བདེ་སྐྱིད་དང་། སྔོན་བྱོན་གྱི་དགེ་བའི་བཤེས་གཉེན། གཞན་གྱི་སྡུག་བསྔལ་དང་དུ་ལེན་པ།

སྐད་ཡིག་གཞན།

བདེ་སྐྱིད་འཚོལ་བ།

ང་ཚོར་བདེ་སྐྱིད་ཀྱི་རིགས་གཉིས་ཡོད་དེ། ལུས་ཀྱི་བདེ་སྐྱིད་དང་སེམས་ཀྱི་བདེ་སྐྱིད་གཉིས་ཡིན། མི་ཚེའི་ནང་རྩོལ་བ་མང་ཆེ་བ་ནི་ང་ཚོས་ལུས་ཀྱི་བདེ་ཐང་དང་སྐྱིད་ཚོར་ཡོང་ཕྱིར་འབད་ཀྱི་ཡོད། ལུས་ཀྱི་བདེ་ཐང་དང་སྐྱིད་ཚོར་ཆེད་དུ་འབད་པའི་ཆེད་དུ་མི་མང་པོ་ཞིག་གིས་ལས་རིགས་འདྲ་མིན་ལ་འཇུག་གི་ཡོད། མི་དེ་དག་མི་གསོད་ཁྲག་སྦྱོར་བྱེད་མཁན་དང་རྐུ་མ་ཇག་པ་རྒྱག་མཁན་ཆགས་སྲིད། ཅ་དངོས་ཀྱི་རིགས་སོགས་མང་པོ་རྐུས་ནས་གཞན་ལ་འཚོང་གི་ཡོད་པ་དང་། དེ་ལས་དངུལ་ཏོག་ཙམ་དང་ལུས་ཀྱི་བདེ་བ་ཅུང་ཟད་རག་ཐབས་བྱེད་ཀྱི་ཡོད། དེར་མ་ཟད། དོན་ངོ་མར་ཁོང་ཚོར་བདེ་བ་དང་སྐྱིད་ཚོར་དེ་འདྲའང་རག་ཐུབ་ཀྱི་ཡོད། འོན་ཀྱང་དེ་ནི་དཀའ་ངལ་གཅིག་དཀའ་ངལ་གཞན་ཞིག་དང་བརྗེ་པོ་རྒྱག་པ་ཙམ་ཞིག་ཡིན་པ་དང་། ཕུགས་རྒྱང་རིང་པོའི་ནང་དེས་དཀའ་ངལ་དེ་ལས་མང་བ་བཟོ་གི་ཡོད། དེ་ནི་ཁྱེད་ཀྱི་འགྲམ་པར་རྨ་ཆེན་པོ་ཞིག་ཡོད་པ་དང་། ཁྱེད་ཀྱིས་རྨ་དེ་མི་མཐོང་བའི་ཆེད་དུ་རང་གི་སྣ་བཅད་ནས་འགྲམ་པའི་སྒང་ལ་སྤོ་འཛུགས་བྱས་པ་དང་འདྲ་བ་རེད། དེ་ནི་ཁྱེད་ཀྱིས་དཀའ་ངལ་གཅིག་དེ་གཞན་ཞིག་དང་བརྗེ་བ་ཙམ་རེད། ཡང་མི་གཞན་དག་གིས་དྲང་པོ་དྲང་གཞག་གི་འཚོ་བ་བསྐྱལ་ནས་ཞིང་ཁ་བཏབ་པ་དང་ཚོང་རྒྱག་པ་སོགས་ཀྱི་བརྒྱུད་ལུས་ཀྱི་བདེ་ཐང་དང་སྐྱིད་ཚོར་འཚོལ་གྱི་ཡོད། དེ་འདྲ་བའི་ཞིང་ལས་དང་ཚོང་ལས་ཀྱི་འཚོ་བ་ལ་བརྟེན་ནས་མི་ཧ་ཅང་མང་པོའི་མི་ཚེ་ལམ་ལྷོང་ལྡན་པ་བྱུང་ཡོད།
 
དེར་མ་ཟད། མི་འགའ་ཞིག་ནི་ཧ་ཅང་བསོད་བདེ་སྐམ་པོའམ་བསོད་ནམས་དམན་པའི་རྐྱེན་གྱིས་གནས་སྟངས་ལམ་ལྷོང་ལྡན་པ་རྩ་ནས་མི་ཡོང་མཁན་དེ་འདྲའང་ཡོད། ཁོང་ཚོས་ཚོང་ལས་གཉེར་ཐབས་ག་ཚོད་ཀྱིས་འབད་བརྩོན་བྱས་ནའང་། ལམ་ལྷོང་དང་གྲུབ་འབྲས་ལྡན་པ་ཞིག་རྩ་ནས་ཡོང་གི་མེད། ཚོང་ཁང་ཞིག་གཉེར་ནའང་། དེའི་ནང་ཅ་དངོས་རིགས་འཚོང་མི་ཐུབ་པ་དང་ཞིང་ཁ་ཡོད་ནའང་དེ་ལས་སྟོན་ཐོག་སོགས་གྲུབ་འབྲས་ཐོན་པ་ཡོང་ཐུབ་ཀྱི་མེད། མི་གཉིས་ཀྱིས་ལས་ཀའི་རིགས་གཅིག་པ་བྱེད་པའི་སྐབས། གཉིས་ཀས་འབད་བརྩོན་གཅིག་པ་གཅིག་རྐྱང་བྱེད་ཀྱིན་ཡོད་ནའང་། གཅིག་གྲུབ་འབྲས་ཐོན་པ་དང་གཞན་དེ་ལམ་འགྲོ་རྒྱུག་གི་མེད། ཁྱེད་ཀྱིས། “འོ་ན། ཁྱད་པར་གང་ཡོད་དམ། གཅིག་དེ་གྲུབ་འབྲས་ཐོན་པ་དང་གཞན་དེ་གྲུབ་འབྲས་མ་ཐོན་པའི་རྒྱུ་མཚན་གང་རེད་དམ།” ཞེས་སྐད་ཆ་འདྲི་སྲིད་པ་རེད། དེ་ནི་སྐྱེ་བ་སྔོན་མའི་ནང་བསགས་པའི་མི་སོ་སོས་དགེ་མི་དགེའི་ལས་ཀྱི་ནུས་པ་ལ་རག་ལུས་ཡོད། གལ་ཏེ་སྐྱེ་བ་སྔོན་མར་དགེ་བའི་ནུས་པ་བསགས་ཡོད་ན། ཁོང་ཚོས་གང་བྱེད་བཞིན་པ་དེ་ལམ་ལྷོང་ཡོང་བ་དང་གནས་སྟངས་ཡག་པོ་ཆགས་ཀྱི་ཡོད། གལ་ཏེ་ཁོང་ཚོས་མི་དགེ་བའི་ནུས་པ་བསགས་ཡོད་ན། དེ་ནས་ག་རེ་བྱས་ནའང་ལམ་ལྷོང་ཡོང་གི་མེད།
 
འོན་ཀྱང་མི་རྣམས་ཕྱི་དངོས་པོའི་རྗེས་སུ་སྙེགས་པ་དང་རང་སོ་སོའི་འཚོ་བའི་མདུན་ལམ་ག་ཚོད་ཀྱིས་གྲུབ་འབྲས་རྩེར་སོན་ཆགས་ཡོད་སྲིད་པའམ། ཁོང་ཚོར་དངུལ་དང་དངོས་རྫས་ག་ཚོད་ཡོད་ནའང་། དེ་ལ་བརྟེན་ནས་ལུས་ཀྱི་བདེ་ཚོར་ཞིག་སྦྱིན་ཐུབ་ཀྱང་། སེམས་ཀྱི་བདེ་སྐྱིད་ཅིག་ནམ་ཡང་སྦྱིན་མི་ཐུབ་པ་ཁྱེད་ཀྱིས་ཤེས་ཀྱི་རེད། ཁྱེད་ལ་དངོས་པོ་ག་ཚོད་མང་པོ་ཡོད་པ་དེའི་ཚོད་ཀྱིས་དེ་དག་གི་ཐོག་ལ་དཀའ་ངལ་དང་སེམས་འཁྲལ་མང་བ་ཡོང་གི་ཡོད་པ་ཤེས་ཀྱི་རེད། དཔེར་ན། མི་གཅིག་ལ་ཨ་རིའི་རྒྱལ་ཁབ་ཁྱོན་ཡོངས་ཀྱི་རྒྱུ་ནོར་ལོངས་སྤྱོད་ཡོངས་སུ་རྫོགས་པ་དག་ནའང་། མི་དེའི་སེམས་ནང་། “ཨོ། ང་རང་ལ་ད་དུང་དེ་ལས་མང་བ་ཡོད་ན་ཅི་མ་རུང་།” ཞེས་བསམ་ངེས་རེད། ཕྱོགས་གཞན་ཞིག་ནས་སུ་གཅིག་ཀྱང་དུས་ནམ་ཡང་འདོད་བློ་ཁེངས་མེད་ལ། སུ་གཅིག་གིས་ཀྱང་དུས་ནམ་ཡང་། “ད་ང་ལ་རྒྱུ་དངོས་འདང་ངེས་ཡོད། ད་གཞན་གང་ཡང་དགོས་པ་མི་འདུག” །ཅེས་ཚོར་གྱི་མེད། དེར་བརྟེན་ང་ཚོས་ཆོས་ཉམས་ལེན་ལ་བལྟ་དགོས་ཤིང་། དེ་དག་ལས་ལྷག་པའི་བདེ་སྐྱིད་སྦྱིན་ཐུབ་མཁན་ཞིག་ལ་བརྟེན་དགོས། བདེ་སྐྱིད་དེ་ཡང་ཡུན་དུ་གནས་ཐུབ་པ་དང་ནམ་ཡང་འཛད་མཐའ་མེད་པ་ཞིག་དགོས། ང་ཚོས་ཆོས་ཀྱི་སྔོན་འགོག་གི་ཐབས་ལམ་ཀྱི་རྗེས་སུ་འབྲང་རྒྱུ་ལས་གཞན་པའི་ཡུན་གནས་ཐུབ་པའི་བདེ་སྐྱིད་ཅིག་འཐོབ་པའི་ཐབས་མེད་པ་དེ་ཤེས་ནས་ཁས་ལེན་བྱེད་དགོས། 

བརྙན་པར། ཆོས་ཉིད་ཊཻ་ལར་ལགས། “ང་ཚོས་བདེ་སྐྱིད་དང་སྤྲོ་སྣང་གཉིས་ལ་ག་རེ་བྱས་ནས་མགོ་མཐོམ་གྱི་ཡོད་དམ།” 

སྡུག་བསྔལ།

ང་ཚོ་སྐྱེས་པ་ནས་བཟུང་སྟེ་ན་བ་དང་། རྒ་བ། འཆི་བ་བཅས་སྡུག་བསྔལ་དང་དཀའ་ངལ་སྣ་ཚོགས་པ་ཞིག་མྱོང་གི་ཡོད། སྡུག་བསྔལ་དེ་དག་མེད་མཁན་གྱི་མི་སུ་གཅིག་ཀྱང་མེད། དེ་དག་ནི་ཚང་མར་ཡོད་པའི་ཐུན་མོང་གི་སྡུག་བསྔལ་རྣམས་རེད། མི་ཚང་མ་སྐབས་གཅིག་ལ་ན་གི་ཡོད་པ་དང་དུས་ཚོད་ཅིག་གི་ནང་འཆི་གི་ཡོད། དེ་ནི་སོ་སོའི་རེས་མོས་དེ་ག་དུས་ཡོང་གི་ཡོད་པའི་དུས་ཚོད་སྔ་ཕྱི་ཙམ་ཞིག་རེད། ཁྱེད་རང་ན་བའི་སྐབས། དེའི་ཐད་ལ་བློ་ཕམ་དང་བསུན་གཙེར་སྐྱེ་བ། དེ་བཞིན་སེམས་འཁྲལ་བྱས་ཏེ། “ཨ་ཙི། ང་རང་ནད་པ་རེད། དེ་འདྲའི་ཞེད་སྣང་ཚ་བ་ལ།” ཞེས་བསམ་པ་དང་། ན་བའི་རྐྱེན་གྱིས་ལུས་པོ་མི་བདེ་བ་དང་སྐྱིད་པོ་མེད་པ་དེའི་སྒང་ལ་སེམས་ཧ་ཅང་མི་སྐྱིད་པའི་དགོས་མེད་ཀྱི་རྡོག་ཁྲེས་འཕར་མ་ཞིག་ཀྱང་ཡོང་གི་ཡོད། བྱས་ཙང་། ཁྱེད་རང་ན་བའི་སྐབས། ཁྱེད་ཀྱིས། “ང་རང་ན་བ་ནི་སྐྱེ་བ་སྔོན་མ་ངས་སྡིག་པ་མི་དགེ་བའི་ལས་བརྩམས་པ་ལ་བརྟེན་ནས་མི་དགེ་བའི་ནུས་པ་བསགས་པའི་འབྲས་བུ་རེད། དེས་ང་རང་ད་ལྟ་ན་བའི་རྒྱུ་བྱེད་ཀྱིན་ཡོད།” ཅེས་བསམ་དགོས། དེ་ལྟར་བསམས་ན། ཁྱེད་རང་ཧ་ཅང་སྐྱིད་པོ་ཚོར་ཐུབ། གང་ཡིན་ཞེ་ན། “ད་ལྟ་མི་དགེ་བའི་ནུས་པ་དེ་སྨིན་ནས་མེད་པ་ཆགས་རེད། ངས་འདི་ཡང་བསྐྱར་མྱོང་དགོས་མེད། ངས་ན་ཚ་འདི་ཁྱེར་ནས་འགྲོ་མི་དགོས། དེ་ནི་ན་ཚ་འདིའི་ནང་སྨིན་ཟིན་པ་དང་ངས་མྱོང་ཟིན་པ་རེད། མ་འོངས་པར་ད་དུང་མི་དགེ་བའི་ནུས་པ་གསོག་རྒྱུ་སྤོང་ཐུབ་པའི་ཆེད་ངས་སྡིག་པའི་ལས་ནམ་ཡང་བྱེད་ཀྱི་མིན།” ཞེས་བསམ་གྱི་ཡོད། ཁྱེད་ཀྱིས་བཟང་ཕྱོགས་ཀྱི་བློའི་ཁྱེར་སོ་ལ་བརྟེན་ནས་སྡུག་བསྔལ་ལམ་ན་ཚ་དེ་ཁས་ལེན་བྱེད་པ་དང་། སྔོན་བྱས་པའི་མི་དགེ་བའི་ནུས་པ་སྤངས་པ་དེ་ཤེས་པ་དང་དེ་སྤངས་པ་ལ་སྐྱིད་པོ་ཚོར་གྱི་ཡོད། དེ་ཙམ་དུ་མ་ཟད། ཁྱེད་ཀྱིས་ “དེ་ག་ནང་བཞིན་ངས་གཞན་ཐམས་ཅད་ཀྱི་ན་ཚ་རྣམས་བདག་གིར་བྱེད་ཐུབ་པ་དང་། ང་རང་ན་བ་འདིས་གཞན་སེམས་ཅན་རྣམས་ནམ་ཡང་མི་ན་བའི་སྔོན་འགོག་བྱེད་ཐུབ་པ་ཞིག་བྱུང་ན་ཅི་མ་རུང་། སེམས་ཅན་སུ་འདྲ་ཞིག་ལ་འབྱུང་སྲིད་པའི་ན་བའི་སྡུག་བསྔལ་ཡོད་དོ་ཅོག་ད་ལྟ་ཉིད་དུ་བདག་ལ་སྨིན་དུ་འཇུག་པ་དང་། ང་རང་ད་ལྟ་ན་བའི་རྐྱེན་གྱིས་གཞན་ཐམས་ཅད་ཀྱི་ན་བའི་ནུས་པ་འཛད་པར་ཤོག” ཅེས་བརྗོད་དགོས། དེ་ནས་ཁྱེད་རང་ན་བའི་ཉམས་མྱོང་དེ་རྦད་དེ་མི་འདྲ་བ་ཞིག་ཡིན་པ་ཤེས་པ་དང་། རང་ཉིད་ན་བ་ལ་དཀའ་ངལ་ཆེན་པོ་རྩ་ནས་འཕྲད་ཀྱི་མ་རེད། དེ་ལས་ལྡོག་སྟེ། ཁྱེད་རང་ན་བ་དེ་བཟང་ཕྱོགས་དགེ་བའི་དོན་དུ་བེད་སྤྱོད་བྱེད་ཐུབ་པ་སོང་ཙང་། ཁྱེད་རང་ཧ་ཅང་སྐྱིད་པོ་ཚོར་གྱི་རེད།
 
ཉེ་བའི་དུས་ཀྱི་རླབས་ཆེན་གྱི་སློབ་དཔོན་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེས། ཁོང་ཕེབས་སའི་ས་ཆ་ལ་མི་རྒན་པོ་ཞིག་ཡོད་པ་དང་། མི་དེས་གཞན་གྱི་ན་ཚ་རང་གིས་དང་དུ་བླངས་ནས་གཞན་བཅོས་ཐབས་ཀྱི་ཉམས་ལེན་དེ་ལྟ་བུ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་ཡོད། ཐེངས་ཤིག་མི་ཞི་གི་མགོ་བོར་རྨས་སྐྱོན་ཤོར་ནས་གཉན་ཁ་ཆེ་ལ་ན་ཟུག་ཆེན་པོ་མྱོང་བཞིན་ཡོད་པ་རེད། མི་རྒན་པོ་དེས་ཕྱིན་ནས་མི་དེ་ལ་ལག་པ་གཡོས་ཏེ། “ན་ཚ་འདི་ང་ལ་འབྱུང་བར་ཤོག །ངའི་ཐོག་ཏུ་འབྱུང་བར་ཤོག” །ཅེས་བརྗོད་པ་རེད། དེ་ལྟར་མི་རྒན་དེས་ན་ཚ་དངོས་སུ་བཅོས་ཐུབ་པ་བྱུང་ཡོད། འོན་ཀྱང་མི་རྒན་ཁོ་རང་མགོ་བོར་རྨས་སྐྱོན་ཐེབས་པ་དང་གཉན་ཆ་རྒྱག་ནས་ཤི་བ་རེད་ཅེས་གསུངས།

སྔོན་བྱོན་རླབས་ཆེན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཡིད་རྟོན་འཕེར་བའི་རང་བཞིན།

ཁྱེད་རང་ཐ་ན་ཧ་ཅང་རྒྱས་སྤྲོས་ཅན་གྱི་ཁང་པ་ཞིག་དང་། དེའི་ནང་ཁྱེད་ཀྱིས་བསམ་ཐུབ་པའི་ཡོ་ཆས་དང་རྒྱུ་དངོས་སོགས་མཐུན་རྐྱེན་ཀུན་ཚང་ཞིང་། བཟའ་འཐུང་གི་རིགས་རྩེ་ཕུད་ཡོད་པ་ཞིག་གི་ནང་གནས་ཀྱི་ཡོད་ནའང་། སོ་སོའི་བློའི་ཁྱེར་སོ་ལ་བརྟེན་ནས་རང་ལ་རྒྱུ་དངོས་ཡོ་ཆས་སོགས་མགོ་འཁོར་ས་ཚང་མ་འཛོམས་ཡོད་མེད་ལ་མ་བལྟོས་པར། ཁང་པ་དེའི་ནང་སྡུག་བསྔལ་གྱིས་མནར་ནས་སྡོད་ཀྱི་ཡོད་པའང་སྲིད་པ་རེད། དེའི་ལྡོག་ཕྱོགས་སུ་མི་གཞན་ཞིག་ནི་ཧ་ཅང་འཇིགས་སུ་རུང་བ་དང་རིམ་པ་གཉིས་པ་ལྟ་བུའི་ཁང་པའི་ནང་སྡོད་དགོས་བྱུང་ནའང་། དེ་དག་གི་བློའི་ཁྱེར་སོ་ལ་བརྟེན་ནས་ཁོ་ཚོ་ཆོག་ཤེས་པ་དང་སེམས་ཧ་ཅང་སྐྱིད་པོ་ཡོད། ཁྱེད་ཀྱིས་བྲག་ཕུག་ཅིག་གི་ནང་བཞུགས་མཁན་གྱི་རྟག་ཏུ་མེལ་ཚེ་ཅན་གྱི་རྗེ་བཙུན་མི་ལ་རས་པ་ལྟ་བུ་དཔེ་རུ་བལྟས་ན་འགྲིགས། བྲག་ཕུག་ནང་མཐུན་རྐྱེན་ཅི་གང་མེད། གལ་ཏེ་ང་ཚོ་ས་ཆ་དེ་འདྲ་ཞིག་གི་ནང་འཁར་ནས་ལུས་ན། ང་ཚོས་དེ་ནི་ཧ་ཅང་བཟོད་དཀའ་བ་དང་དཀའ་ངལ་ཅན་ཞིག་མཐོང་ངེས་རེད། འོན་ཀྱང་རྗེ་བཙུན་མི་ལ་རས་པ་ནི་དེ་ལ་ཧ་ཅང་ཆོག་ཤེས་པ་དང་ཐུགས་དགྱེས་པར་མཛད་ཡོད། རྗེ་བཙུན་གྱིས། “ང་ལ་འཇིག་རྟེན་གྱི་སེམས་འཁུར་རམ་འཇིག་རུང་གི་ཆོས་དེ་འདྲ་གང་ཡང་མེད།” ཅེས་གསུངས་པ་དང་། རྒྱུ་དངོས་གང་ཡང་མེད་པར་གནས་རྒྱུ་ལ་ཧ་ཅང་ཐུགས་མཉེས་ཀྱི་ཡོད།
 
རྟག་ཏུ་མེལ་ཚེ་ཅན་གྱི་རྗེ་བཙུན་མི་ལ་རས་པ་ཐེངས་ཤིག་ཕྱི་ལོགས་ལམ་གཞུང་ཞིག་གི་ཉེ་འགྲམ་དུ་ཡོད་པའི་སྤང་ལྗོངས་སྟེང་གཟིམས་ནས་བཞུགས་ཡོད། ཁོང་དེར་འཕྲེད་ཉལ་གནང་ནས་བཞུགས་ཡོད་པ་དང་མཐོང་སྣང་ལ་སྐམ་རིད་ཅན་ཞིག་ཡོད་པ་རེད། བུ་མོ་ཞིག་དེར་སླེབས་ཏེ་རྗེ་བཙུན་མཐོང་བ་དང་། མོས་ “ཨ་ཙི། མི་འདི་ལ་ལུས་པོ་དེ་འདྲའི་ཡ་ང་བ་ཞིག་འདུག །ང་རང་སྐྱེ་བ་ཕྱི་མར་ལུས་པོ་འདི་འདྲ་ཞིག་ཏུ་ནམ་ཡང་མི་སྐྱེ་བ་ཤོག །མི་འདི་འདྲའི་གནས་སྟངས་ཀྱི་ནང་ནམ་ཡང་མི་ལྷུང་བ་ཤོག” །ཅེས་བརྗོད་པ་རེད། རྗེ་བཙུན་མི་ལ་ཡར་བཞེངས་ནས། “ཁྱེད་རང་དེའི་ཐད་སེམས་འཁྲལ་བྱེད་དགོས་དོན་རྩ་ནས་མེད། ཐ་ན་ཁྱེད་ཀྱིས་ང་ལྟ་བུ་ཆགས་པའི་སྨོན་ལམ་བཏབ་ནའང་། ང་ལྟ་བུ་ཆགས་ཀྱི་མ་རེད།” ཅེས་གསུངས།
 
རྗེ་བཙུན་མི་ལ་རས་པའི་བླ་མ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་རང་གི་དགེ་བའི་བཤེས་གཉེན་ནཱ་རོ་པ་མཇལ་དུ་རྒྱ་གར་ལ་ཐེངས་གསུམ་བྱོན། ཁོང་རྒྱ་གར་ལ་ཐེངས་མ་གསུམ་པ་ཕེབས་པའི་སྐབས། ཁོང་གི་བླ་མ་ནཱ་རོ་པ་དགོངས་པ་མྱ་ངན་ལས་འདས་ཟིན་པ་རེད། རྒྱ་གར་དུ་འགྲོ་ལམ་གྱི་རི་བོ་ཞིག་བརྒལ་བའི་སྐབས་དེར་ཁོང་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་བཞིན་པ་དང་མཇའ་འཕྲད་བྱུང་ཡོད། ཇོ་བོ་རྗེས་ནཱ་རོ་པ་སྐུ་མྱ་ངན་ལས་འདས་ཟིན་པ་མཁྱེན་གྱི་ཡོད་པ་དང་། ཁོང་དང་མཉམ་དུ་ནཱ་རོ་པའི་རིང་བསྲེལ་དང་དངོས་རྫས་འགའ་ཞིག་ཀྱང་བོད་དུ་བརྣམས་ཕེབས་བཞིན་ཡོད། འོན་ཀྱང་ཁོང་གིས་མར་པ་ལ་ནཱ་རོ་པའི་སྐོར་ལ་གང་ཡང་གསུངས་མེད། གང་ཡིན་ཞེ་ན། ཁོང་གིས་མར་པ་ནི་ཁྱད་པར་དུ་འཕགས་པའི་གང་ཟག་ཅིག་ཡིན་པས། རང་གི་བླ་མ་ནཱ་རོ་པ་དགོངས་པ་མྱ་ངན་ལས་འདས་ཟིན་ནའང་། ད་དུང་ཁོང་གིས་མཇལ་ཐུབ་ཀྱི་ཡོད་པ་མཁྱེན་གྱི་ཡོད། བྱས་ཙང་། ཁོང་གིས་མར་པ་རྒྱ་གར་དུ་ཕེབས་བཅུག་པ་རེད། མར་པ་ལོ་ཙཱ་བས་མུ་མཐུད་དེ་བལ་ཡུལ་བརྒྱུད་དེ་ཕེབས་ནས་རྒྱ་གར་དུ་འབྱོར་བ་དང་། ནཱ་རོ་པ་བཞུགས་ས་དེར་ཕེབས་གནང་བ་རེད། དེར་ཁོང་གིས་ནཱ་རོ་པ་དག་སྣང་དུ་གཟིགས་པ་དང་ཆོས་ཀྱང་ཐོབ་པ་རེད།

རྗེ་བཙུན་མི་ལ་རས་པ་ལ་སོགས་པའི་སྐྱེས་ཆེན་དམ་དེ་དག་ཐམས་ཅད་ཀྱིས་སྐྱེ་བ་སྔ་མ་དང་ཕྱི་མའི་སྐོར་གསུང་སྐབས། ཆོད་མེད་པ་དང་བྱབ་མེད་པ་དེ་འདྲ་གསུང་གི་མེད། ཁོང་ཚོས་འཛམ་གླིང་ནང་གཞན་ལ་མགོ་སྐོར་གཏོང་དགོས་པའི་རྒྱུ་མཚན་མེད། ཁོང་ཚོས་སྒྲུང་རང་བཟོ་བྱེད་པ་དང་མི་རྣམས་མགོ་སྐོར་གཏོང་བའི་སྒོ་ནས་འཇིག་རྟེན་ཆོས་བརྒྱད་འཐོབ་འདོད་ཀྱི་དོ་དབྱིངས་སོགས་གང་ཡང་མེད། ཁོང་ཚོའི་དགོངས་འདུན་ནི་གཞན་ཐམས་ཅད་ལ་ཕན་པ་ཁོ་ནའི་ཆེད་དུ་ཡིན་པས། ཁོང་ཚོས་སྐྱེ་བ་སྔ་མ་དང་ཕྱི་མའི་སྐོར་གང་གསུང་པ་དེ་བདེན་པ་ཡིན་པ་དང་། དེ་དག་ལ་དད་པ་དང་ཡིད་ཆེས་བྱེད་པའི་རྒྱུ་ཡོད་པ་རེད།

ཟོག་རྫུ་ཅན་འགའ་ཞིག་གིས། འཚོང་བསྒྱུར་བྱས་ནས་དངུལ་ཧ་ཅང་ཕོན་ཆེན་པོ་བཟོ་ཐུབ་པའི་ཆེད་འཕྲུལ་ཆས་བྱེ་བྲག་པ་ཞིག་ལ་སེམས་ཡོད་ཅེས་ཁྱེད་རང་ཡིད་ཆེས་ཐབས་བྱེད་སྲིད་ཀྱང་། གལ་ཏེ་ཁྱེད་ཀྱིས་རྗེ་བཙུན་མི་ལ་རས་པའི་དཔེ་མཚོན་ལ་བལྟས་ན། ཁོང་གིས་ཟོག་རྫུ་ཅན་ནང་བཞིན་བྱེད་དགོས་པའི་རྒྱུ་མཚན་མེད། ཁོང་གིས་ཁྱེད་ལ་དངོས་པོ་ཞིག་བཙོང་ནས་སླུ་ཐབས་གནང་གིན་མེད་ལ་མི་རྣམས་ནས་དངུལ་གསོག་ཐབས་ཀྱང་གནང་གི་མེད། ཁོང་ནི་བྲག་ཕུག་ནང་བཞུགས་མཁན་ཞིག་དང་འཇིག་རྟེན་ཆོས་བརྒྱད་ཡོངས་སུ་སྤངས་ཟིན་ནས་གཞན་དོན་ཁོ་ནར་དམིགས་ཏེ་ཆོས་གསུངས་ཡོད། དེ་ག་ནང་བཞིན་སངས་རྒྱས་ཤཱཀྱ་ཐུབ་པ་དང་ཇོ་བོ་རྗེ་ལྟ་བུའི་དཔེ་ལ་ལྟོས་དང་། ཁོང་གཉིས་ཀས་རྒྱལ་སྲས་ཀྱི་འཚོ་བ་སྤངས་ནས་ཆོས་ལ་མཐའ་གཅིག་ཏུ་འབད་བརྩོན་གནང་ཡོད། ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་ཆེན་མོ་དེ་དག་ལ་ལྟོས་དང་། དེ་དག་ནི་ནང་ལས་རླབས་ཆེན་གྱི་བླ་མ་དང་དགེ་བའི་བཤེས་གཉེན་མང་པོ་ཡོད་པ་ཁོང་ཚོས་ཀྱང་འཇིག་རྟེན་གྱི་ཆོས་སྤངས་ནས་སྐྱེ་བ་སྔ་མ་ཡོད་པའི་སྐོར་གསུངས་ཡོད། དེ་ཡང་ཁོང་ཚོས་གཅིག་འཚོང་ཆོག་དགོངས་ནས་ཁྱེད་རང་ཚོ་ཡིད་ཆེས་བྱེད་དུ་འཇུག་པ་དེ་འདྲ་མ་རེད། དེ་ལས་ལྡོག་སྟེ། ཁོང་ཚོ་རང་གིས་རང་ལ་རྒྱུ་དངོས་ཐད་སེམས་འཁུར་དང་ཆགས་སེམས་རྩ་ནས་མེད། ཆོས་ཚུལ་དེ་དག་བརྒྱུད་དེ་ཁོང་ཚོས་ཁྱེད་རྣམས་ལ་ཕན་ཐོགས་ཁོ་ན་བསྒྲུབ་རེ་དང་། གལ་ཏེ་ཁྱེད་ཀྱིས་དགེ་བའི་ལས་བྱས་ན། དེས་སོ་སོ་རང་ཉིད་ལ་ཕན་པ་དང་གནས་སྟངས་ཇེ་བཟང་དུ་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་སུ་འཇུག་གི་ཡོད། བྱས་ཙང་། ཁོང་རྣམས་ཀྱི་སྐྱེ་བ་སྔ་ཕྱིའི་ཆོས་ཚུལ་དེ་དག་ཐམས་ཅད་གཞན་ལ་ཕན་པའི་ཆེད་དུ་ཡིན།

རང་གི་མི་ཚེ་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་ཆོས་དང་མཐུན་པའི་མི་ཚེ་ཞིག་ལ་འབད་བརྩོན་བྱ་རྒྱུ་དེ་ཐོག་མར་འགོ་འཛུགས་བྱེད་སྐབས་ཧ་ཅང་དཀའ་ལས་ཁག་པོ་ཡོད་པ་དང་། དེ་ལ་དཀའ་སྤྱད་དང་འབད་བརྩོན་མང་པོ་བྱེད་དགོས་པ་ལས། ལས་སླ་པོ་ཞིག་མེད། གལ་ཏེ་དེ་ནི་ཧ་ཅང་ལས་སླ་པོ་དང་། ཁྱེད་རང་ལྷོད་ཡངས་ངང་བསྡད་ནས་ད་དུང་ཆོས་ཉམས་ལེན་པ་རླབས་ཆེན་ཞིག་ཆགས་ན། དེ་ལ་ཁྱེད་རང་ཏོག་ཙམ་དོགས་ཟོན་ཅན་ཆགས་ངེས་རེད། དེ་ལ་བཟོད་སྒོམ་དང་བརྩོན་འགྲུས་ཧ་ཅང་ཆེན་པོ་དགོས་ནའང་། དེའི་ནང་དཀའ་སྡུག་ཀྱང་མང་པོ་མྱོང་དགོས་ཀྱི་ཡོད། དེ་ནི་གནས་སྟངས་ག་ཚོད་ཀྱི་དཀའ་ལས་ཁག་པོ་ཆགས་སྲིད་མིན་ལ་མ་བལྟོས་པར་ཁྱེད་ཀྱིས་ཤེས་ཀྱི་རེད། སེམས་གཏིང་ལ་ཞི་བདེ་དང་བདེ་སྐྱིད་ཡོད་པ་དང་གནས་སྟངས་རྣམས་ལམ་ལྷོང་ཡོང་གི་རེད། བོད་དང་རྒྱ་གར་ནང་ཡོད་པའི་ལྷག་བསམ་དག་པའི་ཆོས་ཉམས་ལེན་པ་མང་པོའི་ཁྲོད་ནས་གནས་སྟངས་ཧ་ཅང་དཀའ་ལས་ཁག་པོ་ཡོད་པའི་རྒྱུ་མཚན་གྱིས་འགའ་ཞིག་གིས་ཆོས་ཉམས་ལེན་ལམ་ལྷོང་བྱུང་ཐུབ་མེད་པ་དེ་སྔོན་གོ་མྱོང་མེད་པའི་གནས་ཚུལ་ཞིག་རེད། ཁོང་ཚོས་ཆོས་ཉམས་ལེན་བྱེད་ཐུབ་པ་ཁྱེད་ཀྱིས་ཤེས་ཀྱི་རེད། གང་ཡིན་ཞེ་ན། ཁོང་ཚོའི་ནང་སེམས་ཀྱི་ཞི་བདེ་དང་། སྐྱིད་ཚོར། ནུས་ཤུགས་བཅས་ཡོད་པ་རེད།

ཆོས་ཉམས་ལེན་དེ་ནི་མཐར་ཐུག་གི་བསྒྲུབ་བྱར་རྙེག་ཐུབ་པ་ཞིག་ཡིན། ཁྱེད་རང་ཆོས་ཀྱི་འཚོལ་ཞིབ་དང་འགྲུལ་བཞུད་ཀྱི་མཐར་ཐུག་པ་དེར་སླེབས་ཐུབ་པ་དང་། བདེ་བ་ཆེན་པོའི་གནས་བབས་ཀྱི་ནང་དུ་མཇུག་རྫོགས་ཀྱི་རེད། དེ་ལས་ལྡོག་སྟེ། ཕྱི་དངོས་པོའི་འཚོལ་ཞིབ་ལ་མཐའ་མེད་པ་དང་། ཁྱེད་ཀྱི་འཆི་བའི་དུས་སུ་འཚོལ་ཞིབ་དེ་བཙན་གྱིས་བཀག་འགོག་བྱེད་པའི་སྐབས། དེ་ནི་མཐའ་གཅིག་ཏུ་ཡིད་སྐྱོ་པོ་དང་སྐྱིད་པོ་མེད་པའི་ངང་མཇུག་རྫོགས་ཀྱི་ཡོད་པས། དེ་ནི་ཆོས་ལ་འཚོལ་ཞིབ་བྱས་ཏེ་བདེ་སྐྱིད་ཀྱི་མཇུག་རྫོགས་རྒྱུ་ཡོད་པ་དང་རྦད་དེ་མི་འདྲ་བ་ཡིན།

ཆོས་ཀྱི་འཚོལ་ཞིབ་དང་འགྲུལ་བཞུད་ཅེས་པ་དེ་གང་ཡིན་པ་དང་། དོན་ངོ་མར་དེའི་གོ་དོན་གྱི་ཐད་ལ་བསམ་བློ་གཏོང་དགོས། དེའི་དོན་ནི་ཁྱེད་རང་མཐར་ཐུག་གི་གནད་དོན་ཅིག་ལ་སླེབས་ནས་དེའི་མཚམས་སུ་ཁྱེད་ཀྱིས་ཆོས་ཐམས་ཅད་བྱང་ཆུབ་པར་བྱས་ཤིང་། ཡོན་ཏན་ཀུན་ཚང་བ་དང་དེ་ལས་ལྷག་པ་ཞིག་སྦྱོང་རྒྱུ་ལྷག་མེད་པ་རེད། ཁྱེད་ཀྱིས་ཆོས་ཐམས་ཅད་ལ་མཁས་པར་བྱས་ཟིན་པ་རེད། ཁྱེད་ཀྱིས་ཆོས་ཀྱི་འཚོལ་ཞིབ་དེ་ཚར་བ་དང་སོ་སོའི་ལས་ཀ་ལྟ་བུ་ཞིག་ཚར་ནས་རང་གནས་སུ་ལོག་སྟེ། དལ་ལྷོད་ངང་གང་ཡང་མི་བྱེད་པར་སྡོད་ཆོག་པ་དེ་འདྲ་མིན། བྱས་ཙང་། ཁྱེད་ཀྱིས་ཆོས་ཀྱི་འགྲུལ་བཞུད་ལ་ཆས་པ་དེ་མཐར་ཕྱིན་པའམ་ཕ་རོལ་ཏུ་ཕྱིན་པར་བྱེད་པའི་དོན་ངོ་མ་གང་རེད། དེའི་ཐད་ལ་བསམ་མནོ་གཏོང་དགོས།

དེ་རིང་དེ་ཙམ་ཡིན། ད་དུང་དྲི་བ་ཡོད་དམ།

དྲི་བ་ཁག

གཟུགས་སུ་གྲུབ་པའི་དངོས་པོ་གང་ཡིན་རུང་སྐྱེ་བ་ཕྱི་མའི་ནང་མུ་མཐུད་འགྲོ་གི་ཡོད་དམ།

དྲི་བ་གསུམ་ཡོད་དེ། དྲི་བ་དང་པོ་དེ་རིན་པོ་ཆེས་གསུངས་པའི་དཔེ་མཚོན་གྱི་ནང་ནས་སློབ་དཔོན་ཆོས་ཀྱི་གྲགས་པ་དང་ཁའི་ནང་གི་མུ་ཏིག་བཅས་པ་དང་འབྲེལ་བ་ཞིག་རེད། ངས་འཆི་བའི་རིམ་པའི་ནང་། ཤིན་ཏུ་ཕྲ་བའི་རྣམ་ཤེས་དང་ལས་ཀྱི་ས་བོན་ནམ་བག་ཆགས་མུ་མཐུད་དེ་སྐྱེ་བ་ཕྱི་མར་འགྲོ་གི་ཡོད་པ་ངས་ཤེས་སོང་། དཔེ་མཚོན་འདིས་ལུས་རགས་པའང་ཁྱེར་ནས་འགྲོ་གི་ཡོད་པའི་བཟོ་འདྲ་ཞིག་སྟོན་གྱི་འདུག་སྙམ།

ཁྱེད་ཀྱིས་སྐྱེ་བ་ཕྱི་མའི་ནང་ལུས་རགས་པ་ལྟ་བུ་དངོས་པོ་ཞིག་འཁྱེར་ཐུབ་པའི་དོན་མིན། ངས་ཁར་རྩང་ཞུས་པ་ནང་བཞིན་དཔེ་མཚོན་གཞན་དག་ཀྱང་ཡོད་དེ། གསེར་གྱི་མཆོད་པ་ཕུལ་མཁན་རྣམས་སླར་ཡང་གསེར་གྱི་རྣ་རྒྱན་ཅན་དུ་སྐྱེས་པའམ་ཡང་ན་ཁོང་ཚོའི་ལག་པ་ནས་གསེར་ཊམ་འདོན་ཐུབ་པའི་ནུས་པ་དང་ལྡན་པར་སྐྱེས་པ་ལྟ་བུ་རེད། དེ་དག་ཐམས་ཅད་ནི་རང་སོ་སོའི་སེམས་རྒྱུན་ལ་བརྟན་ཚུགས་པོར་བཞག་པའི་བག་ཆགས་དང་ནུས་པ་ལས་འབྱུང་གི་ཡོད་པ་དང་། དེ་སྐྱེ་བ་ཕྱི་མའི་ནང་སྨིན་གྱི་ཡོད། དེར་བརྟེན་ཁྱེད་ཀྱིས་མི་ཞིག་གི་ཁའི་ནང་མུ་ཏིག་བླུགས་ནས་མི་དེས་སྐྱེ་བ་ཕྱི་མའི་ནང་མུ་ཏིག་དེ་འཁྱེར་ཐུབ་པ་དང་། མུ་ཏིག་དེ་སྔོན་མི་དེ་ཤི་བའི་སྐབས་ཀྱི་ཁའི་ནང་གི་མུ་ཏིག་དེ་ག་རང་མིན་པར། དེ་ནི་སློབ་དཔོན་ཆོས་གྲགས་ཀྱི་ཧ་ཅང་ནུས་ཤུགས་ཆེ་བའི་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་མི་དེའི་ཁའི་ནང་མུ་ཏིག་བླུགས་པའི་སྒོ་ནས་མི་དེའི་སེམས་ཀྱི་རྒྱུན་གྱི་སྟེང་ལ་ནུས་པ་དང་བག་ཆགས་ཧ་ཅང་ཤུགས་ཆེན་ཞིག་བསྐྲུན་པ་དང་། དེ་ལས་མི་དེ་སླར་ཡང་སྐྱེ་བ་ལེན་པའི་སྐབས་སུའང་ཁའི་ནང་མུ་ཏིག་སྐྱེད་པར་བྱེད་ཀྱི་ཡོད།
 
དཔེ་ཆ་བཞག་ན། མར་པ་ཆོས་ཀྱི་བློ་གྲོས་ཀྱི་སྲས་དར་མ་མདོ་སྡེ་ལྟ་བུའི་དཔེ་མཚོན་ཡོད་དེ། སྲས་དར་མ་མདོ་སྡེའི་རྐང་པར་རྨས་སྐྱོན་བྱུང་བ་དེ་ཉམས་སུ་མྱོང་བར་བརྟེན་ཁོང་གི་སྐྱེ་བ་ཕྱི་མའི་ནང་རྐང་པར་རྟགས་རྒྱག་པ་ལྟ་བུ་ཞིག་ལ་སྐྱེས་པ་རེད། དེ་ནི་ཁོང་གིས་རྨས་སྐྱོན་བྱུང་བ་དེ་མཉམ་དུ་ཁྱེར་ནས་ཕྱིན་པ་ཞིག་མིན་པར། རྨས་སྐྱོན་བྱུང་བ་དེ་སེམས་རྒྱུན་ལ་ཧ་ཅང་ཤུགས་ཆེན་པོའི་སྒོ་ནས་མུ་མཐུད་དེ་ཕྱིན་པར་བརྟེན་དེ་ལྟ་བུའི་རྨས་སྐྱོན་འདྲ་མཚུངས་ཤིག་སྐྱེད་པར་བྱས་ཡོད་པ་ལྟ་བུ་རེད།

རྩི་ཤིང་ལ་སེམས་ཡོད་དམ།

དྲི་བ་གཉིས་པ་ནི། རིན་པོ་ཆེས་ཀ་བ་དང་མདུང་མ་ལ་སེམས་ཇི་ལྟར་མེད་དམ་ཞེས་དང་། གལ་ཏེ་ང་རྣམ་ཤེས་དང་བྲལ་བ་ཞིག་ཡིན་ན། དེ་ནས་ལུས་པོ་དེ་ཀ་བ་དང་མདུང་མ་ནང་བཞིན་རེད་ཅེས་གསུངས་སོང་། ངས་ཤེས་ཚོད་ལྟར་བྱས་ན། ནང་པའི་སྲོལ་རྒྱུན་གྱི་ནང་། རྩི་ཤིང་ལ་སེམས་མེད་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་ངས་ཕ་གིར་ཡོད་པའི་ཤིང་སྡོང་དེ་མདུང་མ་འདི་དང་ཕན་ཚུན་མཉམ་བསྡུར་བྱེད་མི་ཐུབ། གང་ཡིན་ཞེ་ན། ཤིང་སྡོང་ནི་འཚོ་བཞིན་པ་རེད། ཕྱོགས་གཞན་ཞིག་ནས་ངས་དེ་ལ་སེམས་ཡོད་པ་མཐོང་གི་མི་འདུག །བྱས་ཙང་། ང་རང་འབྲེལ་བ་འདི་ལ་མགོ་རྨོངས་སོང་། གལ་ཏེ་དེ་ནི་སེམས་ཡོད་པའི་དཔང་རྟགས་ཤིག་དང་དེ་ཡང་འཚོ་བཞིན་པ་ཞིག་ཡིན་ན། ང་ཚོས་རྩི་ཤིང་ལ་སེམས་ཡོད་ཅེས་བརྗོད་དགོས་ངེས་རེད།

མི་རོ་ ༼ཤི་རོ་༽ ལ་སེམས་ཡོད་དམ།

ཤི་རོ་ལ་སེམས་ཡོད་པ་ངས་ཡིད་ཆེས་ཀྱི་མི་འདུག

ཤི་རོ་དེ་ཨ་མའི་མངལ་ནས་ཐོན་པ་ཞིག་རེད་དམ། དེ་ག་ནང་བཞིན་ཤི་རོ་དེའི་ཕུང་པོ་སྐབས་དེ་དུས་ཐོབ་པ་རེད་དམ། དེ་ལ་སེམས་ཡོད་པ་རེད་དམ།

ཤི་རོ་དེ་ག་རང་ཨ་མའི་མངལ་ནས་ཐོན་མེད། མི་རྟག་པ་དང་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བ་ཞིག་ཐོན་ཡོད། བྱས་ཙང་། དེ་ཤི་རོ་ཞིག་ཡིན་པའི་སྐབས། དེ་ནི་ཨ་མའི་མངལ་ནས་ཐོན་པའི་ཡུལ་ངོ་མ་དེ་མིན།

དེར་བརྟེན་གལ་ཏེ་ལུས་པོ་ལ་སེམས་མེད་ན། ཤིང་སྡོང་ལས་ཡལ་ག་དང་ལོ་མ་སོགས་སེམས་མེད་པའི་ལུས་པོ་དང་འདྲ་བ་སྐྱེ་གི་ཡོད་པས། ཁྱེད་ཀྱིས་ཤིང་སྡོང་ལ་སེམས་ཡོད་ཅེས་བརྗོད་ཀྱིན་ཡོད་དམ།

ངས་ཆོས་གང་ཞིག་གསོན་པོར་འཚོ་བཞིན་ཡོད་ན། དེ་ལ་སེམས་ཡོད་པ་སྒྲུབ་ཀྱི་ཡོད། དེ་ནས་གལ་ཏེ་ངས་ལུས་པོ་འདི་གསོན་པོར་འཚོ་བཞིན་ཡོད་པ་སོང་ཙང་། འདི་ལ་སེམས་ཡོད་ཅེས་བརྗོད་ན། ངས་སྒྲུབ་བྱེད་དེ་གཅིག་པ་ཤིང་སྡོང་ལའང་བཀོལ་ཐུབ་ངེས་རེད། རྒྱུ་མཚན་ནི་དེ་གསོན་པོར་འཚོ་བཞིན་ཡོད་པ་དང་དེ་ལ་སེམས་ཡོད་པ་རེད།

འོ་ན་ཁྱེད་ཀྱིས་གསོན་པོ་འཚོ་བཞིན་པ་ཟེར་བའི་དོན་གང་རེད་དམ། དེ་ལ་སྲོག་ཡོད་ཅེས་པའི་དོན་རེད་དམ།

རེད། དོན་ངོ་མར་སོ་སོ་རང་ཉིད་དང་ཀ་བ་གཉིས་ཀྱི་དབར་ལ་ཁྱད་པར་འབྱེད་ས་དེའི་སྒང་ལ་ཐུག་གི་ཡོད་པ་ངས་མཐོང་ཐུབ་ཀྱི་འདུག །ང་རང་གསོན་པོ་གནས་ཡོད་པ་དང་ཧུར་བརྩོན་ལྡན་པའི་ནུས་ཤུགས་ཤིག་ཡོད་ཀྱང་། ཀ་བ་ལ་དེ་ལྟར་མེད། ད་སྐབས་ངས་དེ་གཉིས་དབར་གྱི་ཁྱད་པར་མཐོང་ཐུབ་པའི་ཐབས་ལམ་དེ་ཁོ་ན་རེད་འདུག

གལ་ཏེ་ཆོས་ཤིག་ལ་སྲོག་ཡོད་ན། དེ་ལ་སེམས་ཡོད་ཅེས་ཤོད་ཀྱིན་ཡོད་དམ། འོ་ན་ཤིང་སྡོང་ལས་ཡལ་ག་དང་ལོ་མ་འབྱུང་གི་ཡོད་པའི་རྒྱུ་མཚན་གྱིས་དེ་ལ་སྲོག་ཡོད་ཅེས་བརྗོད་ཀྱི་ཡོད་དམ།

ངས་ཡལ་ག་དང་ལོ་མ་ཙམ་ལ་བརྗོད་ཀྱི་མེད། དེས་ཤིང་སྡོང་གསར་པ་ཞིག་སྐྱེད་ཐུབ་ཀྱི་ཡོད་པ་དེ་ནི་སྲོག་ལྡན་ཡིན་པའི་དཔེ་མཚོན་དུ་སྣང་གི་འདུག

འོ་ན་ཁྱེད་ཀྱིས་སྲོག་ཡོད་པའི་རྒྱུ་མཚན་དེ་ག་རེ་བརྗོད་ཀྱིན་ཡོད་དམ། དོན་ངོ་མར་དེས་ཡལ་ག་དང་ལོ་མ་སྐྱེད་པའམ། ཡང་ན་ས་བོན་རྣམས་སྐྱེད་པར་བྱེད་པ། ས་བོན་དེ་བཏབ་པ་ལས་ཤིང་སྡོང་གཞན་དག་སྐྱེད་པ་རེད་དམ།

ངས་དེ་གཉིས་ཀ་རེད་བརྗོད་ཀྱི་ཡིན། ཤིང་སྡོང་དེ་སྐྱེད་སྤེལ་བྱེད་བཞིན་པ་དང་དེ་ལ་སྐྱེད་པའི་ནུས་ཤུགས་ཡོད་པའི་བདེན་དོན་གྱིས་དེ་རྟག་པ་དང་བརྟན་པའི་ཆོས་ཤིག་མིན། དེས་ཕྱིའི་རྫས་ནང་དུ་ཁྱེར་ནས་སྐྱེད་སྤེལ་གྱི་རྒྱུད་རིམ་ཞིག་གི་ནང་འགྱུར་བཅོས་གཏོང་གི་ཡོད་པ་དང་། དེ་ལ་རིགས་རྒྱུད་སྤེལ་བའི་ཕན་ཚུན་འཁྲིག་སྤྱོད་ཀྱི་ཟུང་འབྲེལ་བྱེད་པའི་ནུས་པ་ཡོད་པས། དེས་སྲོག་ཡོད་པར་སྒྲུབ་ཀྱི་ཡོད།

འོ་ན་ཤི་རོ་འགའ་ཞིག་གི་པུར་གདུང་ཉར་འཚག་བྱས་ནས་ལོ་ངོ་བརྒྱ་ཕྲག་མང་པོ་ཕྱིན་པའི་རྗེས་སུ་དེ་དག་གི་སྐྲ་དང་སེན་མོ་རྣམས་པུར་གདུང་དེ་དག་ལ་སྐྱེས་ཡོད་པ་མཐོང་རྒྱུ་ཡོད་པའི་དཔེ་མཚོན་དེ་གང་འདྲ་རེད་དམ། པུར་གདུང་དེ་དག་ལ་གནས་སྟངས་ཡ་མཚན་ཅན་མང་པོ་འབྱུང་གི་ཡོད། ཁྱེད་ཀྱིས་པུར་གདུང་དེ་དག་ཀྱང་གསོན་པོར་གནས་ཡོད་ཅེས་བརྗོད་དམ། གང་ཡིན་ཞེ་ན། དེ་དག་གིས་ཀྱང་སྐྲ་དང་སེན་མོ་མང་པོ་སྐྱེད་སྤེལ་བྱས་ཡོད། དེ་ལྟར་ཡིན་ན། ཁྱེད་ཀྱིས་མ་རྨོས་ལོ་ཏོག་དང་གྲོའི་འབྲུ་རིགས་སོགས་ལའང་སྲོག་ཡོད་ཅེས་བརྗོད་དགོས། གང་ཡིན་ཟེར་ན། དེ་དག་གིས་ཀྱང་ས་བོན་སྐྱེད་པར་བྱེད་ཀྱི་ཡོད། དེ་ག་ནང་བཞིན་གལ་ཏེ་མ་རྨོས་ལོ་ཏོག་དང་གྲོ་ལ་སྲོག་ཡོད་ན། དེ་དག་ལ་སེམས་ཀྱང་ཡོད་ཅེས་ཁྱེད་ཀྱིས་བརྗོད་དམ།

དེ་ནི་ང་རང་མགོ་འཐོམ་ས་དེ་རེད། དེ་དག་གསོན་པོར་གནས་པའི་སྲོག་ཡོད་པ་མཐོང་བ་ལས་དེ་དག་ལ་སེམས་ཡོད་པ་མཐོང་བར་བདེན་དཔང་མེད་པའི་དད་པ་ཆེན་པོ་དགོས་ཀྱི་མེད་པ་ལྟར་སྣང་། རྩི་ཤིང་ལ་སེམས་ཡོད་པའི་སྐོར་དེ་ངས་ནམ་ཡང་གོ་ཚོད་མ་སོང་།

གལ་ཏེ་ཁྱེད་ཀྱིས་ཨིན་སྐད་ནང་གི་ (life) ཟེར་བའི་ཚིག་དེ་སྐྱེད་ཐུབ་པ་དང་ས་བོན་སྐྲུན་པའི་ནུས་པ་ཡོད་པ་དང་། དེ་དག་ཀྱང་དངོས་པོ་གསར་པ་ཞིག་ལ་སྐྱེ་ཐུབ་པར་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་ལས། དེ་དག་སེམས་ཡོད་པ་དང་འདྲ་མཉམ་བཟོ་གི་མེད་ན། དེ་ནི་གནད་དོན་རྦད་དེ་མི་འདྲ་བ་ཞིག་དང་། དེ་ནི་ཐ་སྙད་སྤྱོད་སྟངས་ཀྱི་གནད་དོན་ཞིག་ཆགས་ཀྱི་ཡོད་པས། དཀའ་ངལ་མེད། འོན་ཀྱང་། གལ་ཏེ་ཁྱེད་ཀྱིས་ཨིན་སྐད་ནང་གི་ (life) ཟེར་བའི་ཚིག་དེ་བོད་སྐད་ནང་གི་སྲོག་ཟེར་བའི་སྐད་དོད་དུ་ཏག་ཏག་བེད་སྤྱོད་བྱེད་ཀྱིན་ཡོད་ན། དེ་ནི་ལེགས་སྦྱར་གྱི་སྐད་དུ་པྲཱཎ་ཟེར་བ་དེ་ཡིན། བོད་སྐད་ནང་སྲོག་ཅེས་པ་དེ་ལ་རྣམ་ཤེས་དང་ལྡན་པའི་ཐུན་མིན་གྱི་གོ་དོན་ཞིག་ཡོད་པ་སྟེ། ཤེས་ལུགས་ཤེས་སྟངས་དང་སེམས་དང་ལྡན་པ་དེ་ཡིན་པས། དེ་ཏག་ཏག་ཆགས་ཀྱི་མེད། བྱས་ཙང་། དེ་ནི་ཐ་སྙད་སྤྱོད་སྟངས་ཀྱི་གནད་དོན་ཞིག་རེད།
 
ཁྱེད་ཀྱིས་ཀ་བ་འདི་ལྟ་བུའི་ཤིང་གི་སྡོང་པོ་སྐམ་པོ་དེ་དག་ལ་སྲོག་མེད་ཅེས་བརྗོད་ཆོག་ཀྱང་། གལ་ཏེ་ཁྱེད་ཀྱིས་ཀ་བ་འདི་དག་ཁྱེར་ནས་ཆུའི་ནང་བླུགས་ན། དེ་དག་རློན་པ་ཆགས་ནས་ག་ལེར་ལྗང་ཁུར་འགྱུར་འགོ་བཙུག་གི་རེད། དེ་ལ་འགྲེལ་བརྗོད་ཇི་ལྟར་བྱེད་དམ།

འོན་ཀྱང་དེ་ནི་ཀ་བ་ལ་བརྟེན་ནས་སྐྱེ་བཞིན་པའི་སྐྱེ་ལྡན་གྱི་སྲོག་ཆགས་གཞན་ཞིག་རེད། དེ་ལ་གཞི་བཞག་ནས་སྐྱེ་ལྡན་ཞིག་ངའི་ལུས་པོའི་སྒང་ལའང་སྐྱེ་ཆོག

འོན་ཀྱང་ཁྱེད་ཀྱིས་གསོན་པོར་འཚོ་བའི་རྒྱུ་མཚན་དེ་འདྲ་བཀོལ་སོང་། བྱས་ཙང་། ཀ་བ་དེ་ལ་རྣམ་པ་གསར་པ་ཞིག་སྐྱེས་ཡོད་པ་སོང་ཙང་། ཁྱེད་ཀྱིས་ཀ་བ་དེ་གསོན་པོར་གནས་ཡོད་ཅེས་བརྗོད་དགོས་ཀྱི་རེད།

ངས་དེ་འདྲ་བརྗོད་དགོས་པ་མཐོང་གི་མི་འདུག །གང་ཡིན་ཞེན། ཞ་ལའི་སྒང་ལ་སྔོ་བམ་མམ་ཧམ་སྤུ་སྐྱེས་ཡོད་པ་ཁྱེད་ཀྱིས་མཐོང་ཐུབ། འོན་ཀྱང་ཞ་ལ་དེས་ཧམ་སྤུ་ལྟ་བུ་སྐྱེ་བའི་རྒྱུ་རྐྱེན་བྱེད་ནའང་ཞ་ལ་ནི་གསོན་པོར་གནས་མེད། འོན་ཀྱང་ཁྱེད་ཀྱིས་ཤིང་སྡོང་གསོད་ཆོག་པའི་དྲི་བ་ཞིག་ཡོད། ངས་ག་རེ་ཤོད་ཀྱིན་ཡོད་ཅེ་ན། ཁྱེད་ཀྱིས་ཤིང་སྡོང་གསོད་ཅེས་ཤོད་ཀྱི་ཡོད་དམ།

འབུམ་རམས་པ་བྷར་ཛིན། རིན་པོ་ཆེས་དེ་ནི་ཐ་སྙད་སྤྱོད་སྟངས་ཀྱི་གནད་དོན་ཞིག་རེད་ཅེས་གསུང་གིན་ཡོད། ཨིན་སྐད་ནང་ང་ཚོས་ཤིང་སྡོང་ནི་གསོན་པོར་གནས་ཡོད་པ་དང་། ཤིང་སྡོང་དང་རྩི་ཤིང་གསོད་པ་ཞེས་ཤོད་ཀྱི་ཡོད། དེ་ནི་བོད་སྐད་དང་ལེགས་སྦྱར་གྱི་སྐད་ནང་བརྗོད་ཚུལ་གཅིག་པ་མིན། གང་ཡིན་ཞེ་ན། སྐད་ཡིག་དེ་དག་གི་ནང་། ཚེ་སྲོག་དང་གསོད་པའི་སྐོར་ཤོད་པའི་སྐབས། དེ་ནི་དམིགས་སུ་བཀར་ནས་ཤོད་ཀྱི་ཡོད་པ་དང་། དེའི་མཚན་ཉིད་ཀྱིས་ང་ཚོས་བེད་སྤྱོད་བྱེད་པའི་ཚིག་ (kill) གསོད་པ་དང་ (alive) གསོན་པོ་གནས་པའི་གོ་དོན་དེ་སྤྲོད་ཀྱི་མེད། དེ་ནི་ཕན་ཚུན་མོས་མཐུན་མེད་པ་ཞིག་མིན་པར། དེ་ནི་ཚིག་གམ་ཐ་སྙད་ཀྱི་གོ་དོན་ཡངས་དོག་དབང་གིས་རེད།

འོ་ན་སྐད་རིགས་དེ་དག་གི་ནང་ཚེ་སྲོག་ (life) ཟེར་བའི་ཚིག་འདི་སེམས་ (mind) དང་གཅིག་པ་ཡིན་པའི་དོན་རེད་དམ།

འབུམ་རམས་པ་བྷར་ཛིན། རེད།

དེ་ལས་ལྡོག་སྟེ་བཤད་ན། གལ་ཏེ་དེ་བདེན་པ་ཡིན་ན། དེ་ནས་ང་ཚོས་ཀ་བ་དེ་ཆུའི་ནང་བླུགས་ནས་དེ་ལས་ཧམ་སྤུ་དང་སྐྱེ་ལྡན་གྱི་རིགས་འགའ་ཞིག་སྐྱེས་ན། ཀ་བ་དེ་ལ་སྐྱེ་ལྡན་གཞན་ཞིག་སྐྲུན་པའི་སེམས་ཤིག་ཡོད་དགོས་པའི་རྒྱུ་མཚན་རིགས་པ་ཡིན་པར་ངོས་འཛིན་བྱེད་དགོས།

འབུམ་རམས་པ་བྷར་ཛིན། ད་ང་ཚོས་དྲི་བ་གཞན་ཞིག་གི་སྐོར་ལ་ཤོད་ཀྱིན་ཡོད། དེའི་ཞོར་ལ་རིན་པོ་ཆེས་ནུབ་ཕྱོགས་ཀྱི་གསོན་པོར་གནས་པའི་མཚན་ཉིད་གང་ཡིན་པའི་དྲི་བ་འདྲི་གནང་གིན་ཡོད།

གལ་ཏེ་ང་ཚོས་གོ་ལྡོག་ནས་བཤད་ན། དེའི་དོན་ནི་གལ་ཏེ་ཁྱེད་ཀྱིས་དེ་བདེན་པ་ཡིན་པར་ཁུངས་སྐྱེལ་ཐུབ་ཀྱི་མེད་པ་དང་། གལ་ཏེ་ཆོས་གང་ཞིག་གསོན་པོར་གནས་ཡོད་ན། དེས་ཚེ་སྲོག་གཞན་ཞིག་སྐྲུན་ཐུབ་པ་དགོས་ཀྱི་ཡོད། དེས་ཆོས་དེ་ཤི་རོ་ཡིན་པ་ཁུངས་སྐྱེལ་བྱེད་ཀྱི་རེད།

སེར་ཀོང་རིན་པོ་ཆེ། ཁྱེད་ཀྱིས་མེ་ཤུགས་འཕུར་མདའི་གྲུ་གཟིངས་ལ་སྲོག་ཡོད་ཅེས་བརྗོད་དམ། དེ་གསོན་པོར་གནས་ཡོད་དམ། མེ་ཤུགས་འཕུར་མདའ་དེ་གསོན་པོར་གནས་མེད་ཅེས་བརྗོད་པའི་རྒྱུ་མཚན་དེ་གང་རེད་དམ།

རྒྱུ་མཚན་ནི་དེ་ལ་སྐྱེ་ལྡན་དང་སྐྱེ་ལྡན་མིན་པའི་དངོས་པོ་དང་དུ་བླངས་ནས་ཡང་བསྐྱར་བཟོ་སྐྲུན་བྱེད་པ་དང་། རྒྱ་སྐྱེད་གཏོང་བ། ཡང་ན་ས་བོན་ཞིག་བསྐྲུན་ནས་དེས་མེ་ཤུགས་འཕུར་མདའ་གཞན་ཞིག་བཟོ་སྐྲུན་ཐུབ་པའི་ནུས་པ་མེད་པ་རེད།

སྤྱིར་བཏང་འཕྲུས་ཆས་རིགས་ལ་གང་འདྲ་རེད། དེ་དག་ལ་སྲོག་ཡོད་དམ། བྱས་ཙང་། ཆོས་གང་ཞིག་གསོན་པོར་གནས་པ་ལ་དེས་ཟས་བཟའ་དགོས་ཀྱི་ཡོད་དམ།

དེས་ཕྲ་རགས་ལ་བལྟོས་མེད་ཀྱི་འཚོ་བཅུད་ཀྱི་རྣམ་པ་ཞིག་ལ་བརྟེན་དགོས་ཀྱི་ཡོད།

འབུམ་རམས་པ་བྷར་ཛིན། དེས་རིན་པོ་ཆེ་ལ་དབུ་འཐོམ་བཅུག་པ་རེད། གང་ཡིན་ཞེ་ན། མེ་ཤུགས་འཕུར་མདས་མེ་ཤུགས་འཕུར་མདའི་བུད་རྫས་སམ་སྣུམ་བཟའ་གི་ཡོད་པ་དང་། འཕྲུལ་ཆས་རིགས་ཀྱིས་གློག་བཟའ་གི་ཡོད། དེ་དག་ལ་གཡོ་འགུལ་ཡོད་པ་དང་དེ་དག་འགུལ་གྱི་ཡོད། དེར་མ་ཟད། འཕྲུལ་ཆས་ཀྱིས་འཕྲུལ་ཆས་གཞན་བཟོ་ཐུབ། དེར་བརྟེན་ནུབ་ཕྱོགས་ཀྱི་སྐད་དུ་ཡོད་པའི་ (life) ཟེར་བའི་ཚིག་དེའི་གོ་དོན་རྟོགས་རྒྱུ་དེ་རིན་པོ་ཆེ་ལ་ཏོག་ཙམ་ཁག་པོ་ཆགས་ཡོད།

སྐྱེ་ལྡན་ཕྲ་ཕུང་གི་རིགས་དབྱེ། (cell division)

འབུམ་རམས་པ་བྷར་ཛིན། ཁྱེད་ཀྱིས་སྐྱེ་ལྡན་ཕྲ་ཕུང་གི་རིགས་དབྱེའི་སྐོར་ལ་ཏོག་ཙམ་གསུང་ཐུབ་བམ། གང་ཡིན་ཞེ་ན། འཕྲུལ་ཆས་གཅིག་གིས་འཕྲུལ་ཆས་གཞན་བཟོ་སྐྲུན་ཐུབ་པ་ཡོད་པའི་ཕྱིར།

སྐྱེ་ལྡན་ཕྲ་ཕུང་གི་རིགས་དབྱེ་སྐྱེད་སྤེལ་རེད། སྐྱེ་ལྡན་ཕྲ་ཕུང་རྣམས་དབྱེ་བ་ཕྱེ་བ་དང་དེ་དག་རང་གིས་རང་བསྐྱར་སྐྲུན་བྱེད་ཀྱི་ཡོད།

འབུམ་རམས་པ་བྷར་ཛིན། ང་རང་ཨིན་སྐད་ནང་གི་ (Cell) ཟེར་བའི་ཚིག་དེ་བོད་ཀྱི་ཚིག་ཅིག་རག་རྒྱུ་དཀའ་ལས་བྱུང་། དེའི་ཚབ་ལ་ངས་རིན་པོ་ཆེ་ལ། ས་འབུའི་རིགས་འགའ་ཞིག་སྐོར་ལ་དཔེར་ན། ཁྱེད་ཀྱིས་ས་འབུ་ཞིག་ཕྱེད་ཀར་བཅད་པ་ཡིན་ན། ས་འབུ་གཉིས་ཆགས་ཀྱི་ཡོད་པ་ལྟ་བུ་རེད་ཅེས་འགྲེལ་བརྗོད་བྱས་ཡིན།

དེ་འགྲེལ་བརྗོད་བྱེད་དགོས་ཞེས་ང་ལ་ཤོད་ཀྱིན་འདུག །གལ་ཏེ་ཁྱེད་ཀྱིས་སྐྱེ་ལྡན་ཕྲ་ཕུང་དེ་ལ་གང་ལྟར་ཡང་གནོད་སྐྱོན་བཏང་ན། དེ་ལས་ངོ་འདྲ་ཞིག་བཟོ་བའི་ནུས་ཤུགས་དེ་བརླག་གི་རེད། དེ་ལ་ངོ་འདྲ་ཞིག་བཟོ་བའི་ནུས་པ་ཡོད་ཀྱང་། དེ་མེད་པ་ཆགས་སྲིད།

སེར་ཀོང་རིན་པོ་ཆེ། འོ་ན་ཤིང་གི་ཀ་བའི་ནང་གི་ཕྲ་ཕུང་དེ་དག་གང་འདྲ་རེད་དམ། ཤིང་དེ་ལ་ཕྲ་ཕུང་མེད་པ་རེད་དམ།

དེ་ལ་འཕེལ་སྐྱེད་གཏོང་ཐུབ་པའི་ནུས་པ་བརླགས་ཟིན་པའི་སྐྱེ་ལྡན་ཕྲ་ཕུང་ཡོད།

ཕྲ་ཕུང་དེ་དག་ལ་འཕེལ་སྐྱེད་གཏོང་བའི་ནུས་པ་ཡོད་དང་མེད་ཀྱི་ཁྱད་པར་འབྱེད་སྟངས་དེ་གང་རེད་དམ།

ཁྱེད་ཀྱིས་དེ་དག་ལ་གང་བྱེད་ཀྱང་། དེ་དག་ངོ་འདྲ་བཟོ་གི་མ་རེད། འོན་ཀྱང་ཁྱེད་ཀྱིས་དེའི་སྒང་ལ་གསོན་པོར་གནས་པའི་ཕྲ་ཕུང་གཞན་ཞིག་ཁ་སྣོན་བྱས་ན། དེས་ཕྲ་ཕུང་དེ་དག་སྐྱེད་སྤེལ་བྱེད་པའི་གཞི་རྩ་ལྟ་བུར་བེད་སྤྱོད་བྱེད་ཐུབ་པ་དང་དེ་ངོ་འདྲ་བཟོ་ཐུབ། ངས་ཏོག་ཙམ་འཕྲོས་བཤད་བྱེད་ན་འགྲིག་གམ། ཤིང་སྡོང་བྱེ་བྲག་དེ་འདྲ་ཡོད་པ་དང་། ཤིང་སྡོང་གཅིག་རྐྱང་དང་། ཤིང་སྡོང་མང་པོ་མཉམ་དུ་ཡོད་པ་དེ་དག་ལ་ཡོན་ཏན་འགའ་ཞིག་དང་། དམིགས་བསལ་གྱི་ནུས་པ་དང་བླ་སྲོག་ཡོད་ཅེས་བཤད་ཡོད་པས། དེའི་རང་བཞིན་དེ་གང་རེད་དམ།

འབུམ་རམས་པ་བྷར་ཛིན། ད་ཁྱེད་རང་བགྲོ་གླེང་རྦད་དེ་མི་འདྲ་བ་ཞིག་གི་ནང་འགྲོ་གི་འདུག །ང་ཚོས་ཤིང་སྡོང་རང་གི་སྐོར་ཤོད་ཀྱིན་ཡོད་པ་ལས། ཤེས་པའི་སྐོར་ཤོད་ཀྱིན་མེད།

བོད་ཀྱི་ལྟ་ཚུལ་ནས་བཤད་ན། ཤིང་སྡོང་དང་རྡོའི་དབར་ལ་ཁྱད་པར་ཞིག་ཡོད་མེད་ཤེས་འདོད་འདུག །རྡོ་མིན་ལ་སའི་ཆ་ཤས་ཙམ་ཡང་མིན་པར། ཤིང་སྡོང་དང་ལྕགས་ཀྱི་དབར་ཁྱད་པར་ཡོད་དམ།

འབུམ་རམས་པ་བྷར་ཛིན། རྩི་ཤིང་གིས་ཤིང་སྡོང་དང་ཡལ་ག་སོགས་སྐྱེད་སྤེལ་བྱེད་ཀྱི་ཡོད། འོན་ཀྱང་རྡོ་དང་ལྕགས་ཀྱིས་དེ་ལྟར་མི་བྱེད། དེ་ནི་གཅིག་པ་རེད། དེ་ནི་ཁྱེད་ཀྱིས་དེ་ལ་ག་རེ་འབོད་འདོད་ཡོད་པ་དང་། ཁྱེད་ཀྱིས་ཇི་ལྟར་ཤན་འབྱེད་འདོད་ཡོད་མེད་ལ་རག་ལུས་ཡོད།

འོན་ཀྱང་དེ་དག་ནི་གསོན་པོར་གནས་པར་ཆ་འཇོག་བྱེད་ཀྱི་མེད། གང་ཡིན་ཞེ་ན། དེ་དག་ལ་སེམས་མེད་དམ།

རྩི་ཤིང་དང་ཤིང་སྡོང་གསོན་པོར་གནས་ཡོད་ཀྱང་སེམས་མེད་ཅེས་ཁྱེད་ཀྱིས་ཁས་ལེན་བྱེད་ཀྱི་རེད། རེད། བོད་སྐད་ནང་དེ་དང་གཅིག་པ་གཅིག་རྐྱང་རེད། ང་ཚོས་བོད་སྐད་ཀྱི་ཚིག་བསྒྱུར་བའི་ཆེད་དུ་ཨི་སྐད་ནང་གི་ཚིག་ (life) དེ་བེད་སྤྱོད་མ་བཏང་ན་བཟང་བ་ཡོད། གང་ཡིན་ཟེར་ན། ཚིག་དེ་གཉིས་སྐད་དོད་གཅིག་པ་མིན་ཙང་། དེ་ལ་མགོ་འཐོམ་གྱི་རེད། ཁོང་ཚོས་སྲོག་ཅེས་པ་དེ་ཡོད་པའི་ཚིག་བེད་སྤྱོད་བྱེད་པ་ནི་ཤེས་པ་ཡོད་པ་དེ་རེད། བྱས་ཙང་། ཚེ་སྲོག་གམ་ (life) ཡོད་པ་དེ་ནི་གནད་དོན་མི་འདྲ་བ་ཞིག་རེད། བོད་སྐད་ནང་དུད་འགྲོ་དང་། རྩི་ཤིང་། གཏེར་རྫས་སོགས་ཡོད་པ་དང་། བོད་པ་ཚོས་དུད་འགྲོ་ཚང་མ་སྡེ་ཚན་གཅིག་གི་ནང་འཇོག་པ་དང་རྩི་ཤིང་དང་གཏེར་རྫས་དེ་དག་སྡེ་ཚན་གཞན་ཞིག་གི་ནང་འཇོག་གི་ཡོད། ནུབ་ཕྱོགས་པ་ཚོས་གཏེར་རྫས་རྣམས་སྡེ་ཚན་གཅིག་གི་ནང་འཇོག་པ་དང་། རྩི་ཤིང་དང་དུད་འགྲོ་རྣམས་སྡེ་ཚན་གཞན་ཞིག་གི་ནང་འཇོག་གི་ཡོད། དེ་ནི་གཞི་རྩའི་གནད་དོན་གལ་ཆེ་ཤོས་དེ་རེད། བྱས་ཙང་། ཁྱེད་རྣམ་པས་དུད་འགྲོ་དང་རྩི་ཤིང་མཉམ་དུ་སྡེ་ཚན་གཅིག་གི་ནང་འཇོག་པ་དང་། རྩི་ཤིང་དང་ལྕགས་ཀྱི་རིགས་རྣམས་མི་འདྲ་བ་ཡིན་པར་ངོས་ལེན་བྱས་ནའང་ད་དུང་སྡེ་ཚན་གཅིག་གི་ནང་འཇོག་གི་ཡོད་པའི་རྒྱུ་མཚན་གང་ཡིན་རིན་པོ་ཆེ་མཁྱེན་འདོད་འདུག །ཁྱེད་ཀྱིས་ཚེ་སྲོག་ནི་སེམས་ཡོད་པ་དང་གཅིག་པ་མ་རེད་ཟེར་གྱི་ཡོད་དམ། དེ་ལ་བོད་མི་ཚོས་ཚེ་སྲོག་ནི་དྲན་ཤེས་དང་ལྡན་པའམ་ཤེས་པ་དང་ལྡན་པ་དང་གཅིག་པ་གཅིག་རྐྱང་མིན་ཞེས་བརྗོད་ངེས་རེད་ཅེས་པའི་དོན་ཡིན་ནམ།

འདས་པའི་ཆོས་ཁྲིད་ཅིག་གི་སྐབས་སུ་མི་ཞིག་གིས་རྩི་ཤིང་དང་དུད་འགྲོའི་དབར་ཁྱད་པར་འབྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་ནས་རིན་པོ་ཆེ་ལ་ཞུས་སོང་། དེའི་བཀའ་ལན་དུ་རིན་པོ་ཆེས། བོད་ནང་ཕུང་པོ་ཞུགས་འབུལ་གྱི་གཤིན་ཆོག་གི་དཔེ་ཞིག་གསུངས་གནང་ཡོད། ཕུང་པོ་དེ་ཞུགས་འབུལ་ཆེད་འཁྱེར་བའི་སྐབས། སྨན་པ་ཧ་ཅང་མཁས་ལ་རྟོགས་པ་ལྡན་པ་ཞིག་སླེབས་ནས། “མི་འདི་ཤི་མི་འདུག་” ཅེས་བརྗོད་པ་རེད། སྨན་པ་དེས་མི་དེ་ཁྱིམ་དུ་ཁྱེར་ནས་སླར་གསོན་པོར་གནས་པར་བྱས། མི་དེ་སེམས་ཀྱི་གནས་བབས་ཤིན་ཏུ་ཕྲ་བའི་སྒང་ལ་གནས་ཡོད་པ་རེད། གལ་ཏེ་ཁྱེད་ཀྱིས་མི་ཞིག་གསོན་པོ་ཡིན་དང་ཤི་བ་ཡིན་བརྗོད་ཐུབ་ཀྱི་མེད་པ་དང་། མི་དེའི་ལུས་པོའི་ནང་སེམས་ཡོད་དང་མེད་ཤེས་ཀྱི་མེད་ན། ཁྱེད་ཀྱིས་རྩི་ཤིང་ལ་སེམས་ཡོད་མེད་ཤོད་མི་ཐུབ། བྱས་ཙང་། གལ་ཏེ་ཁྱེད་ཀྱིས་སེམས་ངོ་མ་འཕྲོད་པའམ་སེམས་གང་ཡིན་མ་ཤེས་ན། རྩི་ཤིང་ལ་སེམས་ཡོད་དང་མེད། མི་ལ་སེམས་ཡོད་དང་མེད་ཅེས་བརྗོད་རྒྱུ་དཀའ་མོ་རེད། ཡིན་ནའང་ཕྱོགས་གཞན་ཞིག་ནས། ངས་རྩི་ཤིང་གསོན་པོར་གནས་མེད་པ་དང་དེ་འཕེལ་སྐྱེད་འགྲོ་གི་མི་འདུག་ཅེས་བརྗོད་རྒྱུ་ཁག་པོ་འདུག

འབུམ་རམས་པ་བྷར་ཛིན། རེད། འོན་ཀྱང་ང་ཚོ་བགྲོ་གླེང་ཡོངས་སུ་རྫོགས་པ་ནི་ཆོས་གང་ཞིག་གསོན་པོར་གནས་ཡོད་ཅེས་པའི་དོན་གང་ཡིན་པའི་སྐོར་རེད། ནུབ་ཕྱོགས་པའི་ལུགས་ལ་གསོན་པོར་གནས་པ་དང་ཚེ་སྲོག་ཅེས་པའི་གོ་དོན་དེ་གང་ཡིན་རིན་པོ་ཆེ་མཁྱེན་འདོད་འདུག

དེ་ནི་འཕེལ་སྐྱེད་ཀྱི་ནུས་ཤུགས་ཙམ་ཞིག་རེད། ཁྱེད་ཀྱིས་རྩི་ཤིང་ལ་སྐད་ཆ་བཤད་ནས་དེ་ཡོངས་སུ་འཕེལ་སྐྱེད་ཕྱིན་ཡོད་པ་ཇི་ལྟར་འགྲེལ་ཐུབ་བམ།

འབུམ་རམས་པ་བྷར་ཛིན། རིན་པོ་ཆེས། རྩི་ཤིང་ཞིག་གི་སྐྱེད་འཕེལ་ལ་ཤུགས་རྐྱེན་སྤྲོད་ཆེད་དེ་ལ་སྐད་ཆ་ཤོད་རྒྱུ་དེ་སྲིད་པ་ཞིག་རེད་ཅེས་གསུང་གི་འདུག །དེ་ནི་ཧང་སངས་དགོས་པ་དང་ཁྱད་མཚར་པོ་ཞིག་གང་ཡང་མིན། འོན་ཀྱང་དེས་རྩི་ཤིང་ལ་སེམས་ཡོད་པ་སྒྲུབ་ཀྱི་མེད། དེ་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་སྤྱི་ཆིངས་ཀྱི་རྣམ་གཞག་དེའི་ནང་ཡོད་པའི་དངོས་པོ་རྣམས་ཀྱི་རྒྱུ་རྐྱེན་ལ་ཡོད་པའི་ཡ་ལན་ཙམ་ཞིག་རེད། དེས་ནུས་ཤུགས་སྤེལ་བྱེད་ལ་ཡ་ལན་སྤྲོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་དེ་ལ་སེམས་ཡོད་པར་སྒྲུབ་ཀྱི་མེད།
 
སེར་ཀོང་རིན་པོ་ཆེ། དཔེར་ན། མེ་ཏོག་བུང་བ་འཛིན་པ་ (Venus flytrap) ཞེས་བྱ་བའི་རྩི་ཤིང་ལྟ་བུ་ཡོད་པ་དང་། རྩི་ཤིང་གཅིག་པ་དེ་དག་གིས་འབུ་སྲིན་བཟའ་གི་ཡོད། དེ་དག་ལས་འགའ་ཞིག་ལ་སེམས་ཡོད། འོན་ཀྱང་འབུ་སྲིན་ཟིན་པ་དང་མེད་པ་བཟོ་བ་ཙམ་ནི་སེམས་ཡོད་པའི་རྒྱུ་མཚན་དུ་ཤོད་མི་ཐུབ། གང་ཡིན་ཞེ་ན། གློག་བུང་བ་འཛིན་པ་ཡོད་ཆོག་པ་དང་དེས་སྦྲང་བུ་འཛིན་པ་དང་མེད་པ་བཟོ་ཆོག །དེ་ལྟར་བྱེད་ཀྱི་ཡོད་པ་ཙམ་གྱིས་དེ་གསོན་པོར་གནས་ཡོད་ཅེས་ཁྱེད་ཀྱིས་ཟེར་གྱི་མ་རེད། དེ་གསོན་པོར་གནས་ཡོད་པ་ཙམ་དུ་མ་ཟད་དེ་ལ་སེམས་ཡོད་ཅེས་བརྗོད་ཀྱི་མ་རེད།

ང་ཚོས་གོ་ལྡོག་སྟེ། དངོས་པོ་འགའ་ཤས་འགྲོ་བ་མི་དང་འདྲ་པོ་ཡོད་པ་རྣམས་ཡར་མར་གོམ་པ་སྤོས་ནས་འགྲོ་བཞིན་ཡོད་པ་དེ་དག་ལ་སེམས་མེད་ཅེས་བརྗོད་ཆོག་གམ།

འབུམ་རམས་པ་བྷར་ཛིན། བརྗོད་ཆོག་དང་ཆོག །དེ་འདྲ་བའི་མི་གཟུགས་འཕྲུལ་ཆས་ (robots) སོགས་ཧ་ཅང་མང་པོ་ཡོད། ཤར་གྱི་མཚོ་ངོགས་དང་ནུབ་ཕྱོགས་ཀྱི་དཀྱིལ་མཚམས་སུ་པི་ཛཱའི་ཕོ་བྲང་ (pizza palace) གི་ས་ཆ་མང་པོ་ཡོད་པའི་ནང་སྡིངས་ཆའི་སྟེང་ལ་གློག་ཀླད་ཀྱི་སྟངས་འཛིན་ལ་བརྟེན་ནས་དོམ་དང་མི་རྒོད་ཀྱི་རྣམ་པར་མི་གཟུགས་འཕྲུལ་ཆས་ཡོད་པ་དང་། དེ་དག་གི་གླུ་ལེན་པ་དང་གཞས་འཁྲབ་ཀྱི་ཡོད། ང་ཚོས་གློག་ཀླད་ཀྱི་པི་ཛཱའི་ཕོ་བྲང་ནང་གོམ་པ་སྤོ་བའི་སྐབས། ཐོག་མར་དེ་དག་གསོན་པོར་གནས་མེད་པ་གསལ་པོ་ཡིན་ནའང་། ཐམས་ཅད་གསོན་པོར་གནས་ཡོད་ཅེས་རིན་པོ་ཆེས་གསུངས། བྱས་ཙང་། དེ་འདྲ་བའི་དངོས་པོ་ཧ་ཅང་མང་པོ་ཡོད། དེ་ནི་གང་ལྟར་ཡང་། འཕྲུལ་ཆས་ཡ་མ་ཟུང་གི་ས་ཆ་ཞིག་ཡིན་པར་སྐད་གྲགས་ཡོད། དེར་བརྟེན་ཁྱེད་ཀྱིས་རང་གི་དྲི་བའི་ལན་འདེབས་པར་བསམ་བློ་མང་པོ་གཏོང་དགོས་མེད།

གཞན་གྱི་ན་ཚ་རང་གིས་དང་དུ་ལེན་ཐུབ་བམ།

ང་རང་ལ་ད་དུང་དྲི་བ་གཅིག་ཡོད། དྲི་བ་མཐའ་མ་འདི་ཁུ་ནུ་བླ་མས་གསུངས་པའི་སྒྲུང་དེ་དང་འབྲེལ་བ་ཆགས་ཀྱི་འདུག །དེ་ཡང་གཞན་གྱི་ན་ཚ་དེ་རང་གིས་དང་དུ་ལེན་ཐུབ་མཁན་གྱི་མི་ཞིག་ཡོད་པའི་སྐོར་དེ་རེད། འདི་ནི་སངས་རྒྱས་ཀྱིས་གསུངས་པའི་ལས་ཀྱི་རྣམ་གཞག་ནང་ནས་གཅིག་དང་འགལ་བ་ལྟར་སྣང་སོང་། དེ་ཡང་ཁྱེད་ཀྱིས་ན་ཚ་འབྱུང་བའི་རྒྱུ་དེ་བསགས་ཡོད་ན། དེའི་འབྲས་བུ་རང་ཉིད་ལ་འབྱུང་ངེས་ཡིན་པ་ལས། ཁྱེད་ཀྱིས་རྒྱུ་བསགས་མེད་ན། ཁྱེད་ཀྱིས་དེ་ཉམས་སུ་མྱོང་མི་དགོས་ཞེས་པ་དང་འགལ་བ་མིན་ནམ།

ཡིན་དང་ཡིན། མི་དེས་གཞན་གྱི་ན་ཚ་རང་ཉིད་ཀྱིས་དང་དུ་ལེན་ཐུབ་པའི་ལས་བསགས་ཡོད་ཤག་རེད། གཞན་རྒྱུ་མཚན་གང་ཡང་མེད་པར་བྱུང་བ་ཞིག་མིན།

འབུམ་རམས་པ་བྷར་ཛིན། རིན་པོ་ཆེས་སྐྱེ་བ་སྔོན་མ་ལས་ཤིག་བསགས་ཡོད་པའམ། ཡང་ན་ཁྱེད་རང་རྩ་ནས་ཁ་ལག་རག་ཐུབ་པ་དང་བཟའ་ཐུབ་པའི་ལས་ཀྱི་ནུས་པ་ཞིག་བསགས་ཡོད། དེ་མིན་རིན་པོ་ཆེས་འདིར་བཞེས་ལག་མཆོད་པ་དེ་མི་སྲིད་པ་ཞིག་རེད། དེ་ནི་སློང་མོ་བ་ཞིག་སླེབས་པ་དང་རང་འཇགས་ཕར་ལོག་བཏང་བ་འདྲ་པོ་རེད།

སངས་རྒྱས་ཀྱིས་ཁྱེད་ཀྱིས་ཉོན་མོངས་དང་སྒྲིབ་པ་རྣམས་རྐང་པ་ནས་ཚེར་མ་འདོན་པ་ནང་བཞིན་མེད་པ་བཟོ་མི་ཐུབ་ཅེས་གསུང་གི་ཡོད། འོན་ཀྱང་འདིས་གང་ལྟར་ཡང་ཁྱེད་ཀྱིས་ཉོན་མོངས་དེ་དག་མེད་པ་བཟོ་ཐུབ་པ་ལྟ་བུར་མངོན། དེ་ཡང་སངས་རྒྱས་ཀྱིས་སེལ་མི་ཐུབ་པའི་སྔུག་བསྔལ་ཐམས་ཅད་གཞན་ཞིག་གིས་སེལ་ཐུབ་བམ།

དེ་ནི་དཔེ་མཚོན་ནང་གི་མི་དེ་དང་གཅིག་པ་རེད། མི་དེས་སོ་སོའི་ན་ཚ་དེ་མི་བྱེ་བྲག་པ་དེས་དང་དུ་ལེན་པའི་ལས་བསགས་ཡོད། དེ་དང་གཅིག་པ་རེད། སངས་རྒྱས་ཀྱིས་རང་ཉིད་ལ་རོགས་པ་གནང་བའི་ལས་དེ་ཁྱེད་ཀྱིས་བསགས་མེད་ན། སྡུག་བསྔལ་རྣམས་ཚེར་མ་བཀོག་པ་ནང་བཞིན་མེད་པ་བཟོ་མི་ཐུབ། གལ་ཏེ་ཁྱེད་ཀྱིས་ལས་དེ་བསགས་མེད་པ་དང་དེ་འདྲ་ཞིག་འབྱུང་བའི་ནུས་པ་དང་བྲལ་བ་ཡིན་ན། དེ་འབྱུང་གི་མ་རེད། དེ་ནི་ཁྱེད་རང་གལ་ཏེ་བཟོ་གྲྭ་ཞིག་གི་ནང་ལས་ཀ་བྱེད་ཀྱིན་ཡོད་ན། ཁྱེད་ལ་འཕྲུལ་ཆས་སོགས་བེད་སྤྱོད་བྱེད་སྟངས་བསླབ་ཀྱི་རེད། དེ་ནས་ཁྱེད་ཀྱིས་དེ་དག་བེད་སྤྱོད་བྱེད་སྟངས་ཤེས་ཀྱི་རེད། ཁྱེད་རང་ལས་ཀར་ཕྱིན་ནས་རྒྱུ་མཚན་རྩ་ནས་མེད་པར་ཚང་མ་འགྲིག་པ་ཞིག་ཡོང་མི་ཐུབ། དེ་ནི་རྒྱུའི་རྒྱུད་རིམ་ཞིག་ལས་འབྱུང་གི་ཡོད།
 
འོན་ཀྱང་དྲི་བ་བྱེ་བྲག་པ་འདིའི་རིགས་ནི་ཧ་ཅང་གལ་འགངས་ཆེན་པོ་དང་། ལས་དང་འབྲེལ་བའི་འདྲི་བ་འདི་དག་འདྲི་རྒྱུ་ཧ་ཅང་ཡག་པོ་རེད། ཁྱེད་ལ་འགྲོ་བ་མི་དང་འདྲ་ཞིང་མིག་མེད་པའི་དངོས་པོ་དེ་འདྲ་ཡོད་ཆོག་དང་མི་ཆོག་འདྲི་བ་ནི་རྣམ་དཔྱོད་ལྡན་པའི་དྲི་བ་ཞིག་མིན། དེ་ནི་བྱབ་མེད་པའི་དྲི་བ་ཞིག་རེད། གལ་ཏེ་ཁྱེད་ཀྱིས་སྐྱེ་བ་སྔ་མར་གནས་སྟངས་དེ་དང་དེ་འདྲ་ཞིག་འབྱུང་བའི་ལས་བསགས་མེད་ན། གཞན་ཞིག་གིས་ནད་ལས་བཅོས་པ་སོགས་ཡོང་གི་མེད་པ་ནི་ངེས་པ་རེད།  གནད་དོན་དེ་དག་རྒྱུ་མཚན་མེད་པར་འབྱུང་གི་མེད། དེ་མིན་ཁྱེད་ཀྱིས་བརྗོད་པ་ལྟར་འགལ་འདུ་ཡོང་གི་ཡོད། དྲི་བ་དེ་དག་ལ་བསམ་བློ་གཏོང་བ་ནི་ཧ་ཅང་ཡག་པོ་རེད། དཔེར་ན། དག་པའི་ཞིང་ཁམས་སུ་སྐྱེ་བ་བླངས་པའི་སྐོར་ཤོད་པའི་སྐབས། དེ་ནི་གཅིག་པ་མིན་ནའང་ལྷ་ཡུལ་འདྲ་པོ་ཞིག་རེད། དེར་སྐྱེས་པའི་རྒྱུ་མ་བསགས་པར་སྐྱེ་གི་མེད། ཁྱེད་ཀྱིས་ག་རེ་ཡིན་ནའང་བྱེད་ཆོག་པ་དང་དེའི་རྗེས་ལྷ་ཡུལ་དུ་ཕྱིན་ནས་སྐྱིད་པོ་གཏོང་ཆོག་པ་དེ་འདྲ་མ་རེད། ཁྱེད་ཀྱིས་དེར་སྐྱེ་བའི་རྒྱུའམ་གནས་སྟངས་ཤིག་རང་གི་ལས་ལ་བརྟེན་ནས་སྐྲུན་དགོས།
 
དཔེ་ཆ་བཞག་ན། དེ་རིང་ང་ཚོ་མི་ཚོགས་ཤིག་འདིར་ཡོད་པ་དང་། ང་ཚོ་ཚང་མ་འདིར་འཛོམས་པའི་རྒྱུ་རྣམས་བསགས་ཡོད་པ་དང་ལས་ཀྱང་ཡོད་པ་རེད། གལ་ཏེ་ཁྱེད་རང་འདིར་འཛོམས་ནས་ཆོས་ཁྲིད་ནང་མཉམ་བཞུགས་བྱེད་པའི་ལས་དེ་མེད་ན། དེ་ནས་ཁྱེད་རང་འདིར་སླེབས་མེད། ལོ་འགའ་ཤས་གོང་ལ་འབྲས་སྤུངས་སྒོ་མང་དགོན་པའི་ནང་། སོག་པོ་ཧ་ཅང་མཁས་པ་ཞིག་ཡོད་པ་ངས་དྲན་གྱི་འདུག །སྒོ་མང་གྲྭ་ཚང་གི་མཁན་པོ་དེ་ཡང་ཧ་ཅང་མཁས་པ་ཞིག་རེད། དགོན་པའི་ཤེས་ཡོན་ལམ་ལུགས་ལ་དགེ་བཤེས་ལྷ་རམས་པའི་གནས་ཚད་ཀྱི་ཕྱག་ཁྱེར་ཟེར་བ་ཞིག་ཡོད་པ་དང་། དེ་ནི་དགོན་པའི་ཤེས་ཡོན་ལམ་ལུགས་ནང་འབུམ་རམས་པའམ་རིག་པའི་ཆུ་གཏེར་གྱི་རིམ་པ་རྩེ་ཕུད་ལྟ་བུ་དེ་རེད། མཁན་པོས་དགོན་པའི་ནང་ཡོད་པའི་སོག་པོ་དེ་ལ། “རིག་པའི་ཆུ་གཏེར་གྱི་ཕྱག་ཁྱེར་འདི་བླང་རྒྱུ་མེད། ཡིག་རྒྱུགས་གཏོང་རྒྱུ་མེད། དེའི་རྒྱུད་རིམ་ལ་མ་འགྲོ།” ཞེས་བརྗོད་པ་རེད། འོན་ཀྱང་སོག་པོ་དེ་ཕྱག་ཁྱེར་འཐོབ་འདོད་ཡོད།

དེ་ནས་མཁན་པོ་དེ་ཕྱི་ལོགས་ཐང་སྟེང་ལ་ཕྱིན་པ་དང་སོག་པོ་དེས། “ངས་ཡིག་རྒྱུགས་གཏོང་རྒྱུ་མི་འདུག །མཁན་པོ་དེས་ཁོང་གི་མངོན་ཤེས་ངོམ་སྟོན་གནང་གི་འདུག །འོན་ཀྱང་སྒྲིག་ཁྲིམས་ལྟར་བྱས་ན། མངོན་ཤེས་སྟོན་མི་ཉན་པ་ཡིན། བྱས་ཙང་། ཁོང་གིས་ང་ལ་རྫུན་གསུངས་པ་རེད།” ཅེས་བརྗོད།
 
གང་ལྟར་ཡང་། མཁན་པོའི་དབང་ཆ་ལ་བསམ་བློ་མ་བཏང་བར། སོག་པོ་དེས་ཡིག་རྒྱུགས་རིམ་པ་མཐོ་ཤོས་གཉིས་པ་དེར་བཞུགས་པ་རེད། གང་ཡིན་ཞེ་ན། ཁོས་སློབ་སྦྱོང་ཧ་ཅང་ཡག་པོ་བྱས་ནས་དཔེ་ཆ་ལ་བྱང་ཆུབ་པ་ལྟ་བུ་ཡིན་པས། ཁོས་རྒྱུགས་བཏང་ནས་ཕྱག་ཁྱེར་འཐོབ་འདོད་ཡོད། དགོན་པའི་ལམ་ལུགས་ལ། ཁྱེད་ཀྱིས་རིམ་པ་དམའ་བའི་ཕྱག་ཁྱེར་ཆེད་དུ་ཡིག་རྒྱུགས་བཏང་ནས་ཕྱག་ཁྱེར་རག་ན། ཁྱེད་ཀྱིས་དེ་ལས་མཐོ་བའི་རིམ་པའི་ནང་ཡིག་རྒྱུགས་གཏོང་ཆོག་གི་མེད། གང་ཡིན་ཞེ་ན། ཁྱེད་ལ་སྡེ་ཚན་ངེས་ཅན་ཞིག་གི་ཕྱག་ཁྱེར་དེ་ཐོབ་ཟིན་པ་རེད།
 
དེ་ནས་མཁན་པོ་དེ་འདས་གྲོངས་སུ་ཕྱིན་པའི་རྗེས་སུ་སོག་པོ་དེས་རིམ་པ་མཐོ་བའི་ཡིག་རྒྱུགས་གཏོང་འདོད་བྱུང་བ་རེད། གང་ཡིན་ཟེར་ན། མཁན་པོ་དེ་བཞུགས་མེད་པ་དང་ཁོས་ཀྱང་ཡིག་རྒྱུགས་དེ་བཏང་ན་འགྲིག་གི་ཡོད་པའི་ཚོར་སྣང་བྱུང་ཡོད། ཡིག་རྒྱུགས་སྤྲོད་མཁན་གྲྭ་པ་ཁྲི་གཅིག་ཡོད། ཡི་རྒྱུགས་སྤྲོད་སྟངས་དེ་ཡང་འདུ་འཛོམས་ཆེན་པོ་དེའི་མདུན་དུ་ཐོག་མར་ཁྱེད་ཀྱིས་དཔེ་ཆ་འགའ་ཞིག་བློ་ཐོག་ནས་འདོན་དགོས་པ་དང་། དེ་ནས་ངག་ཐོག་གི་ཡིག་རྒྱུགས་དངོས་དེ་གཏོང་དགོས། ངག་ཐོག་གི་ཡིག་རྒྱུགས་དེ་ནི་ཕན་ཚུན་རྩོད་གླེང་ངམ་རྟགས་གསལ་གྱི་རྣམ་པའི་ཐོག་ནས་རེད། བྱས་ཙང་། སོག་པོ་དེ་བློ་ཐོག་ནས་དཔེ་ཆ་འདོན་ཕྱིར་ཕྱི་ལོགས་སུ་ཕྱིན་ཏེ་ཀ་བ་ཞིག་གི་མདུན་དུ་ལངས་པ་རེད། དེ་ནི་ཡིག་རྒྱུགས་ཀྱི་ཆ་ཤས་སུ་དགོས་ཀྱི་ཡོད། སོག་པོ་དེ་བློ་རྒྱུགས་འགོ་འཛུགས་ཆེད་ཀ་བའི་འགྲམ་གྱི་གདན་ཡོད་སར་ཕྱིན་ནས་གདན་གྱི་སྟེང་ལ་རྐང་པ་བཞག་མ་ཐག་འདས་གྲོངས་སུ་ཕྱིན་པ་རེད།
 
དེར་བརྟེན་ཁོས་མཐོ་རིམ་གྱི་ཕྱག་ཁྱེར་ཆེད་ཡིག་རྒྱུགས་བཏང་ཐུབ་མེད། དེའི་རྒྱུ་མཚན་ནི་ཡིག་རྒྱུགས་གཏོང་རྒྱུའི་ལས་དེ་ཁོ་ལ་མེད་པ་རེད། མཁན་པོ་དེ་དོན་ངོ་མར་དེ་མཁྱེན་གྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་གིས། “ཁྱེད་རང་ཡིག་རྒྱུགས་གཏོང་རྒྱུ་མེད།” ཅེས་གསུངས་པ་རེད། མི་རྣམས་ཀྱིས་ཡིག་རྒྱུགས་སྤྲོད་ཐབས་བྱེད་མཁན་གྱི་སོག་པོ་གློ་བུར་དུ་འདས་གྲོངས་སུ་ཕྱིན་པ་དེའི་ཟིན་བྲིས་དེབ་དང་ཅ་དངོས་རྣམས་ལ་བལྟས་པས། ཁོའི་ཟིན་བྲིས་དེབ་ཀྱི་ནང་། ཁོས་རང་གི་ཆོས་སྐྱོང་སྲུང་མ་ལ་ཡིག་རྒྱུགས་སྤྲད་ན་འགྲིག་དང་མི་འགྲིག་ཞུས་ཡོད་པ་གསལ་འདུག །དེ་ནི་ང་ཚོས་ལུང་སྨྲ་བའི་སྲུང་མ་ཞིག་ལ་དགོངས་སྐོར་ཞུས་པ་འདྲ་པོ་རེད། དེའི་སྐབས་ཆོས་སྐྱོང་སྲུང་མས་ཡིག་རྒྱུགས་གཏོང་མི་རུང་ཞེས་ལན་བཏབ་ཡོད། འོན་ཀྱང་སོག་པོ་དེ་བཀའ་ལན་དེ་ལ་དམིགས་བསལ་མ་དགའ་ནས་ཡིག་རྒྱུགས་གཏོང་འདོད་སྐྱེས་པ་རེད། ཁོས་དགོན་པའི་མཁན་པོས་མངོན་ཤེས་ཡོད་མདོག་བྱེད་ཀྱི་འདུག་ཅེས་ཡ་ལ་འགེལ་འཛུགས་བྱས་ནས་མཁན་པོའི་བཀའ་རྩིས་མེད་བཏང་ནས་ཡིག་རྒྱུགས་གཏོང་ཐབས་བྱས་ཡོད་པ་ལྟ་བུ་རེད།
 
དཔེ་མཚོན་འདིའི་ནང་། མཁན་པོ་དེ་ལ་མངོན་ཤེས་ཡོད་མེད་ཀྱི་གནད་དོན་མ་རེད། འོན་ཀྱང་ཁྱེད་ཀྱིས་བྱུང་རྐྱེན་བྱེ་བྲག་ཅིག་འབྱུང་བའི་ལས་དེ་བསགས་མེད་ན། དེ་ལ་ཁྱེད་ཀྱིས་འབད་རྩོལ་ག་ཚོད་བྱས་ཀྱང་འབྱུང་གི་མ་རེད། དེ་ག་ནང་བཞིན་གཞན་ཞིག་གི་ནད་ཚ་ན་དེ་རང་ཉིད་ཀྱིས་དང་དུ་ལེན་པ་ལ་བསམ་བློ་བཏང་ནའང་གཅིག་པ་རེད། དེ་གཉིས་ཀའི་ནང་དེ་ལྟར་འབྱུང་བར་ལས་ངེས་པར་དུ་གསོག་དགོས།།

Top