས་མེད་པ་བཟོ་དགོས་ཀྱི་ཡོད།

དེ་ནི་དོན་ངོ་མར་ཆོབ་འདྲ་པོ་ཞིག་མ་རེད། ལོ་མང་པོའི་རིང་ང་རང་ལ་ཟ་འཕྲུག་གི་གཅོང་ནད་ཅིག་ཡོད། དུས་ཚོད་རིང་པོའི་ནང་ངའི་མགོ་ལྤགས་དང་དཔྲལ་བར་ཧ་ཅང་དྲག་པོའི་སྒོ་ནས་ཟ་འཕྲུག་ལངས་ཀྱི་ཡོད། དེའི་རྒྱུ་གང་ཡིན་ཨེམ་རྗེ་དང་སྨན་པས་རྙེད་ཐུབ་མ་སོང་། དེ་དང་མཉམ་དུ་གནས་དགོས་པ་གཅིག་རང་ཡོད་པ་ནི། དེ་ནི་བདེ་སྐྱིད་ཅིག་ཡིན་པར་ངོས་འཛིན་དང་། དེ་ལ་ལྷོད་ལྷོད་ངང་སྐྱིད་པོ་ཚོར་ནས་སྡོད་རྒྱུ་དེ་རེད། དེ་ལ་དྲན་པ་ཉེར་བཞག་དང་ཏིང་ངེ་འཛིན་གྱི་ནུས་པ་ཧ་ཅང་ཤུགས་ཆེན་དགོས་ཀྱི་ཡོད་ནའང་། ངས་དེ་ལྟར་བྱེད་པའི་སྐབས། དེ་ནི་འགྲིག་པ་དང་ཟ་འཕྲུག་དེས་སུན་གཙེར་བཟོ་གི་མི་འདུག །འོན་ཀྱང་སྤྱིར་བཏང་ང་ཚོར་དུག་སྦྲང་གིས་སོ་རྒྱག་ན། དེ་ནི་ཧ་ཅང་མང་དྲགས་ནས་ང་ཚོས་ཚོར་བ་དེ་མེད་པ་བཟོ་དགོས་ཀྱི་ཡོད། ལུས་པོས་རང་ཤུགས་ཀྱིས་བྱ་བ་བྱེད་མི་ནུས་པ་ཆགས་ཀྱི་ཡོད།

དཔྱད་ཞིབ་དེ་དག་གི་རྗེས་སུ་འབྲངས་ནས། བདེ་སྐྱིད་དང་སྡུག་བསྔལ་གྱི་འཆར་སྣང་སྒང་ལ་མུ་མཐུད་དེ་རྟོགས་ཐུབ་པ་དང་ཉམས་སུ་མྱོང་ཐུབ་པའི་སྲོག་ལྡན་ཞིག་གི་དབང་པོ་རགས་པའི་གྲུབ་ཆ་མེད་པ་དེ་གང་རེད་དམ། རྒྱུ་མཚན་གང་རེད་དམ། དེ་འདྲ་མེད་པའི་རྒྱུ་མཚན་ཡང་དག་ཅིག་མེད། དེ་དང་གཅིག་པ་སེམས་བྱུང་གི་བདེ་བ་དང་སྡུག་བསྔལ་གྱི་འཆར་སྣང་ལ་ལག་བསྟར་བྱེད་ཆོག དེ་ནི་ང་ཚོས་སྐྱིད་ཚོར་དང་ཟུག་གཟེར་གྱི་སྐོར་དང་ནོར་མི་ཉན། བདེ་བ་དང་སྡུག་བསྔལ་གྱིས་ལུས་དང་སེམས་ཀྱི་མྱོང་བ་གང་འདྲ་ཞིག་ཡིན་ནའང་གྲོགས་བྱེད་ཆོག །ང་ཚོས་བདེ་སྐྱིད་ཆེན་པོའི་སྒོ་ནས་བསླབ་བྱ་ལྟ་བུ་ཤུགས་ཆེན་ཞིག་གི་གདུང་བ་དེ་མྱོང་ཆོག །གང་ཡིན་ཟེར་ན། དེས་ལུས་ཀྱི་ཤ་གནད་རྣམས་ལྷོད་ཡངས་གཏོང་གི་ཡོད། དེས་ང་ཚོར་གནོད་འཚེ་བྱེད་ཀྱི་ཡོད་ནའང་། ང་ཚོས་སྐྱིད་པོ་ཚོར་གྱི་ཡོད། གདུང་བ་མེད་ན་ཁེ་བཟང་ཡང་མེད་པ་རེད། བདེ་བ་དང་སྡུག་བསྔལ། དེ་བཞིན་གདུང་བ་དང་སྐྱིད་ཚོར་གྱི་ཚན་པ་དེ་གཉིས་འདྲ་པོ་ཡོད་ནའང་། བདེ་བ་དང་སྡུག་བསྔལ་ནི་གདུང་བ་དང་སྐྱིད་ཚོར་ལས་ཚད་གཞི་མི་འདྲ་བ་ཞིག་རེད། དེའི་རྒྱུ་མཚན་གང་རེད་དམ། གལ་ཏེ་ང་ཚོ་ཧ་ཅང་མི་སྐྱིད་པ་ཆགས་ན། ང་ཚོར་ཡིད་ཞུམ་འགྲོ་གི་ཡོད། གལ་ཏེ་ང་ཚོ་ཧ་ཅང་ཡིད་ཞུམ་པ་ཡིན་ན། ང་ཚོས་ག་རེ་བྱེད་དམ། རང་གིས་རང་གསོད་ཀྱི་ཡོད། བྱས་ཙང་། ང་ཚོས་སྡུག་བསྔལ་ག་ཚོད་ཙམ་ཞིག་འཁྱེར་ཐུབ་ཀྱི་ཡོད་པའི་དབང་ཤེས་རགས་པའི་གྲུབ་ཆ་ལ་ཚད་བཀག་ཡོད་པ་རེད། དེར་བརྟེན་འཆར་སྣང་གི་ཕྱོགས་གཉིས་ཀ་ལས་འདས་པ་ཞིག་ང་ཚོ་འགྲོ་བ་མི་རྣམས་ཀྱིས་བཟོད་སྒོམ་ཐུབ་པའི་སྡུག་བསྔལ་ཆེ་བ་དང་བདེ་སྐྱིད་ཆེ་བ་ཅིའི་ཕྱིར་མེད་པ་རེད་དམ།
 
གལ་ཏེ་སེམས་ཀྱིས་འཆར་སྣང་གི་ཚད་བཀག་ད་དུང་ཡོད་པ་རྣམས་རྟོགས་ཐབས་ཡོད་པའི་གནས་སྟངས་ཤིག་དངོས་གནས་ཡིན་ན། དེ་དང་འབྲེལ་ནས་ཡོད་པ་ནི་རན་འཚམ་གྱི་ལུས་དང་དེ་དག་རྟོགས་ཐུབ་པའི་གྲུབ་ཆ་རགས་པ་ཡིན་ངེས་པ་རེད། ང་ཚོའི་སེམས་ཀྱི་རྒྱུན་ལ་འཆར་སྣང་གི་ཆ་ཤས་གང་འདྲ་ཞིག་མྱོང་བའི་ནུས་པ་ཡོད་པ་དང་། དེ་དག་རྟོགས་ཐུབ་པའི་ཆེད་དུ་རན་འཚམ་གྱི་གྲུབ་ཆ་རགས་པ་སྐྱེད་པར་བྱེད་ཀྱི་ཡོད། ངས་གོང་དུ་ཞུས་པ་ལྟར། ང་ཚོ་འགྲོ་བ་མིའི་གྲུབ་ཆ་རགས་པས་ཧ་ཅང་གི་གདུང་པ་དང་སྐྱིད་ཚོར་ཉམས་སུ་མྱོང་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཙམ་གྱིས་གྲུབ་ཆ་རགས་པ་གཞན་དག་གིས་ཀྱང་མྱོང་མི་ཐུབ་པའམ། ཡང་ན་དེ་དག་གྲུབ་མེད་པའི་ཁུངས་སྐྱེལ་བྱེད་ཀྱི་མེད། སྲིད་པའི་ཁམས་དེ་དག་དང་དེའི་འཁོར་ཡུག་རྣམས་དངོས་པོའིགནས་ལུགས་ལ་གྲུབ་ཡོད་དམ། ཡིན་ད་ཡིན། དེ་དག་ནི་ང་ཚོ་འགྲོ་བ་མིའི་ཁམས་འདི་གྲུབ་པ་ནང་བཞིན་གྲུབ་ཡོད། ང་ཚོས་དེ་དག་རྟོགས་མི་ཐུབ་པ་ཙམ་རེད། འོན་ཀྱང་མ་རྟོགས་ན་གལ་ཡོད་མ་རེད།

དོ་གལ་ཆེན་པོའི་སྒོ་ནས་སྐྱེ་གནས་མི་འདྲ་བའི་ནང་སྐྱེ་བ་ལེན་པ།

ངས་དེ་དག་ཐམས་ཅད་རང་ཉིད་ཀྱི་གོ་རྟོགས་དང་བསྟུན་ནས་འགྲེལ་བརྗོད་བྱེད་ཀྱིན་ཡོད། གཞན་སུས་ཀྱང་འདི་འདྲ་ཞིག་འགྲེལ་བརྗོད་བྱས་པ་ངས་ཐོས་མྱོང་མེད། འོན་ཀྱང་འདི་དག་ང་རང་ལ་གོ་རྒྱུ་ཡོད་པ་དང་སྐྱེ་གནས་སམ་ཁམས་གཞན་དག་ལ་དོ་གལ་ཆེན་པོའི་སྒོ་ནས་བསམ་བློ་གཏོང་བར་ཕན་གྱི་འདུག །འདི་དག་ལ་གོ་རྒྱུ་ཡོད་དེ། ངས་སེམས་ཀྱི་རྒྱུན་ལ་བལྟ་གིན་ཡོད་ལ། གཟུགས་སྒྲ་དྲི་རོ་སོགས་དང་། སྐྱིད་ཚོར་དང་གདུང་བ། བདེ་བ་དང་སྡུག་བསྔལ་སོགས་ཀྱི་འཆར་སྣང་ཡོངས་སུ་རྫོགས་པ་མྱོང་ཐུབ་པའི་དེའི་ནུས་ཚད་ལ་བལྟ་གིན་ཡོད། དེའི་རྗེས་སུ་གང་དགོས་ཟེར་ན། ང་ཚོའི་སེམས་ཀྱི་རྒྱུན་དེ་ལ་མྱོང་བའི་འཆར་སྣང་ཧ་ཅང་མང་པོ་ཡོད་པ་དེ་དག་རྟོགས་ཐུབ་པ་དང་དེ་དག་ལ་གདོང་ལེན་བྱེད་ཐུབ་པའི་རན་འཚམ་གྱི་ལུས་ཀྱི་དབང་པོ་རགས་པའི་གྲུབ་ཆ་དགོས་ཀྱི་ཡོད། གོ་རྟོགས་འདི་ལ་བརྟེན་ནས་འགྲོ་བ་རིགས་དྲུག་གི་ཐོག་ལ་སྒོམ་རྒྱག་པ་དེ་ཧ་ཅང་ཟུག་གཟེར་དུ་ཚོར་བ་དེ་དམིགས་རྣམ་དུ་བྱེད་པར་སེམས་ནང་འཆར་སྣང་བཀོལ་སྤྱོད་བྱེད་པ་ཙམ་མིན། ང་ཚོས་དོ་གལ་ཆེན་པོའི་སྒོ་ནས་དེ་དག་ཡོད་ཚུལ་དང་ཉམས་སུ་མྱོང་སྲིད་པ་དེ་དང་ལེན་བྱེད་དགོས།

འདི་དག་ནི་སྐྱེ་གནས་སམ་ཁམས་དེ་དག་གི་སྐོར་ལ་བསམ་བློ་གཏོང་བའི་ཐབས་ཕན་ཐོགས་ལྡན་པ་ཞིག་ཡིན་པའི་རེ་བ་བྱེད་ཀྱི་ཡོད། དེ་དག་ཡོད་ཚུལ་དང་གྲུབ་ཚུལ་ཤེས་རྟོགས་དང་ངོས་ལེན་བྱེད་པ་ནི་དངོས་གནས་སྐྱབས་སུ་འགྲོ་བའམ་ཉེན་མེད་ཀྱི་ཁ་ཕྱོགས་བསྟེན་པའི་རྗེས་འབྲས་ཡིན། གལ་ཏེ་སངས་རྒྱས་ནི་བདེན་པས་བསླུས་མེད་པ་ཞིག་དང་། ཁོང་གིས་གང་གསུངས་པ་ཐམས་ཅད་གཞན་རྣམས་སྡུག་བསྔལ་ལས་ཐར་བའི་ཕྱིར་དོན་དང་ལྡན་པ་ཡིན་པ་ལས། དོན་དང་མི་ལྡན་ཞིང་། གླེན་པ་དང་འབྲེལ་མེད་དོན་གཞན་མིན་པའི་ཡིད་ཆེས་དེ་ང་ཚོར་དངོས་གནས་ཡོད་ན། ང་ཚོས་ཆོས་ཀྱི་ནང་གང་གསུངས་པ་ཚང་མར་དོ་གལ་ཆེན་པོའི་སྒོ་ནས་ཁས་ལེན་བྱེད་དགོས་པའི་དོན་ཡིན། གལ་ཏེ་ང་ཚོས་གནད་དོན་ཞིག་མ་ཤེས་པ་ཡིན་ན། དེའི་དོན་དག་གང་ཡིན་པའི་ཐད་ཐབས་ཤེས་བཙལ་ནས་ཤེས་ཐབས་བྱེད་དགོས། སངས་རྒྱས་ཀྱིས་ཁམས་མི་འདྲ་བ་དེ་དག་གི་སྐོར་གསུངས་པའི་སྐབས། ཁོང་གིས་མཚོན་དོན་ཙམ་གྱི་སྒོ་ནས་གསུངས་མེད། ཆོས་ངོ་མའི་ཐོག་མའི་ཀུན་སློང་གི་རིམ་པ་ལྟར་བྱས་ན། ང་ཚོས་དེ་དག་དངོས་གནས་དོ་གལ་ཆེན་པོའི་སྒོ་ནས་དང་དུ་ལེན་དགོས། གང་ཡིན་ཟེར་ན། ང་ཚོ་དེ་དག་གི་ནང་སླར་ཡང་སྐྱེ་བ་ཉམས་སུ་མྱོང་འདོད་མེད། དེ་ཡང་སོ་སོའི་སེམས་མུ་མཐུད་དེ་རྟག་ཏུ་འགྲོ་བཞིན་ཡོད་པ་དེ་རྟོགས་པ་ལ་ཧ་ཅང་རག་ལུས་ཡོད། དེ་ནི་ཁྱུར་མིད་གཏོང་སླ་བའི་རིལ་བུ་ཞིག་མིན་པ་ངས་ཤེས།

སྐྱེ་བ་བཟང་པོ་ཞིག་གི་ཆེད་དུ་རྒྱུ་རྣམས་གསོག་པ།

ང་ཚོ་ལས་ཀྱི་རྣམ་གཞག་ལ་ཧ་ཅང་རྙོག་འཛིངས་ཅན་ཡོད་པ་དེ་དག་གི་ཐད་འཆད་རྒྱུ་མིན་ནའང་། སྐབས་འདིར་ང་ཚོས་ལས་ནས་འགོ་འཛུགས་བྱེད་ཀྱི་ཡིན། དེའི་ཚབ་ལ་ང་ཚོས་དེ་ལ་ཁ་ཡོད་ལག་ཡོད་ཀྱི་རིམ་པའི་ཐོག་ནས་ལྟ་རྒྱུ་ཡིན། ངས་རྒྱུ་ཆ་འདི་དང་འབྲེལ་བ་ཇི་ལྟར་ཡོད་པའི་སྐོར་ཏོག་ཙམ་ཞུས་ཟིན་པ་དང་། ཐོག་མའི་ཀུན་སློང་གི་རིམ་པ་དེ་དཀའ་ལས་ཁག་པོ་ཡོད་པ་སོང་ཙང་། ངས་སོ་སོ་རང་ཉིད་དཔེ་མཚོན་ལྟ་བུ་བེད་སྤྱོད་བྱེད་ཀྱི་ཡིན། ངས་ཆོས་ཀྱི་རྒྱུ་ཆ་ཚང་ལ་རྒྱ་ཆེ་བའི་དྲྭ་ཚིགས་འདི་བཟོ་སྐྲུན་བྱས་དང་བྱེད་མུས་ཡིན། ངའི་ཀུན་སློང་གི་ཆ་ཤས་ཤིག་ནི་དྲྭ་ཚིགས་འདིའི་བརྒྱུད་གཞན་གྱིས་ཀློག་སྲིད་པས། དེ་དག་ལ་ཕན་པའི་ཆེད་དུ་ཡིན། འོན་ཀྱང་ངས་དྲང་པོར་ཞུས་ན། ཀུན་སློང་གི་ཆ་ཤས་གཅིག་ནི་ང་རང་སྒེར་གྱི་ཁེ་ཕན་ཆེད་དུ་ཡིན། གང་ཡིན་ཟེར་ན། ངའི་བསམ་པར། གལ་ཏེ་ངས་འདིའི་ཆེད་དུ་ནུས་པ་འདང་ངེས་ཤིག་བཏང་ན། སྐྱེ་བ་ཕྱི་མའི་ནང་གལ་ཏེ་ང་རང་མིའི་ལུས་རྟེན་ལེན་པའི་སྐལ་བ་དང་ལྡན་ཡོད་ན། ང་རང་ཕྲུ་གུ་ཞིག་ཡིན་པའི་ཆ་ནས་རང་བཞིན་ལྷན་སྐྱེས་ཀྱིས་ལས་དོན་འདི་འདྲ་ཞིག་བྱེད་ཐུབ་ཀྱི་ཡོད། བྱས་ཙང་། ངས་སྐྱེ་བ་ཕྱི་མའི་འགོ་སྟོད་ཀྱི་ཆུང་བྱིས་པའི་དུས་ནས་ཆོས་ལ་ངང་གིས་འཇུག་ཐུབ་པར་ཕན་པའི་ལས་དོན་ཞིག་ཚེ་འདི་ནས་བྱེད་པའི་ཐོག་མ་འོངས་སྐྱེ་བ་ཕྱི་མའི་ཆེད་གྲ་སྒྲིག་བྱེད་ཀྱིན་ཡོད།
 
ངས་ཕལ་ཆེར་ང་རང་ལ་མི་ལུས་རིན་ཆེན་གཞན་ཞིག་ཐོབ་པའི་སྐབས། ཆོས་ལ་ཧ་ཅང་མྱུར་པོའི་སྒོ་ནས་སླར་ཡང་འབྲེལ་མཐུད་ཡོང་བའི་རྒྱུ་རྣམས་གསོག་བཞིན་ཡོད་སྲིད། འོན་ཀྱང་ངས་དངོས་གནས་མི་ལུས་རིན་ཆེན་དེ་རང་འཐོབ་པའི་རྒྱུ་རྣམས་གསོག་བཞིན་ཡོད་དམ། ངས་རང་གིས་རང་མགོ་སྐོར་གཏོང་གིན་ཡོད་དམ། ངས་ཏོག་ཙམ་ཆོས་ཡངས་པའི་འགྲེལ་ཚུལ་གྱི་ཐོག་མའི་ཀུན་སློང་གི་རིམ་པ་དེ་བྱེད་ཀྱིན་ཡོད་དམ། ང་ཚོས་རང་གིས་རང་ལ་རྟག་ཏུ་སྐྱེས་བུ་རིམ་པ་གསུམ་ཀ་བརྒྱུད་ནས་བརྟག་དཔྱད་བྱེད་དགོས། ང་ཚོས་ཆ་ཤས་རྣམས་ཟུར་དུ་སྐྱུར་གྱིན་ཡོད་དམ། ཀུན་སློང་གི་རིམ་པ་དེ་དག་གང་རུང་ནང་ཡོད་པའི་སྐྱེས་བུ་ཞིག་ཆགས་པར། དེ་ནི་མི་ཚེར་འཛིན་པའི་བསམ་ཕྱོགས་ཆ་ཚང་ལ་ཤུགས་རྐྱེན་སྤྲོད་པ་ཞིག་དགོས་ཀྱི་ཡོད།

སྐྱེ་བ་བཟང་པོ་ཞིག་གི་རྒྱུ། བཟང་སྤྱོད་ཀྱི་ཚུལ་ཁྲིམས།

ཆོས་ཀྱི་ནང་ཧ་ཅང་གསལ་པོའི་སྒོ་ནས་ང་ཚོའི་མི་ལུས་རིན་ཆེན་འདིའི་རྒྱུ་རྣམས་གང་ཡིན་པ་གསུང་གི་ཡོད། རྒྱུ་གཙོ་བོ་ནི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་ཡིན་པ་རེད། དེའི་ནང་ང་ཚོས་མི་དགེ་བའི་བྱ་སྤྱོད་སྤེལ་རྒྱུ་སྤོང་གི་ཡོད། དེ་ཡང་སྒོམ་རྒྱག་པ་དང་། གཞན་ལ་ཕན་འདོགས་པ་སོགས་དགེ་བའི་ལས་ལ་འཇུག་པའང་སྟོན་གྱི་ཡོད། འདིར་ང་ཚོས་དམིགས་བསལ་མི་དགེ་བའི་བྱ་སྤྱོད་མི་སྤེལ་བའི་སྐོར་ཤོད་རྒྱུ་ཡིན། ང་ཚོར་མི་དགེ་བའི་ལས་བཅུ་ཡོད། དེ་དག་ནི་གལ་འགངས་ཆེ་ཤོས་རྣམས་རེད། ད་དུང་དེ་ལས་མང་བ་ཡོད་པ་ཤོད་མི་དགོས། མི་དགེ་བ་བཅུ་ནི།
 

  • སྲོག་གཅོད་པ།
  • མ་བྱིན་པར་ལེན་པ།
  • ལོག་གཡེམ་བྱེད་པ།
  • རྫུན་སྨྲ་བ།
  • ཕྲ་མ་བྱེད་པ།
  • ཚིག་རྩུབ་སྨྲ་བ།
  • ངག་འཁྱལ།
  • བརྣབ་སེམས།
  • གནོད་སེམས།
  • ལོག་ལྟ་བཅས་སོ།།

ང་ཚོས་མི་དགེ་བའི་ལས་དེ་དག་ག་ཚོད་ཀྱིས་དོ་གལ་ཆེན་པོ་དང་ཛ་དྲག་པོའི་སྒོ་ནས་སྤོང་གི་ཡོད་དམ། ང་ཚོ་རྨོངས་ཞེན་ཅན་ཞིག་དང་ཧ་ཅང་མཁྲེགས་པོ་ཆགས་ནས། གང་མི་དགེ་བའི་ལས་ཡིན་པ་རྣམས་ནམ་ཡང་མི་བྱེད་པར། རང་ཉིད་སྐྱེས་བུ་དམ་པ་ཞིག་ཆགས་དགོས་པར་བསམ་བློ་གཏོང་བའི་སྐོར་ཤོད་ཀྱིན་མེད། ང་ཚོ་གནས་རིམ་དེ་ལ་ད་ལྟ་མེད། ཡིན་ནའང་ང་ཚོས་ག་རེ་བྱེད་ཀྱིན་ཡོད་པའི་ཐད་བརྟག་ཞིབ་བྱེད་པའི་ནུས་ཚད་དེ་གོང་འཕེལ་གཏོང་དགོས། དེ་ལྟར་བྱུང་ན། ང་ཚོས་མི་དགེ་བའི་ལས་བརྩམ་རྒྱུ་འགོ་བཙུག་སྐབས། དོ་སྣང་ཡོང་བ་དང་དེའི་ཉེས་དམིགས་དང་སྐྱོན་གྱི་ཆ་རྣམས་ངོས་འཛིན་བྱེད་ཐུབ། དེ་ལ་བརྟེན་ནས་མི་སྐྱིད་པ་དང་སྡུག་བསྔལ་འབྱུང་བར་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་ཐུབ། མི་གཞན་ཞིག་གི་ཐོག་ཏུ་དེའི་རྗེས་འབྲས་གང་ཡོང་ཁག་ཐེག་བྱེད་མི་ཐུབ་ཀྱང་། སོ་སོ་རང་ཉིད་ཀྱི་ཐོག་ལ་རྗེས་འབྲས་དེ་སྡུག་བསྔལ་མྱོང་རྒྱུ་ཡིན་པ་ང་ཚོས་ཁག་ཐེག་བྱེད་ཐུབ། ང་ཚོས་སྡུག་བསྔལ་མྱོང་འདོད་མེད་པ་སོང་ཙང་། མི་དགེ་བའི་ལས་བྱ་རྒྱུ་སྤོང་གི་ཡོད།

མི་དགེ་བ་མི་སྤོང་བ་དེ་ལས་ང་ཚོར་གང་གིས་བཀག་འགོག་བྱེད་ངེས་སམ། གཞི་རྩའི་ཆ་ནས་གལ་ཏེ་ང་ཚོས་གཏིང་ཟབ་པོའི་སྒོ་ནས་སྡུག་བསྔལ་དང་མི་སྐྱིད་པ་ནི་མི་དགེ་བའི་ལས་བརྩམས་པའི་འབྲས་བུ་ཡིན་པ་དང་། མི་སྐྱིད་པ་དང་སྡུག་བསྔལ། གདུང་བ་སོགས་ང་ཚོས་ད་ལྟ་མྱོང་བ་དེ་དག་སྔོན་གྱི་མི་དགེ་བའི་ལས་ལ་བརྟེན་ནས་བྱུང་བ་ཡིན་པར་ཡིད་ཆེས་བརྙེད་མེད་ན། དེ་ལ་ང་ཚོས་གལ་འགངས་ཅན་དུ་བརྩི་གི་མ་རེད། འོན་ཀྱང་གལ་ཏེ་དཀའ་ངལ་དེ་དག་མུ་མཐུད་དེ་མྱོང་འདོད་མེད་ན། ང་ཚོས་མུ་མཐུད་མི་དགེ་བའི་བྱ་སྤྱོད་སྤེལ་རྒྱུ་སྤོང་དགོས། ང་ཚོས་མི་དགེ་བའི་སྤྱོད་ལམ་དང་སྡུག་བསྔལ། དེ་ག་ནང་བཞིན་དགེ་བའི་སྤྱོད་ལམ་དང་བདེ་སྐྱིད་བར་གྱི་རྒྱུའི་འབྲེལ་བ་ལ་ཡིད་ཆེས་རྙེད་དགོས། དེ་ནི་ལས་སླ་པོ་ཞིག་མེད་ནའང་། གདེང་ཚོད་དང་ཡིད་ཆེས་འདི་ནི་ཐོག་མའི་ཀུན་སློང་གི་རིམ་པའི་སྐྱེས་བུ་ཞིག་དངོས་གནས་ཆགས་པའི་ཆ་རྐྱེན་གཙོ་བོ་དེ་རེད། དེ་ནས་ཐ་ན་ང་ཚོས་ཡིད་ཆེས་རྙེད་ནའང་། ད་དུང་ལེ་ལོ་ལ་སོགས་པ་ནི་ཡོད་པ་རེད། ཡིན་ནའང་དེ་ནི་གདན་དོན་གཞན་ཞིག་རེད།

ལས་ཀྱི་སྐོར་གསུངས་པའི་ཆོས་ཀྱི་ཚད་ལྡན་རང་བཞིན།

གཞུང་ནང་ཇི་ལྟར་འགྲེལ་བརྗོད་བྱས་པ་ནང་བཞིན་ལས་ལ་ཡིད་ཆེས་དང་རྗེས་དཔག་ཚད་མའི་གོ་རྟོགས་རྙེད་ཐབས་ནི་ལུང་ཚད་མའམ་གང་ཟག་ཚད་མ་ལ་བརྟེན་དགོས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས། གལ་ཏེ་ང་ཚོས་སངས་རྒྱས་ཀྱིས་ཏིང་ངེ་འཛིན་གོང་དུ་སྤེལ་བ་དང་སྟོང་ཉིད་ལ་གོ་རྟོགས་རྙེད་པའི་སྐོར་གང་གསུངས་པའི་རྗེས་སུ་འབྲངས་ན། དེས་ང་ཚོའི་ཉོན་མོངས་རྣམས་མེད་པ་བཟོ་གི་རེད། ང་རང་སྒེར་གྱི་ཉམས་མྱོང་ལ་གཞིགས་ན། དེ་ལྟར་ཡོང་གི་ཡོད་པ་ང་ཚོས་མཐོང་ཐུབ། ང་ཚོས་དོན་ངོ་མར་ཆོས་ཀྱིས་ཉོན་མོངས་རྣམས་མེད་པ་བཟོ་གི་ཡོད་པ་དེ་ཉམས་མྱོང་བརྒྱུད་དེ་གོ་རྟོགས་ཤིག་རྙེད་ཀྱི་ཡོད། གལ་ཏེ་སངས་རྒྱས་ཀྱིས་གནད་དོན་དེ་དག་གི་སྐོར་གང་གསུངས་པ་རྣམས་བདེན་པ་ཡིན་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་སངས་རྒྱས་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ནས་སྙིང་རྗེ་དང་གཞན་ཕན་གྱིས་ཀུན་ནས་བསླངས་ཏེ་ང་ཚོར་ཆོས་གསུང་གི་ཡོད་ན། ཁོང་གིས་ང་ཚོར་ལས་ཀྱི་སྐོར་རྫུན་གསུངས་དགོས་པའི་རྒྱུ་མཚན་ཅང་མ་མཐོང་། དེར་བརྟེན་ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ནི་ལུང་ཚད་མའི་སྐྱེས་བུ་ཞིག་ཏུ་ཆ་འཇོག་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་ཁོང་ནི་ལས་ཀྱི་སྐོར་ལ་ཚད་ལྡན་ཁུངས་ཐུབ་ཀྱི་སྐྱེས་བུ་དེ་ཡིན་པར་རྗེས་སུ་དཔོག་གི་ཡོད། ངས་ཁྱེད་ཀྱི་སྐོར་ཤེས་ཀྱི་མེད། འོན་ཀྱང་ངས་འདིར་རྒྱུ་མཚན་རིགས་པ་ཧ་གོ་ཐུབ་ནའང་། གཏིང་ཟབ་པའི་རིམ་པའི་ཐོག་འདི་ནི་ང་ལ་ཡིད་ཆེས་རྙེད་པ་ཞིག་ཡོང་གི་མི་འདུག །ང་རང་དེ་ལས་ཏོག་ཙམ་ཡག་ག་ཤེས་འདོད་འདུག །དེ་ལ་བརྟེན་ནས་འདིས་ང་ལ་སྲོལ་རྒྱུན་གྱི་གཞུང་འགྲེལ་དང་འབྲེལ་བའི་ཡིད་ཆེས་རྙེད་པ་ཞིག་ཡོང་བར་ཕན་གྱི་འདུག །ནམ་རྒྱུན་འཆར་ཅན་གྱི་རྗེས་དཔག་བརྒྱུད་དེ་རྒྱུ་མཚན་རིགས་པ་ལ་གཞི་བྱས་ནས་སྡུག་བསྔལ་དེ་མི་དགེ་བའི་སྤྱོད་ལམ་ལས་བྱུང་ཞེས་བདེན་པ་ར་སྤྲོད་བྱེད་མི་ཐུབ། གཞུང་ནང་འདི་དམིགས་སུ་བཀར་ནས་གསུང་གི་ཡོད། འོན་ཀྱང་ང་ཚོས་ལས་ཀྱི་རྗེན་པའམ་མངོན་སུམ་ཚད་མའི་ཤེས་པ་དང་མཉམ་དུ་བྱ་བ་བྱེད་ཚུལ་མཐོང་ཐུབ་ཀྱི་མེད་པ་སོང་ཙང་། ད་དུང་གནས་ཚུལ་གང་མང་རག་ཐབས་དང་། མི་དགེ་བའི་སྤྱོད་ལམ་དང་སྡུག་བསྔལ་དབར་གྱི་འབྲེལ་བའི་སྐོར་ཤེས་ཐབས་སུ་གཏིང་ཟབ་པོའི་སྒོ་ནས་བརྟག་དཔྱད་མུ་མཐུད་བྱེད་དགོས་པའི་དོན་ཡིན། ང་ཚོས་དེ་གཉིས་འབྲེལ་བ་ཇི་ལྟར་མཐུད་ཐུབ་བམ། ༧གོང་ས་མཆོག་ནས་རྟག་ཏུ་ང་ཚོས་དེ་ནི་ཚན་རིག་པ་ནང་བཞིན་འཇུག་དགོས་ཞེས་གསུང་གནང་གི་ཡོད།  

མི་དགེ་བའི་སྤྱོད་ལམ་དང་སྡུག་བསྔལ་དབར་གྱི་རྒྱུའི་འབྲེལ་བ།

ང་ཚོར་ཆོས་མངོན་པ་མཛོད་ཡོད་པ་དང་། རྒྱ་གར་གྱི་ནང་པའི་གྲུབ་མཐའ་མི་འདྲ་བའི་ནང་འགྲེལ་ཚུལ་མི་འདྲ་བ་ཡོད། ཐེག་པ་ཆུང་ངུའི་ལུགས་ཀྱི་བྱེ་བྲག་སྨྲ་བའི་གྲུབ་མཐའ་ནས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བསྟན་བཅོས་ཤིག་ཡོད། དེ་ནས་ཐེག་པ་ཆེན་པོའི་འགྲེལ་ཚུལ་ལ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་དང་། དེ་ག་ནང་བཞིན་གནས་བརྟན་སྡེ་པའི་འགྲེལ་ཚུལ་ལ་སློབ་དཔོན་མ་འགགས་པའམ་ཨ་ནུ་རུདྡྷས་མཛད་པ་ཞིག་ཀྱང་ཡོད་། དེ་ཡང་ཐེག་པ་ཆུང་ངུའི་ལུགས་ཡིན། ང་ཚོས་གཞུང་ལུགས་དེ་དག་གི་སྲོལ་རྒྱུན་རེ་རེའི་ནང་གི་མི་དགེ་བའི་སྤྱོད་ལམ་ལ་ཞིབ་འཇུག་བྱེད་པའི་སྐབས། དེ་ནི་ཇི་ལྟར་འགྲེལ་བརྗོད་བྱས་ཡོད་དམ།
 
ང་ཚོ་འདིའི་ཐད་ལ་ཕྱོགས་རིས་མེད་པ་དགོས་ཤིང་། བརྟག་དཔྱད་མི་འདྲ་བ་རེ་རེས་ཀྱང་བརྗོད་གཞི་ཁག་གསལ་པོ་བཟོ་གི་ཡོད་པའི་ཐབས་ལམ་ལ་བརྟེན་དགོས། དེ་དག་ཕན་ཚུན་འགལ་བ་མིན། དེ་དག་རེ་རེའི་ནང་རྟག་ཏུ་མི་དགེ་བའི་སྤྱོད་ལམ་གྱི་གྲོགས་སུ་གྱུར་བའི་སེམས་བྱུང་མང་པོ་རྙེད་རྒྱུ་ཡོད། གལ་ཏེ་ང་ཚོས་སེམས་བྱུང་དེ་དག་ལ་བལྟས་ན། དེ་ནི་སེམས་ཀྱི་གནས་བབས་བདེ་སྐྱིད་ལྡན་པ་ཞིག་གམ་ཡང་ན་སྡུག་བསྔལ་ཅན་ཞིག་ཡིན་པ་ང་ཚོ་རང་ངོས་ནས་མཐོང་ཐུབ།  

མི་དགེ་བའི་སྤྱོད་ལམ་གྱི་གྲོགས་སུ་གྱུར་བའི་སེམས་བྱུང་ཁག

ངས་སེམས་བྱུང་གི་གྲངས་ཐོའི་ནང་གི་མི་དགེ་བའི་སྤྱོད་ལམ་དང་མཉམ་དུ་ཡོད་པའི་ཁྱད་ཆོས་གཙོ་བོ་འགའ་ཞིག་གི་སྐོར་ལ་འཆད་རྒྱུ་ཡིན། དེས་ང་ཚོས་གང་གི་སྐོར་ཤོད་ཀྱིན་ཡོད་པའི་ཐད་ལ་སྔར་ལས་གསལ་བའི་འཆར་སྣང་ཞིག་སྤྲོད་ཀྱི་ཡོད། ང་ཚོས་མི་དགེ་བའི་ལས་ཀྱི་རིགས་དེ་དག་གི་སྐོར་ཤོད་ཀྱིན་མེད། འོན་ཀྱང་མི་དགེ་བའི་ལས་དང་མཉམ་དུ་འགྲོགས་པའི་སེམས་ཀྱི་གནས་བབས་ངོ་མའི་སྐོར་ཤོད་ཀྱིན་ཡོད། ཕྱོགས་གཞན་ཞིག་ནས་ལས་དེ་མི་དགེ་བ་ཇི་ལྟར་ཆགས་ཀྱི་ཡོད་དམ། དེ་ནི་མི་དགེ་བ་ཡིན་སྲིད་ཀྱང་། སྡུག་བསྔལ་བཟོ་མཁན་དེ་ལས་འབའ་ཞིག་མིན། དེ་དང་མཉམ་དུ་སེམས་བྱུང་སྣ་ཚོགས་པ་ཞིག་ཀྱང་འབྲེལ་ནས་ཡོད།
 
དེ་དང་མཉམ་དུ་འགྲོགས་པའི་སེམས་བྱུང་འགའ་ཞིག་ནི།

  • རིན་ཐང་གི་ཚོར་བ་བྲལ་བ་ ༼ངོ་ཚ་མེད་པ་༽ སྟེ། ཁྱད་ཆོས་བཟང་པོ་དང་དེ་དག་དང་ལྡན་པའི་མི་རྣམས་ལ་གུས་ཞབས་མེད་པ། ང་ཚོས་འདི་ཤེས་རྟོགས་ཐུབ། གང་ཡིན་ཟེར་ན། ཁྲིམས་དང་བཟང་ཕྱོགས་ཀྱི་གནད་དོན། ཡང་ན་བཟང་པོ་བྱེད་མཁན་གྱི་མི་རྣམས་ལའང་གུས་ཞབས་མེད་མཁན་མང་པོ་ང་ཚོ་ཚང་མས་མཐོང་གི་རེད། ཁོང་ཚོས་དེ་དག་གང་ལའང་རིན་ཐང་དུ་བརྩི་གི་མེད་པ་གསལ་པོ་རེད།
  • བཟང་ངན་དབར་གྱི་ཐེ་ཚོམ་མེད་པ་ ༼ཁྲེལ་མེད་པ་༽ སྟེ། བག་མེད་དང་གུ་ཡངས་ཀྱི་སྒོ་ནས་ངན་པ་བྱེད་པར་སྟངས་འཛིན་མེད་པ། དེ་ནི་གཞི་རྩའི་ཆ་ནས་བཤད་ན། “ངས་གང་བྱེད་ཀྱི་ཡོད་པ་ལ་ང་རང་གནད་འགགས་གང་ཡང་མི་འདུག་” ཅེས་པའི་དོན་རེད། དེ་ནི་སེམས་ཀྱི་གནས་བབས་སྐྱིད་པོ་ཞིག་རེད་དམ་ཡང་མི་སྐྱིད་པ་ཞིག་རེད། གལ་ཏེ་ང་ཚོར་དེ་ལྟའི་བློའི་ཁྱེར་སོ་ཞིག་ཡོད་ན། ང་ཚོ་ཕལ་ཆེར་མི་སྐྱིད་པོ་ཞིག་ཡིན་གྱི་མ་རེད།
  • བྱིས་བློའི་རང་བཞིན་ ༼གཏི་མུག་༽ ཏེ། སྡུག་བསྔལ་དང་བདེ་སྐྱིད་རགས་པ་རྣམས་མི་དགེ་བའི་ལས་བྱས་པ་ལས་བྱུང་བར་མི་ཤེས་པའམ་ངོས་ལེན་མི་བྱེད་པ་དེ་རེད། ང་ཚོས་གང་ཐུབ་ཀྱིས་མི་དགེ་བའི་ལས་བྱེད་ཆོག་པ་དང་། དེ་ལ་རྗེས་འབྲས་ཡོང་གི་མ་རེད་བསམ་གྱི་ཡོད།
  • འདོད་ཆགས་སམ་ཞེ་སྡང་སྟེ། དེ་རང་རྒྱུད་ལ་ཡོད་དགོས་ཀྱི་མེད། ང་ཚོ་ཧ་ཅང་འདོད་ཆགས་སྐྱེ་བའི་སྐབས། དེ་ནི་དངོས་གནས་སེམས་ཀྱི་གནས་བབས་སྐྱིད་པོ་ཞིག་མིན་པ་ང་ཚོས་ཤེས་ཀྱི་ཡོད་ལ། ང་ཚོ་ཧ་ཅང་ཁོང་ཁྲོ་ཟ་བའམ་སྡང་འཛིན་སྐྱེ་བའི་སྐབས། ང་ཚོའི་སེམས་ཀྱི་གནས་བབས་དེ་སྐྱིད་པོ་ཞིག་མེད། “ང་རང་འདི་མེད་ན་སྡོད་ཐུབ་ས་མ་རེད། ང་ཁྱེད་ལ་སྡང་” ཞེས་ཟེར་བ་རྣམས་ནི་སེམས་ཀྱི་གནས་བབས་སྐྱིད་པོ་ཞིག་གང་ཡང་མིན།
  • ངོ་ཚ་མེད་པ་སྟེ། རང་གིས་རང་ལ་སྤོབས་པའི་ཚོར་བ་མེད་པ་དང་། དེའི་ཚབ་ལ་རང་མཐོང་དམའ་པོ་ཡོད། འདི་ནི་ང་ཚོས་སྤྱི་ཚོགས་རིག་པའི་ནང་རྙེད་ཀྱི་རེད། གལ་ཏེ་ང་ཚོས་མི་ཞིག་ལ་ཡག་པོ་མེད་པ་དང་། མི་དེ་ལ་རང་གིས་རང་ལ་སྤོབས་པའི་ཚོར་བའམ་རང་མཐོང་ཡར་རྒྱས་ནམ་ཡང་གཏོང་དུ་མ་བཅུག་ན། དེ་འདྲ་བའི་མི་རྣམས་ཀྱིས་ཁོང་ཚོ་འབོམ་ལྕེབ་བ་ཆགས་པའི་ཚོར་སྣང་ཡོང་སྲིད། གང་ཡིན་ཞེ་ན། ཁོང་ཚོས་རང་གིས་རང་ལ་རིན་ཐང་བརྩི་གི་མེད། ཁོང་ཚོ་ནི་གང་ཡང་མི་འཇོན་མཁན་གྱི་ཐབས་སྐྱོ་པོ་ཞིག་ཡིན་པར་ཡིད་ཆེས་བྱས་ཡོད། བཙན་གནོན་བྱས་པའི་མི་རྣམས་ལ་ཁྱེད་ཀྱིས་སྡུག་ཤོས་བྱེད་ཐུབ་པ་ནི་ཁོང་ཚོའི་རང་མཐོང་གི་ཚོར་བ་དེ་འཕྲོག་པ་དེ་རེད། ང་ཚོར་སྤོབས་པའི་ཚོར་བ་མེད་པའི་སྐབས། ང་ཚོས་རང་ཉིད་རིན་ཐང་མེད་པར་བསམ་རྒྱུ་དེ་དཀའ་ལས་ཁག་པོ་ཞིག་གང་ཡང་མིན། དེ་ནི་སེམས་ཀྱི་གནས་བབས་བདེ་སྐྱིད་དང་ལྡན་པ་ཞིག་གང་གི་ཆ་ནས་མིན།
  • ང་ཚོའི་བྱ་སྤྱོད་སྤེལ་སྟངས་ཀྱིས་གཞན་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པར་སེམས་འཁུར་མེད་པ་ ༼ཁྲེལ་མེད་པ་༽ སྟེ། འདི་ནི་ཨེ་ཤི་ཡའི་མི་རིགས་ཀྱི་བསམ་བློ་གཏོང་སྟངས་ཤིག་ཡིན་སྲིད། དེ་ཡང་གལ་ཏེ་ལས་ཀ་ཐབས་སྐྱོ་པོ་བྱས་ན། དེས་རང་གི་ནང་མི་ཁྱིམ་ཚང་དང་། རིགས་རུས། ཕོ་མོ། སྤྱི་ཚོགས་ཀྱི་སྡེ་ཁག་སོགས་ལ་ཤུགས་རྐྱེན་བཟོ་གི་རེད་བསམ་གྱི་ཡོད། ང་ཚོས་དེ་དག་གང་ལའང་གལ་གནད་དུ་འཛིན་གྱི་མེད་པ་དང་། བློའི་ཁྱེར་སོ་འདི་ལ་མི་དགེ་བའི་ལས་ཀྱིས་གྲོགས་བྱེད་ཀྱི་ཡོད།
  • དལ་ལྷོད་མེད་པ་ ༼རྒོད་པ་༽ སྟེ། སློབ་དཔོན་མ་འགགས་པས་ཁ་སྣོན་མཛད་པའི་ཆ་རྐྱེན་གཞན་ཞིག་ནི་རང་གིས་རང་ལ་ཆོག་ཤེས་པ་དང་ཞི་བའི་ངང་གནས་པ་དེའི་ལྡོག་ཟླ་དེ་རེད། ང་ཚོའི་སེམས་ཀྱི་གནས་བབས་ནི་ལྷིང་འཇགས་མེད་པ་དང་བག་མི་ཕེབས་པ་ཞིག་ཡོད། ང་ཚོས་མི་དགེ་བའི་སྤྱོད་ལམ་ལ་འཇུག་པའི་སྐབས། བདེ་མོ་མེད་པ་དང་བག་མི་ཕེབས་པ་ཆགས་ཀྱི་ཡོད།

གལ་ཏེ་ང་ཚོས་མི་དགེ་བའི་སྤྱོད་ལམ་ལ་གྲོགས་བྱེད་སྲིད་པའི་སེམས་བྱུང་གི་རིགས་མི་འདྲ་བ་དེ་དག་གི་སྐོར་སྦྱངས་ན། ང་ཚོས་སྤྱིར་བཏང་སེམས་བྱུང་འདི་དག་གིས་ཁྱད་ཆོས་མཚོན་པར་བྱེད་པའི་མི་དགེ་བའི་སྤྱོད་ལམ་དང་སྡུག་བསྔལ་དབར་གྱི་འབྲེལ་བའི་སྐོར་གསལ་བ་མཐོང་གི་རེད། ངས་ད་དུང་ཡང་རྒྱུ་མཚན་ལྡན་པའི་སྒོ་ནས་སྡུག་བསྔལ་དེ་ལས་བྱུང་བའི་འབྲས་བུ་ཡིན་པར་རྗེས་སུ་དཔོག་ཐུབ་ཀྱི་མི་འདུག །འོན་ཀྱང་དེ་གཉིས་བར་གྱི་འབྲེལ་བ་དེས་གོ་བ་ལྷག་པོ་ཞིག་སྤྲོད་ཀྱི་འདུག །དེ་ནས་གཞུང་ནང་གང་གསུངས་ཡོད་པའི་ཐོག་ལ་བལྟས་ན། དེ་གཉིས་དབར་གྱི་འབྲེལ་བའི་སྐོར་ལ་ཚད་ལྡན་གྱི་ལུང་ནི་སངས་རྒྱས་ཡིན་པར་ཡིད་ཆེས་མང་བ་སླེབ་ཀྱི་རེད།  

དགེ་བའི་སྤྱོད་ལམ་ལ་གྲོགས་བྱེད་པའི་སེམས་བྱུང་ཁག

ད་ང་ཚོས་དགེ་བའི་སྤྱོད་ལམ་ལ་གྲོགས་བྱེད་སྲིད་པའི་སེམས་བྱུང་ཁག་དང་། དེ་བདེ་སྐྱིད་དང་འབྲེལ་བ་གང་འདྲ་ཡོད་མེད་བལྟ་ཆོག །ང་ཚོས་ཆོས་མངོན་པ་མཛོད་ཀྱི་ཁུངས་མི་འདྲ་བ་གསུམ་ནས་གནས་ཚུལ་རྣམས་མཉམ་དུ་བསྡུ་བའི་སྐབས། འདིའི་གྲངས་འདྲེན་ནི་གོང་དུ་ཞུས་པ་ལས་རིང་བ་ཡོད།

  • བདེན་དོན་ལ་ཡིད་ཆེས་པ་ ༼དད་པ་༽ སྟེ། མི་དགེ་བའི་སྤྱོད་ལམ་སྤོང་བ་ལ་བརྟེན་ནས་བདེ་སྐྱིད་འབྱུང་གི་ཡོད་པ་དང་། སྡུག་བསྔལ་ནི་མི་དགེ་བའི་ལས་བྱས་པ་དང་། དེ་ག་ནང་བཞིན་བདེན་དོན་དང་མཉམ་དུ་སྟོན་པའི་སྐབས། གང་ལའང་ཡིད་ཆེས་མི་བྱེད་པའི་སེམས་ཀྱི་གནས་བབས་འདུལ་དཀའ་བ་དང་འགྲན་སེམས་ཅན་ལས་འབྱུང་གི་ཡོད་པའི་ཡིད་ཆེས་ཤིག་ཡིན། གལ་ཏེ་གང་བདེན་པ་ཡིན་པ་ཞིག་ང་ཚོར་བསྟན་ཡོད་ན། ང་ཚོས་དེར་ཡིད་ཆེས་ཀྱི་ཡོད།
  • སོ་སོ་རང་ཉིད་དང་གཞན་གྱི་སྟེང་རང་གི་སྤྱོད་ལམ་གྱི་རྗེས་འབྲས་ལ་གཅེས་འཛིན་དང་དོ་གལ་དུ་བརྩི་བ། ༼ངོ་ཚ་བ་དང་ཁྲེལ་ཡོད་པ།༽
  • བདེ་ཐང་གི་ཚོར་བ་ ༼ཤིན་སྦྱངས་༽ སྟེ། དཔེར་ན། ང་ཚོས་གཞན་ལ་གནོད་འཚེ་བྱ་རྒྱུ་སྤོང་ཐུབ་པའི་ཆེད་དུ་རང་གིས་རང་ལ་ཡག་པོ་ཚོར་བ་ལྟ་བུ་རེད། རང་ཚོད་ཟིན་པའི་ཚོར་བ་ཡག་པོ་དེ་ཚོད་འཛིན་དང་ཡོངས་སུ་བྲལ་བ་ལས་སྐྱིད་པའི་སེམས་ཀྱི་གནས་བབས་ཤིག་ཡིན། དེ་ནི་དཔེར་ན། ང་ཚོའི་གྲོད་ཁོག་རྦད་དེ་རྒྱགས་ནས་ཡོད་པའི་སྐབས། འཁུར་རའམ་ཀེཀ་དུམ་བུ་འཕར་མ་ཞིག་མཐོང་བ་དང་ང་ཚོར་ཚོད་འཛིན་དང་སྟངས་འཛིན་མེད་ན། དེ་བཟའ་བ་ལྟ་བུ་རེད། དེ་བཟས་པའི་རྗེས་ལ་ “ད་ང་དངོས་གནས་རྒྱགས་ཐལ་སོང་། བདེ་པོ་ཚོར་གྱི་མི་འདུག་” ཅེས་ང་ཚོ་ཏོག་ཙམ་སྡུག་ཅག་འདྲ་པོ་ཚོར་ནས་རང་ཉིད་མི་སྐྱིད་པ་ཚོར་གྱི་ཡོད། འོན་ཀྱང་། གལ་ཏེ་ང་ཚོས་འཁུར་ར་འཕར་མ་དུམ་བུ་དེ་མ་བཟས་པར་སྟངས་འཛིན་བྱས་ཐུབ་ཡོད་ན། “འགྲིགས་སོང་། ངས་རང་ཚོད་ཟིན་ཐུབ་ནས་ཕག་པ་འདྲ་པོ་བྱས་མེད་” ཅེས་རང་གིས་རང་ལ་གང་ལ་གང་འཚམ་གྱི་ཡག་པོ་ཚོར་གྱི་རེད།
  • ཞི་འཇམ་བག་ཕེབས་ཀྱི་རང་བཞིན་ ༼བཏང་སྙོམས་༽ ཏེ། བྱིང་རྒོད་དང་བྲལ་བའི་སེམས་ཀྱི་གནས་བབས་ཤིག་ཡིན། ང་ཚོས་མི་དགེ་བའི་ལས་དང་མི་གཞན་ཞིག་ལ་སྐད་ལོག་རྒྱག་རྒྱུ་སྤོང་བའི་སྐབས། ང་ཚོའི་སེམས་དེ་ས་ཆ་གང་སར་གཡེངས་ནས་འཁྱམ་གྱི་མེད། དེ་ནི་བྱིང་བ་མིན་པས། ང་ཚོས་ག་རེ་བྱེད་བཞིན་ཡོད་པ་ཤེས་ཀྱི་མེད། སེམས་དེ་གསལ་པོ་དང་ཞི་འཇམ་ཡོད་པས། ང་ཚོས་གང་བྱེད་བཞིན་ཡོད་པ་ཤེས་ཀྱི་ཡོད།
  • རིན་ཐང་དང་གུས་ཞབས་ཀྱི་ཚོར་བ་ ༼ངོ་ཚ་དང་གུས་པ་༽ སྟེ། དེ་ཡང་ཁྱད་ཆོས་དང་ཡོན་ཏན་བཟང་པོ་དང་ལྡན་པ་རྣམས་མིག་དཔེ་ཡར་བལྟ་བྱེད་པ་དང་ཡི་རངས་བྱེད་པ། དེ་བཞིན་སྤྱིར་བཏང་དགེ་བའི་ཡོན་ཏན་རྣམས་ལ་ཡི་རངས་བྱེད་པ་དེ་ཡིན།
  • བཟང་ངན་དབར་གྱི་ཐེ་ཚོམ་ ༼ཁྲེལ་ཡོད་༽ སྟེ། ང་ཚོས་གང་བྱེད་ཀྱི་ཡོད་པ་ལ་སེམས་འཁུར་ཡོད་པས། མི་དགེ་བའི་ལས་ངན་པ་བྱ་རྒྱུ་སྤོང་གི་རེད།
  • ཆགས་བྲལ་ ༼མ་ཆགས་པ་༽ ཏེ། དགོས་མེད་ཀྱི་བསམ་ཚུལ་སྤྲོད་པའམ། ཡང་ན་གླེན་པ་དང་དོན་མེད་ཀྱི་སྐད་ཆ་ཤོད་པ། ཡང་སྐད་ལོག་རྒྱག་པ་དང་མི་དགེ་བའི་ལས་བྱེད་པ་བཅས་ལ་ཆགས་པ་མི་སྐྱེ་བ།
  • སྡང་འཛིན་དང་བྲལ་བའམ་ཞེ་སྡང་མེད་པ།
  • འཚེ་བ་མེད་པའམ་རྣམ་པར་མི་འཚེ་བ།
  • སྙིང་སྟོབས་དང་ལྡན་པ་ ༼བརྩོན་འགྲུས་༽ སྟེ། སྟོབས་དང་ལྡན་ཞིང་། དགེ་བའི་ལས་བརྩམ་པར་སྙིང་རུས་ཆེ་བ། དེ་ཡང་དཀའ་ལས་ག་ཚོད་ཡོད་ནའང་། མ་མཐར་ཡང་འཁུར་ར་དུམ་བུ་མཐའ་མ་དེ་མི་བཟའ་བ་དང་། དེ་བཟའ་རྩིས་མེད་པ་དེ་རེད།

དེ་དག་ཐམས་ཅད་ཀྱིས་ང་ཚོའི་སེམས་ཀྱི་གནས་བབས་ལ་བདེ་སྐྱིད་ཀྱི་བྲོ་བ་ཞིག་སྦྱིན་གྱི་ཡོད། མ་རེད་དམ།

མ་འགགས་པས་དེ་ལས་མང་བའི་སེམས་བྱུང་གསུངས་ཡོད་པ་ནི།

  • སེམས་ཆ་སྙོམ་པ་ ༼བཏང་སྙོམས་༽ སྟེ། སེམས་ཚོར་གྱི་སྨིན་ཚད་དང་བརྟན་ཆའི་རང་བཞིན་གྱིས་ང་ཚོ་འདོད་ཆགས་དང་ཞེན་ལོག་ལས་ཐར་བར་བྱེད་ཀྱི་ཡོད།
  • དྲན་པ་ཉེར་བཞག་ ༼དྲན་པ་༽ སྟེ། སེམས་ཀྱི་གནས་བབས་བྱེ་བྲག་ཅིག་མི་བརླག་པར་ཉར་འཚགས་བྱེད་པའི་སེམས་ཀྱི་སྦྱར་རྩི་ལྟ་བུ་དེ་ཡིན།
  • ཞི་བདེ་ལྷིང་འཇགས་སམ་ཤིན་སྦྱངས་།
  • བག་ཡངས་པོ་ ༼ཡང་པ་༽ སྟེ། སེམས་སྨུགས་པ་དང་གཉིད་བྲོ་པོའི་ལྡོག་ཕྱོགས།
  • སྟབས་བསྟུན་བདེ་བའི་རང་བཞིན་ ༼འཇམ་པ་༽ ཏེ། མགོ་མཁྲེགས་པོ་དང་ཁེངས་དྲེགས་ཀྱི་ལྡོག་ཕྱོགས་ཏེ། དེས་དམ་པོའམ་གྱོང་པོ་མེད་པ་བཟོ་གི་ཡོད། དེས་གང་མེད་པ་བཟོ་བའི་དཔེ་མཚོན་ཞིག་ནི། “འདིས་ཁྱེད་ཀྱི་ཚོར་བར་གནོད་ཀྱི་རེད་དེ། གལ་ཡོད་མ་རེད། ཡིན་ནའང་ཁྱེད་ཀྱིས་གྱོན་ཆས་མདོག་ཉེས་དེ་འདྲ་ཞིག་གྱོན་འདུག་ཅེས་ངས་བརྗོད་དགོས་བྱུང་” ཟེར་བ་ལྟ་བུ་རེད། དེ་ནི་མགོ་མཁྲེགས་པོ་དང་ཁེངས་དྲེགས་ཅན་ཞིག་རེད། དེའི་ལྡོག་ཕྱོགས་ནི་སྟབས་བསྟུན་བདེ་པོ་དེ་རེད།
  • ལས་སུ་རུང་བ་སྟེ། རང་ངོས་ནས་ཕན་ཐོགས་ལྡན་པའི་ལས་ཤིག་ལག་བསྟར་བྱེད་ཐུབ་པའི་བདེ་ཐང་དང་གྲ་སྒྲིག་གི་རང་བཞིན་དེ་ཡིན། འདི་ནི་སེམས་དང་སེམས་ཚོར་ཀྱི་འགོག་རྐྱེན་ཡོད་པའི་ལྡོག་ཕྱོགས་ཡིན། གང་བྱེད་དགོས་པ་ཚང་མ་བྱ་རྒྱུའི་གྲ་སྒྲིག་ཡོད་པ་རེད། དཔེར་ན། “སྦྲང་བུ་ཞིག་གསང་སྤྱོད་ཀྱི་ཆུ་གཞོང་ནང་ཟགས་ཡོད་ན། དེ་ཕྱིར་འདོན་པའི་སྐབས་བཙོག་པ་ཡོད་ནའང་། ད་དུང་ངའི་ལག་པ་དེའི་ནང་བླུག་རྒྱུ་གྲ་སྒྲིག་ཡོད། དེའི་ཐད་ང་རང་ལ་སེམས་ཀྱི་འགོག་རྐྱེན་དེ་འདྲ་གང་ཡང་མེད་པ་” ལྟ་བུ་རེད། འདི་ནི་ང་ཚོས་གང་གི་སྐོར་ཤོད་ཀྱིན་ཡོད་པ་དེ་རེད། ང་ཚོར་སེམས་དང་སེམས་ཚོར་གྱི་འགོག་རྐྱེན་མེད་པའི་སྐབས། སེམས་ཀྱི་གནས་བབས་རྦད་དེ་བདེ་སྐྱིད་ཆེ་བ་ཞིག་ཡོད། གལ་ཏེ་ང་ཚོར་སེམས་ཀྱི་འགོག་རྐྱེན་དེ་དག་ཡོད་ན། དེ་ནས་ང་ཚོ་ཞེད་སྣང་སྐྱེ་བ་དང་ཉེན་སྲུང་མེད་པ་ཚོར་གྱི་ཡོད། དེ་ནི་སེམས་ཀྱི་གནས་བབས་བདེ་སྐྱིད་དང་ལྡན་པ་ཞིག་མིན། གལ་ཏེ་ང་ཚོར་ལས་སུ་རུང་བའི་རང་བཞིན་ཞིག་ཡོད་ན། ང་ཚོས་ “གསང་སྤྱོད་བཙོག་པ་ཡོད་པ་དེ་གནས་ཚུལ་ཆེན་པོ་ག་རེ་ཡོད་དམ། ངས་རྗེས་ལ་ལག་པ་བཀྲུ་ཆོག །སྦྲང་བུ་འདིའི་སྲོག་དེ་གལ་ཆེ་བ་རེད་” ཅེས་བསམ་བློ་གཏོང་གི་རེད།

སེམས་ཀྱི་འགོག་རྐྱེན་གྱི་དཔེ་མཚོན་གཞན་ཞིག་ནི། མི་ཞིག་ཆུར་ནུབས་ནས་ཁྱེར་བ་དང་ང་ཚོས་ཁ་ལ་ཁ་ཐུག་གི་སྲོག་དབུགས་སླར་གསོ་བྱེད་དགོས་པ་ལྟ་བུ་ཡིན་ཆོག །འོན་ཀྱང་མི་དེ་ནི་ང་ཚོ་ནང་བཞིན་ཕོ་མོ་དབྱེ་མེད་ཐོག་གཅིག་ཡིན་པའམ། ཡང་ན་ང་ཚོས་མི་དེ་ཧ་ཅང་མདོག་ཉེས་པོ་མཐོང་བ་སོགས་གང་ཡིན་རུང་གཅིག་པ་རེད། གལ་ཏེ་ང་ཚོར་ཁ་ལ་ཁ་ཐུག་བྱ་རྒྱུའི་ཐད་སེམས་ནང་འགོག་རྐྱེན་ཡོད་ན། དེས་ཁོང་ཚོར་རོགས་བྱེད་པར་འགོག་རྐྱེན་བཟོ་གི་ཡོད། གལ་ཏེ་ང་ཚོར་སེམས་ཀྱི་འགོག་རྐྱེན་མེད་ན། ང་ཚོས་ཁོང་ཚོར་ཐད་ཀར་རོགས་བྱེད་ངེས་རེད། འདི་ནི་ཁ་ལ་ཁ་ཐུག་གི་སྲོག་དབུགས་སླར་གསོ་བྱ་རྒྱུ་དེ་སུ་ལ་དགོས་ནའང་། ང་ཚོས་ཁོང་ཚོར་རོགས་བྱེད་འོས་པ་དང་གྲ་སྒྲིག་ཨང་བསར་ཡོད་པའི་ཚོར་བ་ཞིག་རེད། དེ་ནས་མཐའ་མའི་སེམས་བྱུང་གཉིས་ནི།

  • ཡོན་ཏན་ཅན་ཏེ། གདེང་ཚོད་མེད་པའི་ལྡོག་ཕྱོགས་དེ་ཡིན།
  • དྲང་པོ་དྲང་གཞག་ ༼དྲང་པོ་༽ སྟེ། ང་ཚོ་དྲང་པོ་དྲང་གཞག་ཡིན་པ་དང་། ཟོག་རྫུ་ཅན་མིན་པ། ང་ཚོར་མེད་ནའང་ཁྱད་ཆོས་ཡོད་མདོག་མདོག་མི་བྱེད་པ་དང་། སོ་སོའི་སྐྱོན་དང་ཉེས་པའི་ཆ་རྣམས་སྦེད་སྐུང་མི་བྱེད་པ་དེ་ཡིན།

གལ་ཏེ་ང་ཚོ་ཞི་བདེ་ལྷིང་འཇགས་དང་། རང་གིས་རང་ལ་གདེང་ཚོད་ཡོད་པ། བདེ་ཐང་ཡོད་པ། སེམས་ཀྱི་འགོག་རྐྱེན་མེད་པ། སོ་སོས་གང་བྱེད་པ་ལ་སེམས་འཁུར་ཡོད་པ། དེ་ག་ནང་བཞིན་རིན་ཐང་གི་ཚོར་བ་ཡོད་པ་ང་ཚོས་ཤེས་ཐུབ་ན། ང་ཚོ་ལ་སྔར་ལས་ཀྱང་བདེ་སྐྱིད་ཆེ་བའི་སེམས་ཀྱི་གནས་བབས་ཤིག་དང་ལྡན་ངེས་རེད། དེ་ལ་གདེང་ཚོད་ཡོད་པའི་སྒོ་ནས་ཆེས་གཞི་རྩའི་ལས་ཀྱི་རྣམ་གཞག་ལ་གདེང་ཚོད་དང་ཡིད་ཆེས་མང་དུ་སྐྱེ་གི་རེད། དེ་ཡང་མི་དགེ་བའི་སྤྱོད་ལམ་གྱིས་སྡུག་བསྔལ་འབྱུང་བར་བྱེད་པ་དང་། དགེ་བའི་སྤྱོད་ལམ་གྱིས་བདེ་སྐྱིད་འབྱུང་བར་བྱེད་ཀྱི་ཡོད་པའི་ཡིད་ཆེས་རྙེད་ཀྱི་རེད། རྒྱུའི་འབྲེལ་བ་འདི་འདྲ་མ་རེད། གང་ཡིན་ཟེར་ན། སངས་རྒྱས་ཀྱིས་ཚང་མ་གསར་བཟོ་མཛད་གནང་བ་དང་ལས་ཀྱི་རྣམ་གཞག་ཀྱང་འདི་འདྲ་བཟོ་གནང་ཡོད། དེར་མ་ཟད། བདེ་སྐྱིད་ནི་དགེ་བའི་ལས་བྱས་པའི་བྱ་དགའ་ཞིག་མིན་ལ། སྡུག་བསྔལ་ནི་མི་དགེ་བའི་ལས་བྱས་པའི་ཉེས་ཆད་དེ་འདྲའང་མིན། དེ་ལས་ལྡོག་སྟེ། སྤྱོད་ལམ་གྱི་རིགས་དང་ང་ཚོས་མྱོང་བའི་བདེ་བ་དང་སྡུག་བསྔལ་དབར་གྱི་འབྲེལ་བའི་སྐོར་ལ་རྒྱུ་མཚན་རིགས་པ་དང་ལྡན་ཆེ་བའི་སྒོ་ནས་ང་ཚོས་རྟོགས་ཀྱི་ཡོད།
 
ང་ཚོས་ལས་ཀྱི་རྗེས་འབྲས་དང་། སྤྱོད་ལམ་ལ་བརྟེན་ནས་བྱུང་བའི་བག་ཆགས་དང་ནུས་པ་རྣམས་མུ་མཐུད་སྐྱེ་བ་ཕྱི་མར་འགྲོ་ཆོག་པའི་ཐབས་ཚུལ་དེ་རྟོགས་པའི་སྐབས། ཚེ་འདིའི་ནང་ང་ཚོའི་བྱ་སྤྱོད་སྤེལ་སྟངས་དེས་མ་འོངས་སྐྱེ་བ་ཕྱི་མའི་ནང་གང་མྱོང་བར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་ང་ཚོས་རྟོགས་ཀྱི་ཡོད།

ཐོག་མའི་ཀུན་སློང་གི་རིམ་པའི་ཕྱོགས་བསྡོམས།

ཐོག་མའི་ཀུན་སློང་གི་རིམ་པའམ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པར་སླེབས་པ་དེ་གྲུབ་འབྲས་ཆུང་ངུ་ཞིག་མིན་པ་ང་ཚོས་མཐོང་ཐུབ། གྲུབ་འབྲས་འདི་ལ་བརྟེན་ནས་ང་ཚོའི་སེམས་ཀྱི་རྒྱུན་དེ་མུ་མཐུད་དེ་ཚེ་རབས་ནས་ཚེ་རབས་མཐའ་མེད་པར་འགྲོ་བར་མཐའ་གཅིག་ཏུ་ཡིད་ཆེས་ཡོད། ང་ཚོས་ད་ལྟ་བྱ་སྤྱོད་སྤེལ་སྟངས་འདིས་མ་འོངས་པའི་མྱོང་བ་ལ་ཤུགས་རྐྱེན་སྤྲོད་རྒྱུ་ཡིན་པའི་ཐད་ལ་མཐའ་གཅིག་ཏུ་ཡིད་ཆེས་ཡོད། ང་ཚོར་མི་ལུས་རིན་ཆེན་འདི་ཡོད་པ་དང་། ང་ཚོའི་སྤྱོད་ལམ་ནི་ཤ་ཟན་སེམས་ཅན་རྣམས་ཀྱིས་སེམས་ཅན་གཞན་མཐའ་གཅིག་ཏུ་གསོད་ངེས་པའམ། ཡང་ན་ཁྱི་རྣམས་ཕན་ཚུན་འཁྱུད་འདོད་ཤུགས་ཆེན་ཡོད་པའི་སྐབས་གང་སར་འཕག་མཆོང་རྒྱག་པའི་བག་ཆགས་དང་འདྲ་བ་ཞིག་གིས་དབང་སྒྱུར་བྱས་མེད་པ་ང་ཚོས་རྟོགས་ཀྱི་ཡོད། ང་ཚོར་ཕན་ཐོགས་ཅན་གང་ཡིན་པ་དང་གནོད་གཞི་ཅན་གང་ཡིན་པའི་བར་ལ་ཁྱད་པར་འབྱེད་ཐུབ་པའི་འགྲོ་བ་མིའི་རྣམ་དཔྱོད་ཀྱི་ནུས་པ་ཞིག་ཡོད་པ་དང་། དེ་ལ་ལས་དོན་བསྒྲུབ་པའི་ནུས་པ་དང་ལྡན་ཡོད། ད་དུང་གོ་སྐབས་འདི་དུས་ཡུན་རིང་པོར་མི་གནས་པར་མཐར་ཤི་བའི་སྐབས་གོ་སྐབས་ཤོར་གྱི་ཡོད་པ་དེའང་ང་ཚོས་ཤེས་ཀྱི་ཡོད།
 
ང་ཚོ་ཤི་བའི་རྗེས་སུ་མུ་མཐུད་དེ་གནས་ཀྱི་རེད། མི་དགེ་བའི་སྤྱོད་ལམ་གཞི་ལ་བཞག་ནས་གང་ཕན་ཐོགས་ཅན་ཡིན་པ་དང་གང་གནོད་གཞི་ཅན་ཡིན་པའི་བར་ཁྱད་པར་འབྱེད་མི་ནུས་པའི་སྐྱེ་གནས་ཀྱི་ནང་ང་ཚོ་གནས་སྲིད་པ་དང་། ལྷན་སྐྱེས་ཀྱིས་མི་དགེ་བའི་ལས་ཡང་ནས་ཡང་དུ་བྱེད་སྲིད་པ་རེད། དེས་ད་དུང་མི་སྐྱིད་པ་དང་སྡུག་བསྔལ་དེ་ལས་མང་བ་སྐྲུན་གྱི་རེད། དེའི་ཚབ་ལ་ང་ཚོར་འགོག་བདེན་དང་ལམ་བདེན་གྱིས་བསྟན་པའི་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་ཡོད། ཁ་ཕྱོགས་དེར་ཕྱིན་ན་ང་ཚོའི་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ཡོངས་རྫོགས་མེད་པ་བཟོ་གི་ཡོད། དེར་བརྟེན་ང་ཚོས་མུ་མཐུད་དེ་མི་ལུས་རིན་ཆེན་འདི་འཐོབ་པར་ངེས་བརྟན་བཟོ་དགོས།

ང་ཚོས་ཉོན་མོངས་དང་མ་རིག་པ་སོགས་མེད་པ་བཟོ་རྒྱུར་དམིགས་ཀྱི་ཡོད་ནའང་། བག་ཆགས་ནི་ད་དུང་ང་ཚོའི་སེམས་ཀྱི་རྒྱུན་ལ་ཡོད། དེ་དག་འགོག་པའི་འགོག་བདེན་འཐོབ་པར་དམིགས་ནའང་། སྐབས་དེར་ང་ཚོས་ཁོང་ཁྲོ་དང་འདོད་རྔམ་ལ་སོགས་པ་ཚང་མ་སྤོང་མི་ཐུབ། མ་མཐར་ཡང་ང་ཚོས་ཐོག་མའི་ཀུན་སློང་གི་རིམ་པ་དེ་དང་དུ་ལེན་ཆོག །ཐབས་ལམ་དེ་ནི་དཔེར་ན། ཁོང་ཁྲོ་དང་གཞན་ལ་སྐད་ལོག་རྒྱག་འདོད་སྐྱེ་བའི་སྐབས། ང་ཚོས་གང་ཕན་ཐོགས་ཅན་ཡིན་པ་དང་གང་མིན་པའི་རྣམ་པར་འབྱེད་དགོས་ཤིང་། དེ་ནི་མྱོང་བར་འགྱུར་བའི་སྡུག་བསྔལ་གྱི་རྒྱུ་ཞིག་ཆགས་ཀྱི་ཡོད་པ་དེར་བལྟ་དགོས། དེ་འདྲ་སོང་ཙང་། ང་ཚོས་བྱ་སྤྱོད་དེ་སྤེལ་རྒྱུ་སྤོང་དགོས།

འདི་ནི་ཐོག་མའི་ཀུན་སློང་གི་རིམ་པའི་གང་ཟག་དེའི་གཞི་རྩའི་སེམས་ཀྱི་སྒྲོམ་གཞི་དེ་རེད། གལ་ཏེ་ང་ཚོས་དེའི་སྒང་ལ་མི་ལུས་རིན་ཆེན་འཐོབ་པའི་རྐྱེན་རྣམས་ཡོངས་སུ་རྫོགས་པའི་ཆེད་རྒྱུ་སྣ་ཚོགས་པ་ཁ་སྣོན་བྱེད་འདོད་ཡོད་ན། དེ་ནས་གཞུང་མང་པོའི་ནང་གསུངས་པ་ལྟར། ང་ཚོ་གཏོང་ཕོད་ཅན་དང་། བཟོད་སྒོམ་ཅན། བརྩོན་འགྲུས་ཅན་སོགས་དགོས་ཀྱི་ཡོད། དེར་མ་ཟད། སོ་སོའི་དགེ་བའི་བཤེས་གཉེན་དང་འབྲེལ་བ་དམ་པོ་ཞིག་ཡོད་དགོས་པ་དང་། ང་ཚོར་མི་ལུས་རིན་ཆེན་འདི་འཐོབ་པའི་སྐལ་བ་བཟང་པོ་དང་ལྡན་པའི་སྐབས། ཆོས་ཀྱིས་འདི་སྨིན་པ་དང་སླར་ཡང་འབྱུང་བའི་བག་ཆགས་སྐྲུན་གྱི་རེད།
 
གཞན་ཡང་ང་ཚོས་སྨོན་ལམ་འདེབས་ཆོག །འདི་ནི་དགེ་བའི་ནུས་པ་བསྔོ་བའི་སྐོར་ཤོད་ཀྱིན་ཡོད། དེ་ནི་ང་ཚོས་མི་ལུས་རིན་ཆེན་ཞིག་འཐོབ་པར་དམིགས་འདོད་ཡོད་པ་དེ་རེད། དེ་ལྟ་བུའི་བསྔོ་སྨོན་ཧ་ཅང་མང་པོ་ཡོད། དཔེར་ན། “བདག་ནི་སྐྱེ་བ་ཀུན་ཏུ་ཡང་དག་བླ་མས་བསྐྱབ་ཏུ་གསོལ། བླ་མ་རིན་པོ་ཆེས་སྲུང་སྐྱོབ་གནང་བར་ཤོག་” ཅེས་བསྔོ་བ་ལྟ་བུ་རེད། དེ་དག་འདི་ལ་ཏག་ཏག་རན་འཚམ་ཆགས་ཀྱི་ཡོད།

གལ་ཏེ་ང་ཚོ་སྐྱེ་བ་འདིའི་ནང་། ཐོག་མའི་ཀུན་སློང་གི་རིམ་པའི་གང་ཟག་ཅིག་ཆགས་པ་ཡིན་ན། ང་ཚོས་ནང་པའི་ལམ་གྱི་སྟེང་ལ་ཆོས་ཕྱོགས་ཀྱི་ཡར་རྒྱས་ཧ་ཅང་ཆེན་པོ་གཏོང་རྒྱུ་ཡོད། ང་ཚོས་དེ་ནི་གལ་ཆེན་པོ་མིན་པ་དང་ལས་སླ་པོ་ཡིན་པ་བསམ་རྒྱུ་མེད། གང་ཡིན་ཟེར་ན། ང་ཚོས་ལྷག་བསམ་དག་ལ་ཚོར་ཤུགས་ཆེན་པོའི་གོ་རྟོགས་དང་ཡིད་ཆེས་ཀྱི་སྐོར་ཤོད་ཀྱིན་ཡོད། འདི་ནི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་དང་། ང་ཚོས་གོང་དུ་མཐོང་བ་ལྟར། གལ་ཏེ་ང་ཚོ་འདི་འདྲ་བའི་ལྷག་བསམ་རྣམ་དག་ཡིན་ན། ང་ཚོ་ནི་དཔྱད་ཁྲ་དང་ཞིབ་དཔྱོད་བྱེད་པའི་དཔང་པོ་གཙོ་བོ་དེ་ཡིན་པ་རེད། ཡང་མིན་ན་ང་ཚོས་རང་གིས་རང་ལ་ཀྱལ་ཀ་བྱེད་ཀྱིན་ཡོད།

ཕྱོགས་བསྡོམས།

ཁམས་མི་འདྲ་བའི་བསམ་བློ་དེ་རྟོག་པའི་འཆར་སྣང་འདྲ་པོ་ཞིག་ཡིན་པ་དེ་ཁས་ལེན་མི་བྱེད་པ་ནི་ལས་སླ་པོ་ཞིག་ཡིན་ནའང་། གལ་ཏེ་ང་ཚོས་ནང་པའི་ལམ་ལ་ཡར་རྒྱས་གཏོང་དགོས་ན། དེ་དག་དོ་གལ་ཆེན་པོའི་སྒོ་ནས་དང་ལེན་བྱ་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོས་སེམས་ཅན་གཞན་དག་གིས་ང་ཚོ་ལས་རྒྱང་ཐག་རིང་བ་མཐོང་ཐུབ་པ་དང་། ང་ཚོ་ལས་ཡག་ག་ཐོས་ཐུབ་པ་ལ་གོ་སླ་བའི་རྒྱུ་མཚན་རིགས་པ་བེད་སྤྱོད་བྱེད་ཆོག་པ་དང་། ང་ཚོ་ལས་མང་བའི་སྐྱིད་ཚོར་མྱོང་ཐུབ་མཁན་དང་ང་ཚོ་ལས་གདུང་བ་མང་བ་མྱོང་ཐུབ་མཁན་གྱི་སེམས་ཅན་མེད་པའི་རྒྱུ་མཚན་གང་ཡང་མེད།
 
ང་ཚོས་དེའི་སྐོར་རྟོགས་པ་དང་ལས་དེ་ཚད་ལྡན་གྱི་རང་བཞིན་ཡིན་པར་ཡིད་ཆེས་རྙེད་པའི་སྐབས། མི་དགེ་བའི་ལས་རྣམས་རང་བཞིན་གྱིས་སྤོང་གི་རེད། དེ་ཙམ་དུ་མ་ཟད། ང་ཚོ་ཚང་མ་བདེ་སྐྱིད་དང་སྐྱེ་བ་ཕྱི་མར་བདེ་འགྲོར་སྐྱེ་བར་བྱེད་པའི་དགེ་བའི་ལས་ལ་འཇུག་པར་དགའ་ཚོར་སྐྱེ་གི་རེད།།

Top