ཐུན་མོང་རྩ་བའི་གསང་སྔགས་ཀྱི་སྡོམ་པ།

སྙིང་དོན།

བྱང་ཆུབ་སེམས་དཔའི་སྡོམ་པར་གསང་སྔགས་ཀྱི་རྩ་བ་དང་ཡན་ལག་གི་སྡོམ་པ་ཡོད། དེ་ཡང་ང་ཚོས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བསྲུང་རྒྱུའི་དམ་བཅའ་བྱེད་ཀྱི་ཡོད་པ་དང་། ང་ཚོའི་སེམས་རྒྱུན་དུ་མུ་མཐུད་དེ་སྐྱེ་བ་ཕྱི་མའི་བར་འགྲོ་གི་ཡོད། དགེ་ལུགས་དང་། བཀའ་བརྒྱུད། ས་སྐྱ་བཅས་ཀྱིས་རྒྱུད་སྡེ་བཞི་ལྟར་ན། རྒྱུད་སྡེ་གོང་མ་གཉིས་ ༼རྣལ་འབྱོར་དང་རྣལ་འབྱོར་བླ་མེད་རྒྱུད་༽ ཀྱི་དབང་དང་། རྗེ་གནང་། སྔགས་བཏུས་གང་རུང་གི་སྒོ་ནས་སྡོམ་པ་དེ་དག་གནང་སྲོལ་ཡོད། སྔ་འགྱུར་རྙིང་མའི་ཆོས་ལུགས་ཀྱིས་རྒྱུད་སྡེ་གོང་མ་བཞིའི་ ༼རྣལ་འབྱོར། རྣལ་འབྱོར་ཆེན་པོ། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར་༽ དབང་དང་། རྗེས་གནང་། སྔགས་བཏུས་གང་རུང་གི་སྒོ་ནས་སྡོམ་པ་གནང་གི་ཡོད།

བྱང་ཆུབ་སེམས་དཔའི་སྡོམ་པ་དང་འབྲེལ་བའི་བགྲོ་གླེང་རྒྱས་སྤྲོས་མང་ཆེ་བ་ནི་གསང་སྔགས་ཀྱི་སྡོམ་པར་ཁུངས་བཅོལ་ཡོད།

བྱང་ཆུབ་སེམས་དཔའི་རྩ་བའི་སྡོམ་པ་ཞེས་པར་གཟིགས།༽

གསང་སྔགས་ཀྱི་རྩ་བའི་སྡོམ་པ་རྣམས་ནི། ལས་བཅུ་སྤོང་གི་ཚུལ་ཁྲིམས་རྣམས་ཀུན་དཀྲིས་བཞི་དང་ལྡན་པའི་སྒོ་ནས་བྱས་ཡོད་ན། དེ་དག་སྤོང་རྒྱུ་དང་། དེའི་ནང་སྔགས་ཀྱི་རྩ་ལྟུང་དང་གསང་སྔགས་ཀྱི་སྡོམ་པ་ཤོར་བར་རྒྱུ་བྱེད་པ་བཅས་ཚུད་ཡོད།སྡོམ་པ་དེ་དག་གིས་ང་ཚོའི་མི་ཚེ་བཟོ་ལྟ་མ་བཟོས་པར། གསང་སྔགས་ཉམས་ལེན་ལ་བརྟེན་ནས་དངོས་གྲུབ་དང་རྟོགས་པ་བརྙེས་མི་ཐུབ། དེ་གང་ཡིན་ཞེ་ན། ང་ཚོའི་ཉམས་ལེན་ལ་དགོས་ངེས་ཀྱི་རྒྱབ་རྟེན་མེད་པས་རེད། སྔགས་ཀྱི་རྩ་ལྟུང་ནང་ནས་གཅིག་སྟེ། བྱང་ཆུབ་སེམས་སྤོང་བ་ནི་བྱང་སེམས་གྱི་རྩ་བའི་སྡོམ་པ་དང་གཅིག་ཡིན་པ་དེ་མ་གཏོགས་གཞན་བཅུ་གསུམ་གང་རུང་ཀུན་དཀྲིས་བཞི་པོ་ཆ་ཚང་བ་མེད་པའི་ཐོག་ཉམས་ན། དེས་སྔགས་ཀྱི་སྡོམ་པ་ཞན་དུ་གཏོང་གི་ཡོད། དེ་དག་ང་ཚོའི་སེམས་རྒྱུན་ནས་མེད་པ་བཟོ་གི་མེད།

སྔགས་ཀྱི་རྩ་བའི་སྡོམ་པར་དབྱེ་བ་མི་འདྲ་བ་གཉིས་ཡོད། གཅིག་ནི་དུས་འཁོར་དང་དམིགས་སུ་འབྲེལ་བ་ཞིག་དང་། གཞན་དེ་ནི་དུས་འཁོར་ཐེ་བའི་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐུན་མོང་དང་འབྲེལ་བ་བཅས་གཉིས་ཡིན། སྐབས་འདིར་ང་ཚོས་དུས་རབས་བཅོ་ལྔ་པའི་འགོ་སྟོད་ཙམ་ལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བའི་འགྲེལ་བ་ལྟར། ཐུན་མོང་སྔགས་ཀྱི་རྩ་བའི་སྡོམ་པའི་སྐོར་ཞུ་རྒྱུ་ཡིན། དེ་ལ་ཁ་སྣོན་གྱི་ཚུལ་དུ་དུས་རབས་བཅོ་ལྔ་པའི་ནང་མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པའི་དམ་ཚིག་གསལ་བའི་སྒྲོན་མེ་བེད་སྤྱོད་གཏོང་གི་ཡིན།

སྔགས་སྡོམ་གྱི་རྩ་བའི་སྤང་བྱ་བཅུ་བཞི། ༼ཐུན་མོང་གི་རྩ་ལྟུང་བཅུ་བཞི།༽

༡༽ རྡོ་རྗེ་སློབ་དཔོན་ལ་བརྙས་པ། འདིའི་ཡུལ་ནི་རང་ཉིད་ལ་དབང་དང། རྗེས་གནང་། རྒྱུད་སྡེ་གང་རུང་གི་སྔགས་བཏུས། དཔེ་ཆ་གང་རུང་གི་འགྲེལ་བ་ཆ་ཚང་ངམ་ཕྱེད་ཙམ། ཡང་ན་ཉམས་ལེན་གང་རུང་གི་ལུང་རྒྱུན་ཐོབ་སའི་དགེ་བའི་བཤེས་གཉེན་སུ་འདྲ་ཞིག་ཀྱང་ཡིན་ཆོག །དེ་དག་ལ་བརྙས་པ་ཞེས་པའི་དོན་ནི། ཁོང་རྣམས་ལ་བརྙས་པ་དང་། ནོར་འཁྲུལ་དང་ཆོ་མེད་ཡིན་ཚུལ་བརྗོད་པ། དེ་བཞིན་སེམས་ངན་བཅངས་ནས་གུས་བརྩི་མེད་པའམ། ཡང་ན་ཁོང་རྣམས་ཀྱི་གསུང་ཆོས་དང་བསླབ་བྱ་རྣམས་བེད་མེད་ཡིན་པར་བསམ་པའམ་བརྗོད་པའི་དོན་ཡིན། འགྲོ་ལུགས་ལྟར། ཁོང་རྣམས་ལ་བསྔགས་བསྟོད་ཀྱི་སྒོ་ནས་གུས་བརྩི་ཆེན་པོའི་བསམ་ཕྱོགས་དེ་སྤངས་སྐབས། རྩ་ལྟུང་འདི་རྫོགས་པར་བྱེད་ཀྱི་ཡོད། ཁོང་རྣམས་རང་ཉིད་ཀྱི་བླ་མར་ངོས་ལེན་མི་བྱེད་པ་དང་ཁེངས་དྲེགས་བརྙས་བཅོས་བྱེད་ཀྱི་ཡོད། དེ་ལྟའི་བརྙས་པའི་བྱ་བ་དེ་དུས་འཁོར་གྱི་རྒྱུད་ནང་གསུངས་པའི་བསླབ་བྱ་དང་མི་འདྲ་བ་ཡིན། དུས་འཁོར་ནང་བླ་སློབ་དབར་གུས་བརྩི་ལྡན་པའི་བར་མཚམས་ཤིག་འཇོག་དགོས་པ་དང་། རང་ཉིད་ལ་འོས་འཚམ་མིན་པ་དང་། བླ་མ་ཚད་ལྡན་མིན་པ། ཡང་ན་བླ་མ་དེས་སྤྱོད་ཚུལ་ཡང་དག་མ་ཡིན་པ་བྱེད་ཀྱི་ཡོད་པར་ཐག་ཆོད་པའི་གསང་སྔགས་ཀྱི་བླ་མའི་དྲུང་ནས་སློབ་གཉེར་དང་འབྲེལ་བ་མི་བྱེད་པ་ཡིན། ཡང་བླ་མས་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་བརྗོད་གཞི་མ་ཡིན་པའི་སྙིང་རྗེ་དང་་སྟོང་ཉིད། ཡང་ན་ང་ཚོར་སྐྱབས་འགྲོའི་སྡོམ་པ་ཁོན་གནང་མཁན་ཡིན་པའམ་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་གང་རུང་གནང་མཁན་ལ་བརྙས་པའམ་མཐོང་ཆུང་བྱེད་པ་བཅས་ཀྱི་ཁོངས་སུ་སྔགས་ཀྱི་རྩ་ལྟུང་དང་པོ་ཚུད་ཀྱི་མེད། འདི་འདྲ་བའི་ལྟུང་བ་ནི་གང་ལྟར་ཡང་ང་ཚོའི་ཆོས་ཕྱོགས་ཡར་རྒྱས་ལ་གནོད་ཚབས་ཆེན་པོ་ཡིན།

༢། བདེ་གཤེགས་བཀའ་ལས་འདས་པ། འདིའི་ཡུལ་ནི་གཙོ་བོ་སོ་ཐར་དང་། བྱང་སེམས། ཡང་ན་གསང་སྔགས་ཀྱི་སྡོམ་པ་དང་འབྲེལ་བའི་བདེ་བར་གཤེགས་པའི་བཀའི་དོན་ལ་དམིགས་ཀྱི་ཡོད། དེ་ཡང་གང་ཟག་དེ་སངས་རྒྱས་དངོས་ཡིན་ཆོག་ལ་དུས་ཕྱིས་ཀྱི་བླ་ཆེན་དང་སློབ་དཔོན་ཆེན་མོ་ཞིག་ཀྱང་ཡིན་ཆོག །ལྟུང་བ་འདི་བྱེད་པ་ནི་གོང་སྨྲོས་ཀྱི་ལྟུང་བའི་སྡེའི་ནང་གི་སྡོམ་པ་བྱེ་བྲག་གཅིག་ཉམས་པ་ཙམ་དུ་མ་ཟད། དེ་ལྟར་ཆ་རྐྱེན་འཕར་མ་གཉིས་དང་ལྡན་པའི་སྒོ་ནས་བྱེད་ཀྱི་ཡོད། སྡོམ་པ་ནི་སེམས་ཀྱི་སྒྲིབ་པ་ཡོངས་སུ་སྤངས་ཟིན་པའི་གང་ཟག་ལས་འབྱུང་གི་ཡོད་པ་དེ་ཡོངས་སུ་ངོས་ལེན་རུང་བ་ཞིག་དང་། དེ་དག་དང་འགལ་བས་རྗེས་འབྲས་ངན་པ་མི་འབྱུང་ཞེས་བསམ་པའམ་བརྗོད་པའི་སྒོ་ནས་སྣང་ཆུང་བྱེད་ཀྱི་ཡོད། སྡོམ་པ་དེ་དག་ལ་སྣང་ཆུང་གཏོང་བ་དང་སྡོམ་པ་ཤོར་བ་གང་ཡིན་རུང་ང་ཚོས་བླངས་པའི་སྡོམ་པའི་སྡེ་གསུམ་གང་རུང་ལས་གཞན་པ་ཞིག་སངས་རྒྱས་ཀྱིས་བཀའ་ཁྱབ་གནང་ཡོད་པའམ། ཡང་ན་སངས་རྒྱས་ཀྱིས་གསུངས་པའི་བསླབ་བྱ་དེ་ང་ཚོས་རྟོགས་མེད་པ་བཅས་ལ་སྔགས་ཀྱི་རྩ་བའི་ལྟུང་བ་དང་མི་ལྡན་པ་ཡིན།

༣། ཁོང་ཁྲོའི་དབང་གིས་རྡོ་རྗེ་སྤུན་གྲོགས་རྣམས་ལ་བརྙས་པ། ༼རྡོ་རྗེ་སྤུན་ལ་འཁུ་བ།༽ རྡོ་རྗེ་སྤུན་གྲོགས་རྣམས་ཀྱི་གསང་སྔགས་ཀྱི་སྡོམ་པ་དང་ལྡན་ཞིང་། གསང་སྔགས་ཀྱི་བླ་མ་གཅིག་རང་གི་དྲུང་ནས་རྒྱུད་སྡེ་གང་རུང་གི་ཡི་དམ་གྱི་ལྷ་གང་རུང་གི་དབང་ཐོབ་པ་རྣམས་ཡིན། དབང་དེ་དུས་གཅིག་རང་གི་ནང་ཐོབ་དགོས་པ་མེད་ལ་རྒྱུད་སྡེའི་ལམ་ལུགས་གཅིག་གི་ནང་ཐོབ་དགོས་པ་མེད། རྩ་ལྟུང་དེ་ཡང་དུས་ནམ་ཞིག་གི་ཚེ་གང་ཟག་གང་ཞིག་སོ་སོའི་རྡོ་རྗེ་སྤུན་ཡིན་པ་ལེགས་པར་ཤེས་ནས་ང་ཚོས་ཁོང་ཚོའི་མདུན་དུ་ཁོང་ཚོའི་སྐྱོན་དང་ཉེས་པ། ལམ་ལྷོང་མ་བྱུང་བ། ནོར་འཁྲུལ། ལྟུང་བ་སོགས་ལ་འཕྱ་དམོད་དང་ངག་གི་སྒོ་ནས་གཤེ་བ་རྣམས་ཡིན། ཁོང་ཚོས་དེ་ལྟར་བྱས་ཡོད་སྲིད་ལ་མེད་ཀྱང་སྲིད། ང་ཚོས་གང་བཤད་པ་དེ་ཁོང་ཚོས་ཤེས་ཀྱི་ཡོད། ཀུན་སློང་ནི་སྡང་བ་དང་། ཁོང་ཁྲོ། ཞེ་སྡང་ཡིན་དགོས། གང་ཟག་དེ་འདྲ་བའི་སྐྱོན་གྱི་ཆ་རྣམས་སེམས་བཟང་པོ་དང་། སྐྱོན་གྱི་ཆ་དེ་དག་ལས་ཐར་འདོད་ཀྱི་ཡིད་མོས་ཡོད་པའི་སྒོ་ནས་མཛུབ་སྟོན་བྱེད་པ་ནི་ནོར་འཁྲུལ་ཞིག་མ་ཡིན། 

༤། སེམས་ཅན་ལ་བྱམས་བརྩེ་འདོར་བ། ༼བྱམས་པ་འདོར་བ།༽ བྱམས་བརྩེ་ནི་གཞན་སེམས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འདོད་པའི་ཡིད་མོས་དེ་ཡིན། ལྟུང་བ་འདི་ནི་སེམས་ཅན་གང་རུང་ལ་དེའི་ལྡོག་ཕྱོགས་སུ་ཡིད་མོས་བྱེད་པ་དེ་ཡིན། ཐ་ན་ཉེས་ཚབས་ཆེ་ཤོས་ཀྱི་རྒྱུན་སྦྲེལ་མི་གསོད་ཁྲག་སྦྱོར་བྱེད་མཁན་རྣམས་ཀྱང་བདེ་བ་དང་བདེ་བའི་རྒྱུ་དང་མི་ལྡན་པའི་ཡིད་སྨོན་བྱེད་པ་དེ་ཡིན། བདེ་བའི་རྒྱུ་རྣམས་ནི་དངོས་པོའི་གནས་ལུགས་དང་། སྤྱོད་ལམ་གྱི་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཡོངས་སུ་རྫོགས་པ་རྟོགས་པ་དེ་ཡིན། ང་ཚོས་ཐ་ན་མི་གསོད་མཁན་དེ་ཡང་གནད་དོན་དེ་དག་ལ་འདང་ངེས་ཀྱི་རྟོགས་པ་སྐྱེ་བའི་ཡིད་སྨོན་བྱེད་ཀྱི་ཡོད། དེ་ལྟར་བྱས་ན། མི་དེས་ཚེ་རབས་རྗེས་མའི་ནང་མནར་གཅོད་དེ་འདྲ་ནམ་ཡང་བསྐྱར་ལྡབ་མི་བྱེད་པར་མཐར་བདེ་སྐྱིད་ཉམས་སུ་མྱོང་བ་ཡིན། མི་གང་ཞིག་ལ་ང་ཚོས་རོགས་ཕན་སྒྲུབ་ཐུབ་ཀྱང་དེ་ལ་སྣང་མེད་བཏང་བ་དེ་སྔགས་ཀྱི་རྩ་བའི་ལྟུང་བ་མིན་ནའང་། མི་བྱེ་བྲག་པ་ཞིག་ནམ་ཡང་བདེ་སྐྱིད་དང་མི་ལྡན་པ་བྱུང་ན་དགའ་བ་ལ་བསམ་པའི་བློ་དེ་རྩ་བའི་ལྟུང་བ་ཞིག་ཡིན། 

༥། བྱང་སེམས་འདོར་བ། འདི་ནི་བྱང་ཆུབ་སེམས་པའི་རྩ་བའི་ལྟུང་བ་བཅོ་བརྒྱད་དང་། དེ་བཞིན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ནུས་པ་དེ་ང་ཚོར་མེད་བསམས་ནས་བྱང་ཆུབ་སྨོན་པའི་སེམས་ཀྱི་གནས་བབས་དེ་འདོར་བ་གཅིག་མཚུངས་ཡིན། ཀུན་དཀྲིས་བཞི་པོ་ཚང་མེད་ནའང་ཀུན་སློང་དེ་ལྟ་བུས་བྱང་སེམས་དང་སྔགས་ཀྱི་སྡོམ་པ་གཉིས་ཀ་སྟོང་བར་བྱེད་ཀྱི་ཡོད།

༦། རང་གཞན་གྱི་གྲུབ་མཐའ་ལ་སྨོད་པ། ༼ཆོས་ལ་སྨོད་པ།༽ འདི་ནི་བྱང་ཆུབ་སེམས་དཔའི་རྩ་ལྟུང་ནང་གི་དྲུག་པ་སྟེ། དམ་པའི་ཆོས་སྤོང་བ་ཞེས་པ་དང་གཅིག་ཡིན། དེའི་གོ་དོན་ནི་ནང་པའི་ཆོས་ཀྱི་གཞུང་གང་རུང་ཞིག་སངས་རྒྱས་ཀྱི་གསུང་ངམ་བཀའ་མིན་ཞེས་ཀུན་ལ་སྒྲོག་པ་དེར་གོ་དགོས། “གཞན་གྱི་གྲུབ་མཐའ་” ཞེས་པའི་དོན་ནི། ཉན་རང་གཉིས་དང་། བྱང་ཆུབ་སེམས་དཔའི་ཐེག་པའམ་ཐེག་པ་ཆེན་པོའི་མདོ་རྣམས་ལ་གོ་བ་དང་། “རང་གི་གྲུབ་མཐའ་” ཞེས་པ་ནི་སྔགས་དང་ཐེག་པ་ཆེན་པོའི་ནང་གི་རྒྱུད་སྡེ་རྣམས་ལའང་གོ་བ་ཡིན། 

༧། སྣོད་ལྡན་མིན་པ་རྣམས་ལ་གསང་ཆོས་བཤད་པ། ༼གསང་བ་སྒྲོག་པ།༽ གསང་བའི་ཆོས་ནི། ཉམས་ལེན་གྱི་རིམ་པ་དམའ་བ་དང་ཐུན་མོང་དུ་མཉམ་སྤྱོད་མི་བྱེད་པའི་སྟོང་ཉིད་རྟོགས་པའི་ཕྱིར་བསྐྱེད་རིམ་དངོས་དང་། ཡང་ན་རྫོགས་རིམ་བྱེ་བྲག་པ་དངོས་གཞི་དང་འབྲེལ་བ་ཡིན། དེ་དག་ནི་ནང་སྒྲུབ་ཐབས་ངེས་ཅན་གྱི་སྐོར་དང་སྟོང་ཉིད་ཀྱི་དོན་དེ་སེམས་ཀྱི་འོད་གསལ་དང་ལྷན་དུ་གཏིང་ཟབ་པོའི་སྒོ་ནས་རྟོགས་པ་དང་ལྡན་ཞིང་། ཁོང་ཚོར་སྣོད་ལྡན་མིན་པ་དེ་དག་ནི་དབང་གི་རིམ་པ་འོས་འཚམ་མ་ཐོབ་པ་རྣམས་དང་། གལ་ཏེ་ཁོང་ཚོས་སྔོན་ཚུད་ནས་དེ་དག་རྟོགས་ཡོད་ན། ཉམས་ལེན་དེ་དག་གི་ཐད་དད་པ་ཡོད་མེད་ལ་མ་ལྟོས་པར། དེ་ལྟ་བུའི་གསང་བའི་ཆོས་གང་རུང་ང་ཚོས་ཡག་པོ་ཧ་གོ་བའི་གང་ཟག་སྣོད་ལྡན་གཞན་ལ་འགྲེལ་བརྗོད་བྱས་ན། ང་ཚོས་ཆ་ཚང་ཤེས་པ་དེ་སྣོད་ལྡན་མིན་པ། གང་ཟག་དེ་ལ་ཉམས་ལེན་ལ་འབད་པའི་གནས་ཚུལ་འདང་ངེས་ཡོད་པ་དང་། གང་ཟག་དེས་གདམས་ངག་ཤེས་པ་དང་དེའི་ནང་རྩ་ལྟུང་ཚུད་ཡོད། དཔེར་ན། གསང་སྔགས་ཀྱི་སྐོར་ལ་གནས་ཚུལ་ལོག་པ་དང་ལྟ་བ་ལོག་པ་རྣམས་སེལ་བའི་ཆེད་འགྲེལ་བ་ཁ་གསལ་དགོས་གལ་ཡོད་ཚེ། དེར་དམིགས་བསལ་ཡོད། གསང་སྔགས་སྤྱིའི་རྣམ་གཞག་མཁས་པོའི་སྒོ་ནས་འགྲེལ་བ་ལས་ཉམས་ལེན་ལ་འདང་ངེས་མེད་པ་ནི་དེ་དང་འདྲ་བ་རྩ་ལྟུང་ཞིག་མ་ཡིན། ཡིན་ནའང་དེས་གསང་སྔགས་ཉམས་ལེན་གྱི་ནུས་པ་ཞན་དུ་གཏོང་གི་ཡོད། འོན་ཀྱང་གསང་སྔགས་ཀྱི་དབང་བསྐུར་སྐབས། གསང་བ་རྣམས་དོན་གཉེར་ཅན་རྣམས་ལ་ཕྱིར་སྒྲོག་བྱེད་པར་སྐྱོན་གང་ཡང་མེད། 

༨། རང་གི་ཕུང་པོར་བརྙས་པ། ཕུང་པོ་ལྔའི་ནང་ང་ཚོའི་མྱོང་བའི་སྐད་ཅིག་རེ་རེ་གཏོགས་ཡོད། དེ་དག་ནི། ༡༽ གཟུགས་སྒྲ་ལ་སོགས་པའི་གཟུགས་ཀྱི་ཕུང་པོ་དང་། ༢༽ བདེ་སྡུག་གི་ཚོར་བ། ༣༽ ཆོས་གཅིག་ནས་གཞན་རྣམ་པར་འབྱེད་པའི་འདུ་ཤེས། ༤༽ བྱམས་པ་དང་ཞེ་སྡང་ལྟ་བུའི་སེམས་བྱུང་གཞན་ ༼འདུ་བྱེད།༽ ༥༽ མིག་ཤེས་དང་ཡིད་ལྟ་བུ་རྣམ་ཤེས་ཀྱི་རིགས་བཅས་ཡིན། མདོར་བསྡུས་ན། ང་ཚོའི་ཕུང་པོའི་ཁོངས་སུ་ལུས་སེམས་དང་སེམས་ཚོར་རྣམས་གཏོགས་ཀྱི་ཡོད། ༼ཕུང་པོ་ལྔའི་གཞི་རྩའི་སྒྲོམ་གཞི་ཞེས་པར་གཟིགས།༽

སྤྱིར་བཏང་ཕུང་པོ་ལྔ་པོ་ཟག་བཅས་དང་འབྲེལ་བས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡིན། གསང་སྔགས་བླ་མེད་ཀྱི་རྒྱུད་ཉམས་ལེན་བྱེད་པ་ལ་བརྟེན་ནས་ང་ཚོས་དངོས་པོའི་གནས་ལུགས་ལ་རྨོངས་པའི་ཟག་པ་དེ་མེད་པ་བཟོ་གི་ཡོད། དེར་བརྟེན་ཕུང་པོ་ཡོངས་སུ་བསྒྱུར་བ་གཏོང་གི་ཡོད། མྱོང་བ་སྐད་ཅིག་རེ་རེའི་ནང་ཟག་བཅས་ཀྱི་ཕུང་པོ་ལྔ་ཡོད་པའི་ཚབ་ཏུ་སྐད་ཅིག་རེ་རེ་དེ་མཐར་ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ལྔར་འགྱུར་བ་དང་། དེ་དག་ནི་ཕུང་པོ་ལྔའི་རྨང་གཞིར་བྱས་པའི་རང་བཞིན་ཡིན། དེ་དག་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ལ་ཆོས་རྣམས་ཀྱི་ཡོན་ཏན་དང་། སོ་སོ་བ། དགོས་དོན་ཇི་ལྟར་སྒྲུབ་ཚུལ། དེ་བཞིན་ཆོས་ཀྱི་དབྱིངས་ཡིན་པ་རེད། དེ་དག་རེ་རེ་བཞིན་བཻ་རོ་ཙ་ན་ལ་སོགས་པའི་ཡི་དམ་གྱི་ལྷའམ་རྒྱལ་བ་རིགས་ལྔས་མཚོན་པར་བྱས་ཡོད། 

རྣལ་འབྱོར་བླ་མེད་རྒྱུད་ཀྱི་དབང་གིས་འགྱུར་ལྡོག་འདི་ཡོངས་སུ་སྒྲུབ་པར་ས་བོན་འདེབས་ཀྱི་ཡོད། བསྐྱེད་རིམ་སྐབས་ང་ཚོས་ཕུང་པོ་ལྔ་པོ་དང་མཐུན་པའི་ཡི་དམ་གྱི་ལྷ་ལྟར་དུ་དམིགས་རྣམ་དུ་བྱེད་པ་བརྒྱུད་རང་ལུས་གཙང་བའི་རང་བཞིན་དུ་བསམས་ནས་ས་བོན་དེ་དག་སྐྱེད་པར་བྱེད་ཀྱི་ཡོད། རྫོགས་རིམ་སྐབས་ཡེ་ཤེས་ལྔ་རྟོགས་ཕྱིར་སེམས་ཀྱི་བྱེད་ལས་འོད་གསལ་བ་དེ་མངོན་པར་བྱེད་པ་ལ་ཕུང་པོ་རྣམས་རྣལ་འབྱོར་ཁྱད་པར་ཅན་གྱི་ཐབས་ལ་བརྟེན་ནས་ས་བོན་དེ་དག་སྨིན་པར་བྱེད་ཀྱི་ཡོད། 

རྩ་ལྟུང་བརྒྱད་པ་འདི་ཕུང་པོར་བརྙས་པའམ་དེ་དག་འགྱུར་ལྡོག་དེའི་འོག་འགྲོ་མི་འོས་པ་བསམ་པ། ཡང་ན་ཞེ་སྡང་དང་ཁྱད་གསོད་སོགས་ཀྱི་རྐྱེན་བྱས་ཏེ་ཆེད་མངགས་གནོད་སྐྱོན་གཏོང་བ་ཡིན། གསང་སྔགས་ཉམས་ལེན་བྱེད་པ་དེས་ལུས་ནི་གཙང་བར་འཛིན་པ་དང་བདེ་བའི་རང་བཞིན་དེ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པ་ཞིག་ཏུ་འཛིན་པའི་མདོ་ལུགས་ཀྱི་ལྟ་བར་ངོས་ལེན་མེད་པའི་དགག་པ་རྒྱག་དགོས་ངེས་བཟོ་གི་མེད། ང་ཚོའི་ལུས་པོ་འདི་མི་གཙང་བའི་རང་བཞིན་ཡིན་པ་དང་ནད་ན་ཚ་དང་ལུས་ཀྱི་གདུང་བ་སོགས་སྡུག་བསྔལ་གྱི་རྒྱུ་ཡིན་པ་ནི་གང་ལ་གང་འཚམ་གྱི་གསལ་པོ་ཆགས་ཡོད། འོན་ཀྱང་སྔགས་གཞུང་ནང་ང་ཚོས་འགྲོ་བ་མིའི་ལུས་པོར་དེ་ལས་གཏིང་ཟབ་པའི་རང་བཞིན་ཞིག་ཡོད། དེ་ཡང་གཞན་ལ་དེ་ལས་ཁྱབ་ཆེ་བའི་ཕན་པ་ཡོང་ཕྱིར་ཆོས་ཀྱི་ལམ་འགྲིམ་པའི་རིམ་པ་མང་པོའི་ནང་རན་འཚམས་སུ་བེད་སྤྱོད་བྱེད་ཆོག །ང་ཚོར་གཏིང་ཟབ་པའི་རང་བཞིན་དེ་ལ་རྒྱུས་མངའ་མེད་པའམ་ངོས་ལེན་མེད་པའི་སྐབས་སོ་སོའི་ལུས་ལ་མི་དགའ་བ་བྱས་ཏེ། སོ་སོའི་སེམས་དེ་ཡག་པོ་མེད་པར་བསམ་པ་དང་སོ་སོའི་སེམས་ཚོར་རྣམས་སྡུག་ཅག་ཡིན་པར་བསམ་གྱི་ཡོད། ང་ཚོས་རང་མཐོང་ཆུང་བའི་བསམ་ཕྱོགས་འཛིན་པ་དང་། དེའི་སྒང་ལ་སོ་སོའི་སེམས་དང་ལུས་ལ་དྲག་སྤྱོད་འཁྲིག་སྦྱོར་གྱི་སྒོ་ནས་བརྙས་པའི་སྐབས། དགོས་མཁོ་མེད་པའི་ཉེན་ཁ་དང་འཚོ་བ་སྐྱེལ་སྟངས་ལ་མནར་གཅོད་གཏོང་བ། ཡང་ན་གུ་ཡངས་སྤྲོ་སེང་གི་སྒོ་ནས་སམ་མྱོས་རྫས་ནར་ཁོ་ཊིཀ་རྫས་ངན་གྱིས་བསླད་པར་བྱས་ནས་སྔགས་ཀྱི་རྩ་བའི་ལྟུང་བ་འབྱུང་བར་བྱེད་ཀྱི་ཡོད། 

༩། སྟོང་ཉིད་ཁས་ལེན་མི་བྱེད་པ། ༼རང་ཉིད་དག་པའི་ཆོས་ལ་སོམ་ཉི་ཟ་བ།༽ འདིར་སྟོང་ཉིད་ནི་མདོ་ཕྱོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་སམ་སེམས་ཙམ་པའི་ལུགས་ཀྱི་ཐེག་ཆེན་གྱི་ཆོས་སམ། ཡང་ན་དབུ་མའི་ལུགས་ཀྱི་ཆོས་རྣམས་ལ་གོ་བ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གང་ཟག་ཙམ་དུ་མ་ཟད་ཆོས་ཐམས་ཅད་ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པས་སྟོང་པ་དེ་ཡིན། སེམས་ཙམ་པ་དང་དབུ་མའི་ལུགས་ཀྱི་ཆོས་རྣམས་ནི་ཆོས་རྣམས་ཡིན་པ་མི་སྲིད་པའི་བྱེ་བྲག་ཅིག་གི་གྲུབ་ཚུལ་གྱིས་སྟོང་པ་དེ་ཡིན། དེ་ལྟའི་ཆོས་རྣམས་ལ་དགག་པ་རྒྱག་པའི་དོན་ནི། ཐེ་ཚོམ་བྱེད་པ་དང་། ཡིད་ཆེས་མི་བྱེད་པ། དེ་དག་ལ་མཐོང་ཆུང་བྱེད་པའི་དོན་ཡིན། གསང་སྔགས་ཀྱི་ཆོས་ཉམས་སུ་ལེན་བཞིན་དུ་ཐེག་ཆེན་གྱི་གྲུབ་མཐའི་ལུགས་གང་གི་རྗེས་སུ་འབྲངས་ནའང་། ང་ཚོར་སྟོང་ཉིད་ཀྱི་ཆོས་ལ་མཐའ་གཅིག་ཏུ་གདེང་ཚོད་དགོས་ཀྱི་ཡོད། དེ་མིན་ཉམས་ལེན་གྱི་རྒྱུད་རིམ་ནང་སྟོང་ཉིད་ཁས་མི་ལེན་པའམ། ཡང་ན་སྐབས་དོན་དེའི་ཕྱི་ལོགས་སུ་རྒྱུད་རིམ་གང་རུང་ལ་འབད་བརྩོན་བྱས་ན། ང་ཚོས་དམིགས་རྣམ་བྱེད་པ་རྣམས་ཡང་དག་པ་དང་བདེན་པ་ཡིན་པར་ཡིད་ཆེས་བྱེད་སྲིད་པ་ལྟ་བུ་རེད། དེ་ལྟ་བུའི་གོ་ལོག་གིས་འཁོར་བའི་སྡུག་བསྔལ་རྒྱུན་སྲིང་བ་ཁོ་ནར་བྱེད་པ་དང་། དེས་རྐྱེན་པའི་སེམས་ཁམས་མི་བདེ་བའི་རྒྱུ་བྱེད་སྲིད།

ལམ་འགྲིམ་པའི་སྐབས་སེམས་ཙམ་པ་ནས་དབུ་མ་པའི་གྲུབ་མཐའི་བར་བསྐྱར་ཞིབ་བྱེད་དགོས་ངེས་ཆགས་སྲིད། ཡང་མིན་ན་དབུ་མ་པའི་གྲུབ་མཐའ་རང་གི་ནང་། དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བའི་བར་བསྐྱར་ཞིབ་དགོས་ངེས་ཆགས་སྲིད། དེ་འདྲའི་རྒྱུད་རིམ་ནང་གྲུབ་མཐའ་སྔ་མའི་ལུགས་ཀྱི་སྟོང་ཉིད་ཀྱི་རྣམ་གཞག་དེ་དགག་དགོས། གང་ལྟར་ཡང་། སྤྲོས་པ་ཉུང་བའི་འགྲེལ་བ་འདོར་དགོས་པའི་དོན་ནི། རང་ཉིད་ཀྱི་གོ་རྟོགས་ཀྱི་རིམ་པ་ལ་རན་པའི་ཆོས་ཐམས་ཅད་ཀྱི་སྟོང་ཉིད་ལ་ཡང་དག་པའི་ལྟ་བ་ཞིག་འདོར་བའི་དོན་མིན། 

༡༠། གནོད་སེམས་ཅན་རྣམས་ལ་བྱམས་པ། ༼མངོན་སྤྱོད་བྱ་བར་འོས་པའི་ཡུལ་ལ་བྱམསཔ།༽ གནོད་སེམས་ཅན་གྱི་མི་རྣམས་ནི། སྤྱིར་སོ་སོ་སྒེར་གྱི་བླ་མའམ་དགེ་བའི་བཤེས་གཉེན་རྣམས་ལ་བརྙས་པའམ། ཡང་ན་སངས་རྒྱས་དང་། ཆོས། དགེ་འདུན་བཅས་མཆོག་གསུམ་གང་རུང་ལ་གནོད་བྱེད་མཁན་རྣམས་ཡིན། དེ་ལྟ་བུའི་མི་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའི་ཡིད་སྨོན་བྱེད་པ་ནི་འོས་འཚམ་ཞིག་མིན་ནའང་། ང་ཚོས་དེ་དག་ལ་བྱམས་པའི་སྒོ་ནས་སྐད་ཆ་ཤོད་པའམ་བྱ་བ་བརྩམས་པ་ལས་རྩ་ལྟུང་འབྱུང་གི་ཡོད། བྱ་སྤྱོད་དེ་དག་གི་ནང་མི་རྣམས་ལ་གྲོགས་འདྲིས་བྱེད་པ་དང་། དེ་དག་གིས་བཟོ་སྐྲུན་བྱེད་པའི་དངོས་ཟོག་དང་ཁོང་ཚོས་བརྩམས་པའི་དཔེ་དེབ་སོགས་ཉོས་ཏེ་རྒྱབ་སྐྱོར་བྱེད་པ་འཚུད་ཀྱི་ཡོད། གལ་ཏེ་ང་ཚོ་བྱམས་པ་དང་སྙིང་རྗེ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། དེ་དག་གི་གནོད་བྱེད་མི་དགེ་བའི་སྤྱོད་ལམ་འགོག་པའི་ཐབས་དང་ལྡན་ཞིང་། བཟང་ཕྱོགས་དགེ་བའི་གནས་བབས་སུ་བསྒྱུར་ཐུབ་ན། ཐབས་ལམ་དེ་དག་བཙན་པོ་དང་དྲག་པོ་བསྟེན་ནའང་། ང་ཚོས་དེ་ལྟར་བྱ་རྒྱུའི་འབད་བརྩོན་ངེས་པར་དུ་བྱེད་དགོས། གལ་ཏེ་ང་ཚོར་ཁྱད་ཆོས་དེ་དག་དངན་ལྡན་མེད་ན། གང་ལྟར་མི་དེ་ལྟ་བུ་དང་མཉམ་དུ་ང་ཚོས་འབྲེལ་ཐག་གཅོད་པ་ཙམ་གྱིས་ཉེས་པ་འབྱུང་བར་མི་འགྱུར་རོ།། 

༡༡། རྒྱུན་མཐུད་དེ་སྟོང་ཉིད་མི་སྒོམ་པ། ༼མིང་དང་བྲལ་བའི་ཆོས་ལ་རྟོག་གེས་བློས་འཇལབ།༽ སྔགས་སྡོམ་གྱི་རྩ་ལྟུང་དགུ་པའི་སྐབས། སྟོང་ཉིད་ནི་སེམས་ཙམ་པ་དང་དབུ་མ་པའི་གྲུབ་མཐའ་གཉིས་གང་རུང་གི་སྒོ་ནས་རྟོགས་ཆོག །ང་ཚོར་ལྟ་བ་དེ་འདྲ་ཞིག་གི་གོ་རྟོགས་བརྙེད་པ་དང་དེའི་ཐད་མི་སྒོམ་པར་ཉིན་མཚན་གཅིག་ལས་མང་བ་འདས་ན་རྩ་ལྟུང་འབྱུང་བ་ཡིན། སྤྱིར་བཏང་ལུགས་སྲོལ་ལྟར་ན། ཉུང་མཐར་ཡང་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་སྟོང་ཉིད་སྒོམ་དགོས། དེ་ལྟར་མུ་མཐུད་དེ་ཤེས་བྱའི་སྒྲིབ་པ་ཡོངས་རྫོགས་སྤངས་པའི་བར་སྒོམ་དགོས། ཤེས་སྒྲིབ་སྤངས་ཟིན་པའི་གནས་སྐབས་དེར་ང་ཚོ་དུས་རྣམ་ཀུན་ཏུ་སྟོང་ཉིད་ལ་ཐད་ཀར་དྲན་ཤེས་གཅིག་ཏུ་བསྟེན་ནས་གནས་ཐུབ། གལ་ཏེ་ང་ཚོས་ཚད་བཀག་ཅིག་བཞག་ནས་དམིགས་ཡུལ་མ་བསྒྲུབ་གོང་ནས་སྒོམ་འདང་ངེས་རྒྱག་ཟིན་བསམས་ནས་བསྡད་ན། ང་ཚོས་ནམ་ཡང་གོ་འཕང་དེ་ཐོབ་མི་ཐུབ།

༡༢། དད་ལྡན་རྣམས་འགོག་ཐབས་བྱེད་པ། ༼དད་ལྡན་སེམས་སུན་འབྱིན་པ།༽ གང་ཟག་གང་ཞིག་དབང་སོགས་ཡང་དག་པར་ཐོབ་པ་ལ་བརྟེན་ནས་གསང་སྔགས་ཀྱི་ཉམས་ལེན་བྱེ་བྲག་པ་ཞིག་ལ་དད་པ་དང་ལྡན་ཞིང་། སྣོད་དུ་རུང་བ་ཡིན་པ་ལ་ཆེད་དུ་མངགས་ནས་སེམས་ཤུགས་གཅོག་པ་ལ་གོ་བ་ཡིན། གལ་ཏེ་ང་ཚོས་གང་ཟག་དེ་དག་ཉམས་ལེན་དེ་བྱེད་འདོད་ཡོད་པ་དེ་འགོག་ཐབས་བྱས་ན། རྩ་བའི་ལྟུང་དེ་རྫོགས་པར་བྱེད་པ་ཡིན། གལ་ཏེ་གང་ཟག་དེའི་རིགས་ཉམས་ལེན་དེ་འདྲ་བར་བྱེད་པར་གྲ་སྒྲིག་མེད་ན། དེ་སྤ་བཀོང་བ་ལྟར་མཐོང་སྲིད་ནའང་། ད་དུང་ཁོང་ཚོས་ཐོག་མར་གང་ལ་མཁས་པར་བྱ་དགོས་པའི་ཐད་དངོས་ཡོད་དང་མཐུན་པའི་སྒོ་ནས་རོབ་ཙམ་ཞིག་འགྲེལ་བརྗོད་བྱེད་པར་སྐྱོན་གང་ཡང་མེད། འདི་ལྟར་གཞན་དོན་ལ་འཇུག་པ་དང་། དེ་དག་དང་དེ་དག་གི་དོ་དབྱིངས་ལ་འཇོན་ནུས་མེད་པའི་མཐོང་ཆུང་བྱ་རྒྱུའི་ཚབ་ཏུ་དོ་ནན་ཚ་པོའི་སྒོ་ནས་དང་ལེན་བྱེད་པ་ནི། ཁོང་ཚོའི་རང་གིས་རང་ལ་ཡོད་པའི་གདེང་ཚོད་ལ་ནུས་ཤུགས་ཆེ་རུ་བཏང་ནས་མུ་མཐུད་མདུན་བསྐྱོད་ཐུབ་པར་བྱེད། 

༡༣། གསང་སྔགས་ཉམས་ལེན་ལ་དམ་པོར་བཅིངས་པའི་དམ་རྫས་ལ་ཚུལ་བཞིན་མི་བསྟེན་པ། ༼དམ་རྫས་ཇི་བཞིན་མི་བསྟེན་པ།༽ རྣལ་འབྱོར་བླ་མེད་རྒྱུད་ཉམས་ལེན་གྱི་ནང་ཚོགས་ཀྱི་མཆོད་པ་འབུལ་སྲོལ་ཡོད། ཚོགས་མཆོད་ནང་དམིགས་བསལ་ཆང་དང་ཤའི་དྲོ་བ་མྱོང་སྲོལ་ཡོད་པ་རེད། དམ་རྫས་དེ་དག་གིས་ཕུང་པོ་དང་ལུས་ཀྱི་འབྱུང་བའི་ཁམས་རྣམས་མཚོན་པ་དང་། དུས་འཁོར་གྱི་རྒྱུད་ནང་། ང་ཚོའི་རྒྱུད་ཀྱི་རྩ་རླུང་རྣམས་ཕལ་པའི་ངོར་ཉོན་མོངས་ཅན་ཡིན་ནའང་། དེ་དག་ཟག་པ་དང་བྲལ་བའི་སྐབས། ཡེ་ཤེས་སྩོལ་ནུས་ཀྱི་རང་བཞིན་དང་ལྡན་ཞིང་། ལམ་གྱི་ཆེད་དུ་སྤྱོད་པ་ཐུབ་པ་ཡོང་གི་ཡོད་པར་གསུངས་ཡོད། འདིའི་སྐབས་ཀྱི་རྩ་ལྟུང་ནི།  དམ་རྫས་དེ་དག་ལ་ཞེ་ལོག་དགོས་པ་ལྟ་བུར་འཛིན་པ་དང་། ཆང་རག་རྩ་སྤོང་བྱེད་མཁན་ནམ་དཀར་ཟས་བསྟེན་མཁན་ཡིན་པའི་གཞི་རྟེན་ཐོག་དེ་དག་ལ་ངོས་ལེན་མི་བྱེད་པའམ། ཡང་མིན་ན་འདོད་ཆགས་དང་དགའ་ཚོར་ཆེན་པོའི་སྒོ་ནས་དེ་དག་མང་དག་ཅིག་ལོངས་སུ་སྤྱོད་པ་བཅས་ཡིན། 

གལ་ཏེ་རང་ཉིད་ཆང་རག་ལང་ཤོར་ལས་གསོས་པའི་གང་ཟག་ཅིག་ཡིན་པ་དང་། དེ་དག་ཐིགས་པ་གཅིག་ལོངས་སུ་སྤྱོད་ན། ཆང་རག་ལང་ཤོར་ཅན་ཆགས་ཉེན་ཡོད་ན། དེ་ནས་ང་ཚོས་གཞན་དང་མཉམ་དུ་ཚོགས་མཆོད་འབུལ་སྐབས། རང་ཉིད་ཀྱིས་ཤ་ཆང་བྲོ་བ་མྱོང་བཞིན་ཡོད་པའི་དམིགས་རྣམ་ཙམ་བྱེད་དགོས། དེ་ལྟར་བྱེད་སྐབས་ཆང་གི་བྲོ་བ་དངོས་སུ་མ་མྱངས་པར། བྲོ་བ་མྱོང་བའི་རྣམ་འགྱུར་ཙམ་སྟོན་དགོས། ཡང་སོ་སོའི་ཁྱིམ་དུ་ཚོགས་མཆོད་འབུལ་སྐབས། ང་ཚོས་ཇའམ་བཏུང་བ་གྲང་མོ་གཞན་ཆང་གི་ཚབ་བྱ་འཐུས།

༡༤། བུད་མེད་ལ་འཕྱ་དམོད་བྱེད་པ། ༼བུད་མེད་ལ་སྨོད་པ།༽ རྣལ་འབྱོར་བླ་མེད་རྒྱུད་ཀྱི་དམིགས་ཡུལ་ནི། སྟོང་ཉིད་རྟོགས་ཕྱིར་སེམས་ཀྱི་འོད་གསལ་འཐོབ་རྒྱུ་དང་དེ་ལག་བསྟར་བྱ་རྒྱུ་དེ་ཡིན། དེ་ཡང་ཟག་བཅས་དང་དེའི་བག་ཆགས་དང་བཅས་པ་ལས་གང་མྱུར་ཐར་བའི་དོན་དུ་ཡིན། ཟག་བཅས་དང་དེའི་བག་ཆགས་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་དང་། གཞན་དོན་སྒྲུབ་པའི་ནུས་པ་ཡོངས་སུ་རྫོགས་པ་སྨིན་པར་འགོག་རྐྱེན་བྱེད་མཁན་གཙོ་བོ་དེ་ཡིན། བདེ་བ་དང་ལྡན་པའི་ཡེ་ཤེས་ཀྱི་གནས་བབས་༼བདེ་བ་ཆེན་པོའི་ཡེ་ཤེས་༽ནི་སེམས་ཀྱི་འོད་གསལ་ཐོབ་པར་ཧ་ཅང་མཐུན་པ་ཞིག་ཡིན། གང་ཡིན་ཞེ་ན། དེས་སྔར་ལས་གཏིང་ཟབ་པ་དང་ནུས་མཐུ་ཆེ་བ། ཤེས་པ་དང་ནུས་པའི་རིམ་པ་དྭངས་མའི་ནང་འདྲེན་པར་བྱེད་ཀྱི་ཡོད། གཞན་ཡང་བདེ་བ་དང་ལྡན་པའི་ཡེ་ཤེས་དེ་འོད་གསལ་གྱི་སེམས་ཀྱི་རིམ་པར་སླེབས་ནས་གོ་རྟོགས་ཡོངས་རྫོགས་ཡོད་པའི་ཐོག་སྟོང་ཉིད་ལ་དམིགས་པ་གཏད་སྐབས། དེ་ནི་ཟག་བཅས་ཀྱི་བག་ཆགས་རྣམས་མེད་པ་བཟོ་བའི་ལག་ཆའམ་ཐབས་སྟོབས་ཤུགས་ཆེ་ཤོས་དེ་ཆགས་ཀྱི་ཡོད། 

བསམ་གཏན་ཐོབ་པའི་རྒྱུད་རིམ་ནང་རང་རྒྱུད་ཀྱི་བྱིང་རྒོད་སྤངས་པའི་འབྲས་བུར་བདེ་བ་དང་ལྡན་པའི་ཡེ་ཤེས་རྒྱུན་མཐུད་དེ་མྱོང་གི་ཡོད། དེ་ག་ནང་བཞིན་རང་རྒྱུད་ཀྱི་ཉོན་མོངས་སྤངས་པའི་འབྲས་བུར།  སྟོང་ཉིད་ཀྱི་དོན་ཇེ་གསལ་དང་གཏིང་ཇེ་ཟབ་རྟོགས་ཀྱི་ཡོད། དེ་གཉིས་གཅིག་ཏུ་སྡེབ་པའམ་ཟུང་དུ་འབྲེལ་བ་ན། སྟོང་ཉིད་ཀྱི་གོ་རྟོགས་གཏིང་ཟེ་ཟབ་ཐོག་རྩེ་གཅིག་པའི་ཏིང་ངེ་འཛིན་ཤུགས་ཇེ་ཆེར་སྐྱེས་པ་དང་ཆབས་ཅིག་བདེ་བའི་རིམ་པ་ཤུགས་ཆེ་ལ་དྭངས་མ་སྔར་ལས་མ་བསྡད་པར་མྱོང་བ་ཡིན། 

རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནང་། སྐྱེས་པ་ཚོས་བུད་མེད་ལ་བརྟེན་ནས་སྟོང་ཉིད་ཀྱི་རྩེ་གཅིག་པའི་ཡེ་ཤེས་སྔར་ལས་ལྷག་པའི་འཕེལ་རྒྱས་གཏོང་གི་ཡོད། ཉམས་ལེན་འདི་ལ་བུད་མེད་དངོས་དེ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཡི་དམ་གྱི་ལྷར་སྒོམ་གྱི་ཡོད། དེ་ལ་བརྟེན་ནས་ཟག་བཅས་སྤོང་བའམ། ཡང་ན་དབང་པོ་རྣོ་བ་ཚོར་རང་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་སྒོམ་པ་ཙམ་གྱིས་འགྲིག་པ་ཡིན། བུད་མེད་ཀྱིས་སྐྱེས་པར་བརྟེན་ནས་བདེ་བ་འཕེལ་རྒྱས་གཏོང་བའི་འགྲོས་དེ་དོན་ངོར་བུད་མེད་ཅིག་དངོས་སུ་ཡོད་པའི་ཐོག་ནས་འགྲོ་སྟངས་འདྲ་བ་ཡིན། དེར་བརྟེན་བུད་མེད་སྤྱི་དང་བྱེ་བྲག་ཡང་ན་ཡི་དམ་གྱི་ལྷ་མོ་གང་རུང་དམན་པར་ལྟ་བ་དང་། འཕྱ་བ། སྨོད་པའམ་བརྙས་པ་སོགས་ནི་གསང་སྔགས་ཀྱི་རྩ་བའི་ལྟུང་བ་ཡིན། ང་ཚོས་བུད་མེད་ཀྱི་ཁྱད་ཆོས་རང་བཞིན་གྱི་གནས་བབས་ལ་སྨོད་པའི་ཀུན་སློང་དང་བཅས་ཏེ་ཁོང་ཚོ་ཡག་པོ་མེད་པ་དང་རིན་ཐང་མེད་པར་བརྗོད་པ་དང་། ཐད་ཀར་བརྙས་བཅོས་བྱེད་སྐབས། བུདམེད་དེས་ང་ཚོས་གང་བརྗོད་པ་དེ་གོ་ཚོད་ནས་ང་ཚོར་རྩ་ལྟུང་འབྱུང་གི་ཡོད། སྤྱིར་བཏང་སྐྱེས་པ་ཚོ་ལ་བརྙས་བཅོས་བྱེད་པ་དེ་ཡང་མི་རུང་ནའང་། དེ་ལྟར་བྱས་ཀྱང་སྔགས་སྡོམ་གྱི་རྩ་ལྟུང་ཞིག་ཆགས་ཀྱི་མེད།།

Top