བོད་བརྒྱུད་ནང་བསྟན་དང་འཇིའུ་ཡ་ཧུ་ད་པའི་དབར་གྱི་གྲོས་མོལ།

སྐད་ཡིག་གཞན།

ཕྱི་ལོ་ ༡༩༩༠ ཟླ་ ༡༠ ཚེས་ ༢༤ ནས་ ༢༩ བར་དུ་ཨ་རི་དང་ཨི་སི་རེལ་ (Israel) ནས་འཇིའུ་ཡ་ཧུ་ད་པ་དང་རཱ་བྷ་ཡིའི་ (rabbi) སྤྱི་ཚོགས་ཀྱི་འགོ་འཛིན་རྣམ་པ་བརྒྱད་བཞུགས་སྒར་རྡ་རམ་ས་ལར་ཕེབས་བཅར་ཞུས། ཕེབས་བཅར་ཞུ་དགོས་དོན་ནི་ཁོང་ཚོས་ཕྱི་ལོ་ ༡༩༨༩ ཟླ་བཅུ་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་གནང་བའི་སྐབས་འགོ་བཙུགས་པའི་བོད་དང་འཇིའུ་དབར་གྱི་གྲོས་མོལ་དེ་བཞིན་མཇུག་སྐྱོང་ཆེད་ཕེབས་པ་རེད། དེ་ནི་འཇིའུ་འགོ་ཁྲིད་མི་སྣ་ཆེ་གྲས་ཁག་བཞུགས་སྒར་དུ་གཟིགས་སྐོར་དུ་ཕེབས་པ་ཐེངས་དང་པོ་ཆགས་ཡོད། ཁོང་རྣམས་ཀྱིས་ཉིན་གཉིས་ཀྱི་ཉིན་རྒྱབ་ཚོགས་ཐུན་ལ་༸གོང་ས་མཆོག་དང་བཀའ་མོལ་ཞུས་པ་དང་ད་དུང་བོད་པའི་གཞོན་སྐྱེས་སྐྱ་སེར་ཀྱི་འཐུས་མིས་གཙོས་ཕུལ་བྱུང་དགེ་བཤེས་ཀྱི་སྡེ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད།

༸གོང་ས་མཆོག་དང་གྲོས་མོལ་དེ་བཞིན་ཧ་ཅང་སྤྲོ་སེམས་འཁོལ་བ་ཞིག་དང། ཞལ་སངས་པོ། སེམས་འགུལ་ཐེབས་པོ་ཞིག་བྱུང་སོང། འཇིའུ་རཱ་བྷ་ཡིའི་སློབ་དཔོན་ཚོས་འཇིའུ་ཡ་ཧུ་ད་པའི་ཆོས་ཀྱི་གཞི་ལམ་འབྲས་བུའི་རྣམ་གཞག་དང་གསང་བའི་ཆོས་ཀྱི་གདམས་ངག་དང་། འཇིའུ་ལུགས་ཀྱི་སྒོམ་དང་གཞུང་གི་འགྲེལ་བ་དང་ལྷན་དུ་གཞུང་ཚན་གང་རུང་ལ་གོ་དོན་གྱི་རིམ་པ་བཞི་ཡོད་པའི་སྙིང་པོ་རྣམས་ས་བཅད་མདོར་བསྡུས་སུ་བསྟན། ནང་པའི་བསྟན་པ་དང་མཐུན་པའི་ཆོས་མང་པོ་རྙེད་ཡོད་པ་རེད། འཇིའུ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་གཉིས་མ་ཟིན་ཙམ་གྱི་བཙན་བྱོལ་སྐབས་སོ་སོའི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱས་པའི་ཉམས་མྱོང་སྤེལ་རེས་དང་། དེང་རབས་ཅན་གྱི་ཁ་གཏད་ལ་གདོང་ལེན་བྱེད་སྟངས་བཅས་ནི་དམིགས་བསལ་གྱི་དོ་དབྱིངས་བྱེད་སའི་གནས་རྣམས་རེད།

འཇིའུ་འགོ་ཁྲིད་ཚོས་འཇིའུ་མི་རིགས་འཚོ་གནས་ཐུབ་པའི་གསང་བའི་གནད་དོན་གཅིག་ནི་ཁྱིམ་ཚང་དང་མི་སྡེར་དོ་གལ་དང་ནན་བརྗོད་བྱས་པའི་དབང་གིས་ཡིན་པར་འགྲེལ་བརྗོད་གནང་། འཇིའུ་ཆོས་ལུགས་ཀྱི་ཉམས་ལེན་ཕལ་ཆེ་བ་ཁྱིམ་ཚང་སྒེར་སོ་སོའི་ནང་དུ་བྱེད་ཀྱི་ཡོད་པ་དང་། རྒྱུན་དུ་ཁྱིམ་ཚང་གི་གསོལ་ཚིགས་ཆེན་པོའི་ཆ་ཤས་སུ་ཉམས་ལེན་བྱེད་ཀྱི་ཡོད་པ་རེད། འཇིའུ་ཕ་མ་ཚང་མས་སོ་སོའི་བུ་ཕྲུག་ལ་འཇིའུ་སྲོལ་རྒྱུན་གྱི་སློབ་སྦྱོང་སྤྲོད་དགོས་པ་ནི་སོ་སོའི་འགན་འཁྲི་ཡིན། དེ་འདྲའི་ལམ་ནས་ལུང་པ་ཁ་ཤས་ནང་མཆོད་ཁང་དང་ཆོས་བྱེད་སའི་གནས་ལ་དགག་ཆ་བྱེད་ཀྱི་ཡོད་ནའང་། ད་དུང་ཡང་ཆོས་དང་རིག་གཞུང་གནས་ཀྱི་ཡོད། སྐྱེ་བ་དང། ལོ་ན་སོན་པ། གཉེན་སྒྲིག་བཅས་པ་ཚང་མ་གྲོང་ཁྱེར་གང་རུང་དུ་འཇིའུ་སྤྱི་ཚོགས་ཡོངས་སུ་རྫོགས་པས་སྲུང་བརྩི་ཞུ་བ་དང། འཆི་བར་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་རེད། དེས་རིག་གཞུང་གི་ངོ་བོ་དང་ཕྱོགས་གཏོགས་ཀྱི་སེམས་ཚོར་རྒྱུན་འཛིན་བྱེད་རྒྱུར་ཕན་ཐོགས་ཡོང་གི་ཡོད། ཆོ་ག་དང་ཆོས་ལུགས་ཀྱི་དུས་དྲན་ཡོངས་རྫོགས་ཀྱི་ནང་འཇིའུ་མི་རིགས་ཀྱི་ཁྱིམ་གཞིས་འཐོར་བར་དྲན་གསོ་དང་སླར་གསོ་མྱུར་དུ་ཡོང་བའི་སྨོན་ལམ་འཚུད་ཡོད་པ་ཡིན།

འཇིའུ་གནས་ཡུལ་གྱི་ས་གནས་གང་སར་འཇིའུ་སྤྱི་ཚོགས་ཀྱི་ཆོས་ཚོགས་བཙུགས་ཡོད་པར་བརྟེན་འཇིའུ་ཆོས་ལུགས་ཀྱི་ལྷ་ཁང་ངམ་ཆོས་བྱེད་སའི་གནས་ཡོད་པའི་ཐོག་འཇིའུ་རྣམས་ཕན་ཚུན་མཐུན་ལམ་གྱི་ཐོག་ནས་ཐུག་འཕྲད་དང་། སློབ་གྲྭ་དམིགས་བསལ་བ་ཁག་ལ་ཁོང་རང་ཚོའི་བྱིས་པར་འཇིའུ་ཆོས་ལུགས་དང། རིག་གཞུང་། སྐད་ཡིག་རྣམས་རྒྱུན་གཏན་སློབ་ཚན་གྱི་དུས་ཚོད་རྫོགས་པའི་རྗེས་སློབ་སྦྱོང་སྤྲོད་པ་སོགས་ཀྱི་མཐུན་རྐྱེན་ཡོད་པ་རེད། བྱིས་པ་རྣམས་ལ་དབྱར་དུས་ཀྱི་བྱེད་སྒོ་ཁག་གཉེར་ནས་སོ་སོའི་རིག་གཞུང་ནང་འཇུག་ཐུབ་པར་བྱེད་པ་དང་ནར་སོན་དར་མའི་ཤེས་ཡོན་གྱི་བྱེད་སྒོ་རྣམས་ཀྱང་སྤེལ་གྱི་ཡོད། ༸གོང་ས་མཆོག་དང་དེ་བཞིན་སྐུ་ཚབ་མི་སྣ་མཇལ་འཕྲད་བྱུང་བའི་བོད་པའི་འགོ་ཁྲིད་སྣ་ཚོགས་ཀྱིས་བསམ་ཚུལ་དེ་དག་ནི་བློ་སྟོབས་སྤེལ་ནུས་དང་སེམས་འགུལ་ཐེབས་ནུས་ཀྱི་གནས་ཤིག་ཏུ་གཟིགས་ཡོད།

༸གོང་ས་མཆོག་ནས་སྐུ་ཉིད་ལ་འཇིའུ་ཆོས་ལུགས་ཀྱི་ངོ་སྤྲོད་གསལ་པོ་དང། ཞལ་སངས་གུ་ཡངས། སྤྲོ་སེམས་འཕེལ་བ་ཞིག་བྱུང་བར་ཐུགས་མཉེས་པོ་བྱུང་ཚུལ་དང་ཁོང་གིས་དེ་སྔོན་འཇིའུ་ཆོས་ལུགས་དང་མྱོང་བའི་ཟབ་རྒྱས་ལ་རྗེས་སུ་ཡི་རང་ཞུ་མྱོང་མེད་ཅེས་གསུངས། ཁོང་གིས་བོད་པ་དང་འཇིའུ་ཚོས་ཐུན་མོང་དུ་ཆོས་མང་པོ་ཞིག་མཉམ་སྤྱོད་བྱེད་ཀྱི་ཡོད་པ་སྟེ། གཉིས་ཀར་བཙན་བྱོལ་གྱི་ཉམས་མྱོང་ཡོད་པ་ཙམ་དུ་མ་ཟད། ད་དུང་ “བདམས་ཟིན་པའི་མི་” སོ་སོའི་བསམ་ཚུལ་རྣམས་ཀྱང་ཐུན་མོང་བ་ཡིན་ཞེས་གསུངས། འཇིའུ་ཚོར་དཀོན་མཆོག་གམ་འཇིག་རྟེན་བཀོད་པ་པོ་དང་དམིགས་བསལ་གྱི་འབྲེལ་ཐག་ཅིག་ཡོད་ཅིང། དེ་དང་མཚུངས་པར་བོད་པ་ཚོ་ལའང་འཕགས་པ་སྤྱན་རས་གཟིགས་དང་ལས་འབྲེལ་ཞིག་ཡོད་པ་རེད། དེར་བརྟེན། གཉིས་ཀར་སོ་སོ་མི་རིགས་ཐ་དད་ཅིག་ཡིན་པའི་མཇུག་འབྲས་སུ་འཛམ་གླིང་འདིར་ཕན་འདོགས་པའི་ཀུན་ཁྱབ་སེམས་འཁུར་དང་གོ་ལ་སྤྱིའི་འགན་འཁྲིའི་ཚོར་སྣང་གཅིག་མཚུངས་ཤིག་ཡོད་པ་རེད། ཚོགས་འདུ་རྣམས་ཀྱིས་ཚོགས་བཅར་བ་ཚང་མར་སེམས་ཚོར་ལྡན་པའི་ཐོག་ནས་གཡོ་འགུལ་བྱུང་བཞིན་ཡོད་པ་དང། འབྱུང་འགྱུར་གྱི་མཐུན་འགྱུར་སྔ་མ་ལས་ཉེ་བ་ཡོང་བ་དང་བསམ་ཚུལ་སྤེལ་རེས་ཀྱི་ཐོག་ལ་རེ་བ་མང་པོ་ཡོད་པ་རེད།།

Top