སྐྱེ་དངོས་ཚན་རིག་དང་རྒྱུ་མཚན་རིགས་པ་ལ་གཞི་རྟེན་བྱས་པའི་སྙིང་རྗེ།

ཨ་མ་དང་རང་གི་གསར་སྐྱེས་ཕྲུ་གུའི་དབར་གྱི་འབྲེལ་བ་དེ་བྱམས་རྩེའི་སྐུལ་རྒྱུ་ལ་གཞི་རྟེན་བྱས་པ་ཞིག་དང་། དེ་ཐ་ན་དུད་འགྲོ་སེམས་ཅན་ཚོས་ཀྱང་ཉམས་སུ་མྱོང་གི་ཡོད། དེར་མ་ཟད། མི་དང་དུད་འགྲོ་གང་ཡིན་རུང་ཕྲུ་གུ་མ་འབྱར་ཚང་མ་བྱམས་བརྩེ་དང་གཅེས་སྐྱོང་དགོས་འདོད་ཡོད་པ་གཅིག་པ་རེད། དེ་འདྲ་སོང་ཙང་། གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེའི་ས་བོན་ནི། ང་ཚོའི་སྐྱེ་དངོས་རིག་པའི་ལྷན་སྐྱེས་ཀྱི་བག་ཆགས་སྟེང་ལ་ཡོད་པ་དང་། ང་ཚོ་འཚོ་གནས་ཐུབ་པ་དེ་སྙིང་རྗེ་ལ་རག་ལས་ཡོད་པ་རྒྱུ་མཚན་རིགས་པས་རྒྱབ་རྟེན་བྱས་པ་ཞིག་དང་།བཤད་མ་ཐག་པའི་གནད་དོན་འདི་ནི་འགྲོ་བ་མི་ཚང་མར་གཅིག་པ་ཡིན།

ལས་གང་ཡང་རུང་བའི་འབྲས་བུ་ནི་དེའི་ཀུན་སློང་ལ་རག་ལུས་ཀྱི་ཡོད། ལས་དེའི་རྒྱབ་ལ་དགེ་མི་དགེའི་བློ་གང་ཞིག་ཡོད་དང་མེད་ལ་བརྟེན་ནས་ལས་དེ་ཉིད་ཀྱི་འབྲས་བུ་མི་འདྲ་བ་ཡོང་གི་ཡོད་པ་རེད། དེ་བཞིན་དུ། དཔེར་ན། སྙིང་རྗེ་ལྟ་བུའི་སྤྱིར་བཏང་གི་སེམས་ཚོར་ཞིག་གིས་ལས་གང་ཞིག་ཀུན་ནས་སློང་པ་ཡིན་ན། སེམས་དང་སེམས་ཚོར་དེ་དང་འབྲེལ་བའི་ཚོར་མྱོང་དག་གིས་ཀྱང་འབྲས་བུ་གང་འདྲ་བ་ཞིག་ཡོང་མིན་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་རེད།

བརྙན་པར། ༸གོང་ས་མཆོག “དོན་ལྡན་སྙིང་རྗེ།”

སྙིང་རྗེ་གསུམ།

དཔེར་ན། སྙིང་རྗེ་ལ་མཚོན་ན། རིགས་གསུམ་ཡོད་པ་ནི།

  • དང་པོ་ནི། རང་གི་སྤུན་གཉེན་དང་། དགའ་ཉེ་བློ་དཀར་ལ་དམིགས་པ་གཏད་པ་དེ་ཡིན། འོན་ཀྱང་དེ་འདྲ་བ་དེ་ཆགས་ཞེན་གྱི་བློ་ཞིག་ལ་གཞི་བཅོལ་བ་ཡིན་པས། དམིགས་པའི་ཁྱབ་ཚད་ངེས་ཅན་ཞིག་ཡིན། འཕྲལ་རྐྱེན་ཆུང་ངུ་ཞིག་གིས་ཀྱང་ལམ་སེང་ཁོང་ཁྲོ་དང་། ཐ་ན་ཞེ་སྡང་དུ་འགྱུར་སྲིད་པ་ཞིག་རེད།
  • སྙིང་རྗེ་རིགས་གཉིས་པ་ནི། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ལ་དམིགས་པ་གཏད་པ་དེ་ཡིན། འདི་ལྟ་བུའི་སྙིང་རྗེས་ནི། ང་ཚོས་སེམས་ཅན་དེ་དག་ཡ་ང་ཤ་ཚའི་བདག་ཉིད་ཅན་ཞིག་ཏུ་ངོས་འཛིན་བྱེད་པ་དང་། དེ་དག་རང་ཉིད་ལས་དམན་པའི་ངང་ཚུལ་ཅན་ཞིག་ཏུ་ངོས་འཛིན་བྱས་ཏེ། རང་ཉིད་ཀྱི་གནས་སྟངས་དེ་དག་ལས་ལེགས་པ་ཞིག་ཡོད་པ་ཚོར་གྱི་ཡོད། སྙིང་རྗེ་རིགས་དེ་གཉིས་ཀ་ཉོན་མོངས་པ་ལས་སྐྱེ་བ་ཞིག་ཡིན་པས། སྡུག་བསྔལ་ཡོང་བར་བྱེད་ཀྱི་ཡོད།
  • སྙིང་རྗེ་རིགས་གསུམ་པ་ནི། ཕྱོགས་ལྷུང་མེད་པའི་སྙིང་རྗེ་དེ་ཡིན། དེ་ནི་གོ་རྟོགས་དང་བརྩི་བཀུར་ལ་གཞི་བཅོལ་བ་ཞིག་ཡིན། འདི་ལ་བརྟེན་ནས་ང་ཚོས་གཞན་སེམས་ཅན་ཐམས་ཅད་རང་དང་གཅིག་མཚུངས་ཡིན་པར་ཤེས་ནས། ཁོང་ཚོར་ཡང་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པའི་ཐོབ་ཐང་དང་རང་དབང་ཡོད་པ་གཅིག་མཚུངས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གོ་རྟོགས་དེ་ལ་བརྟེན་ནས་ང་ཚོས་གཞན་སེམས་ཅན་ལ་བྱམས་བརྩེ་དང་། སྙིང་རྗེ། སེམས་ཐག་ཉེ་བའི་ཚོར་བ་ཞིག་སྐྱེ་གི་ཡོད། སྙིང་རྗེ་རིགས་གསུམ་པ་དེ་ནི་བརྟན་པོ་ཡོད། དེ་ནི་ཉམས་ལེན་དང་། ཐོས་བསམ། རྒྱུ་མཚན་རིགས་པ་བཅས་ལ་བརྟེན་ནས་སྐྱེད་ཀྱི་ཡོད། སྙིང་རྗེ་དེ་ག་ཚོད་བརྟན་པ་ཡོད་པ་དེའི་ཚོད་ཀྱིས་ཕན་རླབས་ཆེ་བ་ཡོང་གི་ཡོད་པ་རེད།

སྙིང་རྗེའི་རིགས་གསུམ་པོ་འདི་དག་སྤྱིར་སྡེ་ཚན་གཉིས་ཀྱི་ནང་དུ་འདུ་བ་ཡིན། སྙིང་རྗེའི་རིགས་དང་པོ་གཉིས་ནི། དབང་རྩ་འཁྲུགས་པའམ་སེམས་འཆོལ་བ་ལྟ་བུ་ཉོན་མོངས་ཅན་ལ་བརྟེན་ནས་ལྷན་སྐྱེས་ཀྱིས་འབྱུང་བའི་སེམས་ཚོར་ཡིན། གསུམ་པ་དེ་རྒྱུ་མཚན་རིགས་པ་ལ་བརྟེན་ནས་འབྱུང་བའི་སེམས་ཚོར་ཞིག་ཡིན་པ་རེད།

ཨ་མའི་རང་གི་གསར་སྐྱེས་ཕྲུ་གུ་ལ་ལྷན་སྐྱེས་ཀྱི་བློ་ཐག་ཉེ་བའི་བརྩེ་སེམས།

རྒྱུ་མཚན་རིགས་པ་ལ་བརྟེན་ནས་སྐྱེས་ཤིང་། ཕྱོགས་ལྷུང་མེད་པའི་སྙིང་རྗེ་ནི་རང་བཞིན་གྱིས་ནུས་ཤུགས་ཆེ་རུ་འགྲོ་ཡི་ཡོད། ངོས་རང་ནས་རྒྱ་མཚོའི་རུས་སྦལ་དང་། ཕྱེ་མ་ལེབ་ཀྱི་སྐོར་ཤོད་མི་ཤེས་ཀྱང་། འགྲོ་བ་མི་དང་། ནུ་གསོ་སེམས་ཅན། ཡང་ན། བྱ་བྱེའུ་གང་ཡིན་ཀྱང་རུང་སྟེ། ཚང་མ་མ་ཡི་མངལ་ནས་བཙའ་བའི་ཚེ། སོ་སོའི་ཨ་མ་ངོ་ཤེས་ཀྱི་མེད་ཀྱང་། ཨ་མའི་ཕྱོགས་སུ་ངང་ངམ་ཤུགས་ཤུགས་ཀྱིས་ཕྱོགས་ཞེན་མེད་པའི་བརྩེ་བ་ཞིག་སྐྱེ་ཞིང་། སོ་སོའི་ཨ་མར་རང་བཞིན་གྱིས་ཡིད་དབང་འཕྲོག་པ་དང་། ལྷན་སྐྱེས་ཀྱི་བརྩེ་བ། སེམས་ཐག་ཉེ་བའི་ཚོར་བ་བཅས་སླེབས་ཀྱི་ཡོད། ཨ་མའི་ངོས་ནས་ཀྱང་རང་ལ་གསར་དུ་སྐྱེས་པའི་བྱིས་པར་རང་བཞིན་གྱིས་སེམས་ཐག་ཉེ་བའི་ཚོར་བ་དང་། བརྩེ་གདུང་ཞིག་སླེབས་ཀྱི་ཡོད། དེ་འདྲ་སོང་ཙང་། ཨ་མས་བྱིས་པ་དེར་ལྟ་སྐྱོང་དང་གཅེས་སྤྲས་བྱེད་ཅིང་། དེ་ལྟ་བུའི་བྱམས་བརྩེ་ལྡན་པའི་ལྟ་སྐྱོང་ནི། ཕྲུ་གུ་དེ་བདེ་ཐང་ངང་འཚར་ལོངས་བྱེད་པའི་གཞི་རྟེན་ཞིག་ཡིན་པ་རེད།

གོང་གསལ་གྱི་གནད་དོན་དེ་དག་ལས། སྐྱེ་དངོས་རིག་པ་ལ་གཞི་རྩ་བྱས་པའི་སེམས་ཐག་ཉེ་བའི་ཚོར་བ་དང་། བྱམས་བརྩེ་སོགས་ནི། སྙིང་རྗེའི་ས་བོན་ཞིག་ཡིན་པ་ང་ཚོས་ཤེས་རྟོགས་ཐུབ་ཀྱི་ཡོད། ཡོན་ཏན་དེ་དག་ནི། ང་ཚོར་རང་གི་ཨ་མ་ཁོ་ན་ལས་ཐོབ་པའི་རིན་ཐང་ཆེ་ཤོས་ཀྱི་ལེགས་སྐྱེས་དག་ཡིན། ང་ཚོས་ས་བོན་དེ་དག་རྒྱུ་མཚན་རིགས་པ་དང་། ཐོས་བསམ་སློབ་གཉེར་གྱི་ཐོག་ནས་གསོ་སྐྱོང་བྱས་པའི་སྐབས་སུ། སྙིང་རྗེ་ངོ་མ་ཞིག་ཏུ་འཕེལ་སྐྱེས་བྱེད་ཀྱི་ཡོད། དེ་ཡང་ཕྱོགས་ཞེན་མེད་པ་དང་། ཚང་མར་མཉམ་པར་འཛིན་པའི་དམིགས་པ་བཏང་སྙོམས་ཀྱི་གོ་རྟོགས་གཞི་ལ་བཞག་པའི་ཐོག་ནས་འབྱུང་གི་ཡོད།

སྙིང་རྗེ་ལ་གཞི་རྟེན་བྱས་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད།

ཕྲུ་གུ་མ་འབྱར་ལྟ་བུར་མཚོན་ན། བྱམས་བརྩེ་ནི། ཆོས་ལུགས་དང་། ཁྲིམས་ལུགས། ཡང་ན། ཉེན་རྟོག་པའི་སྐུལ་འདེད་བྱས་པའི་སྒོ་ནས་བྱུང་བ་ཞིག་མིན་པར། དེ་དག་རང་བཞིན་གྱིས་བྱུང་བ་ཁོ་ན་ཡིན། དེར་བརྟེན་ཆོས་ལུགས་ནས་བཤད་པའི་སྙིང་རྗེ་དེར་དགེ་མཚན་ཆེ་ཡང་། སྙིང་རྗེའི་ས་བོན་དང་གཞི་རྟེན་ངོ་མ་ནི་ལུས་རྟེན་གྲུབ་སྟངས་ཀྱི་ཆ་ནས་སམ་སྐྱེ་དངོས་རིག་པའི་ཐོག་ནས་ཡོང་བ་ཞིག་ཡིན། འདི་ནི་ངོས་ཀྱིས་ “ཆོས་དང་མ་འབྲེལ་བའི་བཟང་སྤྱོད་” ཅེས་འགྲེལ་བརྗོད་བྱེད་པ་དེའི་གཞི་རྟེན་ཡིན་པ་རེད། ཆོས་ལུགས་ཀྱིས་དེ་འདྲ་བའི་ས་བོན་ལ་ཁ་སྣོན་ཙམ་ཞིག་བྱེད་དགོས་ཀྱི་ཡོད།

མི་ཁ་ཤས་ཀྱིས་བཟང་ངན་ཀུན་སྤྱོད་ཀྱི་རྣམ་གཞག་ནི་ཆོས་ལུགས་ཀྱི་དད་པ་དག་སྣང་འབའ་ཞིག་ལ་གཞི་བཅོལ་དགོས་པར་བསམ་གྱི་ཡོད། གཞན་ཁ་ཅིག་གིས། ཐོས་བསམ་སློབ་གཉེར་བརྒྱུད་བཟང་སྤྱོད་གོང་འཕེལ་གཏོང་ཐུབ་པར་བསམ་གྱི་ཡོད། ཁ་ཤས་ཀྱིས། “ཆོས་དང་མ་འབྲེལ་བ་” ཟེར་དུས་ཆོས་ཁས་མི་ལེན་པ་ལ་བརྩི་ཡི་ཡོད། ཡང་འགའ་ཤས་ཀྱིས། “ཆོས་དང་མ་འབྲེལ་བ་” ཟེར་དུས་རྒྱ་གར་གྱི་རྩ་ཁྲིམས་དགོངས་དོན་ལྟར། ཆོས་ཁས་མི་ལེན་མཁན་བརྩིས་པའི་ཆོས་ལུགས་ཚང་མར་ཕྱོགས་ལྷུང་མེད་པའི་གུས་བརྩི་ཡོད་དགོས་པ་ལ་བསམ་གྱི་ཡོད། བཟང་སྤྱོད་ཀྱི་རིགས་ཕྱི་མ་འདི་དང་། དམིགས་བསལ་འདི་ལ་སྙིང་རྗེའི་གཞི་རྟེན་ཡོད་པ་ནི་ང་ཚོར་ལྷན་སྐྱེས་སུ་ཡོད་པའི་བཟང་སྤྱོད་ནང་རྩ་བ་བརྟན་ཚུགས་པ་ཞིག་ཡིན། དཔེར་ན། ཨ་མ་ཞིག་དང་རང་གི་གསར་སྐྱེས་ཕྲུ་གུའི་གནས་སྟངས་ཀྱི་ནང་ཕན་ཚུན་བྱམས་བརྩེ་དེ་རང་བཞིན་གྱིས་འབྱུང་བཞིན་པ་ལྟར། དེ་ནི་འཚོ་གནས་སྐྱེད་སྲིང་གི་དགོས་མཁོའི་རྒྱུ་མཚན་ཞིག་ལ་བརྟེན་ནས་རང་བཞིན་ལྷན་སྐྱེས་ཀྱིས་སྐྱེ་ཡོང་གི་ཡོད་པ་རེད། དེ་ནི་སྐྱེ་དངོས་རིག་པའི་ལུས་རྟེན་གྲུབ་སྟངས་ཀྱི་ཆ་ནས་ཡོང་གི་ཡོད་པས་དེ་བརྟན་པ་ཡོད།

ང་ཚོའི་རྒྱུད་ལ་ག་ཚོད་ཀྱི་སྙིང་རྗེ་ཤུགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་ང་ཚོའི་སེམས་གུ་ཡངས་པ་དང་གཞན་དང་འགྲོགས་འདྲིས་རྦད་དེ་བྱེད་བདེ་བ་ཡོད།

ཕྲུ་གུ་རྣམས་ཀྱིས་རྩེད་མོ་རྩེ་སྐབས། ཁོང་ཚོས་ཆོས་དང་། མི་རིགས། ཆབ་སྲིད། ཡང་ན་ཁྱིམ་ཚང་གི་རྒྱབ་ལྗོངས་ལོ་རྒྱུས་སོགས་ལ་བསམ་བློ་གཏོང་གི་མེད། རང་གི་རྩེད་གྲོགས་སུ་ཡིན་མིན་ལ་མི་ལྟོས་པར་། འཛུམ་མདངས་སྟོན་མཁན་དེ་ལ་ཡི་རངས་བྱེད་ཀྱི་རེད། དེའི་ལན་དུ་འཆམ་མཐུན་བྱེད་ཀྱི་ཡོད། ཁོང་ཚོའི་སེམས་ཕྱི་གསལ་ནང་གསལ་གྱི་གུ་ཡངས་ཡིན། དེ་ལས་ལྡོག་སྟེ། མི་དར་མ་དང་རྒན་པ་རྣམས་ཀྱིས་སྤྱིར་བཏང་ནས་རིགས་རུས་དང་ཆབ་སྲིད་ཀྱི་དབྱེ་ལ་སོགས་པར་ནན་བཤད་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚོའི་སེམས་གུ་དོག་པ་ཡོད།

དེ་གཉིས་ཀྱི་ཁྱད་པར་ལ་གཅིག་གཟིགས་དང་། ང་ཚོའི་རྒྱུད་ལ་ག་ཚོད་ཀྱི་སྙིང་རྗེ་ཤུགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་ང་ཚོའི་སེམས་གུ་ཡངས་པ་དང་། གཞན་དང་འགྲོགས་འདྲིས་བྱེད་བདེ་བ་ཡོད། གལ་ཏེ་རང་གཅེས་འཛིན་གྱིས་བཅིངས་ནས་ཡོད་ན། ང་ཚོའི་སེམས་གུ་དོག་ཅིང་གཞན་དང་འགྲོཌ་འདྲིས་བྱེད་ཁག་པོ་ཡོད། ཁོང་ཁྲོས་ནད་འགོག་མ་ལག་གི་ནུས་པ་ཞན་དུ་གཏོང་བ་དང་། སྙིང་རྗེ་དང་། བྱམས་བརྩེས་ནད་འགོག་མ་ལག་གི་ནུས་པ་བཟང་དུ་གཏོང་གི་ཡོད། དེ་བཞིན་ཁོང་ཁྲོ་དང་ཞེད་སྣང་ཡོད་ན། ང་ཚོར་གཉིད་མི་ཁུག གལ་ཏེ་གཉིད་ཁུག་པའི་དབང་དུ་བཏང་ནའང་། དངངས་འཚབ་ཆེ་བའི་རྨི་ལམ་གཏོང་བ་ཡིན། གལ་ཏེ་ང་ཚོའི་སེམས་ལྷོད་འཇམ་ཡོད་ན། ང་ཚོར་གཉིད་ལེགས་པ་ཁུག་ཐུབ་ཅིང་། ཞི་སྨན་སོགས་གང་ཡང་གཏོང་མི་དགོས་པར། ང་ཚོའི་ནུས་པ་ཆ་སྙོམས་དུ་གནས་ཀྱི་ཡོད་པ་རེད། དངངས་འཚབ་ཡོད་ན། ང་ཚོའི་ནུས་པ་གང་སར་རྒྱུག་སྟེ་ཚ་གི་ཚི་གེ་ཆགས་ཀྱི་ཡོད།

སྙིང་རྗེས་ཞི་འཇམ་ལ་གུ་ཡངས་པའི་སེམས་ཤིག་སྐྱེད་པར་བྱེད་ཀྱི་ཡོད།

གནད་ལུགས་གང་ཞིག་གསལ་པོ་བྱས་ཏེ་མཐོང་བ་དང་རྟོགས་པར་བྱེད་པ་ལ། ང་ཚོར་སེམས་ཞི་འཇམ་ཞིག་དགོས། གལ་སྲིད་ང་ཚོའི་སེམས་འཁྲུགས་པའམ་དཀྲོག་རྐྱེན་བྱུང་བ་ཡིན་ན། དངོས་པོའི་གནས་ལུགས་ཇི་བཞིན་མཐོང་མི་ཐུབ་པ་ཡིན། དེར་བརྟེན་དཀའ་ངལ་ཕལ་ཆེ་བ། ཐ་ན་གོ་ལའི་སྒང་གི་དཀའ་ངལ་དེ་དག་ཀྱང་། མིས་བཟོས་པའི་དཀའ་ངལ་ཡིན་ཞིང་། དེ་དག་གི་ཡོང་རྐྱེན་ནི། དངོས་པོའི་གནས་ལུགས་མ་མཐོང་བའི་དབང་གིས་ཡིན་པ་རེད། གནས་སྟངས་གང་ཡིན་པ་དེ་ལ་གདོང་ལེན་ཡག་པོ་བྱེད་ཀྱི་མེད། ང་ཚོའི་བྱ་སྤྱོད་རྣམས་ཞེད་སྣང་དང་། ཁོང་ཁྲོ། དངངས་འཚབ་བཅས་ཀྱིས་གཞི་རྩར་བྱས་ནས་ཡོད་ཅིང་། སེམས་ལ་དངངས་འཚབ་ཆེན་པོ་ཞེ་དྲག་ཡོད། ང་ཚོའི་བློའི་འཛིན་སྟངས་འཁྲུལ་ནས་ཡོད། དེའི་རྒྱུ་མཚན་ནི། ང་ཚོའི་སེམས་དྲི་མས་བསླད་ཡོད། མི་དགེ་བའི་སེམས་ཚོར་དེ་དག་གིས་སེམས་གུ་དོག་ཏུ་གཏོང་གི་ཡོད་པ་དང་། དེ་ཡིས་དཀའ་ངལ་བཟོ་ཡི་ཡོད་ལ། དེའི་རྐྱེན་པས་འབྲས་བུ་འདོད་བློ་ཁེངས་པ་ཞིག་ནམ་ཡང་མི་འོང་བ་ཡིན།

ཕྱོགས་གཞན་ཞིག་ནས། སྙིང་རྗེས་སེམས་ཞི་འཇམ་དང་གུ་ཡངས་ཤིག་བསྐྲུན་གྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་དངོས་པོའི་གནས་ལུགས་མཐོང་ཐུབ་ཅིང་། ཀུན་གྱི་འདོད་པའི་དངོས་པོ་གང་དང་གང་ཡིན་པ་དེ་དག་གྲུབ་པ་དང་། མི་འདོད་པའི་དངོས་པོ་གང་དང་གང་ཡིན་པ་དེ་དག་བསལ་བའི་ཐབས་ལམ་ཞིག་རྙེད་ཐུབ་པ་ཡིན། དེ་ནི་གལ་ཆེའི་གནད་དོན་ཞིག་ཡིན་པ་དང་། རྒྱུ་མཚན་རིགས་པ་ལ་བརྟེན་པའི་སྙིང་རྗེའི་ཕན་ཡོན་ཆེན་པོ་ཞིག་ཀྱང་ཡིན། དེར་བརྟེན་སྐྱེ་དངོས་རིག་པའི་ལུས་རྟེན་གྲུབ་སྟངས་གཞི་ལ་བཞག་པའི་སྟེང་དུ། རྒྱུ་མཚན་རིགས་པས་རྒྱབ་རྟེན་ལ་བརྟེན་ནས། ཨ་མ་དང་ཕྲུག་གུ་གཉིས་ཀྱི་དབར་གྱི་ལྷན་སྐྱེས་ཀྱིས་གྲུབ་པའི་བྱམས་བརྩེ་དང་། བརྩེ་གདུང་གིས་འགྲོ་བ་མིའི་རིན་ཐང་གོང་འཕེལ་དུ་གཏོང་རྒྱུར་ཤིན་ཏུ་གལ་ཆེ་བའི་ལེགས་སྐྱེས་ཤིག་འབུལ་གྱི་ཡོད།། 

Top