ཕྱག་ཆེན་གྱི་སྒོམ་གོང་དུ་སྤེལ་བ།

སྐད་ཡིག་གཞན།

ཕྱག་རྒྱ་ཆེན་པོ་དང་མདོ་སྔགས་གཞན་སྦྱོར་བ་དང་སྤྱོད་ལམ་བཞི།

གསུམ་པ་རྗེས་ལ་བོགས་འདོན་པར་བྱ་བ་ཡང་།

མཉམ་གཞག་གི་དྲན་འཛིན་ཡེངས་མེད་དུ་དུ་འབྱམས་ན་ཕྲལ་བཞག །རྗེས་ཐོག་ཏུ་ཡེངས་འགྲོ་ན་མཉམ་གཞག་དང་ཡེངས་མེད་སྐྱོང་བ་རེས་འཇོག་ཏུ་བྱ་བ་དང་།

འཆི་བ་མི་རྟག་པ་བསམས་ལ། འཆི་བ་སོགས་སུ་ལུས་ངག་ཡིད་གསུམ་སུ་འཆིའོ་སྙམ་པའི་སེམས་ད་ེའཆི་བ་དང་འཆི་སེམས་ཀྱི་རང་བཞིན་ངོས་གཟུང་སྟེ། དེའང་སེམས་ཀྱིས་བཏགས་པ་ཙམ་ལས་རྟག་མི་རྟག་གི་འཛིན་པ་ལས་གྲོལ་འགྱུར་ཞིང་།

དེ་བཞིན་འཁོར་བའི་ཉེས་དམིགས་ཐམས་ཅད་ལ་བསམས་པས། འཁོར་འདས་གཉིས་ཀ་རྨི་ལམ་གྱི་ཕ་རི་ཚུ་རི་ལྟར་ཤེས་པར་འགྱུར་རོ།

ཡང་སེམས་ཅན་ཐམས་ཅད་ཕ་མར་ཤེས་པས་བྱམས་སྙིང་རྗེ་དུང་དུང་སྒོམ། དེ་བཞིན་སྨོན་འཇུག་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་སྒོམ་ལ། དེའི་རང་བཞིན་ངོས་བཟུང་སྟེ་མ་བཅོས་པར་བཞག་པས་རྣམ་པ་བྱང་ཆུབ་ཀྱི་སེམས་ལམ་མེ་ངོ་བོ་སྤྲོས་པ་དང་བྲལ་བ་ཅི་ཡང་བྱར་མེད་པར་ཤེས་པའི་ངང་དུ་བཞག་པས་སྟོང་ཉིད་སྙིང་རྗེ་དབྱེར་མེད་འགྲོའོ།  །

ཡང་དབང་བཞིའི་བུམ་དབང་གི་ལམ་ལས་བསྐྱེད་རིམ་བསྐྱེད་ཆོག་པ་ཞིག་ཏུ་རུང་ཞིག་གི་རང་ཡི་དམ་དུ་བསམས། སྣོད་བཅུད་ལྷ་སྒྲ་གྲགས་སྔགས་སུ་སྒོམ་ལ་གསལ་བ་དང་དེའི་ངོ་བོ་ལ་ལྟ། དེ་རྟོག་པ་དང་བྲལ་བ་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་བསྐྱེད་རིམ་ཕྱག་རྒྱ་ཆེན་པོ་དང་འོད་གསལ་སྦྱར་ནས་སྒོམ་པ་དང་འགྲོ་འཆག་ཉལ་འདུག་གཏམ་གླེང་ལ་སོགས་ཐམས་ཅད་ཀྱི་ཚེའང་རང་ངོ་ངོས་གཟུང་སྟེ་ཕྱག་རྒྱ་ཆེན་པོར་བསྲེ།

  • ཡང་བསྐྱེད་རྫོགས་སམ་ཞི་ལྷག་དབྱེར་མེད་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ཀུན་བཟང་།
  • དེ་བརྟན་པར་གྱུར་ན་གཉན་ས་རྣམས་སུ་རིག་པས་ལྟ་སྒོམ་སྤྱོད་པ་གསངས་ཏེ་ཉམས་སུ་ལེན་པ་གསང་སྤྱོད།
  • དེ་མི་གཡེང་བར་བརྟན་ན་མང་པོ་ཚོགས་སར་གཡེང་བ་དང་བསྲེ་ཞིང་ལམ་དུ་འཁྱེར་བ་དང་ཉམས་སུ་ལེན་པ་ཚོགས་སྤྱོད།
  • དེ་བརྟན་མི་བརྟན་གྱི་བྱེ་བྲག་གི་ས་ཆེ་འབྲིང་ཆུང་གསུམ་ལས། ཆེན་པོ་ལ་རྟགས་ངེས་མེད་ཡིན་ལ་སྦྱོར་ལམ་ཆེན་པོ་ཐོབ་ནས་སྤྲོས་བཅས་བྱ་ན། ཧེ་རུ་ཀའི་ཆ་ལུགས་ཀྱིས་བཟའ་བྱ་ཡིན་མིན་གཙང་བཙོག་སྐྱོན་ཡོན་གང་ཡང་མི་རྟོག་པར་རྐྱེན་དྲག་པོ་དང་བསྲེས་ཏེ་ཉམས་སུ་བླངས་པས་རིམ་གྱིས་སྦྱོར་ལམ་བགྲོད་ནས་མཐོང་ལམ་ཐོབ་པས་རང་ངོས་ནས་བདུད་དང་ཉོན་མོངས་པ་དང་ཐེག་དམན་ལས་རྒྱལ་བས་ཕྱོགས་ལས་རྣམ་རྒྱལ། གཞན་ངོར་ཚོགས་སྤྱོད་ཆེན་པོས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པས་སྤྱོད་པ་དེའང་ཕྱག་རྒྱ་ཆེན་པོ་ཉིད་ཀྱིས་བགྲོད་པ་ཡིན་ལ།

གང་ཟག་དབང་པོ་རབ་ལ་བོགས་འདོན་བྱར་མེད་དེ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ཕྱིར། དེ་ལྟར་མིན་པའི་བོགས་འདོན་ཚུལ་དུ་མ་ཡོད་པ་རྣམས་བླ་མ་རྣམས་ཀྱི་ཞལ་ལས་ཤེས་སོ།  །

དེ་རྣམས་ནི་མཉམ་རྗེས་རེས་འཇོག་དང་ཐེག་པ་ཐུན་མོང་གི་ལམ་དང་སྔགས་ལུགས་དང་སྤྱོད་པ་བཞི་དང་སྦྱོར་ནས་བོགས་འདོན་ཚུལ་ཏེ།

དེ་ལྟར་ནན་ཏན་བྱས་ཏེ་ཉམས་སུ་བླངས་ནས་བོགས་འདོན་པ་དང་གཅིག །

ལོག་རྟོག་ལྔ་དང་ཐབས་གསུམ་དེ་བཞིན་སྐུ་བཞི།

གེགས་སེལ་ལའང་།

  • ཡུལ་དགེ་མི་དགེ་སོགས་ལ་ཞེན་པ་བྲལ་བར་བྱ་དང་།
  • དུས་གསུམ་གྲུབ་པ་མེད་བཞིན་དུས་འདི་ཙམ་ན་བྱང་ཆུབ་ཐོབ་པར་བྱ་སྙམ་པའང་སྤང་བར་བྱས་ཏེ་སྐད་ཅིག་གཅིག་ལ་བྱང་ཆུབ་པར་ངེས་པ་དང་།
  • རང་སེམས་ཐ་མལ་པར་མི་གཟུང་བར་གདོད་ནས་ཡེ་ཤེས་ལྔའི་ངོ་བོར་ཤེས་པ་དང་།
  • བདག་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ལ་མི་གཙང་བར་མི་གཟུང་ཞིང་གདོད་ནས་ལྷ་དང་ལྷ་མོ་གཤེགས་མར་ངེས་པ་དང་།
  • ཐོས་བསམ་ཁོ་ནས་གྲོལ་བར་འདོད་པ་སྤངས་ཏེ། སྒོམ་སྟོབས་དང་བླ་མའི་བྱིན་རླབས་ཀྱི་གྲོལ་བར་ཐག་ཆོད་པ་སྟེ།

ཡུལ་དང་དུས་དང་ངོ་བོ་དང་རང་བཞིན་དང་ཤེས་རབ་རྣམས་ཀྱི་ལོག་རྟོག་ལྔ་སྤངས་ཏེ།

  • ལུས་གནད་ལེགས་པར་བཅས་ཏེ་གནས་ནས་གནས་ཐོག་འཕྲོན་འཕྲོ་ཐོག་ཏུ་ངོ་བོ་ལ་བལྟས་ཏེ་མཉམ་པར་གཞག་པ་དང་པོར་སྒོམ་གྱི་མགོ་རྩོམ་པར་མཁས་པ་དང་།
  • ཏིང་ངེ་འཛིན་དང་ལུས་གནད་གཅིག་ཏུ་མ་འབྱམས་པར་བསྒྱུར་རུང་དུབ་པ་སྤངས་ཏེ་བར་དུ་འཕྲོ་གཅོད་པར་མཁས་པ་དང་།
  • ཉམས་བཟང་པོ་ཅི་འདྲ་ཤར་ཡང་མ་ཞེན་པར་བྱ་བ་ཉམས་བསྐྱང་པར་མཁས་པ་སྟེ།

མཁས་པ་གསུམ་ལ་བསླབས་པ་དང་།

སེམས་སྣ་ཚོགས་སྣང་བ་སྤྲུལ་སྐུ། རིག་པ་ལོངས་སྐུ། སྟོང་པ་ངོ་བོ་ཉིད་སྐུ། དབྱེར་མེད་པ་ཆོས་སྐུ་སྟེ། སྣང་སྲིད་འཁོར་འདས་ཐམས་ཅད་དེའི་རང་བཞིན་དུ་ཐག་བཅད་དེ་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བ་སྤྲོས་པའི་མཐའ་ཐམས་ཅད་ཀྱིས་དབེན་པར་གཏན་ལ་ཕེབས་ནས། སྤང་བླང་རེ་དོགས་ཀུན་དང་བྲལ་བར་མཉམ་པར་གཞག་པ་དང་གཉིས།

གོལ་ས་གསུམ་དང་ཤོར་ས་བཞི།

ཡང་བདེ་གསལ་མི་རྟོག་གསུམ་ལ་ཞེན་ན་ཁམས་གསུམ་དུ་གོལ་བས་ཉམས་བཟང་ངན་ཅི་བྱུང་ཡང་མཆོག་འཛིན་མི་བྱ་བ་དང་།

  • གཅིག་དུ་བྲལ་གྱི་རིག་པས་གཏན་ལ་ཕབས་པས། ཆོས་ཐམས་ཅད་རང་གི་ངོ་བོ་སྟོང་པར་སོང་བའམ་བློས་དཔྱད་དེ་ཡོད་པ་བཀག་པའི་མེད་པ་ཙམ་ལ་འདི་ཐམས་ཅད་སྟོང་པ་ཉིད་དོ། ཞེས་སེམས་ཞིང་སྒོམ་པར་བྱེད་པ་སྟོང་ཉིད་གཤིས་ཤོར་ཏེ་དེས་ལས་འབྲས་ལ་རྩིང་པོར་གྱུར་པས། དེའི་མེད་འཛིན་དང་བློས་བྱས་ཀྱི་སྟོང་ཉིད་སྒོམ་པ་སྤངས་ཏེ། མེད་འཛིན་དེའི་ངོ་བོ་ལ་བལྟས་ཏེ་མ་བཅོས་པར་བྱ་བ་དང་།
  • སྤང་གཉེན་ཐམས་ཅད་སྟོང་ཉིད་དུ་མ་རྟོགས་ནས་རང་རྒྱུད་ལ་ཉོན་མོངས་པ་དང་རྣམ་རྟོག་ངན་པ་སོགས་དུ་མ་བྱུང་དུས་འདི་ཐར་པའི་སྲོག་འཕྲོག་པའོ་ཞེས་དགྲར་བཟུང་ནས། འདི་ནི་སྟོང་ཉིད་ཀྱིས་གཞོམ་པར་བྱ་སྙམ་དུ་དེ་གཉིས་སྤང་གཉེན་དུ་བཟུང་ནས་སྟོང་ཉིད་སྒོམ་པ་སྟོང་ཉིད་ལམ་ཤོར་ཏེ། དེ་ནི་ཉོན་མོངས་པ་དེའམ་སྤང་གཉེན་སོ་སོར་འཛིན་པའི་རྟོག་པ་དེ་ཀ་ངོས་བཟུང་སྟེ། དགག་སྒྲུབ་མེད་པར་བཞག་པ་དང་།
  • གཞི་ལམ་འབྲས་བུ་གསུམ་ཀ་སྟོང་ཉིད་དུ་མ་རྟོགས་པར་སངས་རྒྱས་ཐོབ་པའི་ལམ་གྱི་མཆོག་སྟོང་པ་ཉིད་ཡིན་པ་འདི་རྟོགས་ན་ལམ་གྱི་མཆོག་ཡིན་ཞིང་། དེ་མ་གཏོགས་པའི་ལམ་གཞན་ཐམས་ཅད་དམན་པའོ་ཞེས་ཐབས་ཀྱི་ཆ་ལ་མི་སེམས་པ་ནི་སྟོང་ཉིད་ལམ་ཤོར་ཡིན་པས། དེའི་ལམ་ལ་མཆོག་འཛིན་སྟོང་ཉིད་ལ་ཞེན་པའི་རྟོག་པའི་ངོ་བོ་དེ་ཀ་ངོས་གཟུང་སྟེ་བལྟས་པས་ཐམས་ཅད་ཐམས་ཅད་སྟོང་ཉིད་སྤང་གཉེ་མཆོག་དམན་མེད་པར་སྟོང་ཉིད་དུ་ཤེས་པར་བྱ་བ་དང་།
  • ཉམས་སུ་མ་མྱོང་བའི་སྔགས་སམ་བློས་བྱས་ཀྱི་སྟོང་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཕར་རྒྱས་བཏབ་སྟེ་ཐམས་ཅད་སྟོང་ཉིད་ཡིན་སྙམ་པ་ཙམ་མམ་ཐམས་ཅད་སྟོང་ཉིད་ཡིན་པས་གང་ཡང་མ་གྲུབ་པའི་ཕྱིར། འདུས་བྱས་ཀྱི་དགེ་བས་ཅི་བྱེད་ཅེས་ལས་རྒྱུ་འབྲས་ཁྱད་དུ་གསོད་པ་སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་སྟེ། དེ་ནི་སྟོང་ཉིད་ཡིན་སྙམ་པ་དེ་ཀ་ལ་བལྟས་ཏེ་ངོས་གཟུང་ནས་ཁོ་རང་གི་རང་ངོ་རྟོག་པ་དང་བྲལ་བ་དེ་ཉིད་གཞག་པར་བྱའོ། །

བློས་བྱས་ཀྱི་སྟོང་ཉིད་འདི་དག་རྣམ་པ་ཐམས་ཅད་དུ་མི་རུང་བའང་མ་ཡིན་ཏེ། ལས་དང་པོ་པ་ལ་བློས་བྱས་སྒོམ་པར་མ་བྱས་ན་ཐོག་མ་ནས་སྟོང་ཉིད་བསྟན་ཀྱང་རྟོགས་མི་ནུས་པས་དེ་ཉིད་གོམས་ནས་མཐར་སྟོང་ཉིད་རང་ཤུགས་ཀྱིས་རྟོགས་པར་འགྱུར་བས་བློས་བྱས་ཀྱི་སྟོང་ཉིད་སྒོམ་པའང་འཐད་ལ། མཐར་ནི་ཕྱག་རྒྱ་ཆེན་པོའི་ཤོར་ས་ཡིན་པས་སྤང་བར་བྱ་དགོས།

འདི་དག་ནི་ཤོར་ས་བཞིའི་གེགས་ཡིན་པས་དེ་ལྟར་སྤང་བླང་མ་འཆོལ་བར་བྱ་དང་། དེའི་ངང་ནས་ཡིད་དཔྱོད་མི་བྱ་བར་གང་ཤར་གྱི་སྟེང་དུ་མ་བཅོས་པར་འཇོག་པ་སོ་མ་དེ་ལས་མ་གཡོས་པར་ལུས་གནད་དྲག་པོ་དང་རླུང་གཟུང་བ་སོགས་མི་བྱ་བར་ལྷུག་པར་དགེ་མི་དགེ་ལུང་མ་བསྟན་སོགས་ཀྱི་རྟོག་པ་གང་ལའང་དགག་སྒྲུབ་སྤང་བླང་མེད་པར་རང་ཡན་དུ་གང་ཤར་འཛིན་མེད་རང་གར་འཇོག་པར་བྱ་དང་གསུམ།

འཕྲང་དྲུག་དང་གེགས་གསུམ།

  • ཡང་རྣམ་རྟོག་དང་ཉོན་མོངས་པ་སྒོམ་དུ་དགའ་རབ་ཤར་ནས་སྐབས་ཤིག་ཏུ་རྟོག་པ་རགས་ཤིང་མང་བ་སྒོམ་གྱིས་མི་ཆུན་པ་དྲག་པོ་གཡོ་ན་རྟོག་པ་དགྲར་ལངས་སྟེ། དེ་ནི་རྟོག་པ་དེ་ཀའི་ངོ་བོ་དང་རྟོག་པ་དེ་ཀ་ངོས་བཟུང་སྟེ། དེ་ལ་སྐྱོན་དུ་མ་བལྟས་པར་སྐུ་དྲིན་ཅན་དུ་བསམས་ནས། སྒོམ་གྱི་ངོ་ཏིར་བྱས་པས་རང་ངོ་སྤྲས་བྲལ་ཆོས་སྐུར་འཆར་བས་དེ་བཞིན་སྐྱོང་བ་དང་།
  • སྔར་ཉོན་མོངས་གང་སྐྱེས་སྟོང་ཉིད་ཀྱིས་བདག་པ་ལས་སྐབས་ཤིག་ཏུ་ཉོན་མོངས་པ་འདོད་ཆགས་སོགས་དབང་མེད་དུ་སྐྱེ་བ་ཉོན་མོངས་དགྲར་ལངས་ཏེ། དེ་ནི་ཉོན་མོངས་གང་སྐྱེས་དེའི་ངོ་བོ་ངོས་བཟུང་སྟེ། དགག་སྒྲུབ་མེད་པར་བཞག་པས་མ་སྤང་རང་སར་དག་ནས་རྣམ་པ་ལམ་མེ་བ་དེའང་བདེ་གསལ་མི་རྟོག་སྟོང་པའི་སྟེང་དུ་རྣམ་རྟོག་ལམ་ཁྱེར་དུ་བཤད་པ་ལྟར་རང་དག་ལ་འགྲོ་བས་དེ་ལྟར་སྐྱོང་བ་དང་།
  • སེམས་བརྟག་དཔྱད་བཙལ་བས་མ་རྙེད་པར་ཆོས་ཐམས་ཅད་མ་གྲུབ་པར་མཐོང་ནས་སྤང་གཉེན་དགེ་སྡིག་ཐམས་ཅད་ཁྱད་དུ་གསོད་ཅིང་སྟོང་ཉམས་ཀྱི་རིགས་གཙོ་བོར་གྱུར་པས་རང་གཞན་ཐམས་ཅད་སྟོང་པར་སོང་ནས་ཅི་ཡང་བྱེད་མི་ཤེས་པར་སྟོང་པར་འཛིན་པ་ནི་སྟོང་པ་དགྲ་ལངས་སམ་ནག་པོ་ཁ་འབྱམས་ཏེ། དེ་ཡང་སྟོང་འཛིན་དེ་ཀ་ངོས་བཟུང་སྟེ་དགག་སྒྲུབ་མེད་པར་བཞག་ན་སེལ་བས་དེ་ལྟར་འཇོག་པ་དང་།
  • སྣང་བ་རྟེན་འབྲེལ་དུ་ཤེས་ཀྱང་སྟོང་ཉིད་ལ་དངོས་འཛིན་གྱིས་ཞེན་ཏེ་གུ་དོགས་སྐྱེས་པའམ་སྣང་བ་སྣ་ཚོགས་ཅི་མཐོང་ལ་སྐྲག་ཅིང་ཞེན་ཏེ། དེ་ལ་མ་བདེ་ཏིང་ངེ་བ་དེ་ལ་སྣང་བ་ལ་དགྲར་ལངས་ཞེས་བྱ་སྟེ། དེ་ནི་སྣང་བ་དང་དངོས་འཛིན་དེ་དང་དེའི་ངོ་བོ་ངོས་བཟུང་སྟེ། དགག་སྒྲུབ་མེད་པར་བཞག་པར་བྱས་ནས་སེལ་ཞིང་།
  • དེ་ལྟར་བསྒོམས་པས་དད་པ་དང་སྙིང་རྗེ་སོགས་གཞན་ལས་ཆེ་བ་ཞིག་སྐྱེ་ནའང་། དེ་ཉིད་ཕྱག་ཆེན་དུ་མ་དག་པར་རང་ག་བར་ཤོར་ནས། གཞན་ཡོན་ཏན་དེ་དག་དང་མི་ལྡན་པ་ལ་སྙིང་རྗེ་སྐྱེས་ཏེ། ད་འདི་ལས་གཞན་དོན་བྱས་ན་ཕན་པ་ཆེ་འདུག་བསམས་ནས་མི་འགྱུབ་བཞིན་རང་གི་ཡོན་ཏན་རྣམས་བསྐྱུར་ཏེ། གཞན་དོན་ལ་འཇུག་པ་ནི་སྙིང་རྗེ་དགྲར་ལངས་ཏེ། དེ་ཡང་སྙིང་རྗེ་དུང་ངེ་བའི་བློ་དེ་ངོས་བཟུང་སྟེ། དགག་སྒྲུབ་མེད་པར་བཞག་ནས་སྙིང་རྗེ་ལམ་མེ་བ་དེ་རང་བཞིན་ཕྱག་རྒྱ་ཆེན་པོར་གསལ་བའི་ནས། སྨོན་ལམ་རྒྱ་ཆེར་བཏབ་པས་དགྲར་ལངས་སེལ་ཞིང་། གཞན་ཕནགྱི་རྟེན་འབྲེལ་ཡང་འགྲིག་པར་འགྱུར་ལ།
  • ཡང་ལྟ་བ་གཏན་ལ་མ་ཕེབས་ནས་སྒྲ་ཚད་སོགས་ཕྲན་ཚེགས་ལ་སྦྱངས་ནས་གདོད་ལྟ་བ་རྟོགས་པར་བྱའོ། །ཞེས་འདོད་ནས་སྒོམ་དོར་ན་རྒྱུ་འབྲས་དགྲར་ལངས་ཞེས་བྱ་སྟེ། དེ་ནི་ལྟ་སྒོམ་ཉིད་ལ་འབད་དེ་རེ་དོགས་མེད་པར་སྐྱོང་བས་སེལ་ལ།

དེ་བཞིན་ཉམས་ལེན་བྱའོ། །

གཞན་ཡང་ནད་གདོན་ཏིང་ངེ་འཛིན་གྱི་གེགས་བྱིང་རྒོད་རྨུགས་གསུམ་སོགས་ཅི་བྱུང་ཡང་། དེ་དག་སོ་སོའི་ངོ་བོ་ཁ་དོག་དབྱིབས་བྱུང་གནས་འགྲོ་གསུམ་ལ་བརྟགས། དགག་སྒྲུབ་མེད་པར་རང་བཞིན་གྱིས་མ་གྲུབ་པར་ཐག་བཅད།

ཡང་ན་གཏོང་ལེན་བྱེ་བ་ནད་བྱུང་དོགས་ཕན་རེ་སོགས་རེ་དོགས་གང་ཡང་མི་བྱེད་པར་ནད་གདོན་རྣམས་སྐུ་བཞིར་ཁྱེར་ཏེ་ནམས་སུ་བླང་ངོ།

བྱིང་རྒོད་སོགས་ལའང་སྤྱོད་ལམ་དམིགས་པ་སོགས་བྱིང་ན་རྒོད་ཐབས་དང་། རྒོད་ན་བྱིང་ཐབས་བྱ། ཡང་བྱིང་རྒོད་དེའི་ངོ་བོ་ལ་བལྟས་ཏེ་བཞག་པས་སེལ་ལོ། །

གེགས་སེལ་མང་ཡང་འདིར་ཡི་གེས་འཇིགས་ནས་མ་བྲིས་པས་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཡང་དབང་པོ་རབ་ནི་ཐམས་ཅད་གཉུག་མ་སྤྲོས་བྲལ་དུ་རྟོགས་པས་གེེགས་སེལ་བྱར་མེད་དོ།  །

འཕྲང་འདི་རྣམས་རོ་གཅིག་གི་སྐབས་སུ་འབྱུང་ཞིང་། ཕྱག་ཆེན་པས་འདི་རྣམས་ཉོན་མོངས་དང་རྣམ་རྟོག་གི་བག་ཆགས་རྒྱུད་ལ་འཐས་པ་རྣམས་ལྷོངས་པས་སྟོང་པར་འདག་པའི་རྟགས་སུ་གསུངས། ལམ་འབྲས་སོགས་སྤྱི་ཁྱབ་ཏུ་རྫོགས་རིམ་མཚན་བཅས་ཀྱི་དུས། ཉོན་མོངས་དང་རྣམ་རྟོག་དེ་དང་དེའི་རིགས་མཐུན་གྱི་སྟོབས་ལས། རྩ་རླུང་ཐིག་ལེ་དང་སེམས་རྣམས་འདུས་པའི་རྟེན་འབྲེལ་ལས་འཆར་བར་གསུངས།

དེ་ལྟར་ཤོར་ས་དང་འཕྲང་ནད་གདོན་ཏིང་ངེ་འཛིན་གྱི་གེགས་མང་མོད་ཀྱང་། ཕལ་ཆེར་འདི་ཙམ་ལ་འདུས་ཤིང་། སྐྱོན་སེལ་ཚུལ་ཀྱང་དེ་བཞིན་དུ་ཤེས་པར་བྱའོ།

འདི་དག་ནི་གོལ་ས་གསུམ། ཤོར་ས་བཞི། འཕྲང་ལྔ། གེགས་གསུམ་སེལ་བའི་རིམ་པ་སྟེ། དེ་བཞིན་སྐྱོན་ཡོན་ཤེས་པར་བྱས་ཏེ་འབད་ནས་བླང་དོར་མ་འཆོལ་བ་དང་ལྔ།

ཕྱག་ཆེན་ལྟར་ལམ་གྱི་རིམ་པ་དང་དེའི་ཉམས་ལེན་གྱི་ཕན་ཡོན།

ཡོན་ཏན་སྐྱེ་ཚུལ་ཡང་སྔོན་འགྲོའི་ཡོན་ཏན་རང་གི་སྐབས་དོན་འགྲུབ་ཅིང་། ལམ་ཕྱི་མ་སྐྱེ་བའི་རྟེན་དུ་རུང་བའི་ཕྱིར་ཡིན་ལ།

དེར་མ་ཟད་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་བསྒོམས་པས་ཚེ་འདི་ལ་བློ་ལོག་ལས་འབྲས་བསམས་པས་དེ་ལ་ཡིད་ཆེས་ཏེ། སྲོག་ལ་བསྔོས་ནས་སྲུང་ནུས།

འཁོར་བའི་ཉེས་དམིགས་བསམས་པས། ཁམས་གསུམ་འཁོར་བ་ལ་སྐྱོ་བ་སྐྱེས་ཏེ། ངེས་པར་འབྱུང་ནས་བྱང་ཆུབ་ཁོ་ན་ཐོབ་པར་འདོད།

བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་རང་བདེ་འདོད་དང་བྲལ་ནས། སེམས་ཅན་གྱི་དོན་ཁོ་ན་བསམ་པ་འབྱུང་།

ཡིག་བརྒྱའི་རྣལ་འབྱོར་ལ་འབད་པས་སྡིག་པ་དག་པའི་དངོས་རྨི་ལམ་དུ་འབྱུང་བས། དེས་ཉམས་རྟོགས་སྐྱེས།

མཎྜལ་གྱིས་ལུས་བདེ། སེམས་གསལ། འདོད་པ་ཆུང་ཞིང་བསོད་ནམས་དཔག་མེད་འཐོབ།

བླ་མའི་རྣལ་འབྱོར་བསྒོམས་པས་མོས་གུས་ཁོང་ནས་འབར། ཏིང་ངེ་འཛིན་དང་བྱིན་རླབས་འབྱུང་། ཉམས་རྟོགས་རྩོལ་མེད་དུ་སྐྱེ། དངོས་གཞི་སྐྱེ་མི་སྐྱེ་འདི་ལ་རག་གོ །

དངོས་གཞི་ལ་ཞི་གནས་ཀྱི་ཡོན་ཏན་ལ་བདེ་གསལ་མི་རྟོག་པའི་ཉམས་སྐྱོན་མེད་དུ་སྐྱེ་བས། ཟས་གོས་ལ་སྲེད་པ་ཆུང་། བཀྲག་མདངས་དང་ལྡན། སེམས་ཤིན་ཏུ་སྦྱོངས་པ་དང་། སྤྱན་ལྔ་དང་མངོན་ཤེས་སོགས་ཐོབ། ཉོན་མོངས་པ་དང་རྣམ་རྟོག་ཟིལ་གྱིས་ནོན།

ལྷག་མཐོང་གི་ཡོན་ཏན་དབང་པོ་རབ་ས་ལམ་ཅིག་ཆར་བགྲོད། འབྲིང་རེས་གཅིག་ཆར་རེས་རིམ་གྱིས་ཏེ་ཐོད་རྒལ་དུ་སྐྱེ། ཐ་མ་རིམ་གྱིས་སྐྱེ་བས། ལས་དང་པོ་པའི་ས་ནས་ས་བཅུ་རིམ་གྱིས་བགྲོད་ལ།

བགྲོད་ཚུལ་ལའང་རྣམ་འབྱོར་བཞི་གསུམ་བཅུ་གཉིས་འཆར་ཚུལ་དང་གོ་བསྟུན་ཏེ།

  • བདེ་གསལ་མི་རྟོག་པའི་ངང་དུ་ཇི་ཙམ་བཞག་པ་དང་། ཡང་ན་བསྒོམས་ལ་བཞག་པས་རེས་བསྒོམས་ཀྱང་མི་ཡོང་། རེས་མ་བསྒོམས་ཀྱང་ཡོང་བ། ཏིང་ངེ་འཛིན་ལ་དབང་ཆེར་མ་ཐོབ་པ་ནི་རྩེ་གཅིག་ཆུང་ངུ།
  • རྣམ་པར་གཡེང་བས་མི་གནོད་པར་ཁྲིག་གེ་གནས་ཤིང་།ནམ་བསྒོམས་ཀྱིས་འོང་ཞིང་ཏིང་ངེ་འཛིན་ལ་དབང་ཐོབ་པ་ནི་རྩེ་གཅིག་འབྲིང་དང་།
  • རྐྱེན་དྲག་པོས་མི་གཡེང་བར་རྒྱུན་ཆད་མེད་པར་ཤར། རྣམ་རྟོག་ཐམས་ཅད་དེའི་ངང་དུ་ཞི། གཉིད་ཀྱང་དེའི་ངང་དུ་འདྲེས་ཏེ། སྤྱོད་ལམ་ཀུན་ཏུ་འབྲལ་བ་མེད་ན་རྩེ་གཅིག་ཆེན་པོ།

ཉམས་ཀྱི་འཁོར་ཡུག་བྱ་བས་འདི་དུས་སྒོམ་མེད་ཆེན་པོ་ཡིན་སྙམ་པའི་རྟོགས་པ་འབྱུང་ཡང་། ཉམས་རྟོགས་པར་ཤར་བ་ལས་རྟོགས་པ་དངོས་གཞི་མིན། འདི་ཚོགས་སྦྱོར་གྱི་དུས་ཡིན།

སེམས་ངོ་ཅུང་ཟད་ཤེས་པས་སྟོང་འཛིན་གྱི་ཉམས་ཞི་གནས་གཙོ་བ་ཡིན། ཉམས་དེ་ཉིད་ཞེན་མེད་དུ་ཡུན་དུ་བསྐྱངས་པས་ཉམས་མྱོང་དེ་རྣམས་དག། བདེ་གསལ་མི་རྟོག་པའི་གནས་ཆ་ཐམས་ཅད་སིལ་གྱིས་ཞིག །ཆོས་ཉིད་ཀྱི་བདེན་པ་མཐོང་སྟེ་བདེ་གསལ་ལ་མི་རྟོག་སྟོང་པ་གསུམ་ཡུལ་མེད་དུ་ཞི་ནས། རིག་པའི་ངོ་བོ་དེ་ཤུན་པ་བཤུས་པའམ་གཏེར་རྙེད་པ་ལྟར་ཡེ་རེ་འཆར་བས། ཐེག་ཆེན་གྱི་མཐོང་ལམ་ཐོབ་པ་ཡིན་ཞིང་། སྤྲོས་བྲལ་ཞེས་ཀྱང་བྱ་བ།

  • དེའི་དུས་སུ་སྟོང་ཞེན་གྱི་འཛིན་པའི་འཁྲིས་ཅུང་ཟད་དང་མ་བྲལ་ཞིང་། སེམས་ངོ་ཅུང་ཟད་མཐོང་མ་ཐག་པ་སྤྲོས་བྲལ་ཆུང་ངུ་།
  • དེ་རྩ་བ་ནས་དག་སྟེ་ཇི་བཞིན་རྟོགས་ནས་ཐ་མལ་གྱི་ཤེས་པ་ཡུལ་མེད་དུ་ལྷངས་སོང་ན་སྤྲོས་བྲལ་འབྲིང་།
  • དེ་བརྟན་པོར་གྱུར་ཅིང་སྣང་ཐོག་ཏུ་མི་བདེ། རྟོག་པའི་ཐོག་ཏུ་བདེ་བ་དེ་གནས། ཆོས་ཐམས་ཅད་མི་སྟོང་པ་གཅིག་ཀྱང་མེད་པར་ཐམས་ཅད་སྟོང་པར་རྟོགས་ནས། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་ཐོག་ཏུ་སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཆེན་པོའོ། །

དེ་རྣམས་ཀྱི་རྗེས་ཐོབ་སྣང་བ་སྒྱུ་མར་འཆར། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྟོགས། མཐོང་སྤངས་བརྒྱ་ཅུ་རྩ་གཉིས་སྤངས། འཁོར་འདས་སྲིད་པར་སྨོན་ལམ་གྱི་དབང་གིས་མ་གཏོགས་སྐྱེ་བ་ལེན་པ་དང་ལྡོང་པར་མི་བྱེད་པས་ས་དང་པོ་རབ་ཏུ་དགའ་བའམ་མཐོང་ལམ་ཐོབ་པ་ཞེས་བྱའོ། །དེ་ཉིད་ཡུན་བསྐྱངས་པས་རོ་གཅིག་ཏུ་ན་འཕར་ཏེ།

དེ་ལའང་ད་དུང་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པའམ་མེད་པ་གཅིག་བདེ་བ་གང་ཤར་གྱི་རྣམ་རྟོག་སོ་མ་ཉམས་པ་དེ་ཅུང་ཟད་མི་བདེ་བ་དེ་དག་ནས། སྟོང་མི་སྟོང་མེད་སྤྲོས་པ་དང་བྲལ་རུང་། མ་བྲལ་རུང་གང་ཤར་སོ་མ་དེ་ཀས་ཆོག །

  • ཆོས་སུ་རྟོགས་པའི་ངོ་བོར་རོ་གཅིག་པ་སྣང་སྟོང་གང་རུང་རེ་རེའི་སྟེང་དུའང་ལམ་གྱི་ཆོས་ཇི་སྙེད་པ་ཐམས་ཅད་ཚང་བར་རྟོགས་པ་རོ་གཅིག་ཆུང་ངུ་།
  • ད་དུང་དེ་ལ་མྱོང་བ་ངེས་ཤེས་ཀྱི་ཆ་གཅིག་འདྲེ་བས། དེ་དག་ནས་བེམ་པོ་ཕྱིར་མ་ལུས། རིག་པ་ནང་དུ་མ་ལུས་པར་སྣང་སེམས་དང་རྣམ་ཤེས་ཡེ་ཤེས་སོགས་ཐམས་ཅད་ཆོས་ཉིད་དག་པོ་གཅིག་ཏུ་འདྲེ་བས་མདོར་ན་སྲིད་ཞི་མཉམ་ཉིད་འཁོར་འདས་དབྱེར་མེད་དུ་ཀྲོང་ངེ་ཤར་བ་དེ་རོ་གཅིག་འབྲིང་པོ།
  • དུ་མ་རོ་གཅིག་ཏུ་ཤར་བ་དེ་ལས་ཐབས་མཁས་རྟེན་འབྲེལ་གྱི་སྣང་བ་མཆེད་ནས། རོ་གཅིག་དུ་མར་ཤར་བས་རོ་གཅིག་ཆེན་པོ་སྟེ།

མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། ས་གཉིས་པ་ནས་བདུན་པའི་བར་ཡིན་ནོ། ལ་ལར་བརྒྱད་པའི་བར་དུའང་བཤད།

དེར་མཉམ་རྗེས་འདྲེས། འོན་ཀྱང་རྗེས་ཐོབ་ལ་སྟོང་འཛིན་གྱི་དྲི་མ་ཡོད་པས། དེ་དག་ནས་ཐོབ་བྱ་ཐོབ་བྱེད། མཉམ་རྗེས་ཡེངས་མ་ཡེངས་ཀྱི་ཁྱད་པར་ཅུང་ཟད་མེད་པར་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དག་སྟེ།

  • བསྒོམ་བྱ་སྒོམ་བྱེད་ཀྱི་མཚན་མ་ཐམས་ཅད་དང་བྲལ་བ་སྒོམ་མེད་ཆུང་ངུ་ས་བརྒྱད་པ་དེ་ལ།
  • གཉིད་དུས་སུ་རེས་འགའ་འཛིན་པའི་དྲི་མ་ཅུང་ཟད་འབྱུང་སྲིད་པས། དེ་དག་ནས་ཡེ་ཤེས་མཉམ་གཞག་ཆེན་པོ་གཅིག་ཏུ་གྱུར་པ་སྒོམ་མེད་འབྲིང་། ས་དགུ་པ་དང་བཅུ་པ།
  • དེ་ནས་ཤེས་རབ་ཡེ་ཤེས་ཀྱི་རལ་གྲིས། ཤེས་སྒྲིབ་བག་ཉལ་དང་བཅས་དྲུང་ཕྱུང་སྟེ། ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པ་མའི་འོད་གསལ་དང་འདྲེས། མི་སློབ་པའི་ཟུང་འཇུག་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་གྱུར་པ་སྒོམ་མེད་ཆེན་པོ་སངས་རྒྱས་ཀྱི་ས་སྟེ།

ས་བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བགྲོད་པས་གཉུག་མ་ལྷན་ཅིག་སྐྱེས་པ་རང་བཞིན་དག་པ། དེ་མངོན་དུ་མཛད་པས་ཆོས་སྐུ། སེམས་ཅན་གྱི་སེམས་རྣམ་རྟོག་གི་རང་བཞིན་དག་པ་མངོན་དུ་བྱས་པས་ལོངས་སྐུ། རྐྱེན་དབང་གི་ཡུལ་ལྟར་སྣང་གི་རང་བཞིན་དག་པ་མངོན་དུ་བྱས་པས་སྤྲུལ་སྐུ། སྐུ་གསུམ་མམ་མཐའ་ཡས་པས་འབད་རྩོལ་དང་རྟོག་པ་མེད་པར་གཞན་དོན་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་འབད་རྩོལ་མེད་པར་ནམ་མཁའི་མཐར་ཁྱབ་པར་འབྱུང་བ་ནི་ཡོན་ཏན་མཐར་ཐུག་པ་ཡིན་པས།

དེས་ན་སྔོན་འགྲོ་ནས་སྒོམ་མེད་བར་གྱི་ཡོན་ཏན་རྣམས་གོང་ནས་གོང་དུ་བསྐྱེད་པ་དང་སྐྱེས་རྣམས་མི་ཉམས་ཤིང་། གོང་འཕེལ་གྱི་ཐབས་ལ་འབད་ན་ཡོན་ཏན་དེ་དག་འབྱུང་བས། དེ་བཞིན་བརྩོན་པ་བསྐྱེད་དེ་ཉམས་སུ་ལེན་པ་དང་དྲུག །

མཐའ་སྡོམ་མཚན་ཉིད་བཤད་པ།

དེ་ནས་དོན་དུ་ཡེ་གདོད་མ་ནས་དག་པ་གཉིས་ལྡན་དུ་རྟོགས་མ་རྟོགས་ཙམ་མ་གཏོགས། རང་ཆས་སུ་སེམས་ཉིད་དེ་བཞིན་ཉིད་དམ་ཕྱག་རྒྱ་ཆེན་པོ་ཞེས་པ།

  • རང་ཆས་སུ་ལྡན་པ་གཞི་དུས་དང་།
  • དེ་ནས་ལམ་བསྒོམ་པ་ལ་ཞུགས་ནས། ས་བཅུ་པའི་བར་གྱི་སེམས་ཉིད་ནི་ལམ་དུས།
  • དེ་ནས་མ་རིག་པའི་གཉིད་ལས་སངས་ཤིང་། ཡང་དག་པའི་དོན་མངོན་དུ་གྱུར་པ་ནི། འབྲས་དུས་ཀྱི་ཕྱག་རྒྱ་ཆེན་པོ་ཞེས།
  • བྱ་བས་གཟུང་འཛིན་ཀུན་དང་བྲལ་ཞིང་ཡང་དག་པའི་གནས་ལུགས་ལ་བལྟ་བ་ནི་ལྟ་བ།
  • དེ་དོན་ཡེངས་མེད་དུ་བསྒོམ་པ་ནི་སྒོམ་པ།
  • བྱ་བྱེད་ཐམས་ཅད་དང་བྲལ་ཞིང་། སྤྱོད་པ་བཞི་གང་རུང་སྐྱོང་བ་སྤྱོད་པ་དང་།
  • མར་འཁོར་བར་ལྷུང་དོགས་དང་ཡར་སངས་རྒྱས་ཐོབ་འདོད་སོགས་རེ་དོགས། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་བྲལ་བ་ནི་འབྲས་བུ་སྟེ།

ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་ཡང་། དེ་བཞིན་དུ་ཤེེས་པར་བྱས་ལ་བརྩོན་པ་བསྐྱེད་ཅིང་།

བླ་མ་ལ་བློ་གཏད་ལིངས་སྐྱུར་གྱི་མོས་གུས། འཁོར་བ་དང་ཚེ་འདི་ལ་ཞེན་པ་བྲལ་བའི་ཞེན་ལོག །དུས་རྟག་ཏུ་ཡེངས་མེད་ཀྱི་དྲན་པ་བསྟེན་ཏེ། དགོས་མེད་ཀྱི་བློ་སྣ་ཐུང་སྦུད་པ་འཇིག་རྟེན་ཆོས་བརྒྱད་དང་། ཚེ་འདིའི་རྣམ་རྟོག་དང་ངོ་བསྲུང་སོགས་ཀྱི་བློ་སྐྱེས་ན་འབུར་འཇོམས་བྱས། རང་ཉིད་ཚེ་འདིའི་སྔོམ་ཐག་རྦད་བཅད་དེ། སྒོམ་སྐྱེས་བདག་པོ་མེད་པར་མ་སོང་བར་དུས་རྟག་ཏུ་སྐྱོང་བ་ལ་འབད་དགོས།

ཉམས་དང་རྟོགས་པ་གཉིས་ཀྱི་ཁྱད་པར་མང་ཡང་།

  • སྒོམ་མཁན་རང་གི་སེམས། སྒོམ་བདེ་གསལ་མི་རྟོག་སྟོང་པ་དེ་སྒོམ་རྒྱུའམ་མྱོང་རྒྱུ་འདུག་ན་ཉམས།
  • སྒོམ་མཁན་དང་སྒོམ་གཉིས་སུ་མི་འདུག་པ་ཡིད་དཔྱོད་མ་ཡིན་པར་མངོན་སུམ་དུ་རྟོགས་ན་རྟོགས་པ་ཡིན་པས།  

ཉམས་རྟོགས་རྣམས་ཀྱང་ཤན་ཕྱེད་པར་བྱས་ཏེ། དེ་ལ་ཞེན་པ་དང་མཆོག་འཛིན་མ་ཞུགས་པའི་ངང་ནས། དུས་རྟག་ཏུ་འབད་པས་སྐྱོང་བ་གལ་ཆེ་ལ།

དེ་ལ་ཕྱག་རྒྱ་བཞི་ལས།

  • ལས་རྒྱ་ནི་དབང་རྟུལ་གྱི་ལམ་འདོད་ཁམས་ཀྱི་དངོས་གྲུབ་སྒྲུབ་ལ།
  • དམ་རྒྱ་དང་ཆོས་རྒྱ་ནི་དབང་འབྲིང་གི་ལམ་འོག་མིན་གྱི་མཐར་ཐུག་གི་དངོས་གྲུབ་སྒྲུབ།
  • ཕྱག་རྒྱ་ཆེན་པོ་ནི་དབང་རྣོན་གྱི་ལམ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས།

སྣང་སྟོང་བདེ་སྟོང་རིག་སྟོང་གསལ་སྟོང་དབྱེར་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། བླ་མས་བསྟན་དུ་མེད། སློབ་མས་གོ་རུ་མེད། ཚིག་གིས་གོ་རུ་མི་བཏུབ་པ་འདི་ཡིན་འདི་མིན་ཐམས་ཅད་དང་བྲལ་ཞིང་། ངོས་གཟུང་མེད་ལ་ཉམས་སུ་མྱོང་རྒྱུ་ཡོད་པའི་བདེ་བ་ཆེན་པོ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མ་ཁྱབ་པ་མེད་པ་བློ་འདས་ཆེན་པོ་ཞིག་ཡིན་ལ།

དེ་བླ་མའི་གདམས་ངག་གིས་སེམས་རྣམ་རྟོག་ཆོས་སྐུ་གསུམ་ལྷན་ཅིག་གདོད་མ་ནས་གནས་མེད་ཀྱང་། དེ་མ་རྟོགས་པ་ལས་དེ་རེས་དབྱེར་མེད་ཟུང་འཇུག་གཅིག་ཏུ་བསྲེས་ནས་སྟོན་པས། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་པ་སྟེ།

རྡོ་རྗེ་འཆང་ནས་ཏི་ལོ། ནཱ་རོ། མར་པ། མི་ལ། སྒམ་པོ་པ་ནས་བརྒྱད་པ་ལས། སྒམ་པོ་པ་ནས་སྒོམ་ཚུལ་སོགས་ལ་བརྒྱུད་པ།

  • ཞང་བཀའ་རྒྱུད་ཀྱི་ཕྱག་ཆེན།
  • འབའ་རོམ་ཕྱག་ཆེན།

ཕག་གྲུ་ལས་བརྒྱུད་པ།

  • འབྲི་གུང་བཀའ་རྒྱུད་ཀྱི་ཕྱག་ཆེན།
  • སྟག་ལུང་བཀའ་རྒྱུད་ཀྱི་ཕྱག་ཆེན།
  • སྤྱན་སྔ་བཀའ་རྒྱུད་དམར་ཡེ་བཀའ་རྒྱུད།
  • ཤུག་སེབ་བཀའ་རྒྱུད།
  • ཁྲོ་ཕུ་བཀའ་རྒྱུད།
  • གཡའ་བཟང་བཀའ་རྒྱུད།
  • གླིང་རས་རྒྱ་རས་སོགས་ལ་བརྒྱུད་པ་འབྲུག་པ་བཀའ་རྒྱུད།

ཁྱད་པར་སྒམ་པོ་པ་ནས་དུས་མཁྱེན་ནས་བཟུང་བདག་གི་བླ་མ་ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག་གི་བར་བརྒྱུད་པ་བར་མ་ཆད་བྱིན་རླབས་ཀྱི་དྲོད་མ་ཡལ་མཁའ་གྲོའོ་ཁ་རླངས་མ་ཡལ་བའི་གདམས་པ་ཁྱད་པར་དུ་འཕགས་པ་ཀརྨ་ཀམ་ཚང་གི་ཕྱག་ཆེན་ཏེ། ཕྱག་ཆེན་མང་དུ་དར་བ་ཐམས་ཅད་ཀྱི་བཀའ་བབས་གཅིག་ཏུ་འདྲེས་པས་བརྒྱུད་པ་དང་ལྡན་ཞིང་། ཡོན་ཏན་དུ་མའི་འབྱུང་གནས་ཕྱག་རྒྱ་ཆེན་པོ་ལྷན་གཅིག་སྐྱེས་སྦྱོར་ཞེས་འཛམ་གླིང་ན་ཉི་ཟླ་ལྟར་གྲགས་པ་ལགས་པས། འདི་ལ་རྡོ་རུས་གཏུགས་པར་ཉམས་སུ་བླངས་ན། ཉམས་རྟོགས་དབང་མེད་དུ་སྐྱེ་བ་ཐག་ཆོད་པས། དེ་ལྟར་ཉམས་སུ་ལེན་པ་དང་བདུན་ནོ། །

མཇུག་བྱང་།

འདིར་ལུང་འདྲེན་སོགས་གཏན་མ་བྱས་པར་ཉམས་ལེན་མཛུམ་ཚུགས་སུ་ངོ་སྤྲོད་པ་གཙོ་བོར་བཟུང་ནས་བསྟན་པ་ཡིན་ནོ། །ཞེས་པ་འདི་བསམ་སྡེ་བླ་མ་རབ་འབྱམས་སྨྲ་བ་བསམ་གཏན་ཀུན་དགས་ནན་གྱིས་བསྐུལ་ཕྱིར་རང་ལ་ཉམས་མྱོང་མ་མཆིས་ཀྱང་། བླ་མ་གོང་མའི་གསུང་བཞིན་གཡར་ཁྲལ་དུ་མི་ཕམ་ཆོས་དབང་ངམ་བཛྲེ་ཤྭ་རས་ཞོ་ཁ་འོར་གྱི་ཁང་པར་ཐུན་ཁོངས་སུ་བྲིས་པ་ཡིན་ནོ། འདིར་ཡང་དྲིལ་ཐུན་ཉི་ཤུའམ་ཉེར་གཉིས་སམ་ཉེར་ལྔའོ། །

དགེ་བ་འདིས་བདག་གཞན་མ་གྱུར་སེམས་ཅན་ཐམས་ཅད་སྙིང་ནས་འདོད་ཡོན་ལ་ཞེན་པ་ལོག་ནས་སེམས་ཀྱི་ངོ་བོ་མཐོང་བར་ཤོག །ཤུ་བྷམ་སྟུ་ས་རྦ་ཇ་ག་ཏཱམ། །

Top