སྐྱབས་འགྲོ། མི་ཚེའི་ནང་ཉེན་མེད་དོན་དང་ལྡན་གྱི་ཁ་ཕྱོགས།

02:45
སྐྱབས་སུ་འགྲོ་བ་ནི། ནང་པ་སངས་རྒྱས་པའི་ཆོས་དང་དེའི་ཉམས་ལེན་གྱི་རྨང་གཞི་དེ་ཡིན། འདི་ལ་”ནང་པ་སངས་རྒྱས་པའི་ལམ་ལ་འཇུག་པའི་སྒོ་”ཞེས་ཟེར་གྱི་ཡོད། ང་ཚོས་སྐྱབས་སུ་འགྲོ་བའི་དོན་དེ་རང་ཉིད་ཡར་རྒྱས་གཏོང་བ་ལ་གོ་བ་ལེན་པའི་སྐབས། དེ་ནི་ང་ཚོའི་མི་ཚེའི་ནང་འཇིགས་ཉེན་མེད་པ་དང་། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བའི་ཧུར་བརྩོན་གྱི་བྱ་བའི་རྒྱུད་རིམ་ཞིག་ཏུ་མཐོང་གི་ཡོད།ང་རང་ཚོ་སོ་སོ་རང་ནས་འབད་བརྩོན་གྱིས་སངས་རྒྱས་ཀྱིས་གསུངས་པའི་ཐབས་ལམ་གྱི་རྗེས་སུ་འབྲངས་ཏེ། རྨོངས་པ་དང་། ཉོན་མོངས། དེ་ལས་བྱུང་བའི་དབང་མེད་ཀྱི་སྤྱོད་ལམ་མེད་པ་བཟོས་ནས་བཟང་ཕྱོགས་ཡོན་ཏན་གྱི་ཆ་རྣམས་གོང་དུ་སྤེལ་དགོས། དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་དེ་ལྟར་གནང་ཡོད་ལ་སྐྱེས་ཆེན་དམ་པ་ཚོས་ཀྱང་དེ་ལྟར་གནང་བཞིན་ཡོད་པས། ང་ཚོས་ཀྱང་ཁོང་རྣམས་ཀྱི་མཛད་རྗེས་ལ་རྗེས་སུ་འབྲངས་ཏེ་དེ་ལྟར་འབད་བརྩོན་བྱེད་པ་དེ་ཡིན།

མི་ཚེའི་ནང་ནང་ཆོས་ཉམས་ལེན་བྱེད་དགོས་དོན་ཐད་ཀྱི་རྨོངས་པ་སེལ་བ།

ང་ལ་ཉིན་རེའི་མི་ཚེའི་ནང་སྐྱབས་འགྲོ་དང་འབྲེལ་བ་ཡོད་སྟངས་སྐོར་བཤད་རོགས་གསུངས་སོང་། དེས་ངའི་སེམས་ནང་རྒྱ་གར་གྱི་མཁས་པ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དུས་རབས་བཅུ་པའི་མཇུག་ཙམ་ལ་བོད་དུ་ཕེབས་པ་ཁོང་དྲན་སོང་། ཁོང་ནི་བོད་ནང་སངས་རྒྱས་ཀྱི་བསྟན་པ་ཐོག་མར་རྒྱ་གར་ནས་དར་བའི་རྗེས་ཉམས་རྒུད་ཆེན་པོ་ཕྱིན་པ་དེ་ཉམས་པ་སླར་གསོ་ཡོང་བར་མཛད་རྗེས་བཞག་གནང་མཁན་མཆོག་ཏུ་གྱུར་བའི་མཁས་པ་ནང་ནས་གཅིག་རེད། དེའི་སྐབས་བོད་ཀྱི་ནང་ཆོས་ཀྱི་གནས་སྟངས་ནི། གོ་བ་ལོག་སྒྲུབ་ཤུགས་ཆེན་བྱུང་བཞིན་པའི་སྐབས་ཡིན་ཞིང་། དམིགས་བསལ་གསང་སྔགས་དང་ཚད་མཐོ་བའི་ཉམས་ལེན་ཁ་ཤས་ལ་གོ་བ་ལོག་སྒྲུབ་བྱེད་མཁན་མང་པོ་ཡོད་པ་མ་ཟད། དེ་དག་གོ་དོན་ཇི་བཞིན་གསལ་པོར་འགྲེལ་ཐུབ་མཁན་གྱི་མཁས་པ་དང་སློབ་དཔོན་ཚད་དང་ལྡན་པ་མེད་པ་འདྲ་པོ་རེད། དེ་དུས་བོད་ལ་ནང་ཆོས་ཀྱི་དཔེ་ཆ་མང་པོ་བོད་སྐད་ནང་བསྒྱུར་ཟིན་ནའང་། དེ་ཚོའི་དོན་དག་ཡག་པོ་འགྲེལ་བརྗོད་གནང་ཐུབ་མཁན་མེད་པ་གསལ་པོ་རེད་ལ་དཔེ་ཆའང་འབེལ་པོ་ཞིག་མེད། དེ་ཚོ་ཀློག་ཐུབ་མཁན་ཡང་མང་པོ་མེད་ཅིང། ཀློག་ཐུབ་མཁན་ཡོད་ཀྱང་དོན་དག་གསལ་པོ་ཞིག་ཤེས་མཁན་ཧ་ཅང་དཀོན་པོ་ཡིན།

བོད་ནང་སངས་རྒྱས་ཀྱི་བསྟན་པའི་གནས་སྟངས་དེ་འདྲའི་སྐབས་བསྟན་པ་སླར་གསོ་ཡོང་ཐབས་སུ་སྟོད་མངའ་རིའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་། བྱང་ཆུབ་འོད་གཉིས་ཀྱིས་ནག་ཚོ་ལོ་ཙཱ་བ་དང་རྒྱ་བརྩོན་འགྲུས་སེང་གེ་ལ་སོགས་པའི་སྙིང་སྟོབས་ཅན་གྱི་བོད་ཕྲུག་ཁ་ཤས་རྒྱ་གར་དུ་དཔལ་ལྡན་ཨ་ཏི་ཤ་བོད་ལ་གདན་འདྲེན་ཆེད་བཏང་། ཁོང་ཚོ་རྒྱ་གར་གྱི་ལམ་དུ་ཉིན་གྲངས་མང་པོར་གོམ་བགྲོད་བྱེད་དགོས་པ་དང་། སྐད་ཡིག་སྦྱང་དགོས་པ། དེ་བཞིན་གནམ་གཤིས་ལ་གདོང་ལེན་སོགས་ཀྱི་དཀའ་སྤྱད་དུ་མ་མྱངས་ཡོད་ཀྱང་། མཐའ་མ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་འདྲེན་ཞུས་ཐུབ་པ་བྱུང་ཡོད། ཇོ་བོ་རྗེ་བོད་དུ་ལོ་མང་བཞུགས་པའི་རིང་གཙོ་བོ་སྐྱབས་འགྲོ་དང་ལས་འབྲས་སྐོར་ཆོས་གསུངས་ཡོད། དེར་བརྟེན་བོད་པ་ཚོས་ཁོང་ལ་སྐྱབས་འགྲོ་དང་ལས་འབྲས་ཀྱི་བླ་མ་ཞེས་མཚན་དུ་བཏགས་པ་རེད། 

དཔལ་ལྡན་ཨ་ཏི་ཤའི་མཛད་རྗེས་ཀྱི་མིག་དཔེ་ནི་དེང་དུས་དང་འབྲེལ་བ་ཆེན་པོ་ཡོད། དེང་སང་གི་དུས་ཚོད་ལའང་ནང་ཆོས་དང་ཉིན་རེའི་མི་ཚེའི་ནང་དེ་ཉམས་ལེན་བྱེད་དགོས་པའི་གོ་དོན་ཐད་མགོ་འཐོམས་བསྡད་མཁན་མང་པོ་ཡོད། དེར་བརྟེན་སླར་ཡང་གསང་སྔགས་དང་ཚད་མཐོ་བའི་ཉམས་ལེན་ཁག་ལ་གོ་བ་ལོག་སྒྲུབ་མང་པོ་ཆགས་ཀྱི་ཡོད་པ་དང། མི་མང་པོ་ཞིག་གིས་ནང་ཆོས་ཀྱི་རྨང་གཞི་ལ་གོ་བ་ཕྲན་བུ་ཡོད་པའམ། ཡང་ན་གོ་བ་རྩ་ནས་མེད་པར་ལམ་སེང་ཚད་མཐོ་བའི་གསང་སྔགས་ཉམས་ལེན་ལ་མཆོངས་ནས་འཇུག་གི་ཡོད། ཁོང་ཚོས་རྫུ་འཕྲུལ་བཟོ་འདྲའི་ཆོ་ག་ཕྱག་ལེན་བྱེད་སྟངས་དེ་ནང་ཆོས་ཉམས་ལེན་རེད་བསམ་ནས། སྐྱབས་འགྲོས་ང་ཚོའི་མི་ཚེའི་ནང་གལ་ཆེན་ཡིན་པ་དང་། འབྲེལ་བ་ཡོད་པ། ཉིན་རེའི་མི་ཚེའི་ནང་འགྱུར་བ་གཏོང་གི་ཡོད་པ་བཅས་ལ་གལ་གནད་དུ་མི་བརྩི་བར།དོན་གྱི་སྙིང་པོ་དེ་རྙེད་ཀྱི་མེད།

ང་ཚོ་མི་ཚེའི་ནང་གནས་སྟངས་གང་འདྲ་ཞིག་ཡོད་ཀྱང་། ནང་ཆོས་ཀྱི་ཉམས་ལེན་ནི་རང་ཉིད་བསྒྱུར་བཅོས་ཀྱིས་ཡར་རྒྱས་བཏང་ནས་ང་ཚོ་མི་བཟང་པོ་ཞིག་ཆགས་ཐབས་བྱེད་རྒྱུའི་དོན་དུ་ཡིན་པ་མཏོགས་ནང་ཆོས་དེ་ང་ཚོ་རྩེད་མོ་དང་དབྱིངས་ལས་ལྟ་བུར་བྱེད་ནས་ཉིན་ལྟར་ཆུ་ཚོད་ཕྱེད་ཀ་ཙམ་བེད་སྤྱོད་གཏོང་བའམ། ཡང་ན་གཟའ་འཁོར་གཅིག་ནང་ལས་ཀ་ཚར་རྗེས་ང་ཚོ་ཐང་ཆད་པའི་སྐབས་ཐེངས་གཅིག་དང་ཐུན་ཐུང་ངུ་ཞིག་ཉམས་ལེན་བྱེད་པ་ཙམ་མ་ཡིན་པར། དེ་ནི་ཁ་ཡོད་ལག་ཡོད་ཀྱི་ཉམས་ལེན་ཞིག་ཡིན་པས་དུས་རྒྱུན་དུ་ནས་སོ་སོ་བསྒྲུར་བཅོས་གཏོང་ཐབས་དང་ཡར་རྒྱས་གཏོང་ཐབས་བྱེད་དགོས་ཀྱི་ཡོད། དེའི་དོན་ནི། ང་ཚོ་ལ་ཡོད་པའི་བཟང་བའི་ཆ་དང་ངན་པའི་ཆ་གཉིས་ཀ་ངོས་བཟུང་ནས། ངན་པའི་ཆ་དེ་ཚོ་ཤུགས་ཇེ་ཆུང་དུ་གཏོང་དགོས་པ་དང་། བཟང་བའི་ཆ་དེ་ཚོ་ཤུགས་ཇེ་ཆེར་གཏོང་བའི་ཐབས་ལ་སྦྱོང་དགོས་པའི་དོན་ཡིན། དེའི་མཐར་ཐུག་གི་དམིགས་ཡུལ་ནི།ངན་པའི་ཆ་དེ་ཚོ་རྩ་མེད་བཟོས་ནས། བཟང་ཕྱོགས་ཀྱི་ཆ་རྣམས་ཡོངས་སུ་རྫོགས་པ་རྟོགས་ཐུབ་པ་བྱ་རྒྱུ་དེ་རེད། དེས་སོ་སོའི་མི་ཚེ་སྐྱིད་པ་ཞིག་ཡོང་ཡག་ཆེད་ཕན་ཐོགས་ཡོང་གི་ཡོད་ཀྱང་། སོ་སོ་རང་གི་དོན་ཙམ་དུ་མ་ཡིན་པར། གཞན་ལའང་རོགས་པ་ནུས་པ་དང་ལྡན་པ་བྱེད་ཐུབ་ཀྱིི་ཡོད་པ་དེའི་བརྒྱུད་ནས་གཞན་སེམས་ཅན་མང་པོ་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། དེར་བརྟེན་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་ཟེར་བ་དེ་འདྲ་ཞིག་རེད། ནང་པ་ཞེས་པའི་ཁྱད་པར་འབྱེད་པ་དེ་ཡང་ཐབས་ལམ་དེ་དག་ལ་བརྟེན་ནས་དམིགས་ཡུལ་བསྒྲུབ་ཐུབ་ཀྱི་ཡོད་པ་དང་། སྐྱབས་འགྲོ་ཟེར་བ་ཐབས་ལམ་དེ་ཚོ་ཉམས་སུ་ལེན་ནས་རང་ཉིད་ཀྱི་མི་ཚེའི་ནང་ལག་བསྟར་བྱེད་དགོས་པ་དེ་ཡིན།

བརྙན་པར། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། “ཆོས་ཉམས་ལེན་ཟེར་བ་དེ་གང་རེད་དམ།”

སྐྱབས་འགྲོ་ནི་ཞུམ་པའི་རང་བཞིན་ཞིག་མིན།

སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ནང་པ་སངས་རྒྱས་པའི་ཆོས་སྲོལ་སྤྱིའི་སྙིང་པོ་ཡིན། དེ་མ་ཟད་སྐྱབས་འགྲོ་ནི་ནང་པ་ཡིན་དང་མིན་གྱི་དབྱེ་མཚམས་ལྟ་བུར་དམིགས་སུ་བཀར་ཏེ་གསུངས་ཀྱི་ཡོད། མདོར་བསྡུས་ནས་བཤད་ན། ཆོས་དཀོན་མཆོག་ནི། སོ་སོ་ཡར་རྒྱས་གཏོང་ཡག་གི་ཐབས་ལམ་ཁག་དང་། ང་ཚོ་ཚོ་ཚང་མས་འཐོབ་ཐུབ་པའི་དམིགས་ཡུལ་སངས་རྒྱས་ཀྱི་གོ་འཕང་དེ་མཚོན་པ་ཡིན། སངས་རྒྱས་དཀོན་མཆོག་ནི། ཐབས་ལམ་དེ་དག་སྟོན་མཁན་དང་དམིགས་ཡུལ་སངས་རྒྱས་ཀྱི་གོ་འཕང་ཡོངས་སུ་ཐོབ་པ་དེ་མཚོན་པ་ཡིན། དགེ་འདུན་དཀོན་མཆོག་ནི། སངས་རྒྱས་ཀྱི་ཡོན་ཏན་དེ་དག་ཆ་ཤས་ཙམ་ཡོད་མཁན་གྱི་འཕགས་པའི་གང་ཟག་དེ་མཚོན་པ་ཡིན། ལེགས་སྦྱར་སྐད་དུ་དྷརྨ་ཟེར་བ་དེའི་དོན་ནི། “འགོག་བྱེད་ཀྱི་ཐབས་ལམ་” ལྟ་བུ་སྟེ། ང་ཚོ་སོ་སོ་རང་ཉིད་ལ་དཀའ་ངལ་མི་བཟོ་བ་མ་ཟད། གཅིག་བྱས་ན་གཞན་གྱི་དཀའ་ངལ་ལའང་ང་ཚོས་སྔོན་འགོག་གི་ཐབས་ལམ་ལག་བསྟར་བྱེད་པ་དེ་ཡིན། དེ་དག་ནི་སོ་སོ་རང་ཉིད་སྲུང་སྐྱོབ་ཆེད་ང་ཚོས་ལག་བསྟར་བྱེད་པའི་ཐབས་ལམ་རྣམས་རེད། 

སྐྱབས་འགྲོ་ཟེར་བའི་ཚིག་འདི་ལེགས་སྦྱར་སྐད་ནང་ “ཤརཎ་” ཞེས་པ་ལ་གོ་བ་དང་། དེ་ནམ་རྒྱུན་དབྱིན་སྐད་དུ་ “refuge” ཞེས་བསྒྱུར་གྱི་ཡོད། དེའི་ཉེན་སྲུང་ (protection) དང་། ཡང་ན་སྐྱབས་གནས་ (shelter) ལའང་བེད་སྤྱོད་གཏོང་ཆོག འོན་ཀྱང་ང་ཚོས་ཚིག་འདིའི་གོ་དོན་ཡག་པོ་བྱས་ནས་ཤེས་དགོས། ཚིག་འདིའི་གོ་དོན་ཁྱད་པར་བ་ནི་ལེགས་སྦྱར་སྐད་ཀྱི་ “དྷརྨ་” ཞེས་པའི་དོན་ལ་ཏག་ཏག་འཇུག་གི་ཡོད། “དྷརྨ” ཞེས་པའི་ཚིག་གི་གོ་དོན་ནི། ང་ཚོ་ཧུར་བརྩོན་མེད་པ་ཕྱི་རོལ་དུ་རང་ཉིད་ལ་སྲུང་སྐྱོབས་བྱེད་མཁན་ཞིག་ལ་མགོ་སྒུར་དགོས་པ་ཙམ་གྱི་དོན་མ་ཡིན་པར། སྐབས་དོན་ནང་པ་སངས་རྒྱས་པ་ལྟར་ན། “སྐྱབས་སུ་འགྲོ་བ་” ཟེར་བ་ནི། ཧུར་བརྩོན་གྱི་རང་བཞིན་དང་ལྡན་ཞིང་། སོ་སོ་རང་ཉིད་སྲུང་སྐྱོབས་ཡོང་བར་ནུས་པ་སྟོན་ཏེ་གཅིག་བྱེད་དགོས་ཀྱི་ཡོད་པ་ལ་ཟེར། 

ངའི་རྒན་ལགས་ཀྱིས་ཡང་སེ་གསུངས་བའི་གཤམ་གྱི་དཔེ་འདི་ལ་ཆ་བཞག་ན། གལ་སྲིད་ཆར་པ་འབབ་བཞིན་པའི་སྐབས་རང་ཉིད་དང་ཐག་ཉེ་ས་ཞིག་ན་བྲག་ཕུག་གཅིག་ཡོད་པའི་དབང་དུ་བཏང་ན། ང་ཚོས་ “བྲག་ཕུག་དེ་ལ་སྐྱབས་སུ་འགྲོ་གི་ཡིན་ཟེར་ནས། ངས་བྲག་ཕུག་ནང་དུ་འཛུལ་ནས་སྐྱབས་སུ་འགྲོ་དགོས་ཀྱི་ཡོད་” མ་གཏོགས་བྲག་ཕུག་དེའི་ཕྱི་ལོགས་ལ་བསྡད་ནས་བྲག་ཕུག་ལ་སྐྱབས་སུ་འགྲོ་གི་ཡིན་ཞེས་ཚིག་བཟླས་བརྗོད་བྱེད་པ་ཙམ་གྱིས་ཕན་གྱི་མེད། ང་ཚོ་དངོས་སུ་བྲག་ཕུག་ནང་འགྲོ་དགོས་ཀྱི་ཡོད། དེ་ག་ནང་བཞིན། ང་ཚོས་ “སངས་རྒྱས་དང་། ཆོས། དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ་གི་ཡིན། དེ་དག་ལ་སྐྱབས་སུ་མཆིའོ་” ཞེས་ཟེར་བ་ཙམ་ལས་དངོས་སུ་དེ་དག་གི་ཕྱོགས་སུ་མི་འགྲོ་ཞིང་། རྗེས་སུ་མི་འབྲངས་བ་དང་། རང་ཉིད་ཀྱི་མི་ཚེའི་ནང་ལག་ལེན་གང་ཡང་མ་བྱེད་ན། ཕན་ཐོགས་གང་ཡང་ཡོང་གི་མ་རེད། ང་ཚོས་མི་ཚེའི་ནང་དཀོན་མཆོག་གསུམ་གྱི་ངོ་བོ་དང་མཚོན་དོན་གང་ཡིན་པ་དེ་ཇི་བཞིན་དུ་ལག་ལེན་བསྟར་ནས་སོ་སོའི་དཀའ་ངལ་ལས་ཐར་བ་བྱེད་དགོས། དེ་འདྲ་ཡིན་པ་སོང་ཙང་། ངས་ “ཉེན་མེད་ཀྱི་ཁ་ཕྱོགས་” དང་ “མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་འཇོག་པ་” ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་ཀྱི་ཡོད། 

བྲག་ཕུག་གི་དཔེ་ལ་མུ་མཐུད་དེ་བཤད་ན། བྲག་ཐུག་ནང་དུ་འཛུལ་ཚར་རྗེས་དེའི་ནང་ཡིབ་ནས་ཆར་པས་སྦང་བ་ལས་ཐར་བ་ཙམ་མ་ཡིན་པར། མི་ཚེའི་ནང་གི་དཀའ་ངལ་ཚང་མ་བསལ་བའི་རེ་བ་བྱེད་ན་མི་འགྲིག་པ་རེད། དོན་དག་སྙིང་པོ་དེ་ག་རེ་རེད་ཟེར་ན། སངས་རྒྱས་དང་ཆོས་དགེ་འདུན་གསུམ་གྱིས་གང་མཚོན་གྱི་ཡོད་པའི་ཡང་དག་པའི་གོ་དོན་དེ་རྙེད་ཐབས་ལ་ང་ཚོས་མུ་མཐུད་ཡར་རྒྱས་གཏོང་དགོས། ང་ཚོས་སངས་རྒྱས་ཆོས་དང་དགེ་འདུན་གྱི་སྐྱབས་འོག་ཏུ་ཚུད་ན་དེ་རང་གིས་འགྲིག་པར་བསམ་ནས་བསྡད་ན། དེ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་བསམ་ཚུལ་ནང་ཡོད་པའི་སོ་སོ་རང་སྐྱོབས་མཁན་ཞེས་པ་དེ་དང་། ནང་པ་ཚོས་སངས་རྒྱས་ཁོང་གིས་ང་ཚོ་སྐྱོབས་ཀྱི་རེད་བསམ་པ་གཉིས་བསྲེ་སྦྱོར་གཏོང་ཡག་ལས་སླ་པོ་ཞེ་དྲག་ཆགས་པ་རེད། དེ་འདྲ་ཆགས་ན། སངས་རྒྱས་ནི་འཇིག་རྟེན་བྱེད་པོ་དཀོན་མཆོག་ (God) དང་། དགེ་འདུན་ནི་སྐྱེས་བུ་དམ་པ་ (saints) དང་འདྲ་བ་ཡིན། གང་ལྟར་ཡང་། ནུབ་ཕྱོགས་པའི་སྤྱི་ཚོགས་ཁྲོད་མི་མང་པོ་ཞིག་ལ་ཡེ་ཤུའི་ཆོས་ཀྱི་ཤུགས་རྐྱེན་གྱི་རྒྱུན་དེ་ཡོད། དཔེར་ན། ང་ཚོས་སྨོན་ལམ་རྒྱག་ནས་གང་ལྟར་ནུས་པ་ཁྱད་པར་དང་ལྡན་པའི་དཀོན་མཆོག་གིས་རྫུ་འཕྲུལ་གྱི་སྒོ་ནས་ང་ཚོ་སྐྱོབས་ཀྱི་རེད་བསམ་པ་དེ་ཡིན། ནང་པའི་ཐ་སྙད་བེད་སྤྱོད་གཏོང་སྟངས་ལྟར་ན། དཀོན་མཆོག་གིས་ང་ཚོར་རྫུ་འཕྲུལ་གྱི་སྒོ་ནས་སྡུག་བསྔལ་དང་དཀའ་ངལ་ཐམས་ཅད་ལས་ཐར་བར་བྱེད་ཀྱི་ཡོད་པའི་བསམ་ཚུལ་དང་འདྲ་བ་ཡིན། 

དེ་ལྟར་ཡིན་ན། ང་ཚོ་ཚང་མ་ནང་པའི་མིང་ཞུས། སྐེ་ལ་སྲུང་སྐུད་བཏགས། གཟུངས་སྔགས་ཁ་ཤས་འདོན་ནས་སྨོན་ལམ་ཤུགས་ཆེན་པོ་བརྒྱབ་པ་ཡིན་ན། ང་ཚོ་སྐྱོབས་ཀྱི་རེད། དམིགས་བསལ་ང་ཚོས་བོད་ཡིག་གི་ཚིག་གཅིག་གི་དོན་དག་ཀྱང་མི་ཤེས་པ་ཡིན་ནའང་། བོད་ཡིག་ནང་ཁ་འདོན་དང་ཉམས་ལེན་བྱས་པ་ཡིན་ན། ད་དུང་དེ་བས་ནུས་པ་ཁྱད་པར་ཅན་ཞིག་ཡོད་ཀྱི་རེད་བསམ་སྲིད། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ཉེ་ཆར་ང་སྡོད་ས་འཇར་མ་ནིའི་རྒྱལ་ས་བར་ལཱིན་ལ་ཕེབས་སྐབས། ཁོང་གིས་གསུངས་པ་དེ་དངོས་གནས་དོན་དག་གཏིང་ཟབ་ཡོད་པ་རེད་འདུག དེ་ཡང་ཁོང་གིས། “གལ་སྲིད་བོད་པ་ཚོས་ཁ་འདོན་དགེ་སྦྱོར་ཚང་མ་འཇར་མན་སྐད་ཡིག་ནང་སྒྲ་སྒྱུར་རྐྱང་རྐྱང་བྱས་ནས་འདོན་ན། ཁོ་ཚོས་ག་རེ་འདོན་གྱི་ཡོད་མེད་ཀྱི་དོན་དག་རྩ་ནས་མི་ཤེས་པ་ཡིན། དེར་བརྟེན་ཁོང་གི་དགོངས་པར་བོད་མི་ག་ཚོད་ཙམ་ཞིག་གིས་ནང་ཆོས་དངོས་གནས་ཉམས་ལེན་བྱེད་ཀྱི་ཡོད་ན་” ཞེས་གསུངས་སོང་། མི་ཚང་མས་གད་མོ་ཤོར་སོང་། གད་མོ་མ་ཤོར་རང་ཤོར་རེད། གལ་སྲིད་ང་ཚོས་ཁོང་གིས་གང་གསུངས་པ་དེ་ལ་བསམ་བློ་ཡག་པོ་ཞིག་བཏང་ན། གོ་དོན་ཟབ་པོ་ཞིག་ཡོད་པ་ཤེས་ཡོང་། ང་ཚོའི་དཀའ་ངལ་དང་སྡུག་བསྔལ་ཚང་མ་སེལ་ཐབས་ཀྱི་ཐུན་མོང་མ་ཡིན་པའི་རྫུ་འཕྲུལ་གྱི་ནུས་པ་འདྲ་པོ་ཞིག་ཡོད་པའམ། ཡང་ན་དེ་ལྟ་བུའི་མཐུ་བོ་ཆེ་ཞིག་ཡོད་པ་དེ་ལ་མགོ་སྒུར་ནས་སྐྱབས་སུ་འགྲོ་དགོས་ངེས་ཤིག་ལ་བལྟ་བའི་བསམ་ཕྱོགས་ལས་ཐར་བར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།

སྐབས་འདིར་གནད་དོན་ངོ་མ་ག་རེ་རེད་ཟེར་ན། “ངས་སོ་སོའི་མི་ཚེ་ལ་ག་རེ་བྱེད་བཞིན་འདུག དམིགས་ཡུལ་ཞིག་ལ་འགྲོ་གི་འདུག་མི་འདུག” ང་ཚོ་མི་མང་པོ་ཞིག་གིས། སོ་སོའི་མི་ཚེ་འདི་དམིགས་ཡུལ་གང་ཡང་མེད་པ་སྐོར་ར་རྐྱང་རྐྱང་བརྒྱབ་ནས་སྡོད་ཀྱི་ཡོད་པ་འདྲ་པོ་ཤེས་ཡོང་གི་ཡོད། ང་ཚོས་གཏིང་ཟབ་པའི་གནད་དོན་འཁོར་བ་དང་སྐྱེ་བ་སྔ་ཕྱི་སོགས་ཀྱི་སྐོར་བརྗོད་མི་དགོས་པར། སོ་སོའི་ཉིན་རེའི་བྱ་བཞག་རྣམས་དམིགས་ཡུལ་མེད་པ་དང་དོན་སྙིང་མེད་པའི་བཟོ་འདྲ་ཞིག་མཐོང་གི་ཡོད་རེད། བྱས་ན། ང་ཚོ་ག་རེ་བྱས་ནས་འཚོ་སྡོད་ཀྱི་ཡོད་དམ། ང་ཚོ་འཚོ་བ་སྐྱེལ་སྟངས་ལ་བསམ་བློ་བཏང་བ་ཡིན་ན། སེམས་སྐྱོ་དགོས་པ་ཞིག་མ་གཏོགས་གནས་སྟངས་སྐྱིད་པོ་དང་ཡག་པོ་རང་མེད། དེ་འདྲ་སོང་ཙང་། ང་ཚོའི་མི་ཚེའི་ནང་དོན་དང་ལྡན་པའི་ཁ་ཕྱོགས་དང་། དམིཌ་ཡུལ། དགོས་འདུན་ཡོད་པ་ཞིག་དགོས་ཀྱི་ཡོད། དེ་ཡང་སོ་སོ་ངོས་ནས་ཤུགས་བརྒྱབ་དགོས་པའི་གནས་སྟངས་ཤིག་རེད་ལ་འབད་བརྩོན་ཧུར་ཐག་གི་བརྒྱུད་རིམ་ཞིག་ཀྱང་རེད། དེ་ལྟར་མི་ཚེའི་ནང་དོན་དང་ལྡན་པའི་དམིགས་ཡུལ་དང་དགོས་འདུན་ཡོད་ན། དེ་ནས་གང་ལྟར་ང་ཚོས་ག་རེ་བྱེད་བཞིན་ཡོད་པ་དེ་ཤེས་ཀྱི་རེད། དེས་ང་ཚོ་ལ་ཏོག་ཙམ་འཇིགས་ཉེན་མེད་པ་དང་བརྟན་པོ་ཡོད་པའི་ཚོར་བ་ཞིག་བསྐྲུན་གྱི་རེད། རེད་དམ་མ་རེད།

བརྙན་པར། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། “ནང་ཆོས་ནི་ཧུར་བརྩོན་གྱི་རང་བཞིན་མེད་པ་ཞིག་ཡིན་ནམ།”

མི་ཚེའི་ནང་དོན་དང་ལྡན་པའི་དམིགས་ཡུལ་ཞིག་ཡོད་པ།

 ང་ཚོའི་མི་ཚེའི་ནང་དམིགས་ཡུལ་གང་འདྲ་ཞིག་དགོས་སམ། ནམ་རྒྱུན་ང་ཚོས་དམིགས་ཡུལ་ཟེར་དུས་ང་ཚོར་འཕྲད་བཞིན་པའི་ཚིམས་རྒྱུ་མེད་པའི་སྡུག་བསྔལ་གྱི་གནས་སྟངས་དེ་ལ་དམིགས་ཡུལ་ཞིག་བཟུང་བའི་སྒོ་ནས་དེ་ལས་ཐར་འདོད་ཡོད་པ་ཞིག་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད། རྩ་བའི་ཆ་ནས་བཤད་ན། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རེད་ཅེས་བཤད་ཐུབ་པ་དང་། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྡོམ་ལྟ་བུ་ཡིན་པ་མ་ཟད། སྐྱེ་དངོས་ཚན་རིག་གི་སྒོ་ནས་ཀྱང་དེ་ལ་བདེན་པ་ཞིག་ཡོད། ང་ཚོ་ཚང་མ་སྡུག་བསྔལ་དང་། ནད་ན་ཚ། དེ་བཞིན་དཀའ་ངལ་སོཌ་སྤང་འདོད་ཡོད་རེད། ཐ་ན་འབུ་སྲིན་ཡན་ཆད་ཀྱང་སྡུག་བསྔལ་དང་། དཀའ་ངལ་སོགས་ལས་ཐར་འདོད་བྱེད་ཀྱི་ཡོད། རེད་དམ་མ་རེད། བྱས་ཙང་ང་ཚོའི་དམིགས་ཡུལ་དེ་རེད། 

ད་ང་རང་ཚོས་སོ་སོ་རང་ལ་དྲི་བ་ཞིག་འདྲི་དགོས་པ་ནི། ང་ཚོས་དཀའ་ངལ་དང་སྡུག་བསྔལ་མང་ཉུང་ག་ཚོད་ཙམ་ཞིག་ལ་བལྟ་གི་ཡོད་དམ། ང་ཚོ་ལ་དམིགས་ཡུལ་ཡོད་པ་དེ་དཀའ་ངལ་གཅིག་རང་ལ་མ་ཡིན་པར། ང་ཚོ་ལ་ཡོད་པའི་དཀའ་ངལ་གཞན་ཚང་མ་སེལ་བའི་ཆེད་དུ་མ་ཡིན་ནམ། དཔེར་ན། ང་ཚོའི་དཀའ་ངལ་དེ་དཔལ་འབྱོར་མེད་པའི་མི་སྐྱོ་པོ་ཞིག་ཡིན་ན། ང་ཚོའི་དམིགས་ཡུལ་ནི་ལས་ཀ་ཡག་པོ་འཚོལ་ནས་དངུལ་མང་པོ་བཟོ་ཐབས་དེ་རེད། གལ་སྲིད་ལས་ཀ་ཡག་པོ་མ་ཐོབ་པ་ཡིན་ན། འཕྲོག་བཅོམ་རྐུ་སོགས་ཁྲིམས་འགལ་ནག་ཉེས་ཅན་ཡག་པོ་ཞིག་ཆགས་ནས་མགྱོགས་པོ་མི་ཕྱུག་པོ་ཆགས་སྲིད། གནས་སྟངས་གང་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར། ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་དངུལ་ཧ་ཅང་མང་པོ་གསོག་ཐབས་བྱེད་ཀྱི་རེད། འོན་ཀྱང་ང་ཚོས་མི་ཕྱུག་པོ་དཔལ་འབྱོར་མང་པོ་ཡོད་མཁན་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་སྐད་ཆ་དྲིས་ཏེ་བརྟག་དཔྱད་བྱེད་པ་ཡིན་ན། ཁོ་ཚོས་མི་ཚེའི་ནང་དཀལ་ངལ་ག་ཚོད་ཡོད་པའི་སྐོར་དྲང་པོ་དྲང་གཞག་བཤད་ཀྱི་རེད། དེ་དུས་ང་ཚོས་ཁོ་ཚོའང་དོན་ངོ་མ་སྐྱིད་པོ་ཡོད་པའི་ངེས་པ་མེད་པ་དེ་ཤེས་ཀྱི་རེད། ཁོ་ཚོ་ལ་དངུལ་འདང་ངེས་ཤིག་ནམ་ཡང་མེད། དངུལ་ས་ཡ་མང་པོ་ཡོད་ཀྱང་འདོད་པ་མི་ཚིམས་པར། ད་དུང་དངུལ་དེ་ལས་མང་བ་དགོས་བསམ་ནས་འདོད་པ་ཁེངས་པ་ཞིག་ནམ་ཡང་ཡོང་གི་མེད།     

གཤམ་གྱི་དཔེ་དེ་ངས་ཡག་པོ་ཞིག་མཐོང་སོང་། དངུལ་དུང་ཕྱུར་དང་ཐེར་འབུམ་མང་པོ་ཡོད་མཁན་དེ་འདྲ་ཡོད་ཀྱང་། ད་ལྟའི་འཇམ་གླིང་ནང་གི་དཔལ་འབྱོར་དཀའ་ངལ་གྱི་རྐྱེན་པས། ཁོ་ཚོ་དངུལ་དེའི་ཕྱེད་ཀ་ཙམ་ལས་མེད། ཁོ་ཚོས་སྔོན་མ་ཞལ་འདེབས་སྤྲོད་སྲོལ་ཡོད་པ་དང་། གཞན་ཕན་གྱི་ལས་དོན་རིགས་ལ་རོགས་དངུལ་སྤྲོད་སྲོལ་ཡོད་དེ་དག་ཐམས་ཅད་མཚམས་འཇོག་བྱས་ཡོད། རྒྱུ་མཚན་ནི།ཁོ་ཚོ་ལ་དངུལ་དུང་ཕྱུར་དང་ཐེར་འབུམ་གང་ཡོད་པ་དེ་དག་གི་ཕྱེད་ཀ་ཙམ་ལས་མེད་པས། ཉེན་སྲུང་མེད་པ་དང་ཕུགས་བརྟན་མེད་པ་ཆགས་པ་རེད། ཁོ་ཚོས་དངུལ་འགྲོ་སོང་གཏོང་ཕྱོགས་ལ་བསམ་བློ་མང་པོ་གཏོང་དགོས་ཐུག་པ་དང་། དངུལ་གསོག་འཇོག་བྱེད་ནས། མཐའ་མ་དངུལ་དུང་ཕྱུར་དང་ཐེར་འབུམ་མང་པོ་རང་འཇགས་བསགས་ཐུབ་པ་བྱུང་བ་ཡིན་ནའང་། དུས་རྟག་ཏུ་ཉིན་ལྟར་འཛམ་གླིང་དཔལ་འབྱོར་གྱི་གནས་བབས་དང་། རྒྱུ་ཆ་དང་མ་ཤེར་ཚོང་རའི་སྙན་ཐོ་ལ་ཡང་སེ་ལྟ་ནས་ད་ལྟ་ཡོད་པའི་དངུལ་འབོར་གྱི་ཆ་ཤས་ཙམ་ཞིག་ཤོར་འགྲོ་ཡོང་བསམ་ནས་རྟག་པར་སེམས་ཁྲེལ་བྱེད་ཀྱི་རེད། དེ་བཞིན་དངུལ་དེ་དག་ཡོད་པ་ལ་བརྟེན་ནས་མི་གཞན་གྱིས་སོ་སོའི་ཁང་པ་ནས་རྒྱུ་ནོར་འཕྲོག་བཅོམ་བྱེད་ཡོང་བསམ་པའི་དོགས་པ་དང། རང་གི་ཕྲུ་གུ་བཙན་ཁྲིད་བྱེད་པའི་དོགས་པ་སོགས་ཡོང་གི་ཡོད་པ་སོང་ཙང་། དེ་དག་ཐམས་ཅད་ཀྱི་ཆེད་སྒེར་གྱི་སྐོར་སྲུང་བའམ་སྒོ་སྲུང་བ་གླ་བ་དང་། ཡང་ན་ཉེན་ཁ་ལས་སྲུང་བའི་ཐབས་ཤེས་གཞན་དགོས་ས་རེད་བསམ་ནས་དོགས་པ་དང་འཇིགས་སྣང་རྐྱང་རྐྱང་གི་ནང་གནས་ཀྱི་ཡོད། དེའི་རིཌ་ནི་སྔ་དུས་ལེ་ཊིན་ཨ་རི་བ་དེ་ཚོའི་ནང་གི་མི་ཕྱུག་པོ་ཚོ་ལ་ཐུན་མོང་དུ་འཕྲད་པའི་དཀའ་ངལ་ཞིག་རེད། དེ་ཙམ་མ་ཟད། ཁོ་ཚོའི་བསམ་པར། མི་གཞན་གྱིས་རང་ཉིད་ལ་དངུལ་ཡོད་པ་དེ་རག་ཐབས་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་དགའ་པོ་དང་གྲོགས་པོ་བྱེད་ཀྱི་ཡོད་པ་མ་གཏོཌ་དོན་ངོ་མ་དགའ་པོ་དང་གྲོགས་པོ་བྱེད་ཀྱི་ཡོད་པ་ནམ་ཡང་ཚོར་གྱི་མེད། ཁོ་ཚོས་མི་སུ་འདྲ་ཞིག་གིས་གཞན་ལ་ཡག་པོ་བྱེད་ཀྱི་ཡོད་པ་དེ་ཚོ་ཡང་དངུལ་གྱི་རྗེས་སུ་རྒྱུགས་ཀྱི་ཡོད་རེད་བསམ་ནས་དུས་རྟག་ཏུ་དོགས་པ་བྱེད་ཀྱི་ཡོད། དེ་ལྟར་དཔལ་འབྱོར་ཡོད་མཁན་གྱི་མི་ཕྱུག་པོ་རྣམས་ལ་དབུལ་ཞིང་ཕོངས་བའི་མི་སྐྱོ་བོ་ནང་བཞིན་དཀའ་ངལ་མེད་ནའང་། དངུལ་མང་པོ་ཡོད་པ་ལས་བྱུང་བའི་དཀའ་ངལ་གཞན་མང་པོ་ཡོད་པ་གསལ་པོ་རེད། 

འཇིག་རྟེན་པའི་དམིགས་ཡུལ་གཞི་རྩ་བརྟན་པོ་མེད། 

ནང་ཆོས་ནས་དཔལ་འབྱོར་མང་པོ་གསོག་པའི་དམིགས་ཡུལ་ཙམ་མ་ཡིན་པར།དེ་ལས་གཞན་པའི་འཇིག་རྟེན་པའི་དམིགས་ཡུལ་ (worldly goals) ཟེར་བ་མང་པོ་གསུངས་ཡོད། གང་ལྟར་དབྱིན་སྐད་དུ་ worldly ཞེས་པའི་ཚིག་འདི་ལ་ངན་ཕྱོགས་ཀྱི་ཆ་ནས་གོ་བ་ལེན་རྒྱུ་ཡོད་པ་ནི་ཕལ་ཆེར་ཚད་ལས་བརྒལ་བའི་ཚོད་དཔོག་ལྟ་བུ་ཞིག་ལ་གོ་བ་ཡིན། ཡིན་ནའང་ཚིག་འདིའི་དོན་དག་དེ་འདྲ་རང་མ་རེད། བདག་གི་དགེ་བའི་བཤེས་གཉེན་སྐྱབས་རྗེ་གསེར་ཀོང་རིན་པོ་ཆེ་མཆོག་གིས། དབྱིན་སྐད་ཀྱི་ཚིག་ “worldly” ཟེར་བ་འདི་བོད་སྐད་ནང་ “འཇིག་རྟེན་” ཞེས་ཡིག་འབྲུ་གཉིས་ཡོད་པ་འདིས་དབྱིན་སྐད་དུ་ “worldly” ཞེས་བསྒྱུར་ཡོད། འཇིག་རྟེན་ཞེས་པའི་ཐ་སྙད་ཀྱིས་དོན་དག་ངོ་མ་དེ་སྟོན་གྱི་ཡོད་ཅེས་འགྲེལ་བཤད་གནང་སོང་། དེ་ཡང་གཞི་རྟེན་པ་ཞིག་ཡོད་པ་དེ་འཇིག་ནས་འགས་ཐོར་དུ་འགྲོ་གི་ཡོད་པ་གསུངས་ཀྱི་ཡོད། གལ་ཏེ་ང་ཚོས་དམིཌ་ཡུལ་བརྟན་པོ་མེད་པ། ཞིག་ཆོག་ཆོག་ཞིག་ལ་རྟེན་པ་ཡིན་ན། དེས་སྡུག་བསྔལ་དང་དཀའ་ངལ་མང་བ་ཡོང་གི་རེད་མ་གཏོགས་བདེ་སྐྱིད་ཡུན་དུ་གནས་པ་ཞིག་ཡོང་མི་ཐུབ། དེ་གང་ཡིན་ཟེར་ན། དེ་ལ་རྨང་གཞི་བརྟན་པོ་ཞིག་མེད་པས་རེད། 

དཔེར་ན། ང་ཚོའི་མི་ཚེའི་ནང་གི་དམིགས་ཡུལ་དེ་ཁྱིམ་ཚང་སྐྱིད་པོ་ཞིག་དང་། ཕྲུ་གུ་མང་པོ་གསོ་སྐྱོང་དང་། ཕྲུ་གུ་དེ་དག་གསོ་སྐྱོང་བྱས་ན་མ་འོངས་པར་ལོ་ན་རྒས་དུས་ལྟ་སྐྱོངས་བྱེད་ཀྱི་རེད་བསམ་པ་ལ་བརྟེན་ནས་ཁྱེད་རང་དཔེ་སྐྱིད་པོ་དང་ཉེན་ཁ་མེད་པའི་ཚོར་བ་ཞིག་ཡོང་གི་རེད། ཡིན་ནའང་གང་བསམ་པ་ནང་བཞིན་དུས་རྟག་ཏུ་ཡོང་གི་མེད། རེད་དམ་མ་རེད། ཡང་དཔེ་གཞན་ཞིག་བཞག་ན། ང་ཚོ་མི་སྐད་གྲགས་ཆེན་པོ་ག་ཚོད་ཆགས་པ་དེ་ཚོད་ཀྱིས་མི་མང་པོས་སུན་པོ་བཟོ་ནས་ང་ཚོའི་དུས་ཚོད་ཚང་མ་ལེན་གྱི་རེད། གློག་བརྙན་འཁྲབ་མཁན་སྐད་གྲགས་ཆེན་པོ་དེ་ཚོ་ལ་ལྟོས་དང་། ཁོང་ཚོ་ནང་ནས་ཕྱི་ལ་འགྲོ་སྐབས་ཆས་རྫུས་མ་གྱོན་ན་འགྲོ་ཐུབ་ཀྱི་མེད། གང་ཡིན་ཞེ་ན། མི་མང་གིས་ཟིང་སློང་ནས་ཁོའི་གྱོན་གོས་ཀྱང་འཐེན་ཏེ་དབྲལ་སྲིད་ཀྱི་རེད། དེ་འདྲ་སོང་ཙང་། གློག་བརྙན་འཁྲབ་མཁན་སྐད་གྲཌ་ཆེན་པོ་ཆགས་པ་དེ་ཡང་དངོས་གནས་མི་སྐྱིད་པ་དང་བཟོད་དཀའ་བའི་སྡུག་བསྔལ་ཞིག་རེད།

ང་ཚོས་སོ་སོའི་མི་ཚེ་ལ་ཡག་པོ་བལྟས་པ་ཡིན་ན། ཕྱི་དངོས་པོའི་ཆ་ནས་གྲ་འགྲིག་པོ་དང་བདེ་མོ་ཞིག་ཡོད་ལ། ནང་སེམས་ཚོར་གྱི་ཆ་ནས་ཀྱང་རང་ཉིད་གནས་སའི་མི་དང་འབྲེལ་བ་ཡག་པོ་སོགས་གྲ་འགྲིག་པོ་ཞིག་ཡོད། འོན་ཀྱང་ང་ཚོའི་མི་ཚེའི་དཀའ་ངལ་དངོས་གནས་མེད་པ་བཟོ་བ་ལ་དེ་དག་གིས་ཕན་ཐོགས་ཀྱི་མེད། གང་ཡིན་ཟེར་ན། ཇི་སྲིད་ང་ཚོ་ལ་འདོད་ཆགས་དང་། ཞེ་སྡང་། གཏི་མུག ཕྲག་དོགརྔམ་སེམས། རྨོངས་སེམས་སོགས་ཡོད་པ་དེ་སྲིད་དུ་ང་ཚོ་འཇིན་རྟེན་ཞེས་ཟེར་བའི་གནས་ཚད་ནང་ག་ཚོད་ཀྱི་སྐད་གྲགས་ཆེན་པོ་དང་གྲུབ་འབྲས་ལྡན་པ་ཞིག་ཡིན་ནའང་དཀའ་ངལ་ཡོང་རྒྱུ་ཡིན་པ་ནི་ཆོས་ཉིད་རེད།།  

ཉོན་མོངས། 

ནང་པ་སངས་རྒྱས་པའི་ཆོས་ནས་སྐྱེ་བ་ཕྱི་མ་ཡོད་པར་གཞིར་བཞག་སྟེ། ང་ཚོའི་རྒྱུད་ལ་ཉོན་མོངས་ཡོད་པ་སོང་ཙང་། ཉོན་མོངས་ཀྱི་དབང་དུ་ཤོར་ནས་རང་དབང་མེད་པ་ང་ཚོའི་ལས་དོན་ཁག་བྱེད་དེ་མི་དགེ་བའི་ནུས་པ་རིམ་གསོག་བྱེད་ཀྱི་ཡོད་པ་གསུངས་ཤིང། སྐྱེ་བ་ཕྱི་མར་མྱོང་སྲིད་པའི་སྡུག་བསྔལ་དང་ཞེད་སྣང་ཚ་བའི་གནས་སྟངས་ཀྱི་སྐོར་བགྲོ་གླེང་བྱེད་ཀྱི་རེད། ནང་པའི་འགྲེལ་བརྗོད་ཀྱི་ལམ་ནས་ཉོན་མོངས་ནི་ཐ་གཅིག་ཏུ་སྡུག་ཅག་ཡིན་པས། གལ་སྲིད་སོ་སོ་ལ་ག་རེ་ཡག་ག་ཡོད་པ་དེ་ཤེས་ཀྱི་ཡོད་ན། ཉོན་མོངས་སྤོང་དགོས་པར་གསུངས་ཡོད། གང་ཡིན་ཞེ་ན། མི་དགེ་བའི་ནུས་པ་ཉོན་མོངས་པ་ལ་བརྟེན་ནས་དཀའ་ངལ་དང་སྡུག་བསྔལ་རྣམས་ཡོང་གི་ཡོད་པས་ཡིན། 

ནུབ་ཕྱོགས་པའི་མི་མང་ཆེ་བས་སྐྱེ་བ་ཕྱི་མ་མི་འདོད་པའམ། ཡང་ན་དེ་ལ་ཡིད་ཆེས་ཐུབ་པ་ཞིག་བྱུང་མེད། འོན་ཀྱང་གནད་དོན་འདི་ང་ཚོས་ཚེ་འདི་རང་ལ་དཔེ་བཞག་ནས་བཤད་ཆོག ང་ཚོ་སོ་སོ་རང་གི་ད་ལྟའི་མི་ཚེ་ལ་བལྟས་ནས་བརྟག་དཔྱད་ཟབ་མོ་ཞིག་བྱེད་པ་ཡིན་ན། ང་ཚོའི་སེམས་ཚོར་གྱི་དཀའ་ངལ་གྱི་འབྱུང་ཁུངས་ངོ་མ་ནི་ནང་སེམས་དེ་ཡིན་པ་ཤེས་ཀྱི་རེད། ཕྱིའི་ཆ་རྐྱེན་རྣམས་ནི་དེ་ལ་གནས་སྐབས་ཙམ་རྐྱེན་སློང་མཁན་ནམ་སྐམ་པ་ལྟ་བུ་དེ་གནོན་མཁན་དེ་ཡིན། དོན་ངོ་མ་ང་ཚོའི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་སོགས་ཀྱིས་ང་ཚོའི་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་འཕྲོག་གི་ཡོད་པ་དང་། ང་ཚོའི་བཟང་པོའི་ཡོན་ཏན་གང་ཡོད་པ་རྣམས་བེད་སྤྱོད་བྱེད་ཡག་མེད་པ་བཟོ་གི་ཡོད། དཔེར་ན། ང་ཚོས་མི་ཞིག་ལ་རོགས་པ་བྱ་རྒྱུའི་ཐབས་ཤེས་བྱེད་སྲིད་ལ། དེ་ནི་བཟང་པོའི་ཡོན་ཏན་ཞིག་རེད།ཡིན་ནའང་ང་ཚོ་དེ་དག་ལ་ཁོང་ཁྲོ་ཟ་གི་ཡོད། ང་ཚོས་ཁོ་ཚོར་བསླབ་བྱ་རྒྱག་ཡག་གི་ཐབས་ཤེས་བྱེད་པ་ཡིན་ནའང། ཁོ་ཚོས་བསླབ་བྱ་མི་ཉན་པར་ཚུར་ཁ་ལན་ལོག་ན། ང་ཚོ་རླུང་ལངས་ཡོང་གི་ཡོད། བྱས་ཙང་། ཉོན་མོངས་པ་དེ་དག་གིས་གཞན་ལ་དངོས་གནས་དྲང་གནས་ཕན་ཐོགས་བསྒྲུབ་པར་འགོག་རྐྱེན་བྱེད་ཀྱི་ཡོད། 

ཁྱད་པར་དུ་སོ་སོའི་ཕྲུ་གུ་དང་མཉམ་དུ་དེ་འདྲའི་རིགས་བྱུང་ན་དངོས་གནས་ཁག་པོ་ཡོད། གལ་སྲིད་སོ་སོས་ཕྲུ་གུར་ཕན་པའི་བསླབ་བྱ་རྒྱག་སྐབས། ཕྲུ་གུས་དེར་ཉན་རོགས་མི་བྱེད་པར་ཁ་ལན་བསློགས་ན། དེ་ལ་གདོང་ལེན་བྱེད་མི་ཐུབ་པར་ཁོང་ཁྲོ་ཟ་གི་ཡོད། ང་ཚོའི་བསམ་པར། རང་གི་ཕྲུ་གུ་ལ་ཡག་ཤོས་དེ་ག་རེ་ཡིན་པ་ཤེས་ཀྱི་ཡོད་བསམ་ནས་བསླབ་བྱ་རྒྱག་སྐབས། ཕྲུ་གུས་དེ་ལྟར་མ་ཉན་པའི་དབང་གིས་སོ་སོ་དང་ཕྲུ་གུའི་བར་གྱི་འབྲེལ་བ་དེ་ཇེ་སྡུག་ཏུ་འགྲོ་ནས་དཔེ་ཁག་པོ་ཆགས་ཀྱི་རེད། རེད་དམ་མ་རེད། འདིར་དོན་གནད་གཙོ་བོ་ནི། སོ་སོ་དང་ཕྲུ་གུའི་བར་གྱི་འབྲེལ་བའི་དཀའ་ངལ་དེ་སེལ་ཐབས་མ་བྱེད་པ་ཡིན་ན། དཀའ་ངལ་དེ་ཆེ་རུ་ཆེ་རུ་འགྲོ་གི་རེད། གཅིག་བྱས་ན། ང་ཚོ་ལོ་ན་རྒས་འགྲོ་དུས་ང་ཚོའི་གཟུགས་པོའི་ནུས་ཤུགས་ཆུང་དུ་ཕྱིན་པ་དང། རང་གཤིས་འཇམ་དུ་འགྲོ་གི་ཡོད་ཀྱང། དེ་ནི་ང་ཚོའི་ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་རྣམས་རང་བཞིན་གྱིས་ཡལ་འགྲོ་གི་ཡོད་པའི་དོན་མ་ཡིན། ཁོང་ཁྲོ་ལ་སོགས་པ་རྫོགས་འགྲོ་གི་མེད།

ནང་ཆོས་ནང་དཀའ་ངལ་འདི་དག་འབྲེལ་བའི་གོང་འཕེལ་གཏོང་དགོས་པའི་ལྟ་ཕྱོགས་ཞིག་ནི་དབྱིན་སྐད་དུ་ “fear” ཞེས་པའི་ཚིག་དེ་རེད། ཡིན་ནའང་ “fear” ཞེས་པ་འདི་ཕྱི་རྒྱལ་གྱི་སྐད་མང་པོའི་ནང་ཚིག་ཁག་པོ་ཞིག་རེད། ཚིག་འདི་ལ་གོ་བ་ཡག་ག་ཞིག་མེད། སྐབས་རེ་ངས་ཚིག་འདིིའི་ཚབ་ལ་ “dread” བེད་སྤྱོད་བྱེད་ཀྱི་ཡོད།ཡིན་ནའང་ཚིག་འདི་སྐད་གཞན་ལ་བསྒྱུར་ཡག་ཁག་པོ་ཡོད། “dread” ཞེས་པའི་ཚིག་ལ་ “ང་ལ་འདི་འདྲ་ཞིག་དངོས་གནས་ཡོང་དགོས་ཀྱི་མི་འདུག་” ཅེས་པའི་གོ་དོན་ཞིག་ཡོད། དཔེར་ན། ང་ཚོ་ཚོགས་འདུ་ཉོབ་ཏོ་ཞིག་ལ་འགྲོ་དགོས་ཐུག་ན། ང་ཚོ་ཚོགས་འདུ་དེ་ལ་འཇིགས་སྣང་ཡོད་པ་མ་རེད། ཡིན་ནའང་དེར་འགྲོ་རྒྱུ་དངངས་སྐྲག་སྐྱེས་ནས་འགྲོ་གི་མེད་ལ། འགྲོ་འདོད་རྩ་ནས་མེད་པ་ལྟ་བུ་རེད།

དོན་དག་སྙིང་བསྡུས་དེ་བཤད་ན། ང་ཚོས་ཚེ་ཕྱི་མ་ཧ་ཅང་སྡུག་པོ་ཡོང་རྒྱུ་བཤད་ཀྱི་ཡོད་ནའང་འདྲ། ཚེ་འདིི་ལོ་ན་རྒས་པའི་སྡུག་བསྔལ་ཡིན་ནའང་འདྲ། འཇིགས་སྣང་གང་འདྲ་ཞིག་ཡིན་ཡང་དེ་ལ་རིགས་མི་འདྲ་བ་གཉིས་སུ་དབྱེ་བ་འབྱེད་དགོས།ང་ཚོས་འཇིགས་སྣང་གཅིག་ནི། འཇིགས་སྣང་དེ་ལས་ཐར་ཐབས་ཤིག་རྩ་ནས་མེད་པར་མཐོང་ནས་སེམས་ཤུགས་ཆགས་པ་དང་རེ་བ་མེད་པ་ཆགས་ཀྱི་ཡོད། དེ་ལྟ་བུས་འཇིགས་སྣང་གིས་ང་ཚོ་ཕལ་ཆེར་གཟའ་གྲིབ་འཕོག་པའི་ནད་པ་ཞིག་གི་གནས་སྟངས་འདྲ་པོར་བཟོ་གི་ཡོད། འདི་ལྟ་བུའི་འཇིགས་སྣང་ང་ཚོས་ཡང་སེ་མྱོང་གི་ཡོད་ཀྱང་། ངས་དེ་ནི་གནོད་འཚེ་ཅན་གྱི་འཇིགས་སྣང་གི་རིགས་རེད་བསམ་གྱི་ཡོད། ཡིན་ནའང་ང་ཚོས་སྐྱབས་འགྲོའི་སྐབས་བཤད་པའི་འཇིགས་སྣང་དེ་ལ་ཁྱད་ཆོས་མི་འདྲ་བ་གང་འཚམས་ཤིག་ཡོད། གང་ཡིན་ཟེར་ན། སྐྱབས་འགྲོའི་སྐབས་ཀྱི་འཇིགས་སྣང་དེ་ལ་དཀའ་ངལ་སེལ་ཐབས་ཡོད་པ་ཞིག་རེད། དེ་ཡིན་ཙང་། ང་ཚོ་རེ་བ་མེད་པ་ཞིག་རྩ་བ་ཉིད་ནས་མ་རེད། ཡིན་ནའང་ངས་གོང་དུ་ཞུས་པ་བཞིན། ཁྱད་པར་དུ་འཕགས་པའི་ནུས་ཤུགས་སམ་མཐུ་བོ་ཆེ་ཞིག་གིས་ང་ཚོ་འཇིགས་སྣང་གི་གནས་སྟངས་ལས་སྐྱོབས་ཡོང་བསམ་ནས། གསོལ་འདེབས་སྨོན་ལམ་ཤུགས་དྲག་པོ་བརྒྱབ་པ་ཙམ་གྱིས་འཇིགས་སྣང་དེ་ལས་ཐར་ཞིང་། དེ་ལས་སྐྱོབས་ཐུབ་ཀྱི་རེད་བསམ་པས་ཕན་ཐོགས་ཅི་གང་མེད།

དོན་ངོ་མ་ནི། ང་ཚོས་སོ་སོ་རང་ཉིད་སྲུང་སྐྱོབས་ཐུབ་པ་ཞིག་རེད། ང་ཚོའི་མི་ཚེའི་ནང་འཕྲད་པའི་དཀའ་ངལ་ཚང་མ་སེལ་ཐུབ་པ་བྱེད་མཁན་དེ་ག་རེ་ཡིན་ནམ། དེ་དག་སེལ་ཐུབ་པའི་རྐྱེན་དེ་ག་རེ་ཡིན་ནམ། རྒྱ་ཆེ་ས་ནས་བཤད་ན། ང་ཚོའི་ཁོང་ཁྲོ་དང་། རྔམ་སེམས། འདོད་ཆགས་ལ་སོགས་པ་ལས་བྱུང་བའི་ཉོན་མོངས་པའི་དཀའ་ངལ་ཐམས་ཀྱི་འབྱུང་རྩ་ནི་དངོས་པོའི་གནས་ལུགས་ལ་རྨོངས་པའི་དབང་གིས་ཡིན། ཉོན་མོངས་འདི་དག་ཐམས་ཅད་ནི་ལྷན་སྐྱེས་སུ་ཡོད་པའི་སེམས་ཀྱི་རང་བཞིན་ངོ་མ་དེ་མ་ཡིན་པར། དེ་དག་བསྐྱར་དུ་མི་འབྱུང་བ་རྩ་བ་ནས་མེད་པ་བཟོ་ཐུབ་པ་ཞིག་ཡིན། བྱས་ཙང་། ཆོས་དཀོན་མཆོག་གིས་ཉོན་མོངས་མཐའ་དག་རྩ་བ་ནས་འགོག་ཐུབ་པར་སྟོན་གྱི་ཡོད།

སེམས་དང་ཡིད་ཀྱི་བྱེད་ལས།

ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་སེམས་ཀྱི་སྐོར་བཤད་པའི་སྐབས། དེ་ལ་ཞིབ་ཚགས་པོ་བཤད་མི་དགོས་པར། འདིར་ང་ཚོས་ཡིད་ཀྱི་བྱེད་ལས་སྐོར་བཤད་ཀྱི་ཡོད། དེ་ནི་སྐད་ཅིག་སྐད་ཅིག་གི་བྱུང་བའི་ཡིད་ཀྱི་བྱེད་ལས་བྱེ་བྲག་པ་ཞིག་ཡིན་པ་དང་། དེ་ཡང་ང་ཚོ་གཉིད་ཉལ་བའི་གནས་སྐབས་སུའང་ལས་ཀ་བྱེད་ཀྱི་ཡོད། སེམས་ཞེས་བྱ་བ་ནི། ཡིད་ཀྱི་བྱེད་ལས་དེའི་ཡུལ་ཅན་གྱི་མྱོང་བའི་རྣམ་པ་ལ་གོ་ཞིང་། ཀླད་པའི་ཚན་རིག་པ་ཚོས། དེ་ནི་ལུས་ཁམས་ཆགས་ཚུལ་གཞི་རྩར་བཟུང་ནས་འགྲེལ་བཤད་བྱེད་ཀྱི་ཡོད། གང་ལྟར་འགྲེལ་བརྗོད་བྱེད་སྟངས་གཉིས་ཀ་ལ་གཞི་རྩའི་སེམས་ཀྱི་བྱེད་ལས་ཀྱི་རང་བཞིན་ལ་རྨོངས་པ་དང་། ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་པ་ཡོད་དགོས་པའི་ངེས་པ་མེད། གཞི་རྩའི་སྐད་ཅིག་སྐད་ཅིག་གི་ནང་ག་རེ་ཡོང་བསྡད་ཀྱི་ཡོད་པ་དེ་ལ་ཆ་ཚད་གསུམ་པའི་གཟུགས་བརྙན་ (mental hologram) ཞེས་ང་ཚོས་འགྲེལ་བཤད་རྒྱག་ཆོག་པ་དེ་ཡིན། དཔེར་ན།ཕྱིའི་གཟུགས་ཀྱི་ཆ་ནས་བཤད་དེ་དངོས་པོ་ཞིག་མིག་གིས་མཐོང་བའི་དབང་དུ་བཏང་ན། གློག་རྡུལ་མིག་གི་ནང་དུ་ཤར་ནས་དེ་གློག་གི་སྐུལ་སློང་འདྲ་པོ་ཞིག་ཏུ་བསྒྱུར་ནས་དབང་རྩའི་རྫས་སྦྱོར་བརྒྱུད་དེ་ཀླད་པར་འགྲོ་གི་ཡོད་པ་དང་། དེ་ལ་བརྟེན་ནས་ཀླད་པའི་ནང་དེའི་གཟུགས་བརྙན་ཞིག་བཟོ་གི་ཡོད། དེ་ལ་མཐོང་བ་ཟེར་གྱི་ཡོད་པ་རེད། རེད་དམ་མ་རེད། ཡིན་ནའང་མིའི་མིག་གི་སྦུབས་ཕྲན་ (cell) བརྒྱུད་དེ་མཐོང་བ་དང་གཡག་གི་མིག་དང་། སྦྲང་བུའི་མིག་དང་། སྡོམ་གྱི་མིག་གི་སྦུབས་ཕྲན་བརྒྱུད་དེ་མཐོང་བ་གཉིས་མི་འདྲ་བ་རེད། དེ་བཞིན་རྣ་བར་གོ་ཐོས་བྱུང་བ་དེ་ཡང་བརྒྱུད་རིམ་དེ་དང་གཅིག་པ་རེད། ང་ཚོས་དེའི་སྐབས་ཀྱི་གཡོ་འགུལ་གྱི་བྱེད་ལས་ཅན་དེ་ལ་སྒྲའི་རླབས་ཟེར་བ་དང་། དེ་ཡང་དབང་རྩའི་བརྒྱུད་ནས་ཀླད་པར་འགྲོ་ཞིང། ཀླད་པས་དེ་སྒྲ་ཞིག་གི་རྣམ་པར་བཟོས་ཏེ་མར་བཏང་བས་ང་ཚོས་སྒྲ་ཐོས་ཀྱི་ཡོད་པ་རེད། སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་དེ་དབང་ཤེས་གང་རུང་ཞིག་ཡིན་ཆོག་ལ། བསམ་བློའི་འཆར་སྒོ་ཙམ་ཞིག་ཀྱང་ཡིན་ཆོག་གི་རེད།

ང་ཚོའི་མིག་གིས་མཐོང་བ་ལྟ་བུར་མཚོན་ན། དེ་ང་ཚོས་པར་བརྒྱབ་པའི་སྐབས་ཀྱི་བརྒྱུད་རིམ་ནང་བཞིན་ཤར་བ་ལྟར་མ་རེད། གང་ཡིན་ཟེར་ན། སེམས་ནང་གཟུགས་བརྙན་ཞིག་ཤར་བར་བྱེད་པ་ལ་ཤེས་པའམ་སེམས་ཐེ་རུ་གཏོགས་པ་ཞིག་དགོས་ཀྱི་ཡོད་པས་ཡིན། ང་ཚོར་དྲན་ཤེས་ཡོད་ཀྱང་རུང་མེད་ཀྱང་རུང་། དངོས་པོ་ཞིག་མཐོང་གི་ཡོད་ཀྱང་རུང་མེད་ཀྱང་རུང་། ཡིན་ནའང་ད་དུང་དེ་ཤེས་པའི་རྣམ་པ་ཞིག་རེད། 

ཡིད་ཀྱི་བྱེད་ལས་དེ་དེང་སང་གློག་ཀླད་འཕྲུལ་ཆས་ཀྱི་བྱེད་ལས་དང་གཅིག་པ་མིན། ང་ཚོས་གློག་ཀླད་ཀྱི་ཐེབས་གཞོང་ལ་མཛུབ་གནོན་བྱེད་པ་དང་གློག་གི་སྐུལ་ཤུགས་ལྟ་བུ་དེ་འཕྲུལ་ཆས་ནང་འཛུལ་ནས་དེས་གློག་གི་སྐུལ་ཤུགས་དེ་བསྒྱུར་ནས་གཟུགས་བརྙན་ཤིག་བཟོས་པར་བརྟེན་བརྙན་འཕྲིན་གྱི་གསང་ཡོལ་སྒང་ལ་ཤར་བ་དང་། སྒྲ་སྒམ་ནས་སྒྲ་ཐོས་པ་སོགས་ཡོང་གི་ཡོད། ང་ཚོས་གློག་ཀླད་ལ་ཤེས་པའི་རིགས་འདྲ་པོ་ཞིག་ཡོད་པ་བཤད་ཆོག་གི་རེད། གང་ཡིན་ཟེར་ན། གློག་ཀླད་ཀྱིས་བཅོས་མའི་བློ་གྲོས་ཀྱི་སྒོ་ནས་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད། འོན་ཀྱང་གློག་ཀླད་ནི་མི་ལྟ་བུ་སེམས་ཅན་གཞན་དང་གཅིག་པ་མ་རེད། ང་ཚོ་དང་གློག་ཀླད་བར་ཁྱད་པར་ག་རེ་ཡོད་ཅེ་ན། ང་ཚོས་ཡིད་ཀྱི་བྱེད་ལས་དང་འབྲེལ་བའི་སྒོ་ནས་ཚོར་བ་བདེ་བ་དང་སྡུག་བསྔལ་མྱོང་གི་ཡོད་ཀྱང་། གློག་ཀླད་ལ་བདེ་སྡུག་གི་ཚོར་བ་གང་ཡང་མེད། དཔེར་ན། གློག་ཀླད་ཀྱིས། “ངས་ནོར་འཁྲུལ་གཅིག་བྱས་འདུགཡང་བསྐྱར་བཅོས་པའི་སྐབས་ངས་བྱེད་བཞིན་པའི་ལས་ཀ་དང་འབྲེལ་བའི་ཡིག་སྣོད་དེ་སུབ་ཤོར་སོང་” ཞེས་བསམ་ནས་མི་སྐྱིད་པ་ནམ་ཡང་མི་བྱེད། རེད་དམ་མ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་གློག་ཀླད་ནང་གི་ཡིག་སྣོད་གལ་ཆེན་ཞིག་སུབ་ཤོར་ན། གློག་ཀླད་ལ་མྱོང་ཚོར་གང་ཡང་ཡོང་གི་མེད་ཀྱང། ང་ཚོ་ལ་སྤྲོ་ལངས་པའམ་མི་སྐྱིད་པའི་ཚོར་བ་ཞིག་ཡོང་སྲིད་པ་ལྟ་བུ་རེད།

སྐད་ཅིག་སྐད་ཅིག་པའི་ཡིད་ཀྱི་བྱེད་ལས་འདི་ང་ཚོའི་མི་ཚེའི་སྐད་ཅིག་རེ་རེའི་ནང་ག་རེ་འབྱུང་བཞིན་ཡོད་པ་དེ་ཡིན། སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་ཞིག་ཤར་བ་དང་། དེ་ཡང་ཡིད་དང་འབྲེལ་ནས་བདེ་བ་དང་མི་བདེ་བའི་ཚད་གཞི་ཞིག་མྱོང་གི་ཡོད། ང་ཚོ་གཉིད་ཁུག་པའི་གནས་སྐབས་སུའང་གཟུགས་བརྙན་དེ་མུན་ནག་ལྟ་བུར་ཤར་ཡོང་དུས་ང་ཚོར་དྲན་པ་ཡོང་གི་མེད་པའམ་རྟོགས་ཐུབ་ཀྱི་ཡོད་མ་རེད། ཡིན་ནའང་ཤེས་པའི་ཆ་ཏོག་ཙམ་ཞིག་ཡོད་དགོས། དེ་མེད་ན་ང་ཚོས་ཞོགས་པ་གཉིད་སད་བྱེད་ཆུ་ཚོད་ཀྱི་དྲིལ་བརྡ་ནམ་ཡང་གོ་གི་མ་རེད། ཤེས་པ་དེ་མཐའ་ཅིག་ཏུ་མེད་པ་མ་རེད། ང་ཚོ་ལ་རྨི་ལམ་མེད་པའི་གནས་སྐབས་སུ་ཚོར་བ་ཞིག་ཡོད། དེ་ཚོར་བ་བདེ་སྡུག་གང་ཡང་མ་ཡིན་པའི་བཏང་སྙོམས་ཀྱི་ཚོར་བ་ཞིག་ཀྱང་ཡིན་ཆོག གལ་ཏེ་ང་ཚོ་རྨི་ལམ་རྨིས་པའི་སྐབས་ཡིན་ན། འདོད་ཆགས་དང་ཞེ་སྡང་སོགས་ཉོན་མོངས་དང་མཉམ་དུ་བདེ་བ་དང་མི་བདེ་བའི་ཚོར་བ་ཞིག་ཡོང་ཆོག་པ་གསལ་པོ་རེད། ཡིན་ནའང་ཉོན་མོངས་དེ་དག་སྐད་ཅིག་སྐད་ཅིག་པའི་བརྒྱུད་རིམ་གྱི་ཆ་ཤས་སུ་གཏོགས་པའི་ངེས་པ་མེད།       

ཡིན་དང་ཡིན། ང་ཚོས་གཞི་རྩའི་ཡིད་ཀྱི་བྱེད་ལས་ཀྱི་རང་བཞིན་དྭངས་མའམ་གཙང་མ་ཡིན་པ་ལ་ཡིད་ཆེས་མང་ནས་མང་དུ་སྐྱེ་བའི་ཆེད་མགོ་རྙོག་ཆེ་བའི་བསམ་བློ་གཏོང་སྟངས་མང་པོ་ཞིག་བང་སྒྲིག་ནས་ཡོད། འདི་ནི་དངོས་གནས་དེའི་རྒྱུ་མཚན་མ་རེད། ཡིན་ནའང་ང་ཚོ་ག་ཚོད་ཀྱི་དེ་ལ་བསམ་བློ་བཏང་བ་ཡིན་ན་དེ་ཚོད་ཀྱི་ང་ཚོའི་ཡིད་ཀྱི་བྱེད་ལས་ནང་གི་ཉོན་མོངས་དེ་དག་མེད་པ་བཟོ་ཐུབ་པའི་ཡིད་ཆེས་རྙེད་ཀྱི་ཡོད། 

ཉོན་མོངས་ཀྱི་མཚན་ཉིད་ནི། ཉོན་མོངས་གང་ཞིག་རང་རྒྱུད་ལ་ཡོང་བའི་སྐབས་ང་ཚོའི་སེམས་ཀྱི་ཞི་བདེ་དང་སོ་སོའི་རང་ཚུགས་དེ་བརླག་པར་བྱེད་ཀྱི་ཡོད་པ་ཞིག་ལ་ཟེར། དེའི་མཇུག་འབྲས་ནི། ང་ཚོས་ཉོན་མོངས་དབང་དུ་སོང་སྟེ་ངང་ངམ་ཤུགས་ཀྱིས་རླུང་ལངས་པ་དང་། འདོད་ཆགས་སྐྱེ་བ་སོགས་ཡོང་བ་ལ་བརྟེན་ནས་དཀའ་ངལ་མང་པོ་བཟོ་གི་ཡོད། དཔེར་ན། ང་ཚོས་རང་ཚུགས་ཟིན་མ་ཐུབ་པར་མི་ཞིག་ལ་བསམ་ཤེས་མེད་པའི་སྒོ་ནས་སྐད་ལོག་རྒྱག་པ་དང་ཚིག་ངན་བཤད་པས། ཕྱིས་སུ་ང་ཚོས་གང་བཤད་པ་དེ་ལ་འགྱོད་པ་ཆེན་པོ་སྐྱེ་གི་ཡོད། དེས་ “མི་དགེ་བའི་ནུས་པ་” ཞེས་ཟེར་བ་དེ་བསགས་ཏེ། 

རྗེས་མ་ང་ཚོ་མི་སྐྱིད་པ་ཆགས་ཀྱི་ཡོད།གལ་སྲིད་ང་ཚོས་ཞིབ་ཚགས་པོའི་སྒོ་ནས་མ་འོངས་པའི་དཀའ་ངལ་དེ་དག་སེལ་འདོད་ཡོད་ན། ཐོག་མར་ང་ཚོས་ངེས་པར་དུ་ཉོན་མོངས་དང་རྨོངས་པ་དེ་དག་མེད་པ་བཟོ་དགོས། དེ་དག་མེད་པ་བཟོ་ཐུབ། གང་ཡིན་ཟེར་ན། དེ་ཚོ་ང་ཚོའི་སེམས་དང་ཡིད་ཀྱི་བྱེད་ལས་ལ་དང་པོ་ཉིད་ནས་ཡོད་པའམ་ལྷན་སྐྱེས་སུ་ཡོད་པའི་སེམས་ཀྱི་རང་བཞིན་ཞིག་མིན་པ་མ་ཟད། ཡིད་ཀྱི་བྱེད་ལས་སྐད་ཅིག་སྐད་ཅིག་ལ་ཡོང་སྡོད་ཀྱི་ཡོད་པའི་སྐོར་བསམ་བློ་མང་ཙམ་བཏང་བ་ཡིན་ན། དེ་ལ་ཁྱད་ཆོས་ཡག་ཤོས་ཤིག་ཡོད་པ་ནི། ཡིད་ཀྱི་བྱེད་ལས་དེས་ག་རེ་ཡིན་ནའང་ཤེས་ཐུབ་ཀྱི་ཡོད་པ་དེ་རེད། ང་ཚོས་ཤེས་ཐུབ་ཀྱི་ཡོད་པ་དེ་རེད། དེ་མིན་ང་ཚོ་ལ་བྱམས་པ་དང་སྙིང་རྗེ་སོགས་བཟང་ཕྱོགས་དང་དགེ་བའི་ཆ་མང་པོ་ཡོད་པ་རེད། བཟང་ཕྱོགས་ཀྱི་ཆ་འདི་དག་ནི་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་གོང་ནས་གོང་དུ་སྤེལ་ཐུབ་པ་ཞིག་ཡིན། 

ད་ཁྱད་པར་ག་རེ་ཡོད་ཅེ་ན། ངན་པ་མི་དགེ་བའི་ཆ་དེ་དག་རྨོངས་པ་ལ་བརྟེན་ཡོང་བ་དང་། བཟང་ཕྱོགས་ཀྱི་ཆའམ་དགེ་བའི་ཆ་དཔེར་ན། བསམ་ཤེས་ལྡན་པ་པ་ལྟ་བུ་ནི་དངོས་པོའི་གནས་ལུགས་གང་ཡིན་པ་ལ་བརྟེན་ནས་ཡོང་གི་ཡོད། དཔེ་ལས་སླ་པོ་ཞིག་བཞག་ན། རྨོངས་པ་ནི། “ང་འཇིག་རྟེན་འདིའི་ནང་གི་གཙོ་བོའམ་གལ་ཆེ་ཤོས་དེ་ཡིན། ལས་ཀ་ཚང་མ་ངས་གང་བསམ་པ་ནང་བཞིན་ཡོང་དགོས།ང་རྟག་ཏུ་མི་ཚང་མས་དོ་སྣང་བྱེད་ས་དེ་ཡིན་དགོས་” ཤེས་བསམ་པ་ལྟ་བུ་ཡིན་ཆོག་གི་རེད། དེ་འདྲ་ཡིན་དུས་སོ་སོ་མིས་དོ་སྣང་བྱེད་ས་དང་དགའ་མོས་བྱེད་ས་ཞིག་མི་ཆགས་པ་དང་། རང་ཉིད་ཀྱིས་གང་བསམ་པ་ལྟར་མ་བྱུང་ན། ཁོང་ཁྲོ་ཟ་ནས་ཁྱི་ལྟར་མི་གཞན་ལ་ཟུག་སྐད་དང་ངར་སྐད་བརྒྱབ་པ་སོགས་ “ངའི་བསམ་པ་ནང་བཞིན་ཁྱེད་ཀྱིས་བྱས་མ་སོང་” ཞེས་ལབ་པ་དེ་དག་ཐམས་ཅད་ནི་རྨོངས་པའི་དབང་གིས་ཡོང་གི་ཡོད། དོན་ངོ་མ་ནི་ང་ཚོ་ཚང་མ་འདིར་གཅིག་པ་རེད། མི་ཚང་མ་སོ་སོའི་འདོད་པ་ལྟར་དགོས་ཀྱི་ཡོད་ཀྱང་། དེ་ནི་ཡོང་ཐབས་མེད་པ་ཞིག་རེད། དངོས་ཡོད་གནས་ཚུལ་ལ་ང་ཚོ་མི་ཚང་མ་དང་བསྟུན་དགོས་ཤིང། ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱི་འཚོ་ཐབས་དེ་ཤེས་དགོས་ཀྱི་ཡོད། 

འགོག་པ་དངོས། ༼འགོག་བདེན།༽

ང་ཚོས་ག་ཚོད་ཀྱི་དཔྱད་པ་བྱེད་པ་ཡིན་ན་དེ་ཚོད་ཀྱི་ང་ཚོའི་རྨོངས་པ་དེ་ལ་བརྟན་པོ་ཞིག་དང་ནུས་པ་དང་ལྡན་པ་ཞིག་མེད་པ་དང་། དེ་ནོར་བ་ཡིན་པ་ཤེས་ཐུབ། དེ་ལས་ལྡོག་སྟེ། རྨོངས་པ་དང་བྲལ་བའི་ཡང་དག་པའི་རྟོགས་པ་ནི། ང་ཚོས་བདེན་པ་ཁུང་སྐྱེལ་བྱེད་ཐུབ་པ་ཞིག་ཡིན། དེར་བརྟེན་གོ་རྟོགས་དེ་རྨོངས་པ་ལས་ཤུགས་ཆེ་བ་དང་ལྗིད་གོག་ཆེ་བ། དེ་བཞིན་གལ་གནད་ཆེ་བ་ཞིག་ཡིན། གལ་ཏེ་ང་ཚོས་ཏིང་ངེ་འཛིན་དང་ཚུལ་ཁྲིམས་ཀྱི་སྒོ་ནས་དུས་རྟག་ཏུ་དངོས་པོའི་གནས་ལུགས་ལ་ཡང་དག་པའི་རྟོགས་པ་སྐྱེ་བ་ཡིན་ན། རྨོངས་པ་དེ་སླར་ཡོང་ཡག་གི་གོ་སྐབས་ནམ་ཡང་མེད་པར་རྩ་བ་ནས་མེད་པ་བཟོ་ཐུབ།

འདི་ནི་སྐྱབས་འགྲོའི་དོན་གྱི་སྙིང་པོ་དེ་ཡིན། དེ་ཡང་ང་ཚོའི་མི་ཚེའི་ནང་ཁ་ཕྱོཌ་གང་འདྲ་ཞིག་འཇོག་གི་ཡོད་པ་དང་། དོན་དག་གང་འདྲ་ཞིག་ཡིན་པ། དམིགས་ཡུལ་གང་འདྲ་ཞིག་ཡོད་ཟེར་ན། དམིགས་ཡུལ་ནི། འགོག་པ་དངོས་སམ་འགོག་པའི་བདེན་པ་སྟེ། རྨོངས་པ་ཐམས་ཅད་རྩ་བ་ནས་བཀག་སྟེ་སླར་འབྱུང་རྒྱུ་མེད་པ་བཟོ་བ་དེ་ཡིན། ང་ཚོས་ཚེ་འདི་དང་ཕྱི་མ་གང་གི་ཆ་ནས་བཤད་ནའང་། རྨོངས་པ་ནི་ང་ཚོའི་དཀའ་ངལ་གྱི་རྒྱུ་ངོ་མ་དེ་རེད། རྨོངས་པ་དེ་ནམ་ཡང་མི་འབྱུང་བ་རྩ་བ་ནས་སྤོང་ཐུབ། དེའི་རྒྱུ་མཚན་ནི། རྨོངས་པ་ང་ཚོའི་སེམས་ལ་དང་པོ་ཉིད་ནས་སམ་ལྷན་སྐྱེས་སུ་ཡོད་པ་ཞིག་མ་ཡིན་པའི་ཕྱིར། ཡང་དག་པའི་རྟོགས་པ་རྨོངས་པའི་ཚབ་བྱེད་ནས་རྨོངས་པ་རྩ་མེད་བཟོ་ཐུབ། ང་ཚོ་རྨོངས་པ་དང་བྲལ་བ་ཡིན་ན། ཉོན་མོངས་མེད་པར་འགྱུར་བ་དང་། ང་རང་ཚོ་སོ་སོ་ལ་དཀའ་སྡུག་གི་རིགས་བཟོ་གི་མ་རེད།

འདི་ལ་རྣམ་པ་མི་འདྲ་བ་གཉིས་ཡོད། གཅིག་ནི་ང་ཚོས་ངན་ཕྱོགས་ཀྱི་ཆ་ཉོན་མོངས་ཐམས་ཅད་མེད་པ་བཟོ་ཐུབ་པ་དང་། གཉིས་པ་ནི་བཟང་ཕྱོགས་དགེ་བའི་ཆ་ཐམས་ཅད་གོང་འཕེལ་དུ་གཏོང་ཐུབ་པ་དེ་གཉིས་ཡིན། དེ་ལས་བཟང་ཕྱོགས་ཀྱི་ཆ་ནི་ཡང་དག་པའི་རྟོགས་པ་དེ་རེད། དེ་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་བརྗོད་བྱའམ་སྒྲོམ་གཞི་གཙོ་བོར་གྱུར་བའི་འཕགས་པའི་བདེན་པ་བཞི་དང་འབྲེལ་བ་ཞིག་ཡིན། བདེན་པ་དང་པོ་ནི། སྡུག་བསྔལ་བདེན་པ་སྟེ། ང་ཚོར་འཕྲད་པའི་དཀའ་ངལ་གྱི་རིགས་ཡོད་ཚད་ཚང་མ་ལ་གོ་དགོས། གཉིས་པ་ནི། ཀུན་བྱུང་བདེན་པ་སྟེ། དེ་ནི་ང་ཚོའི་རྨོངས་པ་དེ་རེད། གསུམ་པ་ནི། འགོག་པའི་བདེན་པ་སྟེ། དེ་འཐོབ་ཐུབ་པ་ཞིག་དང་ཐོབ་ནས་རྨོངས་པ་དངོས་སུ་སླར་འབྱུང་རྒྱུ་མེད་པའི་སྒོ་ནས་འགོག་ཐུབ་པ་དེ་རེེད། བདེན་པ་མཐའ་མའམ་བཞི་པ་ནི། ལམ་གྱི་བདེན་པ་སྟེ། དེ་ལ་བརྟེན་ནས་འཐོབ་བྱ་འགོག་པའི་བདེན་པ་དེ་འཐོབ་ཀྱི་ཡོད།འོན་ཀྱང་ལམ་ཟེར་བའི་ཚིག་འདི་བེད་སྤྱོད་བྱེད་པའི་སྐབས་ང་ཚོས་དེ་ནི་ “རྟོགས་པའི་ཚུལ་དེ་ལམ་གྱི་བྱེད་ལས་ལྟ་བུར་” གོ་དགོས། དེ་ཡང་འགོག་པའི་བདེན་པ་འཐོབ་པར་བྱེད་པའི་གོ་རྟོགས་དེ་ཡིན་པ་དང་། ཉོན་མོངས་ཀྱི་ཆ་ལག་ཡོངས་སུ་རྫོགས་པ་སྤངས་པ་ལས་བྱུང་བའི་རྟོགས་པ་དེ་ཡིན།

ང་ཚོའི་མི་ཚེའི་ནང་འགོག་བདེན་འཐོབ་འདོད་ཡོད་པ་དང་། སེམས་ཀྱི་ལམ་བདེན་གྱི་ཁ་ཕྱོགས་སུ་བསྐྱོད་འདོད་ཡོད་པ་ནི་གསལ་པོ་རེད། དེ་ནི་ཆོས་ལ་སྐྱབས་སུ་འགྲོ་བ་དེ་རེད། ང་ཚོས་སོ་སོ་ཡར་རྒྱས་གཏོང་གི་ཡོད་ཟེར་དུས་དེ་འདྲ་བའི་ལམ་གྱི་བདེན་པ་བསྒྱུད་དེ་འགོག་པའི་བདེན་པ་དེ་འཐོབ་དགོས་པ་ལ་གོ་བ་ཡིན།     

ང་ཚོས་ངན་ཕྱོགས་ཉོན་མོངས་པའི་ཆ་མེད་པ་བཟོ་ཐབས་གང་ཡོང་ཅི་ཡོང་བྱེད་ཀྱི་ཡོད་པ་དང་། བཟང་ཕྱོགས་དགེ་བའི་ནུས་པ་རྣམས་རྟོགས་ཐབས་བྱེད་ཀྱི་ཡོད། ང་ཚོས་དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་ནི། ང་ཚོ་ལ་འཇིགས་སྣང་ཞིག་ཡོད་པ་རེད། གནོད་འཚེ་མེད་པའི་འཇིགས་སྣང་གི་ཐོག་ནས་བཤད་ན། ང་ཚོ་ད་ལྟའི་གནས་སྟངས་ནང་བཞིན་སྡོད་པ་དང་། ང་ཚོ་ལ་རྒྱུ་ནོར་ལོངས་སྤྱོད་ག་ཚོད་ཡོད་ནའང་འདྲ། སྐད་གྲགས་ཆེན་པོ་དང་གྲོགས་མང་པོ་ཡོད་ཀྱང་། ད་དུང་དཀའ་ངལ་མང་པོ་ཡོང་རྒྱུ་རེད། དེ་གང་ཡིན་ཟེར་ན། ང་ཚོ་ད་དུང་འདོད་རྔམས་ཅན་ཞིག་ཆགས་རྒྱུ་དང་། ཉེན་སྲུང་མེད་པ་ཆགས་རྒྱུ། ཁོང་ཁྲོ་ཟ་རྒྱུ་ལ་སོགས་པའི་དབང་གིས་ཉོན་མོངས་འཕེལ་བར་བྱེད་ཀྱི་ཡོད། དེ་དག་ལ་ང་ཚོ་འཇིགས་སྣང་ཞིག་སྐྱེ་ནས་དེ་ལས་ཐར་ཐབས་ཡོད་པ་ཤེས་ཀྱི་རེད། དེ་ནི་དཔེར་ན། ང་ཚོ་མེ་ཡིས་ཚིག་མི་ཡོང་ངམ་བསམ་པའི་འཇིགས་སྣང་སྐྱེ་བ་ནང་བཞིན་རེད། ཡིན་ནའང་ང་ཚོས་གཟབ་གཟབ་བྱེད་པ་ཡིན་ན། མེ་ཡིས་མི་ཚིག་པ་བྱེད་ཐུབ་ཀྱི་ཡོད། འཇིགས་སྣང་ཞིག་ཡོད་པ་ནི་གནོད་འཚེ་མེད་པའི་འཇིགས་སྣང་དེ་ཡིན་པས་དེ་ལས་ཐར་ཐབས་ཡོད་པ་རེད། སྐབས་འདིར་ང་ཚོས་འཁྲུལ་སྣང་ཅན་གྱི་སྨྱོ་ནད་སྐོར་བཤད་ཀྱི་མེད།        

གལ་ཏེ་ང་ཚོ་མུ་མཐུད་དེ་དམིགས་བསལ་རང་གི་གྲོགས་པོ་དང་སྤུན་མཆེད་ལ་ཁོང་ཁྲོ་སྟོན་པ་ཡིན་ན། ང་ཚོ་ལོ་ན་རྒས་དུས་ག་རེ་ཡོང་མིན་ང་ཚོས་ཤེས་ཀྱི་ཡོད། ང་ཚོ་རྒས་འཁོགས་ཆགས་ཁེར་རྐྱང་ལུས་ནས་སུ་གཅིག་གིས་ཐུག་འཕྲད་དུ་ཡོང་འདོད་མེད་པ་དང་། སུས་ཀྱང་བལྟ་རྟོག་བྱེད་འདོད་མེད་པ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། སོ་སོ་ཁོང་ཁྲོ་ཚ་པོ་དང་སྤྲོ་ཐུང་ཐུང་ཡིན་པས་གཞན་སུས་ཀྱང་དཀའ་སྡུག་དེ་འཁུར་འདོད་མེད། བྱས་ཙང་། སུ་གཅིག་གིས་ཁྱེད་རང་མཉམ་དུ་སྡོད་རྒྱུ་དགའ་པོ་མི་བྱེད་པ་ཡིན། དེའི་ཐབས་ཤེས་ལ་ང་ཚོ་ཕྲུ་གུ་མང་པོ་བཟོ་ནས་ཁོ་ཚོས་མ་འོངས་པར་ང་ལ་ལྟ་སྐྱོང་བྱ་རྒྱུའི་འགན་འཁུར་དཀྲི་བའམ། ཡང་ན་སོ་སོའི་དངུལ་ཁང་དུ་དངུལ་མང་པོ་བཅོལ་ནས་མ་འོངས་པར་རྒས་འཁོགས་གཅེས་སྐྱོང་ཁང་ནང་བདེ་པོ་བྱས་ནས་སྡོད་རྒྱུ་བྱུང་ན་བསམ་པ་དེ་ཙམ་གྱིས་དཀའ་ངལ་སེལ་ཐུབ་ཀྱི་མ་རེད། གང་ཡིན་ཞེ་ན། ད་དུང་ང་ཚོ་སྡུག་བསྔལ་མྱོང་རྒྱུ་རེད། སྐད་ཆ་ཁ་རུ་ཁ་ཐུག་བཤད་པ་ཡིན་ན། ང་ཚོ་སོ་སོ་རང་གི་གཤིས་སྤྱོད་ལ་བསྒྱུར་བ་གཏོང་དགོས་པ་དེ་ཡིན།

 མི་ཚང་མ་ལ་འགྱུར་བ་གཏོང་ཐུབ་པའི་ནུས་པ་ཡོད།

 ང་ཚོའི་རང་གཤིས་དེ་བརྟན་ཚུགས་པ་ཞིག་དང་རང་བཞིན་ཞིག་ཡོད་ཅེས་ཡང་ནས་ཡང་དུ་བསམ་གྱི་ཡོད། “ང་རླུང་ཚ་པོ་ཡོད། ང་རང་གི་གཤིས་ཀ་དེ་ག་རང་རེད། ཁྱེད་རང་དེ་དང་མཉམ་དུ་སྡོད་ཐུབ་པ་ཞིག་བྱེད་ན་ཡག་པོ་རེད་མ་གཏོགས་ངས་འགྱུར་བ་གཏོང་མི་ཐུབ་” ཅེས་བསམ་པས་ཡོང་ཐབས་མེད་པ་རེད། རེད་དམ་མ་རེད། ང་ཚོས་ངན་ཕྱོགས་ཀྱི་ཉོན་མོངས་དེ་དག་ཐམས་ཅད་མེད་པ་བཟོས་ནས་བཟང་ཕྱོགས་དགེ་བའི་ཆ་དེ་དག་རྟོགས་པར་བྱེད་ཐུབ། གནོད་འཚེ་མེད་པའི་འཇིགས་སྣང་གི་སྒོ་ནས། གལ་སྲིད་རང་སོ་སོ་ཡར་རྒྱས་མ་བཏང་ན། ག་རེ་ཆགས་ཡོང་བསམ་པ་དང་། དེའི་སྒང་ལ་ང་ཚོས་ཉོན་མོངས་ཀྱི་ཆ་དེ་དག་མེད་པ་བཟོ་ཐུབ་པ་དང་། བཟང་ཕྱོགས་ཀྱི་ཆ་རྣམས་གོང་འཕེལ་དང་སྲ་བརྟན་བཟོ་ཐུབ་པའི་གདེང་ཚོད་ཅིག་ཡོད་པ་ཡིན་དུས། ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་འདི་མི་ཚེའི་ནང་ལག་ལེན་བསྟར་གྱི་རེད། 

གལ་ཏེ་ང་ཚོས་འདི་ཐེག་པ་ཆེན་པོའི་ལུགས་ནང་བཞིན་རྒྱ་ཆེ་བའི་ལམ་གྱི་སྒོ་ནས་བཤད་ན། འདིའི་སྟེང་དུ་སྙིང་རྗེ་བསྣོན་དགོས། གཞི་རྩའི་ཐེག་པ་ཆེན་པོའི་ལྟ་བ་ནི། ང་ཚོ་མི་གཞན་སུ་འདྲ་ཞིག་ལ་ཁོང་ཁྲོ་ཟ་གི་ཡོད་ན་ཡང་མི་དེ་ལ་རོགས་པ་གང་འདྲ་སེ་བྱེད་དགོས་པ་དེ་ཡིན། ང་ཚོས་དངོས་གནས་དྲང་གནས་གཞན་ལ་རོགས་བྱེད་འདོད་ཡོད་ཀྱང་། ཁོང་ཁྲོ་དང་། ཕྲག་དོག འདོད་ཆགས་སོགས་ཀྱི་དབང་དུ་ཤོར་ནས་གནས་སྟངས་སྡུག་ཏུ་གཏོང་གི་རེད་བསམ་པའི་འཇིགས་སྣང་ཡོང་གི་ཡོད། ང་ཚོས་ཉོན་མོངས་དང་རྨོངས་པ་མེད་པ་བཟོ་བའི་སྒོ་ནས་གཞན་ལ་རོགས་པ་ཡག་ཐག་ཆོད་བྱེད་ཐུབ། དོན་ངོ་མ་གཞན་ལ་རོགས་པ་བྱེད་འདོད་ཡོད་པ་ཡིན་ནའང་། དངོས་གནས་རོགས་པ་ཡག་པོ་ཞིག་བྱེད་ཐུབ་ཀྱི་མ་རེད་བསམ་པའི་འཇིགས་སྣང་སྐྱེ་གི་ཡོད། གང་ཡིན་ཟེར་ན། ང་ཚོ་ལ་བཟོད་སྒོམ་དང་བསམ་ཤེས་འདང་ངེས་ཤིག་མེད་པའི་རྟགས་རེད། ང་ཚོ་ཕན་པའི་ཚབ་ལ་གནོད་པ་མང་བ་བཟོ་ཡོང་བསམ་པའི་འཇིགས་སྣང་དེ་ཡོད། གཅིག་བྱས་ན། ང་ཚོ་སོ་སོའི་ཕྲུ་གུ་གསོ་སྐྱོང་བྱེད་ཐུབ་ཀྱི་མ་རེད་བསམ་པའི་འཇིགས་སྣང་ཡང་ཡོད་པ་རེད། དེ་ནི་ཡག་པོ་ཞིག་མ་རེད། རེད་དམ་མ་རེད། འཇིགས་སྣང་དེ་ལ་བརྟེན་ནས་ང་ཚོ་སོ་སོ་ཡར་རྒྱས་གཏོང་སྟེ་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོའི་ཕྱོགས་སུ་ཁྲིད་པར་བྱེད་ཀྱི་ཡོད།

ཆོས་ཕྱོགས་ཀྱི་བྱ་བཞག་ནི་དངོས་གནས་ང་ཚོའི་ཉིན་རེའི་བྱ་བཞག་དང་འབྲེལ་བ་ཡོད་པ་ཞིག་རེད། སྐྱབས་འགྲོ་དང་འབྲེལ་བའི་ཐོག་ནས་བཤད་ན། ང་ཚོ་དཀའ་ངལ་དང་གནས་སྟངས་ཐད་ཧ་ཅང་དྲང་པོ་རེད། ང་ཚོ་ཚང་མ་ལ་དཀའ་ངལ་དང་ཉོན་མོངས་དེ་ཚོ་ཡོད་པ་རེད། དམིགས་བསལ་གང་ཡང་ཡོད་མ་རེད། རིགས་མི་འདྲ་བའི་ཁྱད་པར་གྱིས་ཁ་ཤས་ལ་ཤུགས་ཆེ་བ་ཡོད་སྲིད་ཀྱང་། ང་ཚོ་ཚང་མ་ལ་སེམས་ཚོར་གྱི་དཀའ་ངལ་དེ་དག་ཡོད་ཡོད་པ་རེད། འདིར་ང་ཚོས་མི་སེམས་ཁམས་མཐའ་ཅིག་ཏུ་ཐང་པོ་མེད་པ་ཞིག་གི་སྐོར་བཤད་ཀྱི་མེད། ང་ཚོས་མི་མང་ཆེ་བས་སེམས་ཁམས་ཐང་པོ་ཡོད་པར་བརྩི་བའི་སྐོར་བཤད་ཀྱི་ཡོད། ཡིན་ནའང་ང་ཚོས་སྐབས་རེ་ཁོང་ཁྲོ་ཟ་བ་དང་། སྐབས་རེ་རྔམས་སེམས་སྐྱེ་བ། སྐབས་རེ་རང་གཅེས་འཛིན་གྱི་དབང་དུ་ཤོར་བ། སྐབས་རེ་ཕྲག་དོག་བྱེད་པ་སོགས་ནི་སྤྱིར་བཏང་གི་མི་ཐང་པོ་ཞིག་ཡིན་པར་བརྩི་གི་ཡོད། དེ་ནི་ཉེན་ཚབས་ཅན་ཞིག་རེད།ང་ཚོས་བསམ་པར། དེ་ནི་སྤྱིར་བཏང་དང་མི་ཐང་པོ་ཞིག་རེད། འགྲིག་པ་རེད་བསམ་གྱི་ཡོད། དངོས་ནས་བྱས་ན་དེ་མ་འགྲིག་པ་རེད། གང་ཡིན་ཟེར་ན། དེས་སོ་སོ་དང་གཞན་ལ་རོགས་པ་བྱེད་དགོས་བསམ་པ་དེ་ཚོ་ལ་དཀའ་ངལ་བཟོ་གི་ཡོད། 

ང་ཚོའི་དམིགས་ཡུལ་དེ་ཁོང་ཁྲོ་ཟ་ནའང་བཟོད་སྒོམ་བྱས་ནས་གནས་ཐབས་བྱེད་པ་ཙམ་ཞིག་དང། སོ་སོའི་སེམས་ནང་དེས་དཀྲོག་རྐྱེན་བྱེད་པའི་སྐབས་དེའི་དབང་དུ་མ་ཤོར་བ་བྱེད་པ་ཙམ་ཞིག་དང། ཡང་ན་དེའི་ནུས་ཤུགས་ཆུང་དུ་གཏོང་བ་ཙམ་ཞིག་མ་ཡིན་པར། ང་ཚོའི་དམིགས་ཡུལ་ནི། ཉོན་མོངས་དེ་དག་རྩ་བ་ནས་མེད་པ་བཟོ་རྒྱུ་དེ་རེད། ང་ཚོ་དངོས་པོའི་གནས་ལུགས་ཐད་གོ་རྟོགས་ཉུང་ངུ་ཡོད་པ་ཙམ་མ་ཡིན་པར། དེའི་གོ་རྟོགས་ཆ་ཚང་བ་ཞིག་གོང་འཕེལ་དུ་གཏོང་དགོས།དཔེར་ན། ང་ཚོ་ཇི་ལྟར་གནས་ཀྱི་ཡོད་པ་དང། གཞན་ཐམས་ཅད་ཇི་ལྟར་གནས་པ། འཛམ་གླིང་འདི་ཇི་ལྟར་གནས་ཡོད་པ་སོགས་རྟག་ཏུ་ང་ཚོས་ཤེས་དགོས་པ་ཡིན། དེ་ལྟར་ཤེས་པའི་ནུས་པ་ཆ་ཚང་བ་དེ་ང་ཚོར་ཡོད། གང་ཡིན་ཟེར་ན། ང་རང་ཚོའི་གཞི་རྩའི་སེམས་ཀྱི་རང་བཞིན་ངོ་མ་ནི་དྭངས་ཤིང་གཙང་ལ་བཟང་ཕྱོགས་ཀྱི་ནུས་པ་ཚང་མ་ཡོད་པ་ཞིག་རེད། །

 མཐོང་ཆོས་སུ་གྱུར་བའི་སངས་རྒྱས་ཀྱི་ཡོན་ཏན།༼ཀུན་རྫོབ་ཀྱི་རིམ་པ།༽

ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོའི་ཡུལ་གྱི་སྐོར་བཤད་པའི་སྐབས་སངས་རྒྱས་དང་། ཆོས། དགེ་འདུན་གསུམ་གྱི་སྐོར་བཤད་ཀྱི་ཡོད་རེད། འདི་གསུམ་ཤེས་པ་ལ་རིམ་པ་ཁ་ཤས་ཡོད། དཀོན་མཆོག་གསུམ་པོ་རེ་རེ་ལ་མཐོང་ཆོས་སུ་གྱུར་བ་ ༼ཀུན་རྫོབ་ཀྱི་རིམ་པ་༽ དང་། གཏིང་ཟབ་ཤོས་ ༼དོན་དམ་གྱི་རིམ་པ།༽ དེ་དག་མཚོན་པར་བྱེད་པ་ ༼བརྡར་བཏགས་པའི་རིམ་པ་༽ བཅས་ཡོད་པ་ལས།དང་པོ་ང་ཚོས་དེ་དག་གི་མཐོང་ཆོས་སུ་གྱུར་བའི་ཡོན་ཏན་རྣམས་ལ་བལྟ་ན།      

སངས་རྒྱས་ཀྱི་སྐུ་གཟུགས་ལ་དམིགས་བསལ་གྱི་ཁྱད་པར་དུ་འཕགས་པའི་ཡོན་ཏན་མང་པོ་ཡོད། དཔེར་ན། སངས་རྒྱས་རྣམས་ནི་སྐད་ཅིག་གིས་གང་སར་ཕེབས་ཐུབ་པ་དང་། སྐུ་གཟུགས་གྲངས་མེད་དུ་སྤྲུལ་ཐུབ་པ། དུས་གཅིག་རང་ལ་ས་ཕྱོགས་གང་སར་རླུང་ལྟར་བསྐྱོད་ཐུབ་པ་སོགས་སངས་རྒྱས་ཀྱི་སྐུའི་ཡོན་ཏན་རྣམས་ཡིན། དེ་དག་ནི་ཧ་ལས་དགོས་པ་ཞིག་དང་ལས་སླ་པོ་ཡིད་ཆེས་སླེབས་ཀྱི་མ་རེད། དེ་ཙམ་དུ་མ་ཟད། སངས་རྒྱས་ཀྱིས་ཆོས་གསུང་སྐབས་ཚང་མས་སོ་སོའི་སྐད་ཀྱི་ཐོག་ནས་དོན་གོ་བ་དང་། ས་ཐག་ག་ཚོད་ཀྱི་རྒྱང་ཐག་རིང་པོ་ཡོད་ཀྱང་ད་དུང་ཡང་ཁོང་གི་གསུང་སྐད་གསལ་པོ་བྱས་ནས་གོ་ཐུབ་པ་སོགས་གསུང་གི་ཡོན་ཏན་རྣམས་ཡིན། དེ་སྒང་ལ་སངས་རྒྱས་ནི། སེམས་ཅན་ཐམས་ཅད་ལ་བརྩེ་ཞིང་ཐམས་ཅད་མཁྱེན་པ་ཡིན་པ་དང་། ཀུན་ལ་གཅིག་མཚུངས་ཀྱིས་བྱམས་པ་གནང་མཁན་དང་། ཚང་མ་དུས་གཅིག་ལ་ཤེས་ཐུབ་པ་སོགས་ནི་ཐུགས་ཀྱི་ཡོན་ཏན་རྣམས་ཡིན།    

སླར་ཡང་། ཡོན་ཏན་འདི་རྣམས་ཧ་ལས་དགོས་པ་ཞིག་དང་། ཡིད་ཆེས་དཀའ་བ་ཞིག་རེད། དེ་འདྲ་ཡིན་དུས། གལ་ཏེ་ང་ཚོས་སངས་རྒྱས་ནི་དེ་འདྲ་ཞིག་ཡོད་པ་རེད་བསམ་ནས་བསམ་བློའི་གནས་ཚད་དེ་རིམ་པ་དེ་རང་ལ་བཞག་པ་ཡིན་ན། ང་ཚོར་གོ་བ་ལོག་སྒྲུབ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཞེ་དྲག་ཡོད། དེ་ནི་འཇིག་རྟེན་ལས་འདས་པའི་སྐྱེ་བུ་ཧ་ལས་དགོས་པ་ཕལ་ཆེར་བྱེད་པོ་དཀོན་མཆོག་ལྟ་བུ་ཞིག་གི་ཕྱོགས་སུ་འགྲོ་གི་ཡོད་པ་འདྲ་པོ་ཡོད། མ་རེད་པས། ཡིན་ནའང་ཐམས་ཅད་མཁྱེན་པ་ཟེར་བའི་དོན་ནི། སངས་རྒྱས་ཀྱིས་འཛམ་གླིང་ནང་ཡོད་པའི་མི་ཚང་མའི་ཁ་པར་ཨང་གྲངས་ག་རེ་ཡིན་ཤེས་ཀྱི་ཡོད་པར་གོ་བ་མིན། དེའི་གོ་དོན་གང་རེད་ཟེར་ན། སངས་རྒྱས་ཀྱིས་ཀུན་གྱི་གནས་སྟངས་དང་དེའི་རྒྱུ་རྐྱེན་སྐྱེ་བ་མང་པོའི་སྔ་རོལ་ནས་བྱུང་བ་ཡིན་པ་དང་། དེ་དག་གིས་ཤུགས་རྐྱེན་སྤྲད་པའི་རྒྱུ་རྐྱེན་ཚང་མ་ཤེས་ཀྱི་ཡོད་པ་རེད་ཟེར་གྱི་ཡོད། སངས་རྒྱས་ཀྱིས། མི་ཞིག་ལ་ཆོས་གསུངས་པའི་སྐབས། མི་འདི་ལ་ཆོས་གསུངས་པའི་འབྲས་བུ་གང་ཡོང་གི་འདུག མི་འདི་ཙམ་མིན་པ་མི་དེ་དང་འབྲེལ་བ་བྱེད་མཁན་དེ་ཚོ་ལའང་གང་ཡོང་གི་ཡོད་པ་དགོངས་པའི་ཐོག་ནས་ཆོས་གསུངས་ཀྱི་ཡོད་པ་རེད། དེར་བརྟེན་སངས་རྒྱས་ཀྱིས་ཆོས་གསུངས་སྟངས་ཀྱི་ཐབས་ལམ་ཡག་ཤོས་དེ་མཁྱེན་གྱི་ཡོད། དེ་ནི་དཔེ་ཡག་པོ་མི་འདུག་གམ། དེ་འདྲ་བྱེད་ཐུབ་ན་དངོས་གནས་ཡག་པོ་ཡོད་རེད། 

སངས་རྒྱས་ཀྱིས་ང་ཚོ་ལ་ཕན་ཡག་ཤོས་ཐོགས་ཐབས་དེ་ག་རེ་ཡིན་པ་མཁྱེན་གྱི་ཡོད་པར་ང་ཚོ་ལ་གདེང་ཚོད་ཏོག་ཙམ་ཡོད། དེ་ཡང་སངས་རྒྱས་ཀྱིས་ངའི་སྐད་མཁྱེན་གྱི་ཡོད་པ་དང་། ང་རང་ལ་ག་དུས་རོགས་པ་དགོས་ན་ངའི་མདུན་དུ་ཁོང་ལམ་སེང་ཕེབས་ཀྱི་རེད། ཅེས་ང་ཚོས་སངས་རྒྱས་ནི། འཇིག་རྟེན་བྱེད་པོ་དཀོན་མཆོག་ལྟ་བུ་ཞིག་ཡིན་པ་བསམ་ན། དེ་ནི་ཏོག་ཙམ་སོ་སོ་སྒེར་གྱི་བདེ་སྡུག་དོན་དག་འདྲ་པོ་ཆགས་འགྲོ་གི་ཡོད། དཔེར་ན། “ཁོང་གིས་ང་རང་སྒེར་ལ་རོགས་པ་བྱེད་ཐུབ་པ་དང་། ངའི་བདེ་སྡུག་སངས་རྒྱས་ཀྱིས་མཁྱེན་པ་མ་གཏོགས་གཞན་སུ་གཅིག་གིས་ཧ་གོ་གི་མ་རེད་” ཅེས་བསམ་གྱི་ཡོད་ནའང་། ང་ཚོས་ཤེས་གསལ་ལྟར།སངས་རྒྱས་ཀྱིས་ཀུན་ལ་བྱམས་བརྩེ་གཅིག་པ་གནང་གི་ཡོད་པ་རེད། དེ་ལ་ང་ཚོས་ “དེ་ཧ་ལས་པའི་ཡག་པོ་རེད། ཡིན་ནའང་ཁོང་གིས་གཞན་ལས་ང་ལ་བྱམས་བརྩེ་མང་བ་གནང་དགོས་པ་འདོད་ཀྱི་ཡོད། ད་དུང་ཡང་འགྲིག་གི་འདུག” ང་ཚོས་གང་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར་སངས་རྒྱས་ཀྱིས་ང་ཚོ་ཚང་མ་ལ་བྱམས་བརྩེ་གཅིག་པ་གནང་གི་ཡོད་པ་རེད། ང་ཚོས་ཁོང་ལ་གསོལ་བ་བཏབ་པ་དང་མཆོད་པ་མ་ཕུལ་ནའང་ཁོང་གིས་ང་ཚོ་ལ་རོགས་པ་གནང་རྒྱུ་ཡིན་ཤག་རེད། དེ་ནི་ང་ཚོས་གང་ཡང་འགྲོ་སོང་མ་བཏང་བ་དཔེ་ལས་སླ་པོའི་སྒོ་ནས་གོང་ཚད་སྒྲིག་པ་འདྲ་པོ་ཆགས་པ་རེད། དེ་ཙམ་མ་ཟད་སངས་རྒྱས་ལ་བཟོད་སྒོམ་ཧ་ཅང་ཆེན་པོ་ཡོད་པ་རེད། ང་ཚོ་དགེ་རྒན་གཞན་དང་བླ་མ་གཞན་བསྟེན་པ་དང་། ཆོས་ལུགས་གཞན་ཞིག་འདམ་པ་ཡིན་ན། ཁོང་ནམ་ཡང་ཕྲག་དོག་གནང་གི་མ་རེད་ལ་ཁྲོ་གཏུམ་ཅན་དང་། གནམ་ནས་ཐོག་བརྒྱབ་པ་སོགས་གནོད་པ་ནམ་ཡང་བསྐྱལ་གྱི་མ་རེད། བྱས་ཙང་། དེ་ནི་ཉེན་ཚབས་མེད་པ་ཞིག་རེད་བསམ་གྱི་ཡོད།

ང་ཚོས་དྲན་ཤེས་ཡོད་པའི་ཐོག་ནས་བྱེད་ཀྱི་ཡོད་ནའང་འདྲ། དྲན་ཤེས་མེད་པའི་ཐོག་ནས་བྱེད་ཀྱི་ཡོད་ནའང་འདྲ། འདི་ནི་སྤྱིར་བཏང་གི་ནོར་འཁྲུལ་ཞིག་རེད། ང་ཚོས་སངས་རྒྱས་ནི་འཇིག་རྟེན་བྱེད་པོ་དཀོན་མཆོག་གི་ཚབ་འདྲ་པོ་ཞིག་ལ་བལྟ་བ་ཡིན་ན། དེ་ནི་ཉེན་སྲུང་ཆེ་བ་དང་རིན་གོང་སྒྲིག་སླ་བ་འདྲ་པོ་ཆགས་ཀྱི་ཡོད།ནང་ཆོས་ནང་གང་གསུངས་ཡོད་རེད་ཟེར་ན། སངས་རྒྱས་ཀྱིས་ང་ཚོ་ནམ་ཡང་མི་བསླུ་བ་དང་བློ་ཕམ་དུ་མི་འཇུག་པ་སོགས་མང་པོ་གསུངས་ཡོད་པ་རེད། དེ་ཚོ་དཔེ་ཡག་པོ་འདྲ་པོ་ཡོད། ཡིན་ནའང་ང་ཚོས་ནང་པའི་གཞུང་ལུགས་ཁག་ལ་མུ་མཐུད་སྦྱངས་ན། ང་ཚོས་རྐང་པར་ཟུག་པའི་ཚེར་མ་ཕྱིར་འདོན་པ་ནང་བཞིན་ང་ཚོའི་སྡུག་བསྔལ་ཁོང་གིས་ཕྱག་གིས་ཕྱིར་འདོན་ཐུབ་ཀྱི་མ་རེད་ཟེར་བ་དེ་ཤེས་ཡོང་གི་རེད། སངས་རྒྱས་ནི་ནུས་མཐུ་ཀུན་ལྡན་ནམ་མཐུ་བོ་ཆེ་ཞིག་མ་ཡིན་པ་དེ་ང་ཚོས་དངོས་གནས་ཧ་ཅང་དོ་གལ་ཆེན་པོ་བརྩིས་ཏེ་དང་ལེན་བྱེད་ཀྱི་མེད། དེ་ནི་མཐོང་ཆོས་སུ་གྱུར་བའི་སངས་རྒྱས་ཀྱི་རིམ་པ་སྟེ། གང་ཟག་གཅིག་ལ་སྤྱིར་བཏང་བསམ་བློ་གཏོང་སྟངས་ཤིག་རེད། ང་ཚོས་གོ་རྟོགས་དེ་ཙམ་ཞིག་ལ་བཞག་དགོས་མ་གཏོགས་དེ་ལས་འདས་པའི་གཏིང་ཟབ་པོ་ཕྱིན་པ་ཡིན་ན། སངས་རྒྱས་ནི་སྒེར་གྱི་འཇིག་རྟེན་བྱེད་པོ་དཀོན་མཆོག་ལྟ་བུ་ཞིག་གི་ཚབ་བྱས་ནས་ང་ཚོ་སྐྱོབ་མཁན་ཞིག་ལ་བརྩི་ཡག་གི་ཉེན་ཁ་ཡོད།        

སངས་རྒྱས་ནི་སྐུ་འདྲ་དང་ཐང་ཀས་མཚོན་པ་བྱས་ཡོད། འགྲིག་གི་རེད། དེ་ཚོ་སྙིང་རྗེ་པོ་འདུག ཡིན་ནའང་ང་ཚོས་སངས་རྒྱས་ཀྱི་སྐུ་འདྲ་དེ་ཡེ་ཤུ་རྣམ་དག་ཆོས་པའི་འདྲ་སྐུ་དང་ནོར་སྲིད་ཀྱི་རེད་དམ། དེ་ག་རེ་རེད། ང་ཚོ་ཁ་ཆེས་བཤད་པ་ནང་བཞིན་ལྷ་སྐུ་ལ་མཆོད་པ་བྱེད་མཁན་ཆགས་པ་རེད་དམ། འདིར་གནད་དོན་ངོ་མ་དེ་ག་རེ་ཡིན་ནམ། ང་ཚོ་དངོས་གནས་སྐུ་འདྲ་ཞིག་གི་མདུན་དུ་གུས་ཕྱག་འཚལ་དགོས་སམ། ངའི་བསམ་པར། ང་ཚོའི་གོ་རྟོགས་བྱུང་བའི་སངས་རྒྱས་ཀྱི་རིམ་པ་འདི་ཙམ་ལ་བཞག་ན་དཀའ་ངལ་མང་པོ་ཡོད་པ་དང་། དེ་ལ་གོ་བ་ལོག་པ་ཡོང་བའི་ཉེན་ཁ་ཡོད་པ་རེད། ཡིན་ནའང་མི་ཁ་ཤས་ལ་སངས་རྒྱས་ཀྱི་རིམ་པ་འདི་འདྲ་ཞིག་ལ་བཞག་ནས་བསམ་བློ་བཏང་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད། གང་ལྟར་ཡང་། དེ་ནི་གོ་རྟོགས་གཏིང་ཟབ་ཤོས་དེ་མ་རེད། རིམ་པ་འདིའི་སྐབས་སངས་རྒྱས་ནི་ཕལ་ཆེར་འཇིག་རྟེན་བྱེད་པོ་དཀོན་མཆོག་གི་གཟུགས་བརྙན་འདྲ་པོ་སྐུ་འདྲ་དང་རི་མོས་མཚོན་པར་བྱས་ཏེ་དེ་ལ་ཕྱག་འཚལ་བ་དང་མཆོད་པ་ཕུལ་བ་ལྟ་བུ་ཆགས་ཀྱི་ཡོད།

མཐོང་ཆོས་སུ་གྱུར་བའི་ཆོས་ཀྱི་ཡོན་ཏན། ༼ཀུན་རྫོབ་ཀྱི་རིམ་པ།༽ 

མཐོང་ཆོས་སུ་གྱུར་བའི་ཆོས་ཀྱི་རིམ་པའི་ཆོས་ནི་གསུང་རབ་ཚང་མ་ལ་གོ་དགོས།དེ་ནི་སངས་རྒྱས་ཁོང་ཉིད་ནས་གང་རྟོགས་པ་དང་། རྟོགས་ནས་གསུངས་པའི་ཆོས་རྣམས་རེད། སྤྱི་ཡོངས་གོ་རྟོགས་ཀྱི་ཆ་ནས་བཤད་ན། ང་ཚོ་ལ་སོ་སོ་སྒེར་གྱི་དཀོན་མཆོག་དང་། སངས་རྒྱས། དེ་བཞིན་གསུང་རབ་ཡོད། ཁ་ཆེའི་ཆོས་ལུགས་ཀྱི་གསུང་རབ་ཀོ་རཱན་དང་ཡེ་ཤུའི་གསུང་རབ་བྷཱ་ཡི་བཱལ་གྱི་ཚབ། དཱ་ང་ལ་སངས་རྒྱས་ཀྱི་གསུང་རབ་དཔེ་ཆ་ཡོད་པ་རེད། དེ་ནི་ངའི་ཡེ་ཤུའི་གསུང་རབ་ནང་བཞིན་དེའི་ནང་ཡོད་པའི་ཚིག་འབྲུ་གཅིག་ཡིན་ཡང་རྩ་ཆེན་པོ་བརྩི་གི་རེད། དེ་ལ་ང་ཚོས་གུས་ཞབས་བྱེད་དགོས། འོན་ཀྱང་སངས་རྒྱས་རང་ཉིད་ཀྱི་ཞལ་ནས་གསུངས་པ་ལྟར་ན། “ང་ལ་གུས་ཞབས་ཡོད་པའི་དབང་གིས་ངས་གང་བཤད་པ་དེ་ལ་ཡིད་ཆེས་བྱེད་མི་རུང་། སོ་སོས་གསེར་ཉོ་བ་ནང་བཞིན་བརྟག་དཔྱད་བྱེད་དགོས་” ཞེས་སངས་རྒྱས་ཀྱིས་དུས་རྟག་ཏུ་ཁོང་གི་གང་གསུངས་པ་དེ་ལ་རྗེས་འཇུག་པ་ཚོས་བརྟག་ཞིབ་བྱེད་དགོས་པའི་སེམས་སྐུལ་གནང་གི་ཡོད། ཡིན་ནའང་ང་ཚོ་ལེ་ལོའི་དབང་དུ་ཤོར་སྐབས་ཚང་མ་ལ་དཔྱད་པ་བྱེད་འདོད་སླེབས་ཀྱི་མེད། རིམ་པ་འདིའི་ཐོག་ནས་ཉིན་རེའི་མི་ཚེ་དང་འབྲེལ་བ་ཡོད་པ་ནི། སངས་རྒྱས་ཀྱིས་ང་ཚོ་ལ་བརྩེ་བ་ཡོད་པ་དང་ང་ཚོ་མཁྱེན་གྱི་ཡོད་པས། རྩ་ཆེན་གྱི་གསུང་རབ་ནང་དུ་ཆོས་སྲོལ་ལམ་ལུགས་ཆ་ཚང་གསུངས་ཡོད་པ་རེད་ཅེས་མིག་བཙུམ་ནས་རྗེས་སུ་འཇུག་པ་དེ་མི་ཚེ་ནང་འགྲིག་གི་ཡོད་ཀྱང་། ནང་པ་སངས་རྒྱས་པའི་ཆོས་ཟེར་དུས་དེ་འདྲ་རང་མ་རེད། དེས་མི་ཁ་ཤས་ལ་འགྲིག་འགྲོ་གི་ཡོད། ཡིན་ནའང་ནང་ཆོས་ཡེ་ཤུའི་ཆོས་ལུགས་ཀྱི་རིགས་འདྲ་པོ་ཞིག་བཟོ་རྒྱུའི་དམིགས་ཡུལ་དེ་མ་ཡིན།

མཐོང་ཆོས་གྱུར་བའི་དགེ་འདུན་གྱི་ཡོན་ཏན། ༼ཀུན་རྫོབ་ཀྱི་རིམ་པ།༽

བྱས་ན། དགེ་འདུན་དེ་གང་འདྲ་ཞིག་རེད། སྟབས་མ་ལེགས་པ་ཞིག་ལ་ནུབ་ཕྱོགས་སུ་ནང་པའི་ཆོས་ཚོགས་ནང་ཡོད་མཁན་ཚོགས་མི་ཚང་མ་ལ་སངྒྷའམ་དགེ་འདུན་ཞེས་བརྗོད་པའི་གོམས་གཤིས་ཞིག་ཆགས་ཡོད། དེ་ནི་བོད་སྐད་དང་ལེགས་སྦྱར་སྐད་ནང་གི་ཚིག་གི་དམིགས་དོན་ངོ་མ་དེ་མ་རེད། ཡིན་ནའང་མི་མང་པོ་ཞིག་ལ་དགེ་འདུན་ཟེར་དུས་ཡེ་ཤུའི་གཙུག་ལག་ཁང་ལྟ་བུ་ནང་པའི་ཆོས་ཀྱི་འདུས་སྡེའི་ཚོགས་མི་ཙམ་ལ་གོ་གི་ཡོད་པ་རེད། དེ་ཡིན་ན། ཚོགས་མི་དེ་ཚོ་ཁ་ཤས་ལ་དཀའ་ངལ་འཕྲད་སྐབས། ཆོས་ཚོགས་ལ་དངོས་གནས་ཀྱི་སྐྱབས་སུ་འགྲོ་གི་ཡོད་དམ། ད་ངས་ཆོས་ཀྱི་བསྟི་གནས་དེ་འདྲ་བ་གལ་ཆེན་པོ་མ་ཡིན་ཞེས་ནམ་ཡང་བཤད་ཀྱི་མེད། ཆོས་ཚོགས་དེའི་རིགས་ནི་མི་བསམ་ཚུལ་མཐུན་པ་རྣམས་ཀྱིས་དམིགས་ཡུལ་གཅིག་ལ་ཤུགས་རྒྱག་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་ས་ཞིག་རེད། དེ་ཡོད་འདྲ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་སྐྱབས་སུ་འགྲོ་ཡུལ་དེ་མ་རེད།       

དགེ་འདུན་གྱི་རིམ་པ་གཞན་ཞིག་ནི། དགོན་པ་གྲྭ་ཚང་ལ་གོ་ཆོག བྱས་ཙང་དེ་ནི་ནང་པའི་གྲྭ་པ་དང་བཙུན་མ་རྣམས་རེད། ཡིན་ནའང་ང་ཚོ་ལ་མིག་དཔེར་འོས་ཤིང་སྐྱབས་གནས་དགེ་འདུན་གྱི་སྡེར་བརྩི་འོས་པའི་གྲྭ་བཙུན་ནམ་རྒྱུན་རྙེད་ཀྱི་མེད། རྙེད་ཀྱི་རེད་དམ། མི་ཁ་ཤས་དཀའ་ངལ་མང་པོ་ཡོད་པ་དང་སེམས་མི་སྐྱིད་པ་དེ་ཚོས་གྲྭ་ཆས་གྱོན་མཁན་དེ་འདྲ་ཡོད་ཀྱང་། ད་དུང་ཁོང་ཚོ་དངོས་གནས་རང་ཉིད་འགྱུར་བཅོས་དང་ཡར་རྒྱས་གཏོང་ཆེད་ལྷག་བསམ་རྣམ་དག་གིས་གྲྭ་བཙུན་བྱས་པ་ཡིན་ན། ང་ཚོས་ཁོང་ཚོ་ལ་གུས་ཞབས་དང་རྒྱབ་སྐྱོར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་གྲྭ་བཙུན་ཁ་ཤས་གྲྭ་ཆས་དེ་མི་ཚེའི་དཀའ་ངལ་ལས་གཡོལ་བའི་ཆེད་དུ་གྱོན་མཁན་ཡང་ཡོད། དེ་ཡང་ངའི་གྲོགས་པོ་ཞིག་གིས། “གྲྭ་ཆས་གྱོན་པ་དེ་ཁ་ལག་རིན་མེད་རག་ཡག་གི་ཆེད་དུ་ཡིན་” ཞེས་བརྗོད་པ་ལྟ་བུ་རེད།

ད་དུང་དགེ་འདུན་གྱི་རིམ་པ་གཞན་ཞིག་ཀྱང་ཡོད་པ་རེད། དེ་ནི་ང་ཚོས་གསང་སྔགས་ཉམས་ལེན་པ་སྔགས་པ་དེ་ཚོས་གསུངས་པ་གོ་མྱོང་ཡོད་སྲིད། དེ་ཡང་ཁོ་ཚོས། དགེ་འདུན་ཟེར་དུས་གསང་སྔགས་ཀྱི་ལྷ་སྤྱན་རས་གཟིགས་དང་། རྗེ་བཙུན་སྒྲོལ་མ། འཇམ་དཔལ་དབྱངས་སོགས་ལ་གོ་གི་ཡོད་པར་གསུངས། ད་ང་ཚོས་མ་ཡུམ་ཆེན་མོ་དང་བདག་ཉིད་ཆེན་མོ་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་བཏབ་རྒྱུ་མགོ་བཙུག་སྲིད་པ་དང་། ཁོང་གིས་ང་ཚོ་སྐྱོབས་ཀྱི་རེད་བསམ། ཡི་དམ་གྱི་ལྷ་དེ་ཚོ་ལ་ངས་ནམ་རྒྱུན་གསང་སྔགས་ཀྱི་ལྷ་ཟེར་གྱི་ཡོད། དེ་ཚོ་ནི་བྱེད་པོ་དཀོན་མཆོག་དེ་སངས་རྒྱས་ལྟ་བུ་དང་། དེ་དང་ཐག་ཉེ་རུ་གཏོང་མཁན་གྱི་བར་མི་སྐྱེས་བུ་དམ་པ་ (saints) ཞིག་རྩ་བ་ནས་མ་རེད།

 སངས་རྒྱས་ཆོས་དང་དགེ་འདུན་གྱི་གོ་དོན་ཟབ་ཤོས། ༼དོན་དམ་གྱི་རིམ་པ།༽

གལ་སྲིད་ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་གྱི་དོན་ཟབ་ཤོས་དེ་ལ་གཅིག་བལྟས་པ་ཡིན་ན། ང་ཚོས་ཆོས་ཀྱི་གོ་དོན་ཟབ་ཤོས་ནི་རྨོངས་པ་ཐམས་ཅད་དངོས་སུ་ཡང་དག་པར་འགོག་པ་དང་། རང་གི་སེམས་རྒྱུད་ལ་བདེན་པ་མངོན་སུམ་དུ་རྟོཌ་པའམ། ལམ་མངོན་སུམ་རྟོགས་པ་ཞིག་ལ་གོ་གི་ཡོད། དེ་ནི་ཆོས་ངོ་མ་དེ་རེད དེ་ང་ཚོའི་སེམས་རྒྱུད་ལ་རྟོགས་པ་ཡིན་ན། ང་ཚོ་སྡུག་བསྔལ་ལས་སྐྱོབས་ཐུབ་ཀྱི་ཡོད། ང་ཚོའི་རྨོངས་པ་དང་ཉོན་མོངས། རྣམ་རྟོག་དང་དཀའ་ངལ་ཚང་མ་མེད་པ་ཆགས་ནས་རྟོགས་པ་ཕུན་སུམ་ཚོགས་པའི་སྒོ་ནས་གནས་རིམ་དེ་འདྲ་ཞིག་འཐོབ་ཐུབ་ཀྱི་ཡོད། སངས་རྒྱས་ནི། རྟོགས་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། ང་རང་ཚོ་སོ་སོས་རྟོགས་པ་དེ་ཇི་ལྟར་འཐོབ་དགོས་པའི་ཐབས་ལམ་གསུང་མཁན་དེ་རེད། དགེ་འདུན་ཟེར་དུས་དངོས་གནས་བྱས་ན་འཕགས་པའི་དགེ་འདུན་ངོ་མ་དེ་ལ་གོ་དགོས་ཀྱི་ཡོད། འཕགས་པའི་དགེ་འདུན་ནི། ཚད་མཐོ་བའི་ཉམས་ལེན་གནང་མཁན་གྱི་རྟོགས་པ་དང་ལྡན་པའི་གང་ཟག་ཅིག་རེད། ཡིན་ནའང་དེ་དག་གིས་འགོག་པའི་བདེན་པ་དང་། རྟོགས་པ་ཕུན་སུམ་ཚོགས་པའམ། སྤངས་རྟོགས་ཀྱི་ཡོན་ཏན་ཚང་མ་མིན་པ་ཁ་ཤས་རྟོགས་མཁན་གྱི་ཉམས་ལེན་པ་དེ་ཚོ་རེད། དངོས་གནས་བྱས་ན། ང་ཚོས་སྤོང་དགོས་པའི་རྨོངས་པ་ལ་རིམ་པ་དང་ཚད་མི་འདྲ་བ་མང་པོ་ཡོད་པ་དང་། དེ་དག་ལ་ཁ་གཏད་གཅོག་མཁན་ནུས་ཤུགས་ཇེ་རྒྱས་སུ་འགྲོ་བའི་རྟོགས་པའི་རིམ་པ་མང་པོ་ཞིག་ཀྱང་ཡོད་པ་རེད། དེ་དག་ཐམས་ཅད་མེད་པ་ཟོ་རྒྱུ་རིམ་པ་བཞིན་ཡོང་གི་རེད། འཕགས་པའི་དགེ་འདུན་གྱིས་ནི་དེ་དག་ཁ་ཤས་མ་གཏོཌ་ད་དུང་ཡང་དེ་དག་ཐམས་ཅད་ཡོངས་སུ་གང་བའི་ཐུམ་སྒྲིལ་གཅིག་ལ་སྤངས་ཐུབ་མེད་པས། ཁོང་རྣམས་ནི་དེ་དག་ཐམས་ཅད་མེད་པ་བཟོ་ཆེད་ལམ་ལ་ཕེབས་བཞིན་པའི་གནས་སྐབས་རེད། 

ང་ཚོའི་མི་ཚེའི་ཉིན་རེའི་བྱ་བཞག་ནང་སངས་རྒྱས་དང་འཕགས་པའི་དགེ་འདུན།སྔོན་བྱོན་རྒྱ་གར་དང་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་དང་། ད་ལྟ་འཚོ་བཞུགས་ཀྱི་སྐྱེས་ཆེན་ཁ་ཤས་དངོས་གནས་ང་ཚོ་ལ་སེམས་འགུལ་ཐེབས་པའི་མཛད་འཕྲིན་སྐྱངས་དང་སྐྱོང་བཞིན་ཡོད་པས། ང་ཚོ་ལ་རེ་བ་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་པ་རེད། ང་ཚོས་༧གོང་ས་མཆོག་ལྟ་བུའི་སེམས་སྐུལ་གནང་མཁན་མཇལ་གྱི་ཡོད། ཁོང་དེ་འདྲ་བ་གང་འདྲ་བྱས་ནས་ཆགས་པ་རེད་ཟེར་ན། དེ་ནི་ཆོས་ཀྱི་ཉམས་ལེན་ལ་བརྟེན་ནས་ཆགས་པ་རེད། ཁོང་སངས་རྒྱས་ཡིན་ཡང་རུང་། མ་ཡིན་ཡང་རུང་འབྲེལ་བ་ཅི་གང་མེད། ང་ཚོ་ཁོང་འདྲ་པོ་ཆགས་པ་ཡིན་ན། དེ་དཔེ་ཡག་པོ་རེད། ངས་ཁོང་གིས་ནང་ཆོས་ཀྱི་གནད་དོན་གང་ལ་ཡིན་ནའང་གསུང་ཐུབ་ཀྱི་ཡོད་པ་དང་། ཁོང་མཁས་པ་ཆེན་པོ་དང་། གྲུབ་པ་ཆེན་པ་དང་། བླ་མ་སློབ་དཔོན་ཐམས་ཅད་ལས་ཀྱང་ཡང་དག་པ་ཞིག་རེད་བརྗོད་ཀྱི་མེད། ཁོང་གིས་འཆར་གསལ་དུས་ཚོད་རེའུ་མིག་ལ་བཏང་འཛིན་གནང་སྟངས་དང་། འཇམ་གླིང་ཡུལ་གྲུ་གང་སར་དུས་རྟག་ཏུ་ཕེབས་ནས་གསུང་ཆོས་གནང་བ་དང་རོགས་པ་གང་ཐུབ་གནང་གི་ཡོད་པ་རེད། དེ་འདྲ་གནང་གི་ཡོད་ནའང་། ཁོང་ནི་རྒྱ་ནག་གི་དགྲ་བོ་ཨང་དང་པོ་དེ་རེད།  རྒྱ་མི་དུང་ཕྱུར་གཅིག་ལྷག་གིས་ཁོང་ཉིད་བདུད་འདྲ་པོ་བརྩི་བ་དང་།ཁོ་ཚོས་རང་གི་མི་དམངས་ལ་གང་སྡུག་སྡུག་བྱས་ནའང་། ད་དུང་ཁོང་གིས་ཁོང་ཚོ་ལ་བྱམས་དང་སྙིང་རྗེས་གནང་གི་ཡོད་པ་དེ་ཁྱེད་ཀྱི་བསམ་བློ་འཁོར་ཐུབ་ས་འདུག་གམ། སྐུ་རླུང་མེད་པར་ཐུགས་སྤྲོ་པོ་དང་ཞི་བདེའི་ངང་ནས་ཕྱག་ལས་གནང་ཐུབ་ཀྱི་ཡོད་པ་རེད། དེ་ནི་ཧ་ལས་དགོས་པ་ཞིག་རེད། རེད་དམ་མ་རེད། ང་ཚོས་ཉོན་མོངས་མེད་པ་བཟོས་ནས་རྟོགས་པ་རྒྱུད་ལ་སྐྱེས་མེད་ན་དེ་ལྟར་གང་འདྲ་སེ་བྱེད་ཐུབ་ཀྱི་རེད། དེ་ནི་ཡོང་ཐབས་མེད། ཁོང་སངས་རྒྱས་ཡིན་དང་མིན་གྱི་སྐད་ཆ་དེ་འབྲེལ་བ་གང་ཡང་མེད། 

ང་ཚོས་སངས་རྒྱས་ཀྱི་ཡོན་ཏན་ནང་བཞིན་ཚང་མ་དེ་དང་མཚུངས་བསྡུར་བྱེད་མི་ཐུབ་པ་ཡོང་སྲིད་ཀྱང་། ༧གོང་ས་མཆོག་ལྟ་བུའི་ཡོན་ཏན་རྣམས་མཐོང་བ་དེས་ང་ཚོ་སེམས་འགུལ་ཐེབས་ཀྱི་ཡོད། གལ་སྲིད་མི་ཞིག་ཁོང་གི་གནས་རིམ་བཞིན་སླེབས་པ་ཡིན་ན། སེམས་ཀྱི་རང་བཞིན་དྭངས་ཤིང་གཙང་བ་ཡིན་པ་དང་། སེམས་ལ་ནུས་པ་ཡོད་པ་བརྩིས་དགོས་ཤིང་། ང་ཚོས་ག་རེ་བྱས་ནས་དེ་འདྲ་བྱེད་ཐུབ་ཀྱི་མེད་པ་རེད། བྱེད་ཐུབ་ཀྱི་རེད། ང་ཚོ་ཚང་མས་བྱེད་ཐུབ་ཀྱི་ཡོད། ཡིན་དང་ཡིན་དེ་ལ་དཀའ་ལས་ཆེན་པོ་རྒྱག་དགོས་པ་རེད། ཡིན་ནའང་དེའི་ཕྱོགས་སུ་འགྲོ་ན་དོན་དང་ལྡན་པ་རེད། ༧གོང་ས་མཆོག་སངས་རྒྱས་དང་འདྲ་མཚུངས་སུ་བཞག་ན། ད་ལྟ་ཡོད་བཞིན་པའི་བླ་མ་རྩ་ཆེན་པོ་ཁ་ཤས་ལ་༧གོང་ས་མཆོག་ནང་བཞིན་ཡོན་ཏན་ཚང་མ་མེད་སྲིད་ཀྱང་། དེ་དག་དགེ་འདུན་དང་འདྲ་མཚུངས་སུ་བཞག་ན་དགེ་འདུན་གྱི་ཡོན་ཏན་ཁ་ཤས་ཡོད་པ་རེད། དེས་ཀྱང་ང་ཚོ་ལ་སེམས་ཤུགས་སྤར་བ་དང་སེམས་འགུལ་ཐེབས་པ་བྱེད་ཀྱི་རེད། 

༧གོང་ས་མཆོག་དང་བླ་མ་རྩ་ཆེན་གཞན་རྣམས་ལ་འདྲ་མཚུངས་ག་རེ་ཡོད། ཁོང་རྣམས་ཀྱིས་འདོད་ཆགས་དང་། ཞེ་སྡང་། གཏི་མུག་སོགས་གནས་ཚད་ལ་དཔག་པའི་སྤངས་ཡོད་པ་རེད། བྱམས་པ་དང་སྙིང་རྗེ། བཟོད་སྒོམ་སོགས་ཡོན་ཏན་ཁྱད་པར་ཅན་ཐོབ་ཡོད་རེད། ང་ཚོས་བླ་མ་སོ་སོ་ལ་དཔག་པའི་གནས་རིམ་གྱི་གོ་འཕང་འཐོབ་ཐུབ་ཀྱི་ཡོད་པ་ཤེས་ཐུབ། སངས་རྒྱས་དང་མི་ལ་རས་པ་དེ་བཞིན་ལོ་རྒྱུས་ནང་ཡོད་པའི་སྐྱེས་ཆེན་དམ་པ་རྣམས་ལ་བསམ་བློ་གཏོང་བ་ཙམ་མ་ཡིན་པར། འདི་ནི་ངས་བཤད་པ་ནང་བཞིན་དངོས་ཡོད་འཚོ་ཞིང་བཞུགས་པའི་དཔེ་མཚོན་རེད། ལོ་རྒྱུས་ནང་གི་སྐྱེས་ཆེན་དམ་པ་རྣམས་ལ་བསམ་བློ་གཏོང་ཡག་དེ་ཕལ་ཆེར་ཁག་པོ་ཡོད། ང་ཚོས་ལོ་རྒྱུས་མཛད་རྣམ་དང་། རྟོགས་བརྗོད་དེ་ཚོ་སྙན་པོ་ཚོར་སྲིད་ཀྱང་། ང་ཚོས་དེ་འདྲ་ཞིག་བྱུང་ཡོད་རེད་ཅེས་དངོས་གནས་དྲང་གནས་ཡིད་ཆེས་བྱེད་ཐུབ་ཀྱི་རེད་དམ། ང་ཚོས་གུ་རུ་རིན་པོ་ཆེ་མེ་ཏོག་པདྨ་ལས་འཁྲུངས་པ་བཤད་ཀྱི་ཡོད། དངོས་གནས་ང་ཚོས་ཡིད་ཆེས་བྱེད་ཐུབ་བམ། དཔེ་དེ་འདྲ་ང་ཚོ་ལ་འབྲེལ་བ་ཆགས་ཡག་ཁག་པོ་རེད། ཡིན་ནའང་དེའི་ཚབ་ལ། ང་ཚོ་ངན་པའི་ཆ་མེད་པ་དང་། བཟང་བའི་ཆ་དང་ལྡན་པ། ༧གོང་ས་མཆོག་དང་། བླ་མ་རྩ་ཆེན་པོ་དེ་ཚོ་སངས་རྒྱས་ལྟ་བུ་དང་། དགེ་འདུན་ལྟ་བུར་ད་ལྟ་ང་ཚོའི་མདུན་ལ་གང་ཡོད་པ་དེ་དཔེ་མཚོན་དུ་བཞག་ནས་མིག་དཔེ་བལྟ་ཆོག་པ་ཞིག་རེད། ང་ཚོས་དེ་བྱེད་ཐུབ་ཡག་གི་ནུས་པ་ཡོད་པ་ཤེས་ཀྱི་ཡོད། འདི་ནི་ཆོས་ཡིན་པ་དང་འགོག་བདེན་དང་ལམ་བདེན་ནི་ཐོབ་ཐུབ་པའི་དམིགས་ཡུལ་རེད། ང་ཚོས་དེ་བྱེད་ཐུབ་པ་དང་། དེས་ང་ཚོར་མི་ཚེ་བརྟན་པོ་དང་། དོན་དང་ལྡན་པ། ཉེན་ཚབས་མེད་པའི་ཁ་ཕྱོགས་ཤིིིིིག་སྟེར་གྱི་ཡོད། 

ཉིན་རེའི་མི་ཚེ་ནང་གི་ཉེན་མེད་ཁ་ཕྱོགས་སམ་སྐྱབས་འགྲོ། 

ང་ཚོའི་ཁ་ཡོད་ལག་ཡོད་ཀྱི་མི་ཚེའི་ནང་སངས་རྒྱས་དང་། ཆོས། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེའི་དོན་གང་ཡིན་ནམ། དེའི་དོན་ནི་ང་ཚོས་རྟག་ཏུ་དཀའ་ལས་རྒྱག་ནས་རང་ཉིད་ཡར་རྒྱས་གཏོང་གི་ཡོད་པ་དེ་རེད། དེ་འདྲ་སོང་ཙང་། དཔེར་ན། ང་ཚོ་བློ་ཕམ་ཡོང་བ་དང་། ཁོང་ཁྲོ་ཟ་བ། དེ་བཞིན་རང་འདོད་ཚ་པོ་ཆགས་དུས་ང་ཚོས་སྡུག་བསྔལ་ཡོང་གི་ཡོད་པ་དེ་ཡག་ག་ཧ་གོ་བ་དང་དོ་སྣང་བྱེད་ཀྱི་ཡོད།དེ་ནི་ལྗིད་གོག་ཆེན་པོ་ཞིག་སོ་སོར་ཚོར་ནས་ང་ཚོས་སོ་སོ་ལ་ཉེས་ཆད་བཏང་ནས། “ང་དཔེ་སྡུག་ཅག་དང་ཞེད་སྣང་ཚ་པོ་རེད། ང་ད་དུང་ཡང་ཁོང་ཁྲོ་ཟ་གི་འདུག” ཅེས་བསམ་བློ་གཏོང་དགོས་པའི་དོན་མིན། དེ་འདྲ་ནི་རྩ་བ་ཉིད་ནས་མ་རེད། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་སྟེ། སྤྱིར་བཏང་ཐང་པོ་ཡོད་པའི་ཆ་ཤས་ཞིག་རེད་བསམ་པ་དེ་ཡང་མ་ཡིན།དེ་འདྲ་ཡིན་ན། ང་ཚོས་ “ག་རེ་ཡིན་ན་ཡིན། གང་ཡིན་པ་དེ་རང་ལ་མུ་མཐུད་དེ་འགྲོ་གི་ཡིན་” ཞེས་བསམ་ནས་ཧ་གོ་བ་དེ་ཡང་མ་རེད། ཡིན་ནའང་ད་དུང་ཉོན་མོངས་ཡིན་པ་དང་། དེ་དག་སྤོང་དགོས་པ་ཤེས་པ་ཙམ་གྱིས་དེ་དག་གི་ནུས་ཤུགས་ཆུང་དུ་གཏོང་ཐུབ་ཀྱི་ཡོད།གནད་དོན་འདི་ག་རེ་རེད་ཟེར་ན། 

ང་ཚོའི་ཉིན་རེའི་མི་ཚེའི་ནང་ཉོན་མོངས་པ་དེ་དག་ཡོང་བའི་སྐབས་ཧ་གོ་བ་བྱས་ནས་དེ་ལ་ཐབས་ཤེས་ཡག་ཤོས་ནི། དེ་དག་འགོག་ཐབས་ཀྱི་ཐབས་ལམ་བཙལ་ནས་དེ་ལས་ཐར་ཐབས་བྱེད་དགོས་པ་དེ་རེད། གལ་ཏེ་ང་ཚོ་ཁོང་ཁྲོ་ཟ་གི་འདུག་ན། དེའི་གཉེན་པོ་ལ་བཟོད་པ་སྒོམ་རྒྱུ་དེ་ཡིན་པ་ཤེས་དགོས། གལ་སྲིད་མི་ཞིག་གིས་ཁྱེད་རང་ལ་སྡུག་ཅག་ཞེད་སྣང་ཚ་པོ་བྱེད་ཀྱི་འདུག་ན། དེས་མི་དེ་སྐྱིད་པོ་མེད་པ་སྟོན་གྱི་ཡོད་པ་དང་། རྒྱུ་རྐྱེན་གང་རུང་ཞིག་གིས་ཁོ་མི་སྐྱིད་པ་བྱེད་ཀྱི་ཡོད། དེར་བརྟེན། མི་དེ་ལ་ཁོང་ཁྲོ་ཟ་རྒྱུའི་ཚབ་ལ་སྙིང་རྗེ་ཏོག་ཙམ་སྐྱེ་དགོས།

ཁ་གསལ་པོར་ཞུས་ན། ང་ཚོ་སོ་སོ་ཁོང་ཁྲོ་ཟ་ཆེད་སོ་སོ་ལ་རླུང་བསྟན་པའི་ཐོག་ཕྱོགས་གཅིག་རང་ལ་གནས་སྡོད་པ་མིན། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས། འགྲིག་གི་རེད། ཚང་མ་འགྲིག་གི་རེད། ཅེས་ལབ་ནས་ཕྲུ་གུ་ཆུང་ཆུང་ནང་བཞིན་བརྩི་གི་མེད། ཡིན་ནའང་ང་ཚོས་ཐབས་ཤེས་གང་ཐུབ་ཐུབ་ཀྱིས་ཁོང་ཁྲོ་དེ་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད། དེ་གང་ཡིན་ཟེར་ན། ང་ཚོས་དེ་ཁོང་ཁྲོ་མེད་པ་བཟོ་ཐུབ་ཀྱི་ཡོད་པ་དེ་ཤེས་ཀྱི་ཡོད། ང་ཚོས་དེ་མ་ཐག་ཏུ་ཁོང་ཁྲོ་མེད་པ་བཟོ་ཐུབ་ཀྱི་མེད་ལ་མེད་པ་བཟོ་ཐུབ་པའི་ངེས་པ་མེད། འོན་ཀྱང་ང་ཚོས་མི་ཚེའི་ནང་ཁ་ཕྱོགསའདིའི་ནང་བསྐྱོད་པར་འདོད་ཀྱི་ཡོད། དེའི་རྒྱུ་མཚན་ནི། ང་ཚོས་ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་དེ་དག་དངོས་གནས་མེད་པ་བཟོ་ཐུབ་པ་ཞིག་ཡིན་པ་ཤེས་ཀྱི་ཡོད། དེར་བརྟེན་ཁ་ཕྱོགས་འདིའི་ཕྱོགས་སུ་བསྐྱོད་པ་དེ་དོན་སྙིང་མེད་པའི་འབད་བརྩོན་གྱི་བསམ་ཕྱོགས་ཤིག་ནི་མ་ཡིན། 

ང་ཚོ་ལ་དཀའ་ངལ་ཞིག་འཕྲད་པའི་སྐབས། བཟོད་སེམས་ཏོག་ཙམ་ཞིག་དང་།བསམ་ཤེས་ཏོག་ཙམ་ཞིག་དང་། ཡང་ན་བྱམས་བརྩེ་ཏོག་ཙམ་ཞིག་ཡོད་པ་དེ་དག་རྒྱས་རྒྱུ་ཡོད་པ་དང་གོང་ནས་གོང་དུ་སྤེལ་ཐུབ་ཀྱི་ཡོད་པ་དེ་ཤེས་དགོས། ང་ཚོས་འདི་དག་ཤུགས་ཆེ་རུ་ཆེ་རུ་གཏོང་ཐུབ། གཞན་གྱིས་དེ་ལྟར་གོང་འཕེལ་དུ་བཏང་ཡོད་ལ། ང་ཚོས་ཀྱང་གཏོང་ཐུབ་ཀྱི་ཡོད། གཞན་ལ་དམིགས་བསལ་གང་ཡང་མེད་ལ། ང་ཚོ་ལའང་དམིགས་བསལ་གང་ཡང་མེད། འདི་ནི་ང་ཚོའི་སྐྱབས་འགྲོ་རེད།འདི་ནི་ང་ཚོ་མི་ཚེའེི་ནང་གི་ཉེན་མེད་ཀྱི་ཁ་ཕྱོགས་དེ་རེད། དེའི་རྒྱུ་མཚན་ནི། ང་ཚོ་ཁ་ཕྱོགས་འདི་ལ་ཇི་ཙམ་གྱི་སྐྱབས་སུ་འགྲོ་བ་དེ་ཚོད་ཀྱི་སོ་སོའི་དཀའ་སྡུག་ལས་སྐྱོབས་ཐུབ་ཀྱི་ཡོད་པས་སོ།།

ཕྱོགས་བསྡོམས།

ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་སྐྱབས་འགྲོ་ཟེར་བའི་དོན་དང་། ང་ཚོས་མི་ཚེའི་ནང་དེ་ཡོད་དགོས་པའི་རྒྱུ་མཚན་ག་རེ་རེད་ཤེས་པ་བྱེད་དགོས། འདི་ནི་ནང་ཆོས་ཉམས་ལེན་གྱི་ནང་གལ་ཆེ་ཤོས་དང་རྨང་གཞི་དེ་བརྩི་གི་ཡོད་རེད། མི་མང་པོ་ཞིག་གིས་འདི་གལ་གནད་དེ་ཙམ་མེད་པར་བརྩི་གི་འདུག དེ་ནི་དཔེ་ངོ་ཚ་དགོས་པ་ཞིག་རེད། ཁ་ཕྱོགས་འདི་འདྲ་ཞིག་ཡོད་མེད་ལ་བརྟེན་ནས་ང་ཚོའི་མི་ཚེའི་ནང་འགྱུར་བ་གལ་ཆེ་ཤོས་དང་ཁྱད་པར་ཆེ་ཤོས་ཞིག་བཟོ་གི་ཡོད་པར་ཆ་འཇོག་བྱེད་ཀྱི་ཡོད། སྐྱབས་འགྲོ་ཟེར་དུས་བླ་མ་མཁན་པོ་སོགས་ཀྱིས་ཆོ་ག་སྒྲུབ་པ་དང་། སྐྲ་ཕུད་ཞུས་པ། བོད་མིང་ཐོབ་པ། སྐེ་ལ་སྲུང་སྐུད་དམར་པོ་ཞིག་བཏགས་ནས་ཆོས་ཚོགས་ནང་ཞུགས་པ་ཙམ་ལ་གོ་རྒྱུ་མེད། དེ་འདྲ་ནི་དངོས་གནས་སྐྱབས་འགྲོའི་གནད་དོན་ཡོངས་སུ་རྫོགས་པ་ཆུང་ཙག་ལ་བརྩིས་ཏེ་དོན་སྙིང་མེད་པར་བཟོ་གི་ཡོད།

ང་ཚོ་ཚང་མས་སོ་སོ་ལ་དྲི་བ་འདྲི་དགོས་པ་ཞིག་ནི། “མི་ཞིག་སྐྱབས་འགྲོ་ལེན་ནས་ནང་པ་བྱས་པ་ཡིན་ན། ངས་མི་ཚེ་སྐྱབས་འགྲོའི་ཁ་ཕྱོགས་སུ་འགྲོ་གི་འདུག་གམ། ངས་ཆོས་ཚོགས་ནང་ཞུགས་པ་ཙམ་ལས་མི་ཚེ་ནང་གལ་གནད་ཅི་འདུག་གམ།” ཞེས་འདྲི་དགོས། གལ་ཏེ་སྐྱབས་འགྲོ་ལེན་པ་དེས་ང་ཚོའི་མི་ཚེའི་ནང་དམིགས་བསལ་གལ་གནད་ཆེ་བའི་འགྱུར་བ་ཞིག་བཏང་མེད་ན། ང་ཚོ་དངོས་གནས་དཀའ་ལས་རྒྱག་ནས་ཡར་རྒྱས་གཏོང་དགོས། རྨང་གཞི་འདི་མེད་པར་ཉམས་ལེན་ཚད་མཐོ་པོ་བྱེད་དགོས་བསམ་ན་གྲུབ་འབྲས་ཐོན་པ་ཞིག་མི་ཡོང་བར་ཕལ་ཆེར་ངེས་པ་རེད།།

Top