སྔོན་འགྲོའི་ཉམས་ལེན་དང་འབྲེལ་བའི་བསླབ་བྱ།

ངོ་སྤྲོད།

བོད་སྐད་དུ་སྔོན་འགྲོ་ཟེར་བ་འདི་ནམ་རྒྱུན་ཨིན་སྐད་དུ་ (preliminary practices) ཞེས་བསྒྱུར་ཡོད། འོན་ཀྱང་ངའི་དགེ་བའི་བཤེས་གཉེན་ནང་གི་གཙོ་བོ་གཅིག་སྟེ། སེར་ཀོང་མཚན་ཞབས་རིན་པོ་ཆེའི་ཞལ་སྔ་ནས་རྟག་ཏུ་ཚིག་གི་དོན་དང་བྲོ་བ་ངོ་མ་ནི་དེ་ལྟར་མ་རེད་ཅེས་ནན་གྱིས་གསུང་གནང་གི་རེད། སྒྲ་དོན་ལྟར་བྱས་ན། དེའི་དོན་ནི་སྔོན་དུ་འགྲོ་བ་ཞེས་ཟེར་གྱི་ཡོད་པ་དང་། དེ་ནི་ཆོས་གང་ཞིག་གི་སྔོན་དུ་ཆོས་ཤིག་འགྲོ་བ་དང་དེའི་རྗེས་སོར་གང་འབྱུང་བ་དེ་སྣེ་འཁྲིད་ཀྱི་ཡོད། ཚིག་འདིའི་ཐུན་མིན་གྱི་གོ་དོན་ནི་གྲ་སྒྲིག་ལ་གོ་བ་ཡིན། གལ་ཏེ་ཁྱེད་ཀྱིས་བོད་ནང་འགྲུལ་ཚོའི་འགྲུལ་བཞུད་ལ་འགྲོ་བར་བསམས་ན། ཁྱེད་རང་འགྲུལ་བཞུད་ལ་མ་འགྲོ་གོང་ནས་གྲ་སྒྲིག་བྱེད་དགོས་ཀྱི་ཡོད། ཁྱེད་ཀྱིས་སོ་སོའི་ཅ་དངོས་དོས་ཁྲི་ཚང་མ་བསྡུ་གསོག་རྒྱག་དགོས་པ་དང་དེ་དག་ཁལ་མར་འགེལ་དགོས། གྲ་སྒྲིག་ཡང་དག་པ་ཞིག་མེད་པར་ཁྱེད་ཀྱིས་འགྲུལ་ཚོའི་འགྲུལ་བཞུད་ལ་འགྲོ་ཐུབ་པ་ཞིག་ཡོང་མི་སྲིད་པ་ལྟ་བུ་རེད། དེ་ག་ནང་བཞིན་ཉིན་རེ་བཞིན་མུ་མཐུད་དེ་འགྲོ་བའི་རྗེས་སུ་མཚན་མོར་ངལ་གསོ་རྒྱག་པའི་སྐབས། ཁྱེད་ཀྱིས་ཁལ་མ་སླར་ཡང་འགེལ་དགོས་ཀྱི་ཡོད། ཉིན་མ་རེ་རེ་བཞིན་དུ་བགྲོད་ལམ་དུ་མུ་མཐུད་ནས་མདུན་སྐྱོད་བྱེད་པའི་སྔོན་དུ་གྲ་སྒྲིག་དགོས་ཀྱི་ཡོད།

འདི་ནི་སྔོན་འགྲོའི་ཉམས་ལེན་དེ་དག་གི་བསམ་ཚུལ་གཙོ་བོ་དེ་རེད། ཆོས་ཕྱོགས་ཀྱི་འགྲུལ་བཞུད་ཅེས་བྱ་བ་དེ་ལྷུར་ལེན་པ་དང་རྒྱུན་སྲིང་བར་དེ་དག་ནི་མཐའ་གཅིག་ཏུ་དགོས་གལ་ཅན་ཡིན། གལ་ཏེ་ང་ཚོས་དེ་དག་སྔོན་འགྲོ་ཞིག་གི་རྣམ་པར་བསམ་བློ་འཁོར་བ་ཡིན་ན། དེ་དག་ལག་བསྟར་མི་བྱ་རྒྱུའི་བསམ་བློ་ཡང་འཁོར་སྲིད། དེའི་ཚེ་ཁྱེད་ཀྱིས་ “ངས་སྔོན་འགྲོ་ཉམས་ལེན་བྱེད་དགོས་མེད། ང་རང་གནད་དོན་གཙོ་བོ་དེ་དང་ལྷན་དུ་མདུན་སྐྱོད་བྱེད་འདོད་འདུག་” ཅེས་བསམ་གྱི་ཡོད། ཡིན་ནའང་གལ་ཏེ་ང་ཚོས་དེ་དག་ནི་འགྲུལ་བཞུད་ཀྱི་ཆེད་དུ་གྲ་སྒྲིག་བྱེད་དུ་འཇུག་གི་ཡོད་པར་རྟོགས་པ་དང་། འགྲུལ་བཞུད་དེ་མུ་མཐུད་དེ་འགྲོ་ཕྱིར་རང་གིས་རང་ལ་ནུས་སྟོབས་སྤེལ་གྱིན་ཡོད་ན། དེ་དག་བྱེད་པ་ལས་ང་ཚོར་རྗེས་སུ་ཡི་རང་དང་སྤྲོ་སེམས་འཐོབ་ཀྱི་རེད།

སྔོན་འགྲོའི་ཉམས་ལེན་གནང་ཕྱོགས།

ང་ཚོའི་ཆོས་ཕྱོགས་ཀྱི་འགྲུལ་བཞུད་ཆེད་དུ་སྔོན་འགྲོའི་ཉམས་ལེན་གྱིས་ང་ཚོར་གྲ་སྒྲིག་བྱེད་ཕྱོགས་དེ་ནི། དེ་དག་གིས་དགེ་བའི་ནུས་པ་གོང་འཕེལ་གཏོང་བ་དང་མི་དགེ་བའི་ནུས་པ་རྣམས་མེད་པ་བཟོ་གི་ཡོད། གང་ལྟར་ཡང་། ཐོག་མ་མེད་པ་ནས་ང་ཚོས་མ་རིག་པ་དང་དངོས་པོའི་གནས་ལུགས་མ་རྟོགས་པ་ལ་བརྟེན་ནས་བསམ་བློ་གཏོང་བ་དང་བྱ་སྤྱོད་སྤེལ་བའི་གོམས་གཤིས་བསྐྲུན་ཡོད། དེ་ལ་བརྟེན་ནས་ང་ཚོས་དྲན་ཤེས་མེད་པའི་སྒོ་ནས་ངང་ངམ་ཤུགས་ཀྱིས་མུ་མཐུད་དེ་བྱ་སྤྱོད་དེ་ག་རང་སྤེལ་དུ་འཇུག་པའི་མི་དགེ་བའི་སྟོབས་ཧ་ཅང་ཤུགས་ཆེན་བསྐྲུན་ཡོད། ལྷན་སྐྱེས་ཀྱི་ལམ་འདི་དག་ལ་རྡོག་རྫི་གཏོང་བ་དང་མཐར་ཤུལ་མེད་བཟོས་ནས་དགེ་བའི་ནུས་པ་འཕེལ་རྒྱས་གཏོང་བར་འབད་བརྩོན་ཧ་ཅང་ཆེན་པོ་བྱེད་དགོས་ཐུག་གི་རེད། ང་ཚོས་སྔོན་འགྲོའི་ཉམས་ལེན་ལ་བརྟེན་ནས་བཟླས་བརྗོད་བརྒྱ་ཕྲག་དང་སྟོང་ཕྲག་བྱེད་ཀྱི་ཡོད་པ་ནི་ཐོག་མར་འགོ་འཛུགས་ཀྱི་ཐབས་ལམ་ཡག་པོ་ཞིག་རེད། དགེ་བའི་སྦྱོར་བ་ཞིག་འབུམ་ཚར་བཟླས་བརྗོད་བྱེད་པ་དེ་སྐྱེ་བ་ཐོག་མ་མེད་པ་ནས་མི་དགེ་བའི་འགྲོས་ལ་བསྐྱར་ཟློས་བྱེད་པ་དང་བསྡུར་ན་ཧ་ཅང་ཆུང་ཆུང་ཡིན་ནའང་། ད་དུང་ཡང་སྔོན་འགྲོའི་ཉམས་ལེན་གྱིས་ང་ཚོའི་སེམས་ནང་དབང་རྩའི་ལམ་གསར་པ་སྐྲུན་འགོ་བཙུག་གི་ཡོད།

སྔོན་འགྲོའི་ཉམས་ལེན་བྱེད་སྟངས་གཉིས་ཡོད་དེ། ནང་པའི་བསླབ་པ་སློབ་གཉེར་དང་ཉམས་ལེན་གྱི་ཐོག་མའི་སྐབས་གྲ་སྒྲིག་ལྟ་བུའམ། ཡང་ན་ལམ་བགྲོད་པའི་ཚེ་འཕེལ་རྒྱས་གཏོང་བའི་ནུས་ཤུགས་ལྟ་བུ་ཞིག་གི་ཐོག་ནས་ཉམས་ལེན་བྱེད་ཆོག །དེ་གཉིས་ཀ་ཉམས་སུ་ལེན་སྟངས་ཤིག་ཀྱང་ཡོད་པ་ཤོད་ག་ལ་དགོས། 

༡༽ བོད་ཀྱི་སྲོལ་རྒྱུན་མང་པོའི་ནང་། ཐོག་མ་ཉིད་ནས་དགེ་བའི་བཤེས་གཉེན་གྱིས་རང་གི་སློབ་མ་རྣམས་ལ་སྔོན་འགྲོ་ཉམས་ལེན་བྱེད་དགོས་པའི་ལམ་སྟོན་གནང་གི་ཡོད། གལ་ཏེ་ལས་དང་པོ་བའི་གསར་བུ་བ་རྣམས་སྔོན་འགྲོ་ཉམས་ལེན་བྱ་རྒྱུར་དངོས་གནས་མོས་མཐུན་བྱས་ན། དེ་ནི་ནམ་རྒྱུན་ཁོང་ཚོ་དགེ་བའི་བཤེས་གཉེན་གྱི་མདུན་དུ་སོ་སོའི་མི་ཚེའི་ནང་དཀའ་ངལ་འགའ་ཞིག་འཕྲད་བཞིན་པ་ལས་ཐར་བར་རོགས་རམ་འཐོབ་པའི་ཆེད་དུ་སླེབས་ཀྱི་ཡོད་པའི་རྒྱུ་མཚན་གྱིས་རེད། གང་ཡིན་ཞེ་ན། ཁོང་ཚོས་རང་གི་དགེ་བའི་བཤེས་གཉེན་ལ་དད་པ་དང་ཡིད་ཆེས་ཡོད་པ་རེད། ཁོང་ཚོས་དགེ་བའི་བཤེས་གཉེན་དེའི་བསླབ་བྱ་ལམ་སྟོན་ལྟར་སྔོན་འགྲོ་ཉམས་ལེན་བྱེད་ཀྱི་ཡོད། སྔོན་འགྲོ་ཉམས་ལེན་བྱེད་པ་དེས་ཁོང་ཚོའི་ཁས་ལེན་དམ་བཅའ་ལ་ཚོད་ལྟ་བྱེད་པ་དང་། སྒྲིག་ཁྲིམས་དང་སྙིང་རུས་གོང་འཕེལ་གཏོང་གི་ཡོད། 

དོན་དག་དེ་གང་རེད་ཅེ་ན། སློབ་མ་ཚོར་སེམས་ཀྱི་འགོག་རྐྱེན་གང་ཡོད་སྲིད་པ་རྣམས་སེལ་རྒྱུར་རོགས་བྱེད་པ་དང་། ཁོང་ཚོ་སྦྱོང་བརྡར་རྗེས་མའི་རིམ་པའི་ཆེད་དུ་སྔར་ལས་ལྷག་པའི་གོ་ཤེས་ཅན་བཟོ་དགོས་རྒྱུ་དེ་རེད། ལྷག་དོན་དུ་རིམ་པ་རྗེས་མ་དེ་ནི་གསང་སྔགས་ཀྱི་ཉམས་ལེན་རེད། སློབ་མ་གསར་བུ་བ་རྣམས་ལ་ལམ་དུ་འགྲིམ་པ་དང་མཉམ་དུ་གཞི་རྩའི་མདོ་ལུགས་ཀྱི་ཆོས་འགའ་ཞིག་ཐོབ་སྲིད་ནའང་། ཁོང་ཚོར་སྔོན་འགྲོའི་ཆེད་དུ་ཐོབ་པའི་མན་ངག་གཙོ་བོ་དག་ནི། ཞིབ་ཕྲའི་དམིགས་རྣམ་བསྟེན་ཚུལ་དང་ཆོ་ག་བསྒྲུབ་ཚུལ་རེད། ཁོང་ཚོའི་སྔོན་འགྲོ་ཉམས་ལེན་བྱེད་པའི་རྒྱུད་རིམ་གྱི་ནང་། སློབ་མ་རྣམས་ཀྱིས་ལུས་ངག་གི་ཉམས་ལེན་དང་མཉམ་དུ་འགྲོ་བའི་སེམས་ཀྱི་གནས་བབས་དང་ཀུན་སློང་སྐྱེད་ཀྱི་ཡོད། འོན་ཀྱང་དམིགས་ཡུལ་གཙོ་བོ་ནི། ཕྱག་འབུམ་འཚལ་བ་སོགས་བསྒྲུབས་རྗེས་གསང་སྔགས་ལ་འཇུག་གི་ཡོད་པའི་བཟོ་འདྲ་ཞིག་ཡོད། 

༢༽ རི་བོ་དགེ་ལྡན་པའི་ལུགས་ལ་སྔོན་འགྲོའི་ཉམས་ལེན་རྣམས་ལམ་དུ་བགྲོད་བཞིན་པའི་ཉམས་ལེན་བྱེད་ཀྱི་ཡོད་པ་ལས། ནང་པའི་ཉམས་ལེན་གྱི་སྔོན་དུ་འགྲོ་དགོས་པ་ཞིག་མིན། སྔོན་འགྲོ་དེ་ཡང་མདོ་དང་སྔགས་གཉིས་ཀ་འཕེལ་རྒྱས་གཏོང་ཕྱིར་ཉམས་ལེན་བྱེད་ཀྱི་ཡོད། དེ་ཡང་ཐོག་མར་སེམས་ཀྱི་གནས་བབས་ཀྱི་སྐོར་སྦྱོང་རྒྱུ་དང་དེ་གང་འཚམ་ཞིག་གི་བར་དུ་གོང་འཕེལ་གཏོང་དགོས་ཤིང་། དེ་ལ་བརྟེན་ནས་ལུས་ངག་གི་བཟླས་བརྗོད་ལ་གྲོགས་བྱེད་ཀྱི་རེད། དེ་ག་ནང་བཞིན་ཉམས་ལེན་བྱ་རྒྱུའི་ཀུན་སློང་བཅོས་མིན་ཞིག་སྐྱེད་པའི་སྒང་ལ་ནན་བརྗོད་བྱེད་ཀྱི་ཡོད། སློབ་མ་རྣམས་རང་སོ་སོའི་ཀུན་སློང་དང་གོ་རྟོགས་ཀྱི་ནུས་ཤུགས་ཆེ་རུ་གཏོང་བའི་ཕྱིར། བསླབ་པ་སློབ་གཉེར་དང་མཉམ་དུ་ཉམས་ལེན་རན་འཚམས་སུ་བྱེད་པ་དང་། ཁོང་ཚོའི་དགེ་བའི་བཤེས་གཉེན་གྱི་བསླབ་བྱའམ་རང་ཉིད་ནས་འགོ་བཙུགས་ཏེ་ཆོས་ཉམས་ལེན་ལ་འཇུག་གི་ཡོད། 

ཐབས་ལམ་དེ་གཉིས་གང་རུང་ལ་བརྟེན་ནས་སྤོང་དགོས་པའི་ཉེན་ཁ་གཙོ་བོ་ནི། ཉམས་ལེན་རྣམས་ཚོར་མེད་འཕྲུལ་ཆས་ལྟ་བུ་བྱེད་པ་སྟེ། ཉམས་ལེན་བྱེད་པའི་སྐབས། ཁོང་ཚོའི་སེམས་ནང་ཅི་གང་མི་ཚོར་བའམ་ཡང་ན་ཉམས་ལེན་གྱི་ཕྱོགས་སུ་བསམ་བློ་ངན་པའམ་བློའི་ཁྱེར་སོ་མི་རུང་བ་ཞིག་ཡོད་པ་རེད། གང་ལྟར་ཉམས་ལེན་ཡང་དག་པ་དང་མ་ནོར་བ་བྱེད་པའི་སྐབས། ཐབས་ལམ་དེ་གཉིས་ཀ་གཅིག་མཚུངས་སུ་ཕན་ནུས་ལྡན་པ་ཡིན། ང་ཚོས་དེ་ནི་སྔ་རབས་ཀྱི་དཔེ་མཚོན་དག་ལས་མཐོང་ཐུབ། 

རྗེ་བཙུན་མི་ལ་རས་པའི་དཔེ།

བཀའ་བརྒྱུད་པའི་རྣལ་འབྱོར་ཆེན་པོ་རྗེ་བཙུན་མི་ལ་རས་པས་ཁོང་གི་སྐུ་ཚེའི་སྟོད་ལ་རང་གི་སྤུན་མཆེད་ནས་ཁོང་དང་ཁོང་གི་ནང་མིར་མགོ་སྐོར་བསླུ་བྲིད་བྱས་པ་ལ་དགྲ་ཤ་ལེན་ཕྱིར། ཁོང་གིས་མཐུ་དང་ངན་སྔགས་སོགས་སྦྱངས་ནས་མི་དགེ་བའི་ལས་རླབས་པོ་ཆེ་བསགས་ཡོད། ཁོང་གིས་ཆོས་ལམ་ལྷོང་གྲུབ་འབྲས་ལྡན་པ་ཞིག་ཡོང་བའི་ཕྱིར། ཁོང་ལ་བར་ཆད་ཧ་ཅང་མང་པོ་ཡོད་པ་དང་དེ་དག་ལས་ཐར་དགོས་ཀྱི་ཡོད་པ་གསལ་པོ་རེད། དེ་ལ་སྔོན་འགྲོའི་ཆེད་དུ་ཁོང་གི་བླ་མ་མར་པས། “འདི་འབུམ་གཅིག་གསོག་དགོས་པ་དང་། དེ་འབུམ་གཅིག་གསོག་དགོས་” ཞེས་གསུངས་མེད། དེ་ལས་ལྡོག་སྟེ། ཁོང་ལ་རྡོའི་ལྕོག་མཁར་བཞེངས་བཅུག་ཡོད། དེ་ནི་ཡིད་ཆེས་དཀའ་བའི་ལས་ཀ་དཀའ་ལས་ཁག་པོ་རེད། འོན་ཀྱང་མི་ལ་རས་པར་སྔོན་ཁོང་གི་བྱས་པའི་ལས་ལ་འགྱོད་པ་ཆེན་པོ་ཡོད་པ་དང་། དེ་ལ་བཤགས་པ་དང་བཅས་ནང་པའི་ལམ་ལ་འཇུག་རྒྱུའི་བཅོས་མིན་གྱི་འདུན་སེམས་ཤིག་ཡོད་པ་རེད། དེར་བརྟེན་ཁོང་གི་བླ་མ་མར་པས་མི་ལ་རས་པར་གསང་སྔགས་ཀྱི་དབང་མ་གནང་གོང་ནས་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་དམིགས་བསལ་མི་ལ་རས་པ་རང་གི་ཆེད་དུ་འཆར་བཀོད་གནང་བའི་ལས་ཀ་ཧ་ཅང་དཀའ་ལས་ཆེན་པོ་དེ་བསྒྲུབ་རྒྱུའི་དགེ་བའི་ཀུན་སློང་ཤུགས་ཆེན་ཞིག་ཡོད་པ་རེད། མི་ལ་རས་པས་མི་དགེ་བའི་ལས་ཀྱི་ནུས་པ་འགྲིག་ངེས་དག་པར་བྱས་སོང་བསམ་པ་ཞིག་མ་བྱུང་བར་དུ་མར་པས་སྙིང་རྗེ་གནང་མེད། མི་ལ་རས་པས་ལྕོག་མཁར་དེ་བཞེངས་བསྒྲུབས་པའི་རྗེས་མར་པས། “ཡག་པོ་བྱུང་མི་འདུག །ཚང་མ་བཤིགས་ནས་ཡང་བསྐྱར་གཞན་ཞིག་བཞེངས་དགོས་” ཞེས་ཀྱང་གསུངས་ཡོད། 

རྗེ་ཙོང་ཁ་པའི་དཔེ།

སྔ་རབས་ཀྱི་དཔེ་དང་འབྲེལ་བའི་སྔོན་འགྲོ་ཉམས་ལེན་བྱེད་ཕྱོགས་གཞན་ཞིག་ནི་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་སྲོལ་གཏོད་པ་པོ་རྗེ་ཙོང་ཁ་པ་དང་འབྲེལ་བ་དེ་རེད། རྗེ་ཙོང་ཁ་པར་ཚེ་རབས་སྔོན་མ་ནས་ཆོས་ཀྱི་བག་ཆགས་ཧ་ཅང་ཤུགས་ཆེན་ཞིག་ཡོད། ཁོང་དགུང་ལོ་ཉི་ཤུའི་ནང་ཡིན་པའི་སྐབས། ཁོང་གིས་བཀའ་བསྟན་འགྱུར་ཡོངས་སུ་རྫོགས་པ་སློབ་སྦྱོང་གནང་ཟིན་པ་དང་། ཁོང་གིས་ཐོག་མར་ཆོས་མངོན་པ་ནས་བཟུང་སྟེ་གཞན་ལ་ཆོས་ཁྲིད་གནང་རྒྱུ་འགོ་བཙུགས་ཟིན་པ་རེད། 

ཁོང་དགུང་ལོ་སོ་གཉིས་སོན་པའི་སྐབས། ཁོང་ནས་གཞུང་ཆེ་ཁག་ནང་གི་ཐོག་མར་མངོན་རྟོགས་རྒྱན་གྱི་རྒྱ་ཆེར་འགྲེལ་བ་ལེགས་བཤད་གསེར་ཕྲེང་ཞེས་བྱ་བ་དེ་མཛད་པ་དང་། དེའི་ནང་བཀའ་འགྱུར་དང་བསྟན་འགྱུར་གང་ས་ནས་ལུང་འདྲེན་གནང་ཡོད། གཞུང་འདིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དུ་བགྲོད་པའི་ལམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟོགས་པའི་རིམ་པ་སྣ་ཚོགས་རྒྱས་པར་འགྲེལ་ཡོད། རིམ་པ་འདིའི་སྐབས་སུ་ཁོང་གིས་གསང་སྔགས་ཀྱི་དབང་གནང་རྒྱུ་འགོ་འཛུགས་གནང་བ་དང་། དེ་ཡང་དམིགས་བསལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཡུམ་ལྷ་མོ་དབྱངས་ཅན་མའི་ཉམས་ལེན་ཐོག་གནང་ཡོད། རྗེ་ཙོང་ཁ་པས་གསང་སྔགས་ཀྱི་ཆོས་ལ་མུ་མཐུད་སློབ་གཉེར་གནང་བ་དང་། ལྷག་པར་དུ་དུས་འཁོར་གྱི་སྐོར་སློབ་གཉེར་གནང་ཡོད། འགྲོ་ལུགས་ལྟར་གྱི་ཕྱག་འཚལ་བ་སོགས་སྔོན་འགྲོ་གང་འདྲ་ཞིག་བྱེད་ནའང་། དེ་མ་བྱས་གོང་ཁོང་གིས་ཀྱང་གསང་སྔགས་ཀྱི་མཚམས་བསྙེན་སྒྲུབ་ཆེ་ཁག་གནང་ཡོད། དེ་ནི་འཁོར་ལོ་སྡོམ་པའི་སྐོར་ལ་གནང་ཡོད། བསྙེན་མཚམས་དེའི་སྐབས། ཁོང་གི་ནཱ་རོ་ཆོས་དྲུག་དང་ནི་གུ་ཆོས་དྲུག་ལ་ཉམས་ལེན་གནང་ཞིང་མཁས་པར་གྱུར་ཡོད། 

དེ་ནས་དགུང་ལོ་སོ་བཞིའི་སྐབས། རྗེ་ཙོང་ཁ་པས་གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་སྐོར་ཧ་ཅང་གཟབ་ནན་གྱི་སློབ་གཉེར་གནང་ཡོད་པ་མ་ཟད། དམིགས་བསལ་རྒྱུད་གསང་བ་འདུས་པ་དང་དུས་འཁོར་གྱི་རིམ་པ་ཡོངས་རྫོགས་པ་སློབ་སྦྱོང་གནང་ཡོད། དེའི་རྗེས་ཁོང་ནས་མུ་མཐུད་དེ་དབུ་མ་དང་འབྲེལ་བའི་སྟོང་པ་ཉིད་ཀྱི་སྐོར་སྦྱོང་ཕྱིར་ཀརྨ་བཀའ་བརྒྱུད་ཀྱི་བླ་མ་ཆེན་པོ་དབུ་མ་པའི་དྲུང་དུ་ཕེབས། བླ་མ་འདི་ལ་ཉིན་ལྟར་འཇམ་དཔལ་དབྱངས་དག་སྣང་དུ་མཇལ་གྱི་ཡོད་པ་དང་། རྗེ་ཙོང་ཁ་པས་བླ་མ་དབུ་མ་པ་བརྒྱུད་ནས་འཇམ་དཔལ་འབྱངས་ལ་དབུ་མ་དང་འབྲེལ་བའི་དྲི་བ་ཞུ་གི་ཡོད། དེ་ལྟར་བླ་མ་དབུ་མ་པ་དང་ཙོང་ཁ་པ་གཉིས་འཇམ་དབྱངས་ཀྱི་ཐོག་ལ་བསྙེན་མཚམས་གཟབ་ནན་ཞིག་གནང་བའི་རྗེས་སུ་ཙོང་ཁ་པར་འཇམ་དཔལ་དབྱངས་ནས་ཐད་ཀར་གདམས་ངག་ཐོབ་འགོ་ཚུགས་པ་རེད། 

དེ་འདྲའི་སྐབས་ཤིག་ལ་ཙོང་ཁ་པས་ཁོང་ལ་ད་དུང་ཡང་དབུ་མ་དང་གསང་བ་འདུས་པའི་སྐོར་ལ་ཡང་དག་པའི་རྟོགས་པ་ཞིག་མི་འདུག་དགོངས་པ་རེད། དེར་བརྟེན་ཁོང་གིས་འཇམ་དཔལ་དབྱངས་ལ་བཀའ་སློབ་ལམ་སྟོན་ཞུས་ཤིང་། འཇམ་དཔལ་དབྱངས་ཀྱིས་ཁོང་ལ་སྔོན་འགྲོའི་ཉམས་ལེན་གྱི་བསྙེན་མཚམས་རིང་མོ་ཞིག་བྱེད་དགོས་པ་དང་། དེའི་རྗེས་སུ་ཆ་ཚང་བ་རྟོགས་ངེས་རེད་ཅེས་ལམ་སྟོན་གནང་། དེ་ལྟར་ཙོང་ཁ་པས་རང་གི་སློབ་མ་བརྒྱད་དང་མཉམ་དུ་ལོ་བཞིའི་རིང་ལ་བསྙེན་མཚམས་བཞུགས། ཁོང་ཚོ་རེ་རེ་ནས་ཕྱག་འབུམ་ཚར་སུམ་ཅུ་སོ་ལྔ་རེ་བསྒྲུབས་པ་དང་། དེ་དག་ཀྱང་ལྟུང་བཤགས་ཀྱི་ལྷ་སོ་ལྔ་རེ་རེ་ལ་ཕྱག་འབུམ་རེ་བསྒྲུབས་ཡོད། དེ་བཞིན་མཎྜལ་འབུམ་ཚར་བཅོ་བརྒྱད་ཕུལ་ཡོད། དེའི་སྒང་ལ་ཉིན་ལྟར་ཁོང་ཚོས་རང་གི་སྡོམ་པ་བསྐྱར་གསོའི་ཆེད་གཤིན་རྗེ་གཤེད་ཀྱི་བདག་འཇུག་རིང་པོ་དེ་བསྒྲུབ་ཀྱི་ཡོད། ཁོང་ཚོས་ད་དུང་མདོ་ཕལ་པོ་ཆེར་སློབ་གཉེར་གནང་ཞིང་། མདོ་དེ་ནི་ཧ་ཅང་རྒྱ་ཆེ་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་ཚོགས་པ་གཏན་ལ་ཕབ་པ་ཞིག་ཡིན། མདོ་འདི་ནི་རྒྱ་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་བའི་མདོ་ཁ་ཤས་ནང་གི་གཅིག་ཡིན། འདིའི་མ་དཔེ་ལེགས་སྦྱར་སྐད་དུ་བཞུགས་པ་དེ་བོར་བརླགས་ཕྱིན་ཡོད། རྗེ་ཙོང་ཁ་པས། མདོ་འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འབྲེལ་བའི་ཆོས་ཆ་ཚང་བ་རྒྱུན་འཛིན་གནང་བ་དང་ད་གཟོད་ཐོབ་རུང་བ་ཡིན་ཞེས་གསུངས། མདོ་འདི་མེད་པར་ང་ཚོར་ཆོས་ཚུལ་དེ་དག་འཐོབ་ངེས་མིན། 

ལོ་བཞིའི་བསྙེན་མཚམས་ཀྱི་མཇུག་ཏུ་རྗེ་ཙོང་ཁ་པར་རྗེ་བཙུན་བྱམས་པ་མགོན་པོའི་གཟིགས་སྣང་བྱུང་། བྱས་ཙང་། ཁོང་གིས་བསྙེན་མཚམས་གྲོལ་བ་དང་འཛིང་ཇི་གླིང་ལ་ཡོད་པའི་ལྷ་ཁང་ནང་བྱམས་པའི་སྐུ་བརྙན་སླར་གསོ་མཛད་པ་རེད། རྗེ་བཙུན་བྱམས་མགོན་ནི་ང་ཚོའི་མ་འོངས་པའི་སངས་རྒྱས་ཆགས་ཀྱི་ཡོད་པ་དང་། སྐུ་བརྙན་དེ་སླར་གསོ་མཛད་པ་ལ་བརྟེན་ནས་ཁོང་གིས་རྗེ་བཙུན་བྱམས་པ་མཇལ་མཁན་གྱི་མི་རྣམས་ལ་རྗེ་བཙུན་བྱམས་པ་དང་འབྲེལ་མཐུད་ཀྱི་རོགས་གནང་བ་དང་བཅས་དགེ་བའི་ནུས་པ་རླབས་པོ་ཆེ་བསགས་ཡོད། 

ཁོང་སླར་ཡང་རང་གི་སློབ་མ་བརྒྱད་དང་མཉམ་དུ་ཟླ་བ་ལྔའི་རིང་མུ་མཐུད་དེ་སྔོན་འགྲོའི་ཉམས་ལེན་ཆེད་བསྙེན་མཚམས་ལ་བཞུགས་པ་དང་། དེའི་རྗེས་ཁོང་གི་དུས་འཁོར་རྫོགས་རིམ་གྱི་བསྙེན་མཚམས་བསྒྲུབས་པ་དང་དེ་ནས་ལོ་གཅིག་གི་རིང་ལ་དབུ་མའི་སྐོར་བསྙེན་མཚམས་བསྒྲུབས་གནང་བ་རེད། དབུ་མའི་བརྙེན་མཚམས་ཀྱི་སྐབས་དེར་ཁོང་ནས་མཐར་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་ལ་རྟོགས་པ་བརྙེས་ནས་སྟོང་པ་ཉིད་དང་དེའི་འགྲེལ་ཚུལ་གྱི་ཐོག་གསར་བརྗེའི་ལམ་ཞིག་རྩ་འཛུགས་གནང་བ་རེད།
 
རྗེ་ཙོང་ཁ་པའི་དཔེ་ནི་ཧ་ཅང་སེམས་སྐུལ་ཐེབས་པོ་དང་འགྲེལ་བཤད་ཁ་གསལ་པོ་ཡོད། ཙོང་ཁ་པ་ནི་གླེན་འཐོམས་ཅན་ཞིག་མིན་པར། ཁོང་ཧ་ཅང་རིག་པ་རྣམ་དཔྱོད་དང་ལྡན་པ་ཞིག་རེད། ཁོང་གི་དུས་སུ་ཁོང་ནི་མཁས་པའི་ཕུལ་དུ་བྱུང་བ་དང་མཁས་གྲུབ་གཉིས་ཐད་ནས་རྩེར་སོན་པ་ཞིག་ཡིན་ཞིང་། ཁོང་གིས་སྔོན་ཚུད་ནས་གསང་སྔགས་ཀྱི་བསྙེན་མཚམས་དེ་དག་ཚང་མ་བསྒྲུབས་ཟིན་པ་རེད། འོན་ཀྱང་ཁོང་ད་དུང་ཡང་སྟོང་ཉིད་ཀྱི་གོ་རྟོགས་ཐད་འདོད་བློ་ཁེངས་པ་ཞིག་བྱུང་མེད་ལ། གཞན་ཐམས་ཅད་ཀྱི་སྟོང་ཉིད་ལ་གོ་རྟོགས་ཡོད་པ་ལའང་འདོད་བློ་ཁེངས་མེད་ངེས་རེད། ཤེས་རབ་དང་རིག་པའི་བདག་ཉིད་ཅན་འཇམ་དཔལ་དབྱངས་ཀྱིས་ཁོང་ལ་རྟོག་མེད་ཀྱི་སྒོ་ནས་ཡང་དག་པའི་རྟོགས་པ་རྙེད་པར། དགེ་བའི་ནུས་པ་མང་བ་གསོག་ཕྱིར་དང་མི་དགེ་བའི་ནུས་པ་སྤོང་བའི་ཕྱིར། ཁོང་ནས་གཟབ་ནན་གྱི་སྔོན་འགྲོའི་ཉམས་ལེན་བྱེད་དགོས་ཞེས་གསུངས། དེ་ནི་རང་སོ་སོའི་ནུས་པ་གོང་འཕེལ་གཏོང་བའི་ཐབས་སུ་བསླབ་པ་སློབ་གཉེར་དང་སྒོམ་སྒྲུབ་ཉམས་ལེན་སྐབས་བསྒྲུབ་པའི་ཆེད་དཔེ་མཚོན་རེད། 

རྗེ་ཙོང་ཁ་པའི་དཔེ་དེ་གང་ལྟར་ཡང་ངས་སྒྱུར་བཅོས་ཀྱི་ལམ་ནས་རྗེས་སུ་འབྲངས་ཡོད། ང་རང་རྒྱ་གར་དུ་སྡོད་པའི་རིང་རྩོམ་བྲིས་བྱེད་པ་དང་ཡིག་སྒྱུར་བྱེད་པའི་སྐབས། སྐབས་རེ་ང་ལ་འགོག་རྐྱེན་ཞིག་མྱོང་ངེས་རེད། ངའི་ལས་ཀ་གྲུབ་འབྲས་ལེགས་པོ་བྱུང་མེད། དུས་སྐབས་དེ་འདྲའི་ནང་། ང་རང་ལ་རྒྱལ་ཁབ་འདྲ་མིན་ནས་ནང་པའི་བསྟི་གནས་ཁང་དང་གཙུག་ལག་སློབ་ཁང་ཆེན་མོའི་ནང་ཆོས་ཁྲིད་ཆེད་བཅར་དགོས་པའི་མགྲོན་བརྡ་འབྱོར་བར་ངོས་ནས་ཁས་ལེན་བྱེད་ངེས་རེད། ངས་ཆོས་ཁྲིད་ཀྱི་འགྲིམ་འགྲུལ་འདི་ལ་ “བྱང་ཆུབ་སེམས་ཀྱི་བསྙེན་མཚམས་” ཞེས་འབོད་ཀྱི་ཡོད། ང་རང་གང་སར་བསྐྱོད་ནས་ཆོས་ཁྲིད་བྱེད་པ་དང་། ཆོས་མཉམ་སྤྱོད་བྱེད་པ། མི་རྣམས་ལ་ཕན་འདོགས་ཐབས་བྱེད་ཀྱི་ཡོད་པ་སོང་ཙང་། དེ་ལ་བརྟེན་ནས་དགེ་བའི་ནུས་པ་མང་བ་གསོག་གི་ཡོད། ང་རང་རྒྱ་གར་དུ་ལོག་དགོས་པའི་སྐབས། ངའི་སེམས་པ་སྔར་ལས་གསོན་ཉམས་དོད་པ་ཆགས་ངེས་དང་། དེ་སྔ་ང་རང་ལ་འགོག་རྐྱེན་བྱེད་མཁན་གང་ཡིན་རུང་ནམ་རྒྱུན་དེ་ལས་ཐར་ཐུབ་ཀྱི་ཡོད། 

ད་ལྟའི་སྐབས་སུའང་ངས་རྩོམ་འབྲི་བ་དང་ཡིག་སྒྱུར་བྱེད་བཞིན་པའི་སྐབས། བརྗོད་ཚུལ་ཡང་དག་པ་དེ་མ་རག་པའམ་ཡང་ན་སྐད་ཆ་ཞིག་ལས་སླ་པོ་དང་གསལ་པོ་ཇི་ལྟར་བརྗོད་དགོས་མིན་ཤེས་ཐུབ་ཀྱི་མི་འདུག །ངས་ཏོག་ཙམ་རིང་བཀག་ནས་དམིགས་བསལ་དམིགས་རྣམ་ལ་བརྟེན་ནས་འཇམ་དབྱངས་དང་དབྱངས་ཅན་མའི་གཟུངས་སྔགས་ཏོག་ཙམ་རིང་བགྲང་གི་ཡོད། ངའི་སེམས་པ་གསལ་དུ་འགྲོ་བ་དང་དཀའ་ངལ་སེལ་ཐབས་ཤིག་རྙེད་ཐུབ་པ་ནི་ཤོད་མི་དགོས་པ་རེད། 

ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོའི་ཉམས་ལེན།

སྔོན་འགྲོའི་ཉམས་ལེན་ལ་རིམ་པ་གཉིས་ཡོད། སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་ནང་། ཕྱིའི་སྔོན་འགྲོ་དང་ནང་གི་སྔོན་འགྲོ་ཟེར་བ་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གཞན་དག་གིས་ཐུན་མོང་དང་ཐུན་མོང་མིན་པའི་སྔོན་འགྲོ་ཞེས་ངེས་བཤད་བྱེད་ཀྱི་ཡོད། ཐུན་མོང་ཟེར་བ་ནི་མདོ་དང་སྔགས་གཉིས་ཀྱི་ཉམས་ལེན་ནང་ཐུན་མོང་དུ་མཉམ་སྤྱོད་བྱེད་པར་གོ་བ་དང་། ཐུན་མོང་མ་ཡིན་པ་ནི་སྔགས་ཉམས་ལེན་སྐབས་ཀྱི་སྔོན་འགྲོའི་སྟ་གོན་ལ་དམིགས་སུ་གོ་བ་ཡིན། ཐུན་མོང་དང་ཐུན་མོང་མིན་པའི་ཐ་སྙད་ལ་ཨིན་སྐད་ནང་ཕལ་ཆེར་གསལ་ཁ་དོད་པའི་འགྱུར་ཞིག་ནི་ (shared) དང་ (unshared) ཞེས་པའི་སྔོན་འགྲོའི་ཉམས་ལེན་དེ་ཡིན་སྲིད། གང་ལྟར་ཡང་། དེ་དག་གང་བརྗོད་མིན་ལ་མ་བལྟོས་པར། སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་ལྟ་བུ་ཐུན་མིན་ནང་གི་ཉམས་ལེན་མང་པོ་ཞིག་ནི་མདོ་དང་སྔགས་གཉིས་ཀ་ཐུན་མོང་གི་ཉམས་ལེན་ཡིན་པ་རེད།

ཐུན་མོང་གི་ཉམས་ལེན་རྣམས་ནི་གཞི་རྩའི་ཆ་ནས་དགེ་ལུགས་པའི་སྲོལ་རྒྱུན་གྱི་ནང་། ང་ཚོས་བརྗོད་པའི་ལམ་རིམ་གྱི་ཆོས་རྣམས་ཡིན་པ་རེད། བཀའ་བརྒྱུད་པའི་ལུགས་ལ་བློ་ཆོས་སུ་ཁ་སྒྱུར་བའི་བསམ་བློ་བཞི་སྟེ། བློ་ལྡོག་རྣམ་བཞི་ཟེར་བ་ཞིག་ཡོད་པ་དེ་ནི་རྙིང་མའི་ཆོས་བརྒྱུད་ཀྱི་ཕྱིའི་སྔོན་འགྲོ་དང་མཐུན་པ་ཞིག་ཡིན། ས་སྐྱའི་ཆོས་བརྒྱུད་ནས་ཀྱང་ཞེན་པ་བཞི་བྲལ་ཞེས་གསུང་གི་ཡོད། མདོ་གཅིག་པ་ཞིག་ལ་བོད་བརྒྱུད་ནང་བསྟན་མི་འདྲ་བས་སྒྲོམ་གཞི་འགོད་སྟངས་ཧ་ཅང་མང་པོ་ཡོད། དེ་དག་ལས་གང་ལ་ང་ཚོས་འབད་བརྩོན་བྱེད་ནའང་ཁྱད་པར་རྩ་ནས་མེད། དེ་དག་འགའ་ཤས་ཀྱི་གནད་དོན་འགའ་ཞིག་གི་ཐོག་ལ་ཏོག་ཙམ་ཞིབ་ཅིང་ཕྲ་བའི་འགྲེལ་བརྗོད་བྱེད་སྲིད་ནའང་། གཞི་རྩའི་ཆ་ནས་དེ་དག་ཐམས་ཅད་གཅིག་མཚུངས་རེད། 

ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་མཚོན་ན། ཧ་ཅང་རྒྱས་པ་ཞིག་ཀྱང་བསྒྲུབ་ཆོག །དེ་ཡང་ཉམས་ལེན་རེ་རེ་བསྐྱར་ཟློས་ཐེངས་འབུམ་དང་། ཆིག་འབུམ་བརྒྱད་སྟོང་། ཡང་ན་ཆིག་འབུམ་སུམ་ཁྲི་བྱེད་ཀྱི་ཡོད། བཀའ་བརྒྱུད་པའི་ཚད་ལྡན་གྱི་སྔོན་འགྲོའི་ནང་། ཕྱག་འཚལ་བ་དང་། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་སྒོམ་བཟླས། མཎྜལ་འདེགས་འབུལ། བླ་མའི་རྣལ་འབྱོར་བཅས་ཡོད། རྙིང་མའི་གཏེར་མའི་གཞུང་རེ་རེའི་ནང་སྔོན་འགྲོའི་སྡེ་ཚན་རེ་རེ་ཡོད། འོན་ཀྱང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཚད་ལྡན་སྔོན་འགྲོ་རྣམས་སྒྱུར་བཅོས་བཏང་ནས་སློབ་མ་ངེས་ཅན་རྣམས་ལ་ཉམས་ལེན་བྱེ་བྲག་རིགས་བཟོ་བཀོད་གནང་ཆོག །ང་རང་ལྟ་བུར་མཚོན་ན། ངའི་ཆོས་ཀྱི་སློབ་གཉེར་ཐོག་མའི་སྐབས། ༧གོང་ས་མཆོག་གིས་སྤྱན་གཟིགས་གཟུངས་སྔགས་མ་ཎི་འབུམ་དྲུག་དང་འཇམ་དབྱངས་གཟུངས་སྔགས་འབུམ་དྲུག་གསོག་དགོས་ཞེས་གདམས་པ་གནང་ཡོད། ཕྱིས་སུ་ང་རང་སྒེར་ནས་འགོ་བཙུགས་ཏེ། ངས་རྡོར་སེམས་ཡིག་བརྒྱ་འབུམ་གཅིག་བསགས་ཡིན། དེ་ནས་ངའི་གསང་སྔགས་ཀྱི་བསྙེན་མཚམས་རིང་པོ་དེ་མ་བྱས་གོང་སེར་ཀོང་རིན་པོ་ཆེ་ནས་རྗེ་ཙོང་ཁ་པའི་བླ་མའི་རྣལ་འབྱོར་གྱི་ཚིགས་བཅད་དེ་འབུམ་ཚར་འདོན་དགོས་ཞེས་གསུངས་སོང་། ཉམས་ལེན་དེ་དག་རེ་རེའི་ནང་དམིགས་རྣམ་བསྟེན་པ་གཅིག་པུ་ཙམ་མིན་པར། ད་དུང་སེམས་ཀྱི་གནས་བབས་ཀྱི་གྲོགས་ངེས་ཅན་སྐྱེད་པ་དེའང་ཚུད་ཡོད། 

ང་རང་སྒེར་གྱི་ངོས་ནས་མཐར་ཐུག་ལ་ཁྱེད་ཀྱིས་སྔོན་འགྲོའི་ཉམས་ལེན་གང་འདྲ་ཞིག་བྱེད་ཀྱི་ཡོད་ནའང་ཁྱད་པར་གང་ཡང་བཟོ་གི་མེད་བསམ་གྱི་འདུག །ཁྱེད་ཀྱིས་སྔོན་འགྲོ་བྱེ་བྲག་པ་ཞིག་ཉམས་སུ་ལེན་པ་དེས་བརྒྱུད་པ་བྱེ་བྲག་པ་ཞིག་ལ་འབྲེལ་ཐག་ཉེ་པོ་ཞིག་མཐུད་ཀྱི་ཡོད། དེ་ནི་ཧ་ཅང་ཕན་ཐོགས་ཅན་དང་དགོས་ངེས་ཤིག་རེད། གང་ལྟར་ཡང་། བརྒྱུད་པ་ཚང་མས་འཁྲིད་ས་དེ་སངས་རྒྱས་ཀྱི་གོ་འཕང་ལ་གཅིག་པ་འགོད་པར་བྱེད་ཀྱི་ཡོད། བྱས་ཙང་། མཐར་ཐུག་ལ་དེ་དག་ཐམས་ཅད་གཅིག་པ་རེད། ཁྱེད་ཀྱིས་གཅིག་དེ་གཞན་ལས་ཡག་ག་དང་ཁྱད་པར་དུ་འཕགས་པ་རེད་ཅེས་བརྗོད་མི་ཐུབ། དེ་དག་གི་ཕན་ནུས་ནི་རང་སོ་སོའི་ཀུན་སློང་དང་། སེམས་ཀྱི་གནས་བབས། ཏིང་ངེ་འཛིན་གྱི་རིམ་པ་བཅས་ལ་རག་ལུས་ཡོད། 

དེར་མ་ཟད། ཁྱེད་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གང་གི་རྗེས་སུ་འཇུག་ནའང་། དེ་དག་རེ་རེའི་སྒྲུབ་ཐབས་ཆ་ཚང་བ་ཉམས་སུ་ལེན་པའི་ནང་། ཕྱག་འཚལ་བ་དང་། མཎྜལ་འབུལ་བ། རྡོ་སེམས་སྒོམ་བཟླས། བླ་མའི་རྣལ་འབྱོར་བཅས་སྔོན་འགྲོའི་རིམ་པ་རྣམས་ཚུད་ཡོད། འདིས་ང་ཚོས་ལམ་རིམ་པར་འགྲིམ་པའི་སྔ་ཕྱི་བར་གསུམ་དུ་སྔོན་འགྲོའི་ཉམས་ལེན་གཙོ་བོ་དེ་དག་དགོས་ཀྱི་ཡོད་པ་གསལ་པོར་སྟོན་གྱི་ཡོད།

དགེ་ལུགས་པའི་ལུགས་ཀྱི་ཐུན་མིན་གྱི་སྔོན་འགྲོའི་ཉམས་ལེན་དགུ།

དགེ་ལུགས་པའི་ལུགས་སུ་སྲོལ་རྒྱུན་གྱི་ཐུན་མིན་སྔོན་འགྲོའི་ཉམས་ལེན་གྱི་རིམ་པ་དགུ་ཡོད་པ་དང་། དེ་དག་རེ་རེ་བཞིན་འབུམ་རེ་བཟླས་བརྗོད་བྱེད་དགོས། དབྱེ་བ་དགུ་ཡོད་ནའང་། ཚང་མས་དགུ་པོ་ཆ་ཚང་བ་ཉམས་སུ་ལེན་དགོས་པའི་དོན་མིན། ཁྱེད་ཀྱིས་དགེ་བའི་བཤེས་གཉེན་གྱིས་དེ་དག་ལས་འགའ་ཞིག་བྱ་དགོས་ཞེས་དང་། ཡང་ན་དེ་ལས་གཞན་པ་ཞིག་བྱ་དགོས་པའི་དགོངས་ཚུལ་གསུང་སྲིད། སྔོན་འགྲོའི་ཉམས་ལེན་དགུ་པོ་དེ་དག་ནི་དགའ་ལྡན་ལྷ་བརྒྱ་མའི་སྨོན་ལམ་གྱི་སྐབས་དོན་དང་འབྲེལ་ནས་ཉམས་ལེན་བྱེད་སྲོལ་ཡོད། 

༡༽ ཕྱག་འཚལ་བ། དེ་ཡང་སྐྱབས་སུ་འགྲོ་བ་དང་ལྟུང་བཤགས་ཀྱི་ལྷ་སོ་ལྔ་དང་སངས་རྒྱས་སྨན་ལྷ་མཆེད་བརྒྱད་ཀྱི་མཚན་བགྲང་པའི་སྒོ་ནས་ཉམས་ལེན་བྱེད་སྲོལ་ཡོད། སེར་ཀོང་རིན་པོ་ཆེས། མཚན་དེ་དག་ཚང་མ་ཐེངས་མ་གཅིག་གི་ནང་འདོན་དགོས་ཞེས་གསུངས། དེ་ཡང་མཚན་རེ་རེ་དང་མཉམ་དུ་ཁྱེད་ཀྱིས་ཕྱག་གཅིག་འཚལ་དགོས་པ་དེ་འདྲ་མིན་པར། ཁྱེད་རང་མཚན་འདོན་བཞིན་འདོན་བཞིན་ཕྱག་འཚལ་དགོས་པ་ཙམ་དེ་རེད། དེ་མིན་ཁྱེད་ཀྱིས་ཕྱག་འཚལ་བ་དང་མཚན་བགྲང་བ་གཉིས་འབྲེལ་བ་མཐུད་ཐབས་ཐད་ཚད་བརྒལ་གྱིས་སེམས་ཁུར་དང་བཅས་རང་ཉིད་ཧ་ཅང་མགོ་འཐོམ་སྲིད། སྲོལ་རྒྱུན་གྱི་ལུགས་སྲོལ་གཞན་འགའ་ཞིག་གི་ནང་། ཕྱག་འཚལ་བའི་སྐབས། ཡན་ལག་བདུན་པ་འདོན་གྱི་ཡོད། དོན་ངོ་མར་ཕྱག་འཚལ་བའི་སྐབས། ཁྱེད་ཀྱིས་བཟླས་བརྗོད་རིགས་སྣ་ཚོགས་པ་མང་པོ་འདོན་ཆོག །མཐར་ཐུག་ལ་དེས་ཁྱད་པར་བཟོ་གི་རེད་བསམ་གྱི་མི་འདུག །ཁྱེད་ཀྱིས་རང་ཉིད་ཀྱིས་བརྒྱུད་པ་བྱེ་བྲག་པ་གང་འདྲ་ཞིག་གི་སྔོན་འགྲོ་ཉམས་སུ་ལེན་གྱི་ཡོད་ནའང་དེ་དང་མཐུན་པ་བྱེད་ན་འགྲིགས། 

༢ དང་ ༣༽ མཎྜལ་འབུལ་བ་དང་མཉམ་དུ་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་སྐྱེད་པ་དེ་རེད། དགེ་ལུགས་པའི་ལུགས་ལ་སྔོན་འགྲོའི་ཉམས་ལེན་གཉིས་པ་དང་གསུམ་པ་མཉམ་དུ་བྱེད་ཀྱི་ཡོད། ཁྱེད་ཀྱིས་མཎྜལ་གྱི་བཤད་པ་ཚིགས་བཅད་ནམ་རྒྱུན་ཚད་ལྡན་དེ་འདོན་པ་ཙམ་དུ་མ་ཟད། ཐེངས་མ་རེ་རེའི་ནང་སྐྱབས་འགྲོ་དང་བྱང་ཆུབ་སེམས་ཀྱི་ཚིགས་སུ་བཅད་པ་འདོན་པའི་སྒོ་ནས་མཎྜལ་འབུལ་གྱི་ཡོད། བརྒྱུད་པ་གཞན་འགའ་ཞིག་གི་ནང་། ཉམས་ལེན་དེ་གཉིས་པོ་ལོགས་སུ་བྱེད་ཀྱི་ཡོད། 

༤༽ ཡོན་ཆབ། ཡོན་ཆབ་འབུམ་ཚར་དྭངས་ཤིང་གཙང་བའི་ཆུས་བཀང་ནས་འབུལ་བ།

༥ ༽ བླ་མའི་རྣལ་འབྱོར། དགེ་ལུགས་ཆོས་བརྒྱུད་ཀྱི་ནང་། བླ་མའི་རྣལ་འབྱོར་ནི་དམིགས་བརྩེ་མ་བགྲང་བའི་སྒོ་ནས་ཉམས་ལེན་བྱེད་ཀྱི་ཡོད། དམིགས་བརྩེ་མ་ནི་རྗེ་ཙོང་ཁ་པས་རང་གི་བླ་མ་རྗེ་བཙུན་རེད་མདའ་བར་བསྟོད་པའི་ཚིགས་སུ་བཅད་པ་ཞིག་ཡིན་པ་དང་། རེད་མདའ་བས་སླར་ཡང་ཚིགས་སུ་བཅད་པ་དེ་རྗེ་ཙོང་ཁ་པར་རང་འཇགས་བསྟོད་པ་ཕུལ་བ་ཞིག་རེད། ཁྱེད་ཀྱིས་དམིགས་བརྩེ་མ་ཚིག་རྐང་ལྔ་སྐོར་དང་དགུ་སྐོར་གང་བགྲངས་ནའང་། མཐར་ཐུག་ལ་དེས་ཁྱད་པར་བཟོ་གི་རེད་བསམ་གྱི་མི་འདུག །སླར་ཡང་ཁྱེད་ཀྱིས་རང་གི་དགེ་བའི་བཤེས་གཉེན་གྱིས་གང་ལམ་སྟོན་གནང་ལྟར་བྱ་དགོས། 

བླ་མའི་རྣལ་འབྱོར་ལ་ཆ་བཞག་ན། རིགས་འདྲ་མིན་སྣ་ཚོགས་དང་དེ་དག་ལ་ཡི་དམ་གྱི་ལྷ་འདྲ་མིན་སྣ་ཚོགས་ཡོད། བྱས་ཙང་། ཁྱེད་ཀྱི་གུ་རུ་རིན་པོ་ཆེ་དང་། ཀརྨ་པཀྵིའི་(ཀརྨ་པ་སྐུ་ཕྲེང་གཉིས་པ།) རྗེ་སྒམ་པོ་པ། རྗེ་བཙུན་མི་ལ་རས་པ། ཡང་ན་ཝི་རུ་པ་སོགས་ཡི་དམ་གང་ལ་བསྟེན་ནའང་འདྲ་སྟེ། སླར་ཡང་དེས་མཐུར་ཐུག་གི་བསྒྲུབ་བྱ་ལ་ཁྱད་པར་བཟོ་གི་རེད་བསམ་གྱི་མི་འདུག །དེ་ཉམས་ལེན་བྱེད་པར་བརྟེན་ཁྱེད་རང་ཡི་དམ་དེའི་རྒྱུད་པ་བྱེ་བྲག་པ་དེ་དང་འབྲེལ་བ་མཐུད་ཀྱི་ཡོད། འོན་ཀྱང་མཐར་ཐུག་ལ་དེ་དག་ཐམས་ཅད་སངས་རྒྱས་རེད། དོན་དག་གཙོ་བོ་ནི། བླ་མ་བརྒྱུད་པས་མཚོན་པའི་སངས་རྒྱས་རྣམས་ལ་ལུས་ངག་ཡིད་གསུམ་གྱིས་འབྲེལ་མ་མཐུད་དགོས། ཡིན་ནའང་ད་དུང་ཡང་ཁྱེད་ཀྱིས་སོ་སོའི་གཞན་ལས་ཁྱད་པར་འབྱེད་པའི་ཆོས་དེ་རང་སོར་འཇོག་དགོས་ངེས་རེད། 

གལ་ཏེ་ཁྱེད་རང་བླ་མའི་རྣལ་འབྱོར་ཉམས་ལེན་བྱེད་རྩིས་ཡོད་པ་དང་། དེའི་ནང་ཁྱེད་ཀྱིས་རང་གི་བླ་མ་དེ་བརྒྱུད་པའི་བླ་མ་ཞིག་གི་ངོ་བོར་དམིགས་རྣམ་དུ་བྱས་ནས། ཁྱེད་ཀྱིས་བླ་མ་དེའི་སྐུ་ཚེའི་རྣམ་ཐར་ཤེས་ཀྱི་ཡོད་པ་དང་། དེ་བྱིན་རླབས་ཅན་དང་སེམས་འགུལ་ཐེབས་པ་ཞིག་ཏུ་མཐོང་ན། དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། དེ་ནི་སེམས་འགུལ་ཐེབས་པོ་ཞིག་དགོས་ཀྱི་ཡོད། གལ་ཏེ་སེམས་འགུལ་ཐེབས་པོ་ཞིག་མེད་ན། དེ་ཁྱེད་རང་ལ་ཧ་ཅང་ཕན་ནུས་ལྡན་པ་ཞིག་ཡོང་གི་མ་རེད། 

༦༽ རྡོ་རྗེ་སེམས་དཔའི་ཡིག་བརྒྱ། རྡོ་རྗེ་སེམས་དཔའ་ལ་སྐུ་རྐྱང་ཡིན་པ་དང་ཡུམ་དང་མཉམ་དུ་བཞུགས་པ་སོགས་རྣམ་པ་སྣ་ཚོགས་པ་ཡོད། རྡོར་སེམས་གཟུངས་སྔགས་རང་ལ་མཚོན་ན། རྒྱུད་གསང་བ་འདུས་པར་གཞིར་བྱས་པའི་ཚད་ལྡན་གྱི་འགྲེལ་ཚུལ་ཞིག་ཡོད་ཀྱང་། ད་དུང་གཤིན་རྗེ་གཤེད་དང་ཧེ་རུ་ཀ། དེ་བཞིན་པདྨའི་འགྲེལ་ཚུལ་ཡང་ཡོད། འགྲེལ་ཚུལ་སྣ་ཚོགས་པ་དེ་དག་རེ་རེའི་ནང་། ཚིག་འགའ་ཞིག་བརྗེ་ལེན་བྱས་ཡོད། སྐབས་རེར་ཚིག་རྐང་འགའ་ཤས་གོ་རིམ་ལྡོག་ནས་བཀོད་ཡོད། མཐར་ཐུག་འགྲེལ་ཚུལ་གང་ཞིག་ཁྱེད་ཀྱིས་ཁ་ཏོན་དུ་བྱས་ནའང་ཁྱད་གང་ཡང་བཟོ་གི་མེད། དེ་དག་ལས་ཁྱེད་ཀྱི་དགེ་བའི་བཤེས་གཉེན་གྱིས་གང་ཞིག་ལམ་སྟོན་གནང་བ་ནང་བཞིན་རང་གི་བརྒྱུད་པ་དང་མཐུན་པར་ཉམས་སུ་བླངས་ན་འགྲིགས། དེ་དག་ཐམས་ཅད་ཕན་ནུས་ལྡན་པ་ཡིན། ནང་ཆོས་ནང་སྤྱི་བཏང་ཆོས་ཀྱི་གནད་དོན་ཕལ་ཆེར་ཚང་མ་ལ་ཉམས་ལེན་བྱེད་ཚུལ་གྱི་རྣམ་པ་ཧ་ཅང་མང་པོ་ཡོད། 

༧༽ དམ་ཚིག་རྡོ་རྗེའི་གཟུངས་སྔགས། དམ་ཚིག་རྡོ་རྗེའི་གཟུངས་སྔགས་ནི་རྒྱུད་གསང་བ་འདུས་པ་ལས་བྱུང་བའི་དོན་ཡོད་གྲུབ་པའི་རྣམ་པ་ཞིག་རེད། ཁོང་གི་གཟུངས་སྔགས་བགྲངས་ན། ཁྱེད་ཀྱིས་རང་གི་བླ་མའམ་དགེ་བའི་བཤེས་གཉེན་དང་མཉམ་དུ་དམ་ཚིག་ཉམས་ཆག་གང་འདྲ་ཞིག་དང་འགལ་བ་ཡིན་ནའང་དག་པར་བྱེད་ཀྱི་ཡོད། 

༨༽ ཚ་ཚ། ཚ་ཚ་ནི་ས་དང་འདམ་ལས་གྲུབ་པའི་ཡི་དམ་གྱི་ལྷ་སྣ་ཚོགས་པའི་སྐུ་བརྙན་བརྐོས་པའི་འཇིམ་པ་ཆུང་ཆུང་རྣམས་རེད། བོད་ནང་ཚ་ཁང་ཆུང་ངུ་བཞེངས་སའི་ས་ཆ་ཧ་ཅང་གུ་ཡངས་ལ་རྒྱ་ཆེ་བ་ཡོད་པ་དང་། དེ་དག་གི་ནང་ཚ་ཚ་འབུམ་ཕྲག་ཉར་འཚག་བྱེད་ཆོག །འོན་ཀྱང་ནུབ་ཕྱོགས་སུ་དེ་འདྲ་དཀའ་ལས་ཆེ་བ་ཡོད། ངའི་བསམ་པར། བླ་མ་བཟོད་པས་དགོངས་ཚུལ་ལྟར་འཁྱགས་པ་གྲུ་བཞིའི་གཞོང་པ་བརྐོས་པ་ཧ་ཅང་མང་པོ་བེད་སྤྱོད་བྱེད་ཀྱི་ཡོད། དེ་ནི་ཁྱེད་ཀྱིས་ཚ་ཚ་ཆུ་ལས་བཟོས་ཏེ། དེ་དག་འཁྱགས་ཧྲེང་ཆགས་འཇུག་དགོས། དེའི་རྗེས་སུ་དེ་དག་བཞུ་བཅུག་ནས་གཞོང་པ་དེ་སླར་ཡང་འགེང་དགོས། ཚ་ཚ་བཞེངས་པ་དེས་སངས་རྒྱས་ཀྱི་གཟུགས་སྐུ་འགྲུབ་པའི་རྒྱུ་རུ་འགྲོ་གི་ཡོད། 

༩༽ ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག །སྐབས་རེར་ཡི་དམ་གྱི་ལྷ་འདི་ཟ་བྱེད་མཁའ་འགྲོ་ཞེས་པའི་མཚན་དུ་མི་རྣམས་ཀྱིས་ཧ་གོ་གི་ཡོད། འདི་ནི་རྡོར་སེམས་བསྒོམ་བཟླས་དང་མཚུངས་པ་སྡིག་པ་མི་དགེ་བ་རྣམས་སྲེག་པར་བྱེད་པའི་ཉམས་ལེན་ཞིག་ཡིན། ཁྱེད་ཀྱིས་མེ་ཁུང་ནང་གི་རྡོ་སོལ་དམར་ལ་ཚ་བའི་ནང་ཏིལ་གྱི་ས་བོན་བླུགས་ནས་མཆོད་པ་འབུལ་བཞིན་པའི་སྐབས། གཟུངས་སྔགས་བགྲང་བའི་སྒོ་ནས་ཉམས་ལེན་བྱེད་ཀྱི་ཡོད། དེ་ནི་སྡིག་པ་དག་སྦྱོང་ལ་ཡིད་ལ་འཆར་བའི་ཆེད་རྦད་དེ་མངོན་གསལ་དོད་པ་དང་ལུས་ཀྱི་རྒྱུད་རིམ་ཞིག་ཡིན།

སྔོན་འགྲོའི་ཉམས་ལེན་གནང་ཕྱོགས།

འོ་ན་ཁྱེད་ཀྱིས་སྔོན་འགྲོའི་ཉམས་ལེན་འདི་དག་ཇི་ལྟར་བྱེད་དམ། སྲོལ་རྒྱུན་གྱི་ལུགས་འགའ་ཞིག་གི་ནང་། དམིགས་བསལ་ཆོས་ཉམས་ལེན་གྱི་ཐོག་མར་སྔོན་འགྲོ་བྱེད་སྲོལ་ཡོད་པའི་ནང་། ཁྱེད་ཀྱིས་སྔོན་འགྲོ་འདི་དག་ཐམས་ཅད་དཀྱུས་གཅིག་ཏུ་བྱེད་དགོས། དེ་ནི་གལ་ཏེ་ཁྱེད་རང་ལོ་གསུམ་བསྙེན་མཚམས་བསྡད་ན། དེ་ཡང་གཅིག་པ་རེད། ཡང་སྲོལ་རྒྱུན་གྱི་ལུགས་འགའི་ནང་། ལོ་གསུམ་བསྙེན་མཚམས་ཀྱི་ཆ་ཤས་དང་པོ་ནི་སྔོན་འགྲོ་སླར་ཡང་ཉམས་ལེན་བྱ་རྒྱུ་དེ་རེད། 

མི་འགའ་ཤས་ཀྱིས་ཉམས་ལེན་དེ་དག་ཉིན་གང་པོར་བྱེད་ཐུབ་ཀྱི་ཡོད། དཔེར་ན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་དང་བལ་ཡུལ་མཆོད་རྟེན་ཆེན་མོའི་མདུན་དུ་བོད་མི་ཚོས་ཉིན་རེར་ཕྱག་ཚར་སུམ་སྟོང་དང་བཅས་ཕྱག་འབུམ་འཚལ་བཞིན་པ་ཁྱེད་ཀྱིས་མཐོང་གི་རེད། ང་ཚོ་མང་ཆེ་བ་ལ་དེ་ནི་ཕལ་ཆེར་མི་སྲིད་པ་ལྟ་བུ་རེད། འོན་ཀྱང་ཁྱེད་ཀྱིས་ཉིན་རེར་དེ་ལས་རན་འཚམས་ཀྱི་ཕྱག་འཚལ་ཆོག །དེ་ཡང་ཉིན་གཅིག་གི་ཐུན་བཞིའི་ནང་དུའམ། ཡང་ན་ཞོགས་པ་ཐུན་གཅིག་དང་མཚན་མོ་ཐུན་གཅིག་བྱེད་ནའང་འགྲིགས། ཡང་མིན་ན་ཉིན་གཅིག་གི་ནང་ཐུན་གཅིག་རང་བྱེད་ནའང་འཐུས། ཁྱེད་ཀྱིས་ཕྱག་གང་འདྲ་འཚལ་མིན་ལ་མ་བལྟོས་པར། ཉིན་དང་པོའི་ཐུན་དང་པོའི་སྐབས་སུ་ངག་འདོན་ཐེངས་གསུམ་ཁོ་ན་བྱས་ནས་དེའི་རྗེས་ནས་མི་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟར་གྲངས་ཀ་དེ་ཁྱེད་ཀྱིས་ཉིན་ལྟར་བྱ་དགོས་པའི་གྲངས་འབོར་ཆུང་ཤོས་ཆགས་ཀྱི་ཡོད། བྱས་ཙང་། གལ་ཏེ་ཁྱེད་རང་ནད་པ་ཡིན་པའི་སྐབས་དང་འགྲིམ་འགྲུལ་བྱེད་བཞིན་པའི་སྐབས་ཡིན་ན། ཁྱེད་ཀྱིས་དེ་ལས་སླ་པོ་དང་སྟབས་བདེ་པོ་བཟོ་དགོས། འདི་ནི་ཡི་དམ་གྱི་ལྷ་ཞིག་ལ་བསྙེན་མཚམས་སྡོད་པ་དང་གདམས་ངག་གཅིག་མཚུངས་རེད། དེ་ཡང་ཐེངས་དང་པོའི་སྐབས་སུ་གཟུངས་སྔགས་བཟླས་བརྗོད་ཐེངས་མ་གསུམ་བྱ་རྒྱུ་དེ་རེད། སེར་ཀོང་རིན་པོ་ཆེ་ནས་དེའི་ཐད་ཧ་ཅང་ནན་གྱིས་གསུང་གནང་གི་རེད། གང་ཡིན་ཞེ་ན། མི་རྣམས་ནད་པ་ཆགས་ཀྱི་ཡོད་པས། དེ་ནི་དཀའ་ལས་ཁག་པོ་རེད། ཁྱེད་ཀྱིས་རྒྱུན་དེ་གཅོད་འདོད་མེད། གལ་ཏེ་རྒྱུན་དེ་བཅད་ན། འགོ་ནས་བཟུང་སྟེ་ཡང་བསྐྱར་བྱེད་དགོས་ཀྱི་ཡོད། གལ་ཏེ་དེ་མ་ནོར་བར་བྱས་ན། ཁྱེད་ཀྱིས་ཉིན་ལྟར་ཉམས་ལེན་དེ་ས་ཆ་གཅིག་རང་དང་གདན་གཅིག་རང་གི་ཐོག་ལ་བྱེད་དགོས།

སྐབས་རེར་དམིགས་བསལ་དེ་འདྲ་ཡོད། ང་རང་སྒེར་གྱི་ཉམས་མྱོང་ལྟར་བྱས་ན། ངས་རྡ་སར་བསྙེན་མཚམས་ཤིག་བསྡད་པའི་སྐབས་དེར་མ་ནཱ་ལིར་༧གོང་ས་མཆོག་གི་དབང་དང་གསུང་ཆོས་འགའ་ཞིག་ལ་གསུང་བསྒྱུར་ཆེད་འགྲོ་དགོས་པའི་འབོད་སྐུལ་བྱས་སོང་། ང་རང་བསྙེན་མཚམས་ལས་ཕྱིར་ཐོན་ནས་འགྲོ་རྒྱུར་ཐེ་ཚོམ་ཅན་དུ་གྱུར་སོང་། འོན་ཀྱང་སེར་ཀོང་རིན་པོ་ཆེ་ནས་ང་ལ་བཀའ་བཀྱོན་གནང་ནས། “ཁྱེད་རང་ངེས་པར་དུ་འགྲོ་དགོས་ཤིང་། འགྲོ་རྒྱུར་དྲི་བ་དང་ཐེ་ཚོམ་རྩ་ནས་མ་བྱོས། ཁྱེད་ཀྱིས་ཉིན་རེ་བཞིན་ཐུན་ཐུང་ཐུང་རྣམས་བྱེད་དགོས། དེ་ནས་ཚུར་ལོག་ནས་མུ་མཐུད་དེ་བསྙེན་མཚམས་བསྡད་ན་འགྲིག་” ཅེས་གསུངས་བྱུང་། བྱས་ཙང་། དེ་ནི་དམིགས་བསལ་གྱི་རིགས་ཤིག་ཡིན་པ་དང་། དེ་ལྟར་བྱས་ན་འགྲིགས་པ་རེད། གལ་ཏེ་ཁྱེད་ཀྱིས་བསམ་བློ་བཏང་ན། ཕྱག་འབུམ་སོགས་བྱེད་པ་དེ་ནི་མང་པོ་ཞེ་དྲགས་གང་ཡང་མ་རེད། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་འདྲ་བར་ངས་ཉམས་ལེན་བྱས་པ་དེ་ནི་ལོ་གཅིག་གི་ནང་། ཉིན་གཅིག་ལ་ཡིག་བརྒྱ་ཚར་སུམ་བརྒྱ་བཟླས་བརྗོད་བྱས་ཤིང་། དེས་ལོ་གཅིག་གི་ནང་བསྡོམས་འབུམ་གཅིག་ཆགས་པ་རེད། ངག་འདོན་གང་འདྲ་ཞིག་ཡིན་ནའང་ཉིན་གཅིག་ལ་ཐེངས་མ་སུམ་བརྒྱ་བྱ་རྒྱུ་དེ་ནི་ཧ་ཅང་ངལ་བ་ཅན་དེ་འདྲ་གང་ཡང་མ་རེད།

ཚོར་མེད་འཕྲུལ་ཆས་ལྟར་ཆགས་པ་དེ་ཇི་ལྟར་སྤོང་བའི་ཚུལ།

སྔོན་འགྲོའི་ཉམས་ལེན་དེ་དག་ཚོར་མེད་འཕྲུལ་ཆས་ལྟར་མི་ཆགས་པར་སྔོན་འགོག་བྱེད་པའི་རྐྱེན་རྩ་གཙོ་བོ་ནི། དེ་དག་ཉམས་སུ་བླང་བའི་ཕྱིར་སྐྱབས་འགྲོ་དང་བྱང་ཆུབ་སེམས་ཀྱི་ཀུན་སློང་རྣམ་པར་དག་པ་དང་ལྡན་པ་དེ་རེད། དེའི་སྒང་ལ་ང་ཚོས་དུས་ཚོད་ཐུང་ངུའི་རིང་བར་སེང་ག་དུས་བླང་དགོས་པ་དང་ཐུན་གྱི་སྐབས་སུ་ཨུ་ཚུགས་ཧ་ཅང་ཆེན་པོ་རྒྱག་རྒྱུ་མེད་པ་དེ་ཤེས་དགོས། ང་ཚོས་གང་བྱེད་ཀྱིན་ཡོད་པ་དང་ག་རེ་བྱས་ནས་བྱེད་ཀྱིན་ཡོད་པའི་ཐད་ལ་གོ་རྟོགས་ཤུགས་ཇི་ཙམ་ཆེ་བ་ཡོད་པ་དང་། ཐུན་ཞིག་འགོ་མ་ཚུགས་གོང་ནས་ང་ཚོས་ཇི་ཙམ་གྱིས་སླར་ཡང་ངེས་བརྟན་ཆེ་བ་བྱེད་པ་དེའི་ཚོད་ཀྱིས་ང་ཚོས་ཉམས་ལེན་དངོས་སུ་བྱེད་པའི་སྐབས་དཀའ་ངལ་ཉུང་བ་འཕྲད་ཀྱི་རེད། དེ་ལྟར་བྱུང་ན། “ངས་འདི་ཉམས་ལེན་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན། ངའི་དགེ་བའི་བཤེས་གཉེན་གྱིས་བྱེད་དགོས་གསུངས་སོང་། བྱས་ཙང་། ང་རང་མི་ཡག་པོ་ཞིག་ཆགས་འདོད་ཡོད་པ་དང་། ངའི་དགེ་བའི་བཤེས་གཉེན་གྱིས་ང་ལ་ཐུགས་མཉེས་པོ་གནང་ན་བསམ་གྱི་འདུག་” ཅེས་དང་། ཡང་ན་ “ང་རང་མི་སྡུག་པའི་ཆ་འདི་ལས་ཐར་འདོད་འདུག་” ཅེས་ཅ་དངོས་ཡག་པོ་འཐོབ་པའི་ཆེད་ངས་སྤྱོད་རྩུབ་ཅན་གྱི་ཁྲལ་སྤྲོད་དགོས་པ་ལྟ་བུ་གསང་སྔགས་ཀྱི་ཆོས་ནི་དེའི་རྗེས་སུ་འབྲང་གི་རེད། 

ཚོགས་དབུས་ཀྱི་ཉམས་ལེན།

གནད་དོན་མཐའ་མ་ཞིག་ཡོད། དེ་ཡང་མི་འགའ་ཞིག་གིས་སྔོན་འགྲོའི་ཉམས་ལེན་དེ་ཚོགས་དབུས་ཀྱི་མཚམས་ལྟ་བུ་སྡོད་ཀྱི་ཡོད། འདི་ནི་སྲོལ་རྒྱུན་གྱི་ཐབས་ལམ་ཞིག་མིན་ནའང་། དམིགས་བསལ་ནུབ་ཕྱོགས་པ་ཚོའི་ཆེད་དུ་གསལ་པོར་བཟོས་ཡོད། རྡོ་རྗེ་གདན་གྱི་མཆོད་རྟེན་ཡོད་སར་ཕྱག་འབུམ་འཚལ་མཁན་མི་གཞན་དག་ཡོད་སྲིད་ཀྱང་། དེ་དག་ཚོགས་སྡེ་ཞིག་གི་ནང་ཡོད་པ་དང་འགོ་ཁྲིད་ཅིག་གིས། ད་འགོ་འཛུགས་བྱོས་ཞེས་བརྗོད་ནས་ཚང་མས་མཉམ་དུ་ཉམས་ལེན་བྱེད་ཀྱི་ཡོད། མི་ཚང་མས་རང་སོ་སོའི་མྱུར་ཚད་ལ་དཔག་པའི་ཕྱག་འཚལ་གྱི་ཡོད། 

ཚོགས་དབུས་ཀྱི་མཚམས་དང་བྱེད་སྒོ་ཁག་གི་ཁེ་ཕན་གཙོ་བོ་ནི། སྔོན་འགྲོ་དང་། ཡི་དམ་ལྷའི་ཉམས་ལེན། ཡང་ན་ལམ་རིམ་ཉམས་ལེན་སོགས་གང་ཡིན་རུང་དེ་དག་གིས་རང་ཉིད་ལ་སྒྲིག་ཁྲིམས་སྟེར་གྱི་ཡོད། གལ་ཏེ་ཁྱེད་ལ་དེ་བྱེད་མཁན་གྱི་ཚོགས་སྡེ་དང་ཚོགས་སྡེའི་གནོན་ཤུགས་དེ་མེད་ན། ཁྱེད་ཀྱི་བྱེད་ངེས་མ་རེད། དེ་ནི་བདེ་ཐང་ཆེད་ལུས་སྦྱོང་ཁང་ཞིག་ཏུ་འགྲོ་བ་དང་སྦྱོང་བརྡར་སྤྲོད་མཁན་ཞིག་དང་མཉམ་དུ་ལུས་སྦྱོང་བྱེད་པ་འདྲ་པོ་རེད། ཁྱེད་ཀྱིས་ཚུ་ཚོད་གཅིག་གི་རིང་ལ་ལུས་རྩལ་ཤུགས་དྲག་རྩེ་གི་ཡོད། གང་ཡིན་ཞེ་ན། དེ་ནི་སྡེ་ཚན་གཅིག་གམ་ཡང་ན་ཁྱེད་རང་སྒེར་ངོས་ནས་སྦྱོང་བརྡར་སྤྲོད་མཁན་ཞིག་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད། གནས་སྟངས་དེ་རེད། མི་མང་ཆེ་བ་ལ་མཚོན་ན། ཁྱེད་ཀྱིས་རང་ངོས་ནས་དེ་ནམ་ཡང་བྱེད་ཀྱི་མ་རེད། བྱས་ཙང་། དེ་དང་འདྲ་བར་ཁྱེད་ལ་ཚོགས་དབུས་སུ་བྱེད་པའི་ཁེ་ཕན་འདི་འཐོབ་ཀྱི་ཡོད། ཐ་ན་རང་ངོས་ནས་ལྗིད་ཚད་དང་འཕྲུལ་ཆས་ལ་བརྟེན་ནས་ཤུགས་དྲག་ལུས་རྩལ་རྩེ་མཁན་གྱི་མི་རྣམས་ཀྱིས་སོ་སོའི་ནང་དུ་བྱེད་ཀྱི་མ་རེད། ཁོང་ཚོ་མི་གཞན་རྣམས་ཀྱིས་ཀྱང་ལུས་སྦྱོང་བྱེད་སའི་ས་ཆ་ངེས་ཅན་ཞིག་དང་ཁོར་ཡུག་ངེས་ཅན་ཞིག་ཏུ་འགྲོ་དགོས། གཞི་ནས་ཁོང་ཚོར་ལུས་སྦྱོང་བྱེད་པའི་སྒྲིག་ཁྲིམས་དང་ལྡན་པ་ཆགས་ཀྱི་ཡོད། གལ་ཏེ་དེ་ཕན་ཐོགས་པོ་ཡོད་ན། འགྲིག་པ་རེད། ཧ་ཅང་ཡག་པོ་རེད། 

ཚོགས་དབུས་སྡེ་ཁག་དང་མཉམ་དུ་ཉམས་ལེན་བྱེད་པའི་ཉེས་དམིགས་སམ་སྐྱོན་གྱི་ཆ་ནི། ཁྱེད་རང་སོ་སོའི་མྱུར་ཚད་ལ་དཔག་པའི་ཐོག་ནས་འགྲོ་གི་མེད། ཚོགས་སྡེའི་ཉམས་ལེན་པ་རྣམས་ཁྱེད་ལས་མྱུར་བའམ་ཡང་ན་དལ་བ་འགྲོ་གི་ཡོད་པས། དེས་ཁྱེད་རང་ཧ་ཅང་སུན་གཙེར་ཅན་བཟོ་སྲིད། མི་འགའ་ཞིག་ལ་ནི་སོ་སོ་རང་ཉིད་ཀྱི་མྱུར་ཚད་གཏན་འབེབས་བྱ་རྒྱུ་དེ་ཡག་ག་ཡོད། དེ་འདྲའི་ཐོག་ནས་ཁོང་ཚོས་གང་བྱེད་བཞིན་པའི་ཐད་ལ་སྤྲོ་ཉམས་ཚོར་གྱི་ཡོད། བྱས་ཙང་། ཁྱེད་རང་ཚོགས་དབུས་ཀྱི་མཚམས་སྡོད་རྩིས་ཡོད་སྐབས། གལ་ཏེ་ཚོགས་སྡེའི་མྱུར་ཚད་དེ་སོ་སོ་རང་ཉིད་ཀྱི་སྤྲོ་བདེའི་མྱུར་ཚད་དང་མི་འདྲ་བ་ཡོད་ན། དེ་ལས་བྱུང་བའི་སུན་སྣང་དང་སྡང་འཛིན་སྤོང་རྒྱུའི་ཐད་གཟབ་ནན་བྱེད་དགོས། 

མཇུག་སྡོམ།

འདི་ནི་ང་ཚོས་ཆོས་ཀྱི་ལམ་རྗེས་མའི་ཆེད་རང་ངོས་ནས་གྲ་སྒྲིག་བྱེད་པའི་སྔོན་འགྲོའི་ཉམས་ལེན་གྱི་ངོ་སྤྲོད་ཉུང་བསྡུས་ཤིག་རེད། 

ཆོས་ཀྱི་ལམ་ཡོངས་སུ་རྫོགས་པ་ལ་དཀའ་ཉེན་ཆེ་བའི་བྱ་བ་ཞིག་ཏུ་བལྟས་ན་ཕན་ཐོགས་ཡོད། དཀའ་ལས་ཁག་པོ་ཆགས་རྒྱུ་ཡིན་པ་ངེས་པ་རེད། གལ་ཏེ་ཁྱེད་ཀྱིས་འགྲུལ་ཚོ་ཞིག་གི་བརྒྱུད་ནས་བོད་ཀྱི་ས་ཆ་གཅིག་ནས་གཞན་ཞིག་ཏུ་གོམ་པ་སྤོས་ནས་ཕྱིན་ན། དེ་ནི་དཀའ་ལས་ཁག་པོ་ཆགས་ཀྱི་རེད། ཡིན་ནའང་དེ་ནི་དཀའ་ཉེན་ཆེ་བའི་བྱ་བ་དགེ་མཚན་ལྡན་པ་ཞིག་རེད། འགྲུལ་བཞུད་དེའི་སྔ་ཕྱི་བར་གསུམ་ལ་དཀའ་ངལ་དང་གདོང་ལེན་བྱེད་དགོས་པ་མང་པོ་ཡོང་གི་རེད། འོན་ཀྱང་གལ་ཏེ་ང་ཚོས་སྔོན་འགྲོའི་ཉམས་ལེན་འདི་དག་ལ་གྲ་སྒྲིག་བྱེད་པ་དང་། ལམ་འགྲིམ་པའི་སྐབས་སུ་དེ་དག་ལ་དུས་ནས་དུས་སུ་ ནུས་པ་དང་གསོན་ཤུགས་གསར་པ་སླེབས་པར་བྱས་ན། མཐར་ང་ཚོའི་དམིགས་ཡུལ་རྣམས་འགྲུབ་ཀྱི་རེད།།

Top