སྔོན་འགྲོའི་སྐོར་གོ་ནོར་ཐེབས་པ་ཁག

ང་ཚོ་ཇི་ལྟར་ཡོད་པའི་ཚུལ་ལ་གཞི་རྩའི་གོ་ནོར་ཐེབས་པ་ཁག

ནང་ཆོས་ཀྱི་ནང་གོ་ནོར་ཐེབས་ཡུལ་མང་པོ་ཡོད་པ་ནི་ཤོད་ག་ལ་དགོས། འོན་ཀྱང་དེ་དག་ནི་ནང་ཆོས་ཀྱི་སྐོར་ལ་ཡོད་པའི་གོ་རྟོགས་དང་ཤེས་རྟོགས་ལ་དམིགས་བསལ་ལོགས་སུ་ཚད་བཀག་བྱས་པ་ཞིག་མིན། གོ་རྟོགས་མེད་པ་འདི་ནི་ང་ཚོས་ནང་ཆོས་ཀྱི་སྔ་ཕྱི་བར་གསུམ་དུ་མཐོང་བའི་སྤྱིར་བཏང་གི་གླེང་གཞི་ཞིག་རེད། ང་ཚོས་དངོས་པོའི་གནས་ལུགས་ལ་གོ་བ་སྒྲུབ་དང་། ང་ཚོ་དང་གཞན་ཐམས་ཅད་ཇི་ལྟར་ཡོད་པའམ་གྲུབ་པའི་ཚུལ་ལ་སོགས་པར་གོ་ནོར་ཐེབ་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་དངོས་པོའི་གནས་ལུགས་དང་མི་མཐུན་པའི་ཆོ་མེད་ཀྱི་རིགས་ཚང་མ་འཆར་སྣང་དུ་སྐྲུན་གྱི་ཡོད། ང་ཚོས་ཆོ་མེད་ཀྱི་རིགས་དེ་དག་བསྐྲུན་པ་ཙམ་དུ་མ་ཟད། དེ་དག་ལ་མི་ཤེས་པའམ་མ་རིག་པའི་སྒོ་ནས་ཡིད་ཆེས་བྱེད་ཀྱི་ཡོད། དེ་དག་ནི་དངོས་པོའི་གནས་ལུགས་དང་མཐུན་གྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ནང་ཆོས་ཀྱི་སྐོར་ལ་ཡོད་པའི་གོ་བ་ལོག་སྒྲུབ་རྣམས་མེད་པ་བཟོ་བ་ལ་བརྟེན་ནས་ང་ཚོས་ཆོ་མེད་ཀྱི་རིགས་རྟོག་འཆར་དུ་ཇི་ལྟར་སྐྲུན་གྱི་ཡོད་པ་དེ་ངོས་འཛིན་བྱ་རྒྱུ་འགོ་འཛུགས་ལའང་ཕན་གྱི་ཡོད། དེ་ཡང་ཆོས་ཙམ་མིན་པར། སྤྱིར་བཏང་རང་སོ་སོ་དང་གཞན། དེ་བཞིན་ང་ཚོར་མི་ཚེའི་ནང་འཕྲད་པའི་གནས་སྟངས་སྣ་ཚོགས་པར་ངོས་འཛིན་བྱེད་པར་ཕན་གྱི་ཡོད། 

ལས་ལ་གོ་ནོར་ཐེབས་པ།

ང་ཚོར་གནད་དོན་ནང་ནས་གཅིག་གི་ཐོག་ལ་གོ་བ་ལོག་སྒྲུབ་ཡོད་པ་ནི་ལས་ཀྱི་སྐོར་རེད། ང་ཚོ་མང་ཆེ་བས་ལས་ཞེས་བྱ་བ་དེ་ལམ་འགྲོ་རྒྱུག་མ་རྒྱུག་གི་རླུང་རྟ་དང་འབྲེལ་བ་ཞིག་རེད་བསམ་གྱི་ཡོད། གལ་ཏེ་ང་ཚོར་གནས་ཚུལ་སྡུག་ཅག་རིགས་དང་རྐྱེན་ངན་བྱུང་ན། ང་ཚོས་ “དེ་ནི་ང་ཚོའི་ལས་རེད་” ཅེས་བརྗོད་ཀྱི་ཡོད། ང་ཚོས་སོ་སོ་རང་ཉིད་སྐྱེ་བ་སྔོན་མའམ་ཡང་ན་ཚེ་སྟོད་ལ་སྤྱོད་འཚུབ་ཅན་ཡིན་པ་དང་། ད་གཟོད་ང་ཚོར་རྐྱེན་དང་གོད་ཆག་འདི་འདྲ་དང་འཕྲད་པ་ནི་འོས་བབ་ཡིན། གང་ཡིན་ཞེ་ན། ང་ཚོ་སྡུག་ཅག་ཡིན་པ་དང་ནག་ཉེས་ཅན་ཡིན་པར་བསམ་གྱི་ཡོད། འདི་ནི་ནུབ་ཕྱོགས་ཀྱི་བསམ་བློ་ལས་བྱུང་བའི་རྣམ་རྟོག་གི་སྒྲོམ་གཞི་འགའ་ཞིག་གི་རྟོག་འཆར་ཞིག་ཡིན་པ་དང་། དེ་ནི་ནང་ཆོས་དངོས་དང་འབྲེལ་བ་གང་ཡང་མེད་པ་ཞིག་རེད། འོན་ཀྱང་དྲན་ཤེས་དང་མི་ལྡན་པའི་སྒོ་ནས་བསམ་བློའི་སྒྲོམ་གཞི་དེ་དག་ངོས་ལེན་བྱས་པ་སོང་ཙང་། ང་ཚོ་གང་འཚམ་གྱི་ཞེད་སྣང་ཚ་པོ་ཚོར་གྱི་ཡོད། སྒྲོམ་གཞི་དེ་དག་ལ་ང་ཚོས་ཡིད་ཆེས་བྱེད་པ་དེས་ངའམ་བདག་ཅེས་བྱ་བ་རྡོག་རྡོག་ཚུགས་ཐུབ་དང་རང་བཞིན་གྱིས་སྡུག་ཅག་ཡིན་པའི་ཡིད་ཆེས་ཆེ་རུ་གཏོང་གི་ཡོད། དེ་ནི་ནང་པའི་ཆོས་དངོས་གནས་མ་རེད། 

གལ་ཏེ་ང་ཚོས་ཀརྨ་ཞེས་བྱ་བའི་ཐ་སྙད་དེའི་དོན་དག་ངོ་མ་གང་ཡིན་ཞེས་དྲིས་པ་དང་། བོད་སྐད་ནང་དེ་ལ་བལྟས་ན། དེ་ནི་ལས་སམ་བྱ་བའི་ཕལ་སྐད་ཡིན་པ་རེད། ང་ཚོས་ནམ་རྒྱུན་ལས་ཀྱི་སྐོར་ལ་ཆོས་ཐོས་པའི་སྐབས། མི་རྣམས་ཀྱིས་དེ་ནི་བྱ་བ་ཞིག་ལ་སྒྱུར་གྱི་རེད། གང་ལྟར་ཡང་། ང་ཚོས་དེའི་ཐད་ལ་བསམ་བློ་བཏང་ན། དེས་དོན་དག་གང་ཡང་སྟོན་གྱི་མེད། དེའི་རྒྱུ་མཚན་ནི། གལ་ཏེ་ང་ཚོའི་མི་ཚེའི་ནང་གི་དཀའ་ངལ་གྱི་རྩ་བའི་ནང་གི་གཅིག་ནི་སོ་སོའི་ལས་དེ་ཡིན་ན། ང་ཚོས་བྱ་བ་བརྩམ་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། ང་ཚོ་རང་དབང་དང་ལྡན་པ་ཆགས་ངེས་ཡིན་པའི་ཁུངས་མེད་ཀྱི་རྗེས་སུ་འགྲོ་དགོས་ཐུག་གི་རེད། ང་ཚོས་གང་ཡང་བྱ་མི་དགོས་པར་སྡོད་ཆོག་པ་དང་དཀའ་ངལ་ཡོད་དོ་ཅོག་ཡལ་འགྲོ་གི་རེད། བོད་ཀྱི་ཕལ་སྐད་ནང་ཀརྨ་ཟེར་བའི་ཚིག་དེ་བྱ་བ་ལ་གོ་ནའང་། ལས་སམ་ཀརྨ་ཟེར་བ་དེ་བྱ་བ་ཁོ་རང་མིན་པ་ནི་གསལ་པོ་རེད།

དོན་ངོ་མར་ལས་ཞེས་བྱ་བ་དེ་གང་གི་སྐོར་ཤོད་ཀྱིན་ཡོད་ཅེ་ན། དེ་ནི་ངང་ངམ་ཤུགས་ཀྱི་རང་བཞིན་སྐོར་ཤོད་ཀྱིན་ཡོད། དེ་ཡང་ང་ཚོའི་ལས་ཀྱི་རྒྱབ་ཏུ་ཡོད་པའི་ངང་ངམ་ཤུགས་ཀྱི་སྐུལ་མ་དེ་རེད། དེས་ང་ཚོར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱ་སྤྱོད་སྤེལ་དུ་འཇུག་གི་ཡོད། ང་ཚོས་ཐབས་སྣ་ཚོགས་པ་དེ་དག་བརྒྱུད་ནས་བྱ་སྤྱོད་སྤེལ་ནས་ནུས་པ་དང་། བག་ཆགས། གོམས་གཤིས་སྐྲུན་གྱི་ཡོད། དེ་ལ་ནུབ་ཕྱོགས་ཀྱི་དངོས་ཁམས་རིག་པའི་ཐ་སྙད་ལྟར་བྱས་ན། དབང་རྩའི་ལམ་སྐྲུན་གྱི་ཡོད། ང་ཚོའི་ལས་ཀྱི་རྗེས་འབྲས་སམ་བག་ཆགས་དེ་དག་རྣམ་པ་སྣ་ཚོགས་པའི་ནང་སྨིན་གྱི་ཡོད། ང་ཚོ་འདིའི་སྐོར་ལ་གཏམ་བཤད་ཀྱི་མཇུག་ཏུ་འདི་ལས་རྒྱས་པ་འགྲོ་རྒྱུ་ཡིན། གང་ལྟར་ཡང་། དེ་དག་སྨིན་ས་གཅིག་ནི་ང་ཚོས་བྱ་བ་ཞིག་བྱེད་འདོད་ཡོད་པ་ཚོར་བ་དེ་རེད། ང་ཚོས་ “ང་རང་བྱ་བ་ཞིག་བརྩམ་འདོད་འདུག །སྐད་ཆ་ཞིག་ཤོད་འདོད་འདུག་” ཅེས་ཚོར་བ་ལྟ་བུར་རེད། དེ་འདྲ་ཞིག་འབྱུང་བའི་སྐབས། ལས་དེ་ནུས་ལྡན་དུ་འགྱུར་གྱི་ཡོད། ལས་ནི་ང་ཚོས་གང་བྱེད་པར་འདོད་པ་དེ་དངོས་སུ་བྱེད་དུ་འཇུག་མཁན་གྱི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་རེད། དེ་ལས་ང་ཚོ་ཐར་བར་བྱེད་དགོས་ཀྱི་ཡོད། 

ང་ཚོས་མི་ཞིག་ལ་སྐད་ཆ་སྡུག་ཅག་ཅིག་ཤོད་འདོད་ཡོད་པ་དང་སྐད་ཆ་དེ་དངོས་སུ་ཤོད་པའི་དབར་གྱི་སྟོང་ཆ་དེ་རྙེད་དགོས་ཀྱི་ཡོད། གལ་ཏེ་ང་ཚོས་སྟོང་ཆ་དེ་བརྙེད་ཐུབ་ན། དེས་ང་ཚོས་བྱེད་པར་འདོད་པའི་ལས་དང་ཤོད་པར་འདོད་པའི་སྐད་ཆ་དེ་ཕན་ཐོགས་ཅན་ཞིག་ཡོང་ངམ་གནོད་གཞི་ཅན་ཞིག་ཡོང་ཐག་གཅོད་བྱེད་པའི་ཆེད་ཤེས་རབ་བེད་སྤྱོད་བྱེད་པའི་གོ་སྐབས་སྦྱིན་གྱི་ཡོད། གལ་ཏེ་ང་ཚོའི་ལས་དང་སྐད་ཆ་དེ་གཞན་ལ་ཕན་ཐོགས་ཅན་ཞིག་གམ་གནོད་གཞི་ཅན་ཞིག་ཡིན་མིན་རྣམ་པར་འབྱེད་པའི་ནུས་པ་ཡོད་པ་ནི། ང་ཚོས་བག་ཆགས་དང་གོམས་པ་ཙམ་ཞིག་ལ་བརྟེན་ནས་བྱ་སྤྱོད་སྤེལ་གྱི་མེད། དེར་བརྟེན་ང་ཚོ་ནི་དུད་འགྲོ་ལས་ཁྱད་པར་འབྱེད་ཀྱི་ཡོད།

འདི་ནི་ལས་ཞེས་པ་དེས་གང་གི་སྐོར་ཤོད་ཀྱིན་ཡོད་པ་དེ་རེད། དེ་ཡང་ང་ཚོར་སྔོན་ནས་ཡོད་པའི་སྤྱོད་ལམ་གྱི་རིགས་འདྲ་མཚུངས་བསྐྱར་ཟློས་བྱེད་པའི་ངང་ངམ་ཤུགས་ཀྱི་སྐུལ་སློང་ཡིན་ཆོག་ལ་གནས་སྟངས་ཤིག་དང་འཕྲད་པའི་ངང་ངམ་ཤུགས་ཀྱི་སྐུལ་ཤུགས་དེ་ཡིན་ཆོག །དཔེར་ན། ང་ཚོས་ཁྲོམ་གཟིགས་ཁང་ཆེན་དུ་འགྲོ་དགོས་ཞེས་ཚོར་བ་སོང་ཙང་། ངང་ངམ་ཤུགས་ཀྱིས་འགྲོ་གི་ཡོད། དེ་ལ་བརྟེན་ནས་ལམ་བར་དུ་མོ་ཊས་བརྡུང་བའི་གོད་ཆག་འབྱུང་བའི་རྒྱུ་བྱེད་སྲིད། ངང་ངམ་ཤུགས་ཀྱི་སྐུལ་ཤུགས་དེས་ང་ཚོར་དོན་རྐྱེན་འབྱུང་བའི་གནས་སྟངས་ཤིག་གི་ནང་འཇུག་སྲིད། ངང་ངམ་ཤུགས་ཀྱི་སྐུལ་ཤུགས་འདིའི་དཀའ་ཚེགས་ཅན་གྱི་འབྲས་བུ་ལ་བརྟེན་ནས་ང་ཚོས་ལས་ཀ་བྱེད་ཀྱི་ཡོད་པ་དེ་ནི་ནམ་རྒྱུན་ཡང་སེ་མངོན་གསལ་དོད་པོ་ཞིག་རྩ་ནས་མེད། འོན་ཀྱང་ལས་ཟེར་བ་དེ་གང་ཡིན་པའི་སྐོར་ཆ་ཚང་བ་ནི་འདི་རེད། 

ང་ཚོས་ག་རེ་བྱེད་དགོས་ཞེ་ན། ང་ཚོའི་ལས་ཀྱི་ཅི་བྱ་གཏོལ་མེད་ཀྱི་སྟངས་འཛིན་འོག་གནས་པ་ལས་ཐར་དགོས་པ་ནི་གསལ་པོ་རེད། ང་ཚོས་དེ་མེད་པ་བཟོ་དགོས་པ་མ་ཟད། གོམས་གཤིས་སྣ་ཚོགས་པ་དེ་དག་སྐྲུན་པའི་རྒྱུ་རྣམས་གང་གིས་བྱེད་ཀྱི་ཡོད་པ་དེའང་སྤོང་དགོས། ང་ཚོར་གནོད་བྱེད་མི་དགེ་བའི་གོམས་གཤིས་ཡོད་སྲིད་ལ། ཐ་ན་གང་ལ་གང་འཚམ་གྱི་སེམས་ལ་དཀྲོག་རྐྱེན་ཐེབས་པའི་དགེ་བའི་གོམས་གཤིས་ཀྱང་ཡོད་སྲིད། དཔེར་ན། སྐྱོན་བྲལ་ཡང་དག་ཅིག་ཡིན་པའི་ཆ་ནས་རྟག་ཏུ་རྒྱུན་ཆད་མེད་པའི་གཙང་མ་བཟོ་འདོད་ཡོད་པའམ། ཡང་ན་རྟག་ཏུ་གཞན་ལ་ནོར་བཅོས་བྱེད་པ། ཡང་མིན་ན་བརྡ་སྤྲོད་པར་བཀས་བཀོད་རྒྱུན་འཛིན་བྱེད་མཁན་གྱི་ནཱ་ཛི་ནང་བཞིན་བྱ་སྤྱོད་སྤེལ་གྱི་ཡོད། འདི་ལྟ་བུའི་མངོན་རྟགས་སྐྱོན་བྲལ་ཡང་དག་ལ་ང་ཚོས་རྟོག་འཆར་བསྐྲུན་ནས། གང་ལྟར་ཡང་། ང་ཚོ་ཡང་དག་པ་ཆགས་ཐུབ་ཅེས་བསམ་པ་དེས་དཀའ་ངལ་ཆེན་པོའི་ནང་འཁྲིད་སྲིད། ང་ཚོས་ཐེངས་མ་ག་ཚོད་གཙང་མ་བཟོས་ནའང་། ཁང་པ་ནམ་ཡང་གཙང་མ་འགྲིག་ངེས་ཆགས་ཀྱི་མེད། ད་དུང་དེ་ལས་མང་བ་གཙང་མ་བཟོ་དགོས་ཀྱི་ཡོད། བྱས་ཙང་། ང་ཚོའི་སེམས་ནི་ནམ་ཡང་དལ་ལྷོད་ངང་མེད། 

གསང་སྔགས་ཀྱི་ནང་གོ་ནོར་ཐེབས་པ་ཁག །སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ལམ་ལས་སླ་པོ།

ང་ཚོས་དམིགས་སའི་བརྗོད་གཞི་གཙོ་བོ་ནི་གསང་སྔགས་ཀྱི་སྐོར་རེད། གསང་སྔགས་ནི་ང་ཚོའི་ལས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་གྱི་སྟངས་འཛིན་འོག་ཏུ་ཡོད་པ་དེ་ལས་ཐར་བའི་ཆེད་བེད་སྤྱོད་བྱེད་པའི་ཐབས་ལམ་ནང་གི་གཅིག་རེད། དེ་ལ་གོ་བ་ལོག་སྒྲུབ་ཡོད་པའི་ནང་གི་གཅིག་ནི། གསང་སྔགས་སམ་ཕྱག་རྒྱ་ཆེན་པོའམ། ཡང་ན་རྫོགས་པ་ཆེན་པོ་ཟེར་བ་དེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ལམ་ལས་སླ་མོ་ཞིག་རེད་བསམ་པ་དེ་རེད། དེ་དག་ལས་སླ་བའི་ལམ་ཞིག་རེད་ཅེས་སུས་ཀྱང་གསུངས་མེད། གསང་སྔགས་ཀྱི་ལམ་ནི་ཕན་པ་ནུས་ལྡན་ཞིག་ཡོད་སྲིད་ནའང་། དེ་དག་ནི་ཤིན་ཏུ་དཀའ་ཚེགས་ཆེ་བའི་ལམ་རེད། 

གསང་སྔགས་ཀྱི་ཆོ་ལ་འབྲས་བུའི་ཐེག་པ་ཞེས་ཟེར་གྱི་ཡོད་ནའང་། ང་ཚོས་རྒྱུ་དང་འབྲས་བུའི་རྣམ་བཞག་ལ་ཟུར་ལམ་བཟོ་མི་ཐུབ། སངས་རྒྱས་ཀྱི་གོ་འཕང་ནི་དེ་དང་འདྲ་བར་ལམ་སེང་ཐོབ་ཀྱི་མ་རེད། ཡིན་ནའང་ང་ཚོས་གསང་སྔགས་ཀྱི་སྐོར་ལ་ཧ་ཅང་མང་པོ་ཐོས་ཀྱི་ཡོད། དམིགས་བསལ་རྣལ་འབྱོར་བླ་མེད་རྒྱུད་ཀྱི་སྐོར་ཐོས་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་སངས་རྒྱས་ཀྱི་གོ་འཕང་དེ་ཚེ་གཅིག་གི་ནང་འཐོབ་ཐུབ་པར་བྱེད་ཅེས་གསུང་གི་ཡོད། ཐ་ན་ཚེ་གཅིག་གི་ནང་ལའང་ང་ཚོས་ལོ་གསུམ་དང་ཕྱོགས་གསུམ་གྱི་ནང་ཐོབ་ཐུབ། ཕྱོགས་གསུམ་ནི་ཚེས་གཅིག་ཟླ་བ་ནས་ཟླ་བ་ཉ་གང་བའི་བར་རམ། ཡང་ན་ཟླ་བ་ཉ་གང་བ་ནས་ཚེས་གཅིག་ཟླ་བའི་བར་གྱི་དུས་ཡུན་དེ་ལ་གོ་དགོས་ཤིང་། དེ་ལྟ་བུའི་ཡར་ངོ་དང་མར་ངོའི་འཕེལ་འགྲིབ་གསུམ་པོ་བསྡོམས་ནས་ཟླ་བ་གཅིག་དང་ཕྱེད་ཀ་རེད། ང་ཚོས་དེ་ལ་གོང་ཚད་སྒྲིག་ནས་ལས་སླ་པོ་དང་གོང་ཁེ་པོའི་སྒོ་ནས་འཐོབ་ཀྱི་རེད་བསམ་གྱི་ཡོད། དེ་འདྲ་སོང་ཙང་། ང་ཚོས་གསང་སྔགས་ཀྱི་ལམ་ལ་འཇུག་གི་ཡོད།

དེ་ལ་སྐབས་འགར་༧གོང་ས་༧སྐྱབས་མགོན་ཆེན་པོས་ “ནང་པའི་དཀྲོག་གཏམ་” ཞེས་གསུངས་གནང་ཡོད། དེས་ང་ཚོས་ཚེ་གཅིག་གི་ནང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སེམས་ཤུགས་སྦྱིན་གྱི་ཡོད་ནའང་། དེ་ནི་ཧ་ཅང་དཀོན་པོ་རེད། དེ་ནི་སྐྱེ་བ་སྔོན་མའི་ནང་དགེ་བའི་ནུས་པ་རླབས་པོ་ཆེ་གསོག་པ་གཞི་ལ་བཞག་ནས་འབྱུང་སྲིད་པ་ཁོ་ན་ཙམ་ཞིག་རེད། 

ལོ་གསུམ་ཕྱོགས་གསུམ་གྱི་གྲངས་ཀ་བརྩི་སྟངས་དེའི་འགྲེལ་བཤད་གང་རེད་དམ། དེ་ནི་དུས་འཁོར་གྱི་རྒྱུད་ལས་བྱུང་བ་ཞིག་རེད། དུས་འཁོར་རམ་ལེགས་སྦྱར་སྐད་དུ་ཀཱལ་ཙཀྲ་ཞེས་པའི་དོན་ནི་དུས་ཀྱི་འཁོར་ལོ་རེད། དུས་འཁོར་གྱི་ལུགས་སུ་ང་ཚོས་དབུགས་ལ་བརྟག་དཔྱད་ཞིབ་ནན་བྱེད་ཀྱི་ཡོད། དབུགས་དེ་ཉིན་མོའི་གུང་ལ་ཐེངས་མ་གཅུ་གཉིས་བརྗེ་ལེན་ཐེབ་ཀྱི་ཡོད། དེ་ཡང་གཙོ་བོ་སྣ་བུག་གཅིག་དང་དེ་ནས་གཞན་དེ་གཉིས་ཀྱི་བར་ནས་འགྲོ་གི་ཡོད། སྣ་བུག་གཅིག་དང་གཞན་དེའི་བར་ལ་འཕོ་འགྱུར་གྱི་གནས་སྐབས་སྐྲུན་པ་སོང་ཙང་། དབུགས་གྲངས་དྲུག་ཅུ་རེ་བདུན་དང་ཕྱེད་ཀ་སྣ་བུག་གཉིས་ཀ་ནས་མཉམ་པར་འགྲོ་གི་ཡོད། དེ་ལྟར་དབུགས་རྒྱུ་བའི་སྐབས། དབུགས་ཀྱི་རྒྱབ་ལ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་དེ་རྩ་དབུ་མའི་ནང་འགྲོ་གི་ཡོད། 

ང་ཚོས་དབུགས་ཀྱི་ཤིན་ཏུ་ཕྲ་བའི་རླུང་ཡོད་དོ་ཅོག་རྩ་དབུ་མའི་ནང་འཐིམ་པར་བྱེད་ཐུབ་དགོས། དེ་ལ་རྒྱ་གར་གྱི་བསྟན་བཅོས་ཡིག་ཆའི་ནང་པྲཱན་ཟེར་བ་དང་རྒྱ་ནག་གི་བསྟན་བཅོས་ཡིག་ཆའི་ནང་ཆཱི་ཟེར་གྱི་ཡོད། དེ་གང་ཡིན་ཞེ་ན། ང་ཚོའི་ལས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་ནུབ་ཕྱོགས་ཀྱི་ཐ་སྙད་བེད་སྤྱོད་བྱས་ན། དབང་རྩ་འཁྲུགས་པའི་རླུང་འདིས་དངོས་སུ་འབྱུང་བར་བྱེད་ཀྱི་ཡོད། དེ་ནི་ང་ཚོའི་ལུས་པོའི་ནང་ངེས་མེད་ཀྱིས་རྒྱུག་གི་ཡོད། དེ་ལ་བརྟེན་ནས་ང་ཚོ་དངངས་འཚབ་དང་། སེམས་ངལ་གནོན་ཤུགས། སེམས་ཁམས་འཚབ་འཚུབ་བཟོ་གི་ཡོད། དུས་འཁོར་གྱི་ལུགས་སུ་ང་ཚོས་དེ་དག་ལ་ “ལས་ཀྱི་རླུང་” ཟེར་གྱི་ཡོད། ང་ཚོས་དེ་དག་ཐམས་ཅད་རྩ་དབུ་མའི་ནང་འཐིམ་ཐུབ་པར་བྱེད་དགོས། 

ད་ང་ཚོ་ཨང་རྩིས་ལ་ཧ་ཅང་མཁས་པོ་དགོས་ཀྱི་ཡོད། དབུགས་དྲུག་ཅུ་རེ་བདུན་དང་ཕྱེད་ཀ་ཡོད་པ་དང་དེ་དག་ཀྱང་ཉིན་མ་གཅིག་གི་ནང་བརྗེ་ལེན་ཐེངས་མ་བཅུ་གཉིས་ཐོག་ང་ཚོའི་སྣ་བུག་བརྒྱུད་དེ་མཉམ་པར་འགྲོ་གི་ཡོད། ང་ཚོས་དབུགས་དེ་འདྲའི་ལོ་བརྒྱ་ཡི་ཚེ་ཚད་ཀྱི་ནང་རྩ་དབུ་མའི་ནང་འགྲོ་རྒྱུ་ཡིན་པའི་དབུགས་ཀྱི་གྲངས་ཀ་བརྩིས་ནས་བགོ་དགོས། གལ་ཏེ་ང་ཚོར་དབུགས་དེ་དག་གཅིག་རྗེས་གཉིས་མཐུད་ཀྱི་ཡོད་ན། དེས་ལོ་གསུམ་དང་ཕྱོགས་གསུམ་གྱི་ཚད་དེ་འགེབ་ངེས་རེད། དེ་ནི་ཨང་ཀི་འདི་འབྱུང་ས་དེ་ཡིན་པ་དང་། དེ་ནི་རང་སྣང་གང་དྲན་དེ་འདྲ་མ་རེད། ང་ཚོས་རླུང་དེ་དག་ཐམས་ཅད་རྩ་དབུ་མའི་ནང་འཐིམ་པར་བྱེད་དགོས་པ་མཚོན་གྱི་ཡོད། 

ང་ཚོས་དེ་ཤེས་རྟོགས་ཡོང་བའི་སྐབས། དེས་ང་ཚོར་སེམས་ཤུགས་སྦྱིན་སྲིད་ནའང་། ང་ཚོས་གང་བྱེད་དགོས་པ་ནི་ལོ་གསུམ་གྱི་རིང་མཚམས་ལ་སྡོད་དགོས་པ་དང་། དེ་ནས་ང་ཚོ་སངས་རྒྱས་ཀྱི་རེད་ཅེས་གཏི་མུག་བྱིས་བློའི་རང་བཞིན་གྱི་བསམ་བློ་དེ་འདྲ་གཏོང་རྒྱུ་མེད། ཉེན་ཁ་གང་ཡོད་ཅེ་ན། ང་ཚོ་མཚམས་བསྡད་པའི་མཇུག་ཏུ་ཧ་ཅང་བློ་ཕམ་སྐྱེ་ངེས་རེད། དམིགས་བསལ་གལ་ཏེ་ང་ཚོས་དུས་ཚོད་མང་ཆེ་བ་སེམས་གཡེངས་ནས་བསྡད་ཡོད་ན། བློ་ཕམ་སྐྱེ་ངེས་རེད། ང་ཚོས་ལས་སླ་པོ་ཆགས་ཀྱི་རེད་ཅེས་པའི་གོ་བ་ལོག་སྒྲུབ་དེ་སྤོང་དགོས་པ་དང་། ནང་པའི་ཉམས་ལེན་ཐད་ལ་ལེ་ལོ་བྱ་མི་ཉན། ནམ་རྒྱུན་ང་ཚོར་ལས་སླ་པོ་དང་མྱུར་བའི་ལམ་ཞིག་དགོས་འདོད་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ཧུར་བརྩོན་བྱེད་འདོད་མེད། ང་ཚོ་ཚང་མ་ཧ་ཅང་བྲེལ་བ་ཡོད་པ་དང་དུས་ཚོད་མེད་པ་རེད། དེ་འདྲ་སོང་ཙང་། སངས་རྒྱས་ཀྱི་གོ་འཕང་དེ་ལས་སླ་པོ་དང་ཁེ་པོའི་སྒོ་ནས་ཐོབ་ན་འདོད་ཀྱི་ཡོད།

ཐུ་མོང་གི་སྔོན་འགྲོའི་ཉམས་ལེན་ཁག

ང་ཚོ་སྲོལ་རྒྱུན་ག་ནས་ཡོང་མིན་ལ་མ་བལྟོས་པར་ཆོས་ཚང་མར་བལྟས་ན། དེ་དག་ཐམས་ཅད་ཀྱིས་གསང་སྔགས་ཉམས་ལེན་གྱི་ནང་ལམ་ལྷོང་གང་འདྲ་ཞིག་འབྱུང་སྲིད་པའི་སྔོན་ལ་ང་ཚོས་སྔོན་འགྲོ་ཉམས་ལེན་བྱེད་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད། སྔོན་འགྲོ་ལ་རྟག་ཏུ་སྡེ་ཚན་གཉིས་ཡོད་པས། དེ་གཉིས་ཀ་ལ་ང་ཚོས་སྣང་མེད་དུ་འཇོག་མི་ཐུབ། གཅིག་ནི་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་སྔོན་འགྲོ་རེད། དེ་ནི་མདོ་དང་སྔགས་གཉིས་ཀའི་ནང་མཉམ་སྤྱོད་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་ཐུན་མོང་ཟེར་བའི་ཚིག་དེ་ཐོས་ན། ང་ཚོ་ལ་དེ་དངོས་གནས་དགོས་མཁོ་མེད་པ་ལྟ་བུའི་དཀྱུས་མ་དང་མཉམ་དུ་འབྲེལ་བ་བྱེད་སྲིད། འོན་ཀྱང་ཚིག་དེའི་དོན་དག་ངོ་མ་ནི་མཉམ་སྤྱོད་བྱེད་པའི་དོན་རེད། 

དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོའང་ཡོད་དེ། དེ་དག་ནི་གསང་སྔགས་ཉམས་ལེན་ཁོ་ནར་ཡོད་པ་རྣམས་རེད། སྤྱིར་བཏང་གོ་བ་ལོག་སྒྲུབ་མང་དག་ཅིག་ནི་ཡིག་སྒྱུར་ལ་བརྟེན་ནས་ཡོང་གི་ཡོད། ང་ཚོར་སྔོན་འགྲོ་ཟེར་བའི་ཐ་སྙད་ཅིག་ཡོད་པ་དང་། དེ་ལ་ཨིན་སྐད་ནང་ (preliminary) ཞེས་བསྒྱུར་ཡོད། ང་ཚོས་དེ་དག་མེད་པའི་སྒོ་ནས་ཉམས་ལེན་བྱེད་ཐུབ་ཅེས་བསམ་གྱི་ཡོད། ང་ཚོར་དེ་དག་མི་དགོས་བསམ་གྱི་ཡོད། ད་ང་ཚོས་གནད་དོན་ཡག་པོའི་ཐོག་ལ་འགྲོ་རྒྱུ་ཡིན། ཐ་སྙད་དེའི་གོ་དོན་མཐུན་ཆེ་བའམ་ཏག་ཏག་རན་འཚམས་ཆེ་བ་ནི་ཨིན་སྐད་ནང་གི་སྟ་གོན་ (preparation) ཟེར་བ་དེ་རེད། དེ་དག་ནི་སྟ་གོན་གྱི་ཉམས་ལེན་རྣམས་ཡིན་པས། ང་ཚོས་གྲ་སྒྲིག་བྱེད་དགོས་ཀྱི་ཡོད། ངའི་དགེ་བའི་བཤེས་གཉེན་ཞིག་གིས་འགྲེལ་བརྗོད་ལྟར་བྱས་ན། བོད་ཀྱི་གནས་སྟངས་ཤིག་གི་གཟུགས་བརྙན་ཞིག་འདྲ་མཚུངས་སུ་བཀོད་ནས་འགྲེལ་བརྗོད་གནང་ཡོད། གལ་ཏེ་ང་ཚོ་འགྲུལ་ཚོའི་འགྲུལ་བཞུད་རིང་མོ་ཞིག་ལ་འགྲོ་རྩིས་ཡོད་ན། གྲ་སྒྲིག་ཡག་པོ་བྱེད་དགོས། ང་ཚོས་བསྡུ་གསོག་རྒྱག་པ་དང་གོ་སྒྲིག་སོགས་ཚང་མ་བྱེད་དགོས་ཤིང་། དེ་ལ་བརྟེན་ནས་ཅ་དངོས་རྣམས་གཡག་སོགས་ཁལ་མའི་རྒྱབ་ལ་ཏག་ཏག་འགེལ་ཐུབ་ཀྱི་རེད། 

དེ་ག་ནང་བཞིན་ང་ཚོ་འདི་ག་ནོར་ཝེ་དང་ཡང་ན་ནུབ་ཕྱོགས་སུ་གཡག་གི་འགྲུལ་ཚོའི་འགྲུལ་བཞུད་ལ་མི་འགྲོ་བ་ནི་གསལ་པོ་རེད། འོན་ཀྱང་གལ་ཏེ་ང་ཚོས་ཆོས་ཕྱོགས་ཀྱི་འགྲུལ་བཞུད་རིང་མོ་ཞིག་ལྷུར་ལེན་གྱིས་བགྲོད་རྩིས་ཡོད་ན། དེའི་ཆེད་དུ་གྲ་སྒྲིག་བྱེད་དགོས། ང་ཚོས་དོ་པོ་རྣམས་བསྡུ་གསོག་རྒྱག་དགོས། འགྲུལ་བཞུད་དེའི་ནང་། ང་ཚོར་གཞི་རྩའི་ཆོས་ཀྱི་གོ་རྟོགས་དེ་མཉམ་དུ་ཡོད་དགོས། དེས་ང་ཚོས་གསང་སྔགས་ཉམས་ལེན་བྱེད་རྩིས་ཡོད་པའི་བརྗོད་དོན་དེ་སྤྲོད་ཀྱི་ཡོད། དེ་མེད་པར་གསང་སྔགས་ནི་མཐའ་གཅིག་ཏུ་སྨྱོན་པའི་རང་བཞིན་ལྟ་བུ་ཆགས་ཀྱི་ཡོད། ང་ཚོས་ཀྱང་སོ་སོ་རང་ཉིད་མི་ཀི་ཙི་ཙི་ (Mickey Mouse) དང་ལྷ་མོ་དམར་པོ་ (Red Fairy) ལྟ་བུ་རྟོག་པའི་ནང་བསྐྲུན་ནས་ཚང་མ་ཌིས྄་ནཱི་གླིང་ཁ་ (Disneyland) ལ་འཁྲིད་བཞིན་པ་འདྲ་པོ་ཆགས་ཀྱི་རེད། དེ་ནི་གསང་སྔགས་ཞེས་པ་དེ་རྩ་བ་ནས་མ་རེད།

དུས་ལ་མ་བབས་པའི་སྔོན་འགྲོའི་ཉམས་ལེན་ཁག

ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོའི་ཉམས་ལེན་དེ་དག་ནི་མཐའ་གཅིག་ཏུ་མེད་དུ་མི་རུང་བ་རེད། དེ་དག་ལ་སྣང་མེད་ཀྱིས་ཟུར་དུ་བསྐྱུར་བ་ལ་བརྟེན་ནས་རྗེས་སོར་གོ་བ་ལོག་སྒྲུབ་དེ་ཚོ་ཡོང་གི་ཡོད། དེ་ཡང་མི་རྣམས་ཀྱིས་ལམ་སེང་ཐུན་མིན་གྱི་སྔོན་འགྲོའི་ཉམས་ལེན་རྣམས་བྱེད་འགོ་བཙུག་གི་ཡོད། བོད་སྐད་ནང་གི་སྔོན་འགྲོ་ཞེས་པ་དེ་སྒྲ་ཇི་བཞིན་དུ་བཤད་ན། “གནད་དོན་གང་ཞིག་སྔོན་དུ་ཡོང་གི་ཡོད་པ་དེ་རེད།” སྔོན་འགྲོ་དེ་ནི་ནམ་རྒྱུན་ཕྱག་འབུམ་འཚལ་རྒྱུ་ལ་སོགས་པའི་སྔོན་གྱི་ཉམས་ལེན་ཁག་གི་བསམ་བློ་རེད། ང་ཚོས་ཐུན་མོང་གི་སྔོན་འགྲོའི་ཉམས་ལེན་མེད་པའི་སྒོ་ནས་དེ་དག་ལ་འཇུག་པའི་སྐབས། དཀའ་ངལ་ཆེན་པོ་ཆགས་ཀྱི་ཡོད། བཀའ་བརྒྱུད་པའི་ལུགས་སུ་ཐུན་མོང་གི་སྔོན་འགྲོ་དེ་དག་བློ་ལྡོག་རྣམ་པ་བཞིའི་སྒོ་ནས་བསྟན་ཡོད། དེ་དག་ནི་ཧ་ཅང་གནད་འགག་ཆེན་པོ་རེད། དེ་དག་མེད་པར་ང་ཚོའི་ཆོས་ཉམས་ལེན་དེ་དོན་གོ་མི་ཆོད་པ་ཆགས་ཀྱི་ཡོད། 

བློ་ལྡོག་རྣམ་བཞིའི་བསྐྱར་ཞིབ་མདོར་བསྡུས།

བློ་ལྡོག་རྣམ་བཞི་མདོ་ཙམ་བསྐྱར་ཞིབ་བྱེད་པར། ཐོག་མར་ང་ཚོར་མི་ལུས་རིན་པོ་ཆེ་འདི་ཐོབ་ཡོད་པ་དང་ང་ཚོས་འཆི་བ་དང་མི་རྟག་པའི་སྒོ་ནས་བསམ་བློ་གཏོང་དགོས་ཤིང་། དེ་ལ་བརྟེན་ནས་ང་ཚོས་དུས་ཚོད་ཆུད་ཟོས་སུ་གཏོང་གི་མ་རེད། དེ་དག་ནི་བློ་ལྡོག་དང་པོ་གཉིས་རེད། ང་ཚོས་སོ་སོའི་མི་ཚེའི་ནང་བཟང་ཕྱོགས་དགེ་བའི་ཆ་གང་ཡོད་པ་ཚང་མར་ཡི་རང་བྱེད་དགོས་པ་དང་། དུས་ཚོད་ཡོད་ཚད་ཐམས་ཅད་དཀའ་ངལ་སོགས་ཡོད་པའི་རྙོག་དྲ་ཤོད་པ་དང་སྐྱོན་བརྗོད་བྱ་རྒྱུ་མེད། འཁོར་བ་ནི་དཀའ་ངལ་ཅན་ཞིག་ཡིན་པ་དང་ཕུལ་དུ་བྱུང་བ་ཞིག་མིན། འོན་ཀྱང་དེ་ལ་རྟག་ཏུ་རྙོག་དྲ་ཤོད་པ་དང་སྐྱོན་བརྗོད་བྱེད་པས་ཕན་ཐོགས་མེད། ང་ཚོས་སོ་སོར་ཡོད་པའི་བཟང་ཕྱོགས་ཀྱི་ཆ་རྣམས་ལ་བལྟས་ནས་དེ་དག་ལས་ཁེ་བཟང་ལེན་དགོས། རྩ་ཆེན་གྱི་མི་ཚེ་འདི་ཡུན་དུ་གནས་ཀྱི་མ་རེད། བྱས་ཙང་། ཡིན་ཤག་ཤག་བྱ་མི་ཉན། འདི་ནི་ང་ཚོས་ཉམས་ལེན་གང་འདྲ་ཞིག་ལྷུར་ལེན་བྱས་ནའང་གནད་འགག་ཆེན་པོ་ཡིན། 

དེ་ནས་ང་ཚོར་ལས་འབྲས་ཀྱི་རྣམ་གཞག་དེ་ཡོད། དེ་ནི་བློ་ལྡོག་རྣམ་པ་བཞི་ལས་གསུམ་པ་དེ་རེད། ང་ཚོས་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་གཞི་རྩའི་བྱ་བ་བྱེད་སྟངས་དེ་ཤེས་དགོས། དེས་ལས་ཀྱི་སྐོར་ཤེས་རྟོགས་དང་མི་དགེ་བའི་ལས་བྱ་རྒྱུ་སྤོང་དུ་འཇུག་གི་ཡོད། ང་ཚོས་སྡིག་པ་མི་དགེ་བའི་གོམས་གཤིས་ཧ་ཅང་མང་པོ་བསགས་ཡོད། གལ་ཏེ་ང་ཚོས་ཉིན་མ་རེ་རེའི་ནང་བེད་མེད་ཀྱི་མི་དགེ་བའི་བསམ་བློ་དང་སྤྱོད་ལམ། ཡང་ན་གཞན་ཕན་གྱི་བསམ་བློ་དང་སྤྱོད་ལམ་ལ་བསྐྱར་ཞིབ་བྱས་ན། སྡིག་པ་མི་དགེ་བ་དེ་དགེ་བའི་སྤྱོད་ལམ་ལས་རྦད་དེ་མང་བ་དང་ཚད་ལས་བརྒལ་བ་ཆགས་ཀྱི་ཡོད། གལ་ཏེ་ང་ཚོས་དེ་གཉིས་སྐྱེ་བ་ཕྱི་མ་རྣམས་ཕར་ཞོག །མི་ཚེ་འདི་གང་པོ་དང་བསྡུར་ན། ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོས་མི་དགེ་བའི་ལས་ཤིག་བྱེད་འདོད་སྐྱེ་བའི་སྐབས་དང་། འདོད་རྔམ་དང་། རང་འདོད་དོན་གཉེར། ཁོང་ཁྲོ་སོགས་ཀྱི་དབང་དུ་བྱ་སྤྱོད་སྤེལ་འདོད་སྐྱེ་བའི་སྐབས། ང་ཚོས་སྡིག་པ་མི་དགེ་བའི་སྤྱོད་ལམ་ཤུགས་ཆེན་པོའི་སྒོ་ནས་སྤོང་དགོས། དཔེ་ཆ་བཞག་ན། ང་ཚོས་གཏི་མུག་དབང་གིས་རང་ཉིད་འཛམ་གླིང་ནང་གི་མི་གལ་ཆེ་ཤོས་དེ་ཡིན་པ་དང་། རྟག་ཏུ་གཞན་ལ་བརྡ་འཕྲིན་སོགས་བཏང་ནས་བར་ཆད་བྱེད་ཀྱི་ཡོད། གཞན་དག་གིས་ཀྱང་ལས་དོན་ཚང་མ་བཞག་ནས་ལམ་སེང་རང་ཉིད་ལ་ལན་རྒྱག་དགོས་ཤག་བྱེད་ཀྱི་ཡོད་སྲིད། དེ་མིན་ཁོ་ཚོས་ལན་ལམ་སེང་མ་རྒྱག་ན། ང་ཚོ་ཧ་ཅང་བློ་ཕམ་སྐྱེ་བ་དང་ཁོང་ཁྲོ་ཟ་གི་ཡོད། སོ་སོའི་སྤྱོད་ལམ་དེ་ཕན་ཐོགས་ཅན་རེད་འདུག་གནོད་གཞི་ཅན་རེད་འདུག་ང་ཚོས་རྣམ་པར་འབྱེད་དགོས། དཔེ་མཚོན་འདི་བེད་སྤྱོད་བཏང་ནས་ང་ཚོས་མི་དེ་བྲེལ་བ་འདུག་གམ་མི་འདུག་བསམ་ཞིབ་བྱེད་དགོས་པ་ལས། ང་ཚོས་གང་འདོད་འདོད་ཀྱིས་བར་ཆད་བྱེད་པ་དང་བསུན་པོ་བཟོ་རྒྱུ་མེད། དེ་ལྟར་བྱས་པས་སྒྲིག་ཁྲིམས་ཤིག་སྐྲུན་གྱི་ཡོད་པ་དང་དེ་ནི་ང་ཚོའི་གསང་སྔགས་ཉམས་ལེན་གྱི་ནང་དགོས་གལ་ཅན་ཞིག་ཆགས་ངེས་རེད། 

ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཐད་གོ་རྟོགས་ཡོད་པ་ལ་གཞི་བྱས་ཏེ། ང་ཚོས་སྐྱབས་སུ་འགྲོ་གི་ཡོད། སྐྱབས་འགྲོ་ནི་ཧ་ཅང་གལ་ཆེན་པོ་རེད། སྐྱབས་འགྲོའི་སྐོར་ལའང་གོ་བ་ལོག་སྒྲུབ་ཧ་ཅང་མང་པོ་ཡོད། དེ་ནི་གལ་གནད་ཆུང་བ་ཞིག་རྩ་ནས་མིན་ནའང་། ང་ཚོས་དེ་གལ་ཆུང་དུ་འཛིན་གྱི་ཡོད། སྐྱབས་འགྲོ་ནི་སྐྲ་ཕུད་ཞུ་ཙམ་དང་། བོད་མིང་ངམ་ཆོས་མིང་ཐོགས་ཙམ། སྲུང་སྐུད་དམར་པོ་བཏགས་ཙམ་ཞིག་མིན། དེ་ནི་སྐྱབས་འགྲོའི་གལ་གནད་དེ་རྩ་ནས་མ་རེད། དེ་ནི་ང་ཚོ་ནང་པའི་སྐྱིད་སྡུག་ཚོགས་སྡེ་ཞིག་གི་ནང་འཛུལ་བཞུགས་བྱེད་པ་དེ་འདྲ་མ་རེད། སྐྱབས་སུ་འགྲོ་བ་ཞེས་པའི་དོན་ནི། སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་གྱིས་བསྟན་པའི་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་སོ་སོའི་མི་ཚེའི་ནང་བསྟེན་པ་དེ་རེད། དཀོན་མཆོག་གསུམ་ནི་ང་ཚོས་དམིགས་ས་དེ་རེད། དེ་གསུམ་པོ་ནི་ང་ཚོའི་མིག་དཔེ་བཟང་པོ་ལྟ་ས་དེ་རེད། ང་ཚོས་རང་ངོས་ནས་དེ་དག་ཐོབ་ཐུབ་པའི་ཡིད་ཆེས་ཡོད་པ་སོང་ཙང་། དེ་དག་གི་ཁ་ཕྱོགས་བཟང་པོ་ང་ཚོས་སོ་སོའི་མི་ཚེའི་ནང་བསྟེན་གྱི་ཡོད། དེས་ང་ཚོའི་མི་ཚེ་ལ་དོན་སྙིང་སྦྱིན་གྱི་ཡོད།

ང་ཚོའི་མི་ཚེའི་ནང་དམིགས་ཡུལ་དང་དོན་སྙིང་ཡོད་དགོས་རྒྱུ་དང་། མི་ཚེ་འདི་དོན་སྙིང་མེད་པ་མི་ཆགས་པ་བྱ་རྒྱུ་གལ་ཆེན་པོ་རེད། སྐྱབས་འགྲོ་ནི་ང་ཚོའི་ཆོས་ཉམས་ལེན་ཡོངས་སུ་རྫོགས་པའི་རྨང་གཞི་བརྟན་པོ་ཞིག་ཆགས་ཀྱི་ཡོད། གསང་སྔགས་ཀྱི་ནང་། ཧུར་བརྩོན་དང་བྲལ་བ་ཞིག་མིན་པའི་སྐྱབས་འགྲོ་ཤུགས་དྲག་ཅིག་དགོས་ཀྱི་ཡོད། སྐྱབས་འགྲོ་ནི་ཧུར་བརྩོན་དང་མི་ལྡན་པ་ཞིག་རྩ་ནས་མིན་ལ། “སངས་རྒྱས་མཁྱེན་ནོ། །ང་རང་སྐྱོབས་རོགས་” ཞེས་སྨོན་ལམ་བཏབ་ནས་བསྐྱབ་པའི་ཕྱིར་སྒུག་ནས་སྡོད་རྒྱུ་ཙམ་དེ་མ་རེད། དེ་ནི་སྲོལ་རྒྱུན་གྱི་ལུགས་སྲོལ་གཞན་གྱི་ནང་ཡོད་སྲིད་ཀྱང་། ནང་ཆོས་ནང་དེ་འདྲ་མ་རེད། 

ནང་པའི་སྲོལ་རྒྱུན་གྱི་ནང་། གལ་ཏེ་གཞན་ལ་ཕན་འདོགས་འདོད་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད། ཡང་ན་ཐར་པ་འཐོབ་འདོད་ཙམ་ཡོད་ན། ང་ཚོས་འབྲས་བུ་ཞིག་མྱོང་བར་རྒྱུ་དེ་སྐྲུན་དགོས། ཇི་སྲིད་རྒྱུ་དེ་མ་སྐྲུན་གྱི་བར་དུ་འབྲས་བུ་འབྱུང་ངེས་མ་རེད། འབད་བརྩོན་ཞིག་བྱེད་དགོས་ཀྱི་ཡོད། ང་ཚོས་ཧུར་བརྩོན་དང་ལྡན་པའི་སྒོ་ནས་སྐྱབས་སུ་འགྲོ་བར་ཁ་ཕྱོགས་དེར་འཇུག་དགོས་ཀྱི་ཡོད། དེའི་དོན་ནི་སོ་སོའི་མི་ཚེའི་ནང་ཁ་ཕྱོགས་དེ་དངོས་སུ་བསྟེན་དགོས་པ་དང་། སངས་རྒྱས་ཆོས་དང་དགེ་འདུན་ནས་ཇི་ལྟར་བསྟན་པའི་ཁ་ཕྱོགས་དེར་འགྲོ་དགོས། 

དེ་ནས་ང་ཚོས་འཁོར་བའི་ཉེས་དམིགས་ལ་བསམ་བློ་གཏོང་དགོས་ཤིང་། དེ་ནི་བློ་ལྡོག་རྣམ་བཞི་ལས་བཞི་པ་དེ་རེད། གལ་ཏེ་ང་ཚོས་དངོས་གནས་དྲང་གནས་གསང་སྔགས་ཉམས་ལེན་དང་ཆོས་ཉམས་ལེན་དོ་གལ་ཆེན་པོའི་སྒོ་ནས་བྱ་རྩིས་ཡོད་ན། སྐྱེ་བ་སྔ་ཕྱིའི་སྐོར་ལ་དོ་གལ་ཆེན་པོའི་སྒོ་ནས་བསམ་མནོ་གཏོང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ངས་ནམ་རྒྱུན་ཤོད་པའི་ཆོས་ཡངས་པའི་འགྲེལ་ཚུལ་དེ་ཉམས་ལེན་བྱེད་ཆོག །དེ་ཡང་ཚེ་འདི་ཙམ་ལ་བསམ་བློ་བཏང་ནས་ཉོན་མོངས་པ་དང་རྟོག་པའི་འཆར་སྣང་རྣམས་ལས་གང་ཐུབ་ཅི་ཐུབ་ཀྱིས་ཐར་ཐབས་བྱ་རྒྱུ་དང་། གཞན་ལ་ཕན་སེམས་བཅང་རྒྱུ་དེ་རེད། འདི་ནི་མཐའ་གཅིག་ཏུ་འགྲིག་པ་ཞིག་རེད། འོན་ཀྱང་དེ་ནི་ཆོས་ཀྱི་འགྲེལ་ཚུལ་ཆ་ཚང་བ་དེ་མ་རེད། ང་ཚོས་ཚེ་འདི་ཙམ་གྱི་སྐོར་ལ་སྐད་ཆ་ཤོད་པའི་ཐོག་ཆོས་ལ་གོ་རྟོགས་རྙེད་པའི་སྐབས། དེ་ལས་སྐྱོན་དང་ཉེས་པ་དཀའ་ངལ་མང་པོ་ཡོང་གི་ཡོད། 

དཔེར་ན། ང་ཚོར་ཕྲུ་གུ་མ་འབྱར་ཞིག་ཡོད་པ་དང་ཕྲུ་གུ་དེ་འདས་གྲོངས་སུ་ཕྱིན་པ་ཡིན་ན། ཕྲུ་གུ་དེས་མི་དགེ་བ་དང་ལས་ཀ་སྡུག་ཅག་ཅི་གང་བྱས་མེད་པ་གསལ་པོ་རེད། ཡིན་ནའང་འཆི་བ་དེ་ང་ཚོའི་ཕྲུ་གུ་ལ་ཅིའི་ཕྱིར་ཡོང་གི་ཡོད་དམ། དེ་ནི་དཀའ་ངལ་ཆེན་པོ་ཞིག་རེད། གང་ཡིན་ཞེ་ན། གལ་ཏེ་ང་ཚོས་གནད་དོན་རྣམས་ཚེ་འདི་ཙམ་ལ་ཚད་བཀག་བྱས་ན། རྒྱུ་འབྲས་ཀྱི་རྣམ་གཞག་ལ་གཞིགས་ན་ལས་ཟེར་བ་དེ་ལ་གོ་རྒྱུ་མེད་པ་རེད། སླར་ཡང་ཕྲུ་གུ་མ་འབྱར་དེ་སྐྱེ་བ་སྔོན་མའི་ནང་སྤྱོད་ངན་ཡིན་པ་དང་ད་ལྟའི་གོད་ཆག་འདི་ཉེས་ཆད་ཀྱི་ཚུལ་དུ་འོས་བབ་ཡིན་པ་དེ་འདྲའང་མ་རེད། དེ་འདྲ་ཞིག་རྩ་ནས་མ་རེད། ལས་ཀྱི་རྣམ་བཞག་ནི་དེ་ལས་ཀྱང་རྒྱས་སྤྲོས་དང་རྙོག་འཛིངས་ཆེ་བ་ཡོད། 

ནང་པའི་ལྟ་ཚུལ་ལྟར་བྱས་ན། ང་ཚོར་སྐྱེ་བ་ཐོག་མ་མེད་པ་ཡོད་པ་དང་དེ་རྟོགས་རྒྱུ་ལས་སླ་མོ་ཞིག་མེད་ནའང་། གལ་ཏེ་ང་ཚོས་དེ་མ་རྟོགས་ན། དེས་ང་ཚོའི་སེམས་ཀྱི་རང་བཞིན་དང་སེམས་དག་པའི་རང་བཞིན་དེ་རྟོགས་དཀའ་མོ་བཟོ་གི་ཡོད། སེམས་ལ་བྱེད་པ་པོ་ཞིག་ཡོད་དམ། གལ་ཏེ་ཡོད་ན། དེ་ལས་རྒྱུ་མཚན་རིག་པའི་འགལ་འདུ་མང་པོ་འབྱུང་གི་ཡོད། གལ་ཏེ་ང་ཚོས་ཚེ་འདི་ལ་ལྟོས་མེད་རང་རྐྱ་བའི་ཐོག་མ་ཞིག་ཡོད་པ་དང་ང་ཚོ་ཤི་བའི་སྐབས་ལྟོས་མེད་རང་རྐྱ་བའི་མཐའ་མ་ཞིག་ཡོད་བསམས་ན། སྟོང་པ་ཉིད་ཀྱི་ཆོས་ཚུལ་དེ་རྟོགས་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད། 

དེར་བརྟེན་བློ་ལྡོག་རྣམ་བཞིའི་སྒོ་ནས་འཁོར་བའི་ཉེས་དམིགས་ཀྱི་སྐོར་ལ་བསམ་བློ་གཏོང་བའི་སྐབས། ང་ཚོས་སྐྱེ་བ་ཕྱི་མའི་རྒྱུད་རིམ་ཆ་ཚང་བ་ཤེས་འགོ་བཙུག་གི་ཡོད། འདི་ནི་གསང་སྔགས་ཉམས་ལེན་ལ་གནད་འགག་ཅན་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། གསང་སྔགས་ཀྱི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནང་། ང་ཚོས་འཆི་བ་དང་། བར་དོ། སླར་ཡང་སྐྱེ་བ་བཅས་ཀྱི་རྒྱུད་རིམ་ཡོངས་སུ་རྫོགས་པ་འགྱུར་བ་གཏོང་འདོད་དང་སྤོང་འདོད་བྱེད་ཀྱི་ཡོད། གལ་ཏེ་ང་ཚོ་བར་དོ་དང་སྐྱེ་བ་ཕྱི་མར་ཡིད་ཆེས་མེད་ན། དེ་ནས་ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་འདི་འགྱུར་བ་གཏོང་བ་དང་སྤོང་ཐབས་བྱེད་པ་ནི་གོ་རྒྱུ་མེད་པ་ཞིག་རེད། འདི་ནི་འཁོར་བ་ཞེས་བྱ་བ་དེའི་དོན་ངོ་མ་གང་ཡིན་པ་དེ་རེད། དེ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་དང་། ཚད་བཀག་ཅན་གྱི་ལུས་པོ་དང་སེམས་ལ་བརྟེན་ནས་འབྱུང་བའི་དཀའ་ངལ་ཡོད་དོ་ཅོག་རྣམས་རེད། ང་ཚོར་ནད་ན་ཚ་འབྱུང་བ་དང་། རྒས་འཁོགས་ཆགས་པ། ནུས་ཤུགས་ཞན་པོ་དང་བློ་མི་བརྟན་པ་ཆགས་ཀྱི་ཡོད། ང་ཚོའི་སེམས་ནི་ཧ་ཅང་རྨོངས་འཐོམ་ཅན་ཆགས་ཀྱི་ཡོད། དེ་ནི་བྱིས་པའི་གནས་སྐབས་ནས་བཟུང་སྟེ་འཚར་ལོངས་འབྱུང་བར་དུས་ཡུན་ཧ་ཅང་རིང་པོ་འགོར་བ་དང་ཅི་བྱ་གཏོལ་མེད་ཡིན་པ་རེད། དེ་ནི་འཇིགས་སུ་རུང་བ་ཞིག་རེད། 

ལས་ཀྱི་དབང་གིས་ང་ཚོར་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ལེན་གྱི་ཡོད། དེ་དག་ཐམས་ཅད་ནི་ང་ཚོར་ཡོད་པའི་ཉོན་མོངས་པ་དང་ཚད་བཀག་ཅན་གྱི་སེམས་གཞིགས་ནས་རྟོགས་དགོས། ང་ཚོར་ཁོང་ཁྲོ་སོགས་ཡོད་པ་དང་། དེ་དག་གིས་ང་ཚོའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་ལ་སྐུལ་རྐྱེན་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཤེས་དགོས་གལ་རེད། གང་ཡིན་ཟེར་ན། འདིས་སྐྱེ་བ་ལེན་ཚུལ་ཆ་ཚང་བའི་རྒྱུད་རིམ་དེ་འགྲེལ་བརྗོད་བྱེད་ཀྱི་ཡོད། 

ང་ཚོས་ད་དུང་ཡང་འཕགས་པའི་བདེན་པ་བཞི་པོ་ཤེས་དགོས་ཤིང་། བདེན་པ་བཞིའི་གོ་རྟོགས་ལ་བརྟེན་ནས་དོན་ངོ་མར་སྡུག་བསྔལ་དང་དེའི་རྒྱུ་མཐར་ཐུག་པ་སྤོང་ཐུབ་ཀྱི་ཡོད། སེམས་ཀྱི་དག་པའི་རང་བཞིན་དེ་རྟོགས་པ་ལ་གཞི་བྱས་ནས་སྡུག་བསྔལ་ཐམས་ཅད་སྤོང་ཐུབ་པའི་ཡིད་ཆེས་རྙེད་ཀྱི་ཡོད། སྡུག་བསྔལ་ཀུན་སྤོང་བའི་གནས་བབས་དེ་ནི་འཕགས་པའི་བདེན་པ་གསུམ་པ་དེ་རེད། དེའི་སྒང་ལ་སྡུག་བསྔལ་དངོས་སུ་སྤོང་བའི་ལམ་གྱི་བདེན་པ་དེ་རྟོགས་དགོས་ཤིང་། དེ་ནི་འཕགས་པའི་བདེན་པ་བཞི་པ་དེ་རེད། གལ་ཏེ་ང་ཚོར་ཡིད་ཆེས་དེ་མེད་ན། གསང་སྔགས་ཉམས་ལེན་ཕར་ཞོག །ང་ཚོས་ཆོས་ཉམས་ལེན་གྱི་རིགས་གང་ལའང་ཅི་ལྟར་བྱེད་བཞིན་ཡོད་དམ། ཡིད་ཆེས་བརྟན་པོ་དེ་དགོས་རྒྱུ་མེད་དུ་མི་རུང་བ་ཡིན་པ་དང་། ང་ཚོས་གང་ལ་དམིགས་བཞིན་པ་དང་དམིགས་ཡུལ་དེ་ཐོབ་རུང་ཡིན་པ་བཅས་ཤེས་དགོས། དེ་ནས་ཕྱིས་སུ་རང་གིས་རང་ལ་ཉམས་ལེན་དང་དམིགས་རྣམ་ཧ་ཅང་ཁྱད་མཚར་པོ་དེ་འདྲ་བྱེད་པར་ཐེ་ཚོམ་བྱེད་འགོ་མི་ཚུགས་པ་དང་། འདི་ནི་སྨྱོ་འཚུབ་ཅན་ཞིག་རེད་འདུག །ང་ཚོས་འདི་གང་གི་ཆེད་དུ་བྱེད་ཀྱིན་ཡོད་ཅེས་བསམ་གྱི་མ་རེད། ང་ཚོར་སྔོན་འགྲོའི་ཉམས་ལེན་དེ་དག་གི་གཞི་རྩ་བརྟན་པོ་ཞིག་མེད་ན། དེ་འདྲ་འབྱུང་གི་རེད། 

ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས།

འཁོར་བའི་ཉེས་དམིགས་རྟོགས་པ་ལ་གཞི་བྱས་ཏེ། ང་ཚོར་ངེས་འབྱུང་དགོས་ཀྱི་ཡོད། ང་ཚོས་ཁོང་ཁྲོ་དང་ངང་ངམ་ཤུགས་ཀྱི་མི་དགེ་བའི་སྤྱོད་ལམ་གྱིས་ཤུགས་རྐྱེན་འོག་ཏུ་བྱ་སྤྱོད་སྤེལ་རྒྱུ་དེ་སྤོང་འདོད་ཡོད། དེ་དག་གིས་དཀའ་ངལ་ཇེ་མང་བཟོ་བ་ཙམ་དང་། དེ་དག་ཀྱང་ཚེ་འདི་ཙམ་ལ་ཡང་བསྐྱར་བྱེད་པ་མ་ཟད། སྐྱེ་བ་ཕྱི་མའི་ནང་དུའང་ཡང་བསྐྱར་ཡོང་གི་ཡོད། གལ་ཏེ་ང་ཚོས་འབད་བརྩོན་དང་ཐབས་ཤེས་མ་བྱས་ན། དེའི་མངོན་རྟགས་ནི་མུ་མཐུད་དེ་རྒྱུན་ཆད་མེད་པར་འགྲོ་གི་རེད། དེར་བརྟེན་ང་ཚོར་ངེས་འབྱུང་གི་བསམ་པ་དེ་དགོས་ཀྱི་ཡོད། ངེས་འབྱུང་ནི་དེ་དག་ཐམས་ཅད་ལས་ཐར་བའི་ཆོད་སེམས་དེ་རེད། ཡིན་ནའང་ང་ཚོ་འདིའི་ནང་གཅིག་པུ་མ་རེད། ང་ཚོས་གཞན་གྱི་དོན་དུ་སེམས་ཁུར་བྱེད་དགོས། ང་ཚོའི་མི་ཚེ་འདི་གཞན་དང་ལོགས་སུ་དགར་ནས་ཡོད་པ་ཞིག་མིན། ང་ཚོས་གསང་སྔགས་ཉམས་ལེན་དེ་གང་གི་ཆེད་དུ་བྱེད་ཀྱིན་ཡོད་དམ། དེ་ནི་གཞན་ལ་ཕན་པའི་ཆེད་དུ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་འདོད་ཡོད། སྐབས་འདིར་བྱང་ཆུབ་ཀྱི་སེམས་ནི་མཐའ་གཅིག་ཏུ་གལ་གནད་ཅན་ཆགས་ཀྱི་ཡོད།

བྱང་ཆུབ་ཀྱི་སེམས་ཟེར་བ་དེ་གང་རེད་དམ། ནམ་རྒྱུན་གོ་ནོར་ཐེབས་པ་ཞིག་ལ། བྱང་ཆུབ་ཀྱི་སེམས་ནི་སྙིང་རྗེ་དང་གཅིག་པ་ཡིན་བསམ་པ་དེ་རེད། དེ་འདྲ་མ་རེད། བྱམས་པ་དང་སྙིང་རྗེ་ནི་རྒྱུའི་རྐྱེན་རྣམས་རེད། དེ་ལ་བརྟེན་ནས་ང་ཚོའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་ཀྱི་ཡོད། བྱང་ཆུབ་ཀྱི་སེམས་དེས་སོ་སོ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དམིགས་ཀྱི་ཡོད། དེ་ནི་སངས་རྒྱས་ལ་མངའ་བའི་གོ་འཕང་དེ་མིན་ལ་སྤྱིར་བཏང་གི་སངས་རྒྱས་ཀྱི་གོ་འཕང་ཞིག་ཀྱང་མིན། འོན་ཀྱང་དེ་ནི་སྒེར་སོ་སོ་རང་ཉིད་ཀྱི་སངས་རྒྱས་ཀྱི་གོ་འཕང་ཞིག་རེད། དེ་ནི་ད་ལྟ་ཐོབ་མེད་ཀྱང་། ང་ཚོའི་རྒྱུད་ལ་ཡོད་པའི་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་གཤེགས་སྙིང་པོ་ལ་བརྟེན་ནས་ཐོབ་རུང་ཡིན་པ་དེ་རེད། ང་ཚོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཀྱིན་ཡོད་པ་དང་། ད་ལྟའི་སངས་རྒྱས་ཀྱི་གོ་འཕང་འདི་འཐོབ་འདོད་ཡོད། གང་ཡིན་ཞེ་ན། ང་ཚོའི་མི་ཚེ་ནི་མཐའ་གཅིག་ཏུ་ཕན་ཚུན་ལྟོས་གྲུབ་དང་རྟེན་འབྲེལ་ཡིན་པ་རེད། ང་ཚོ་གཞན་ལ་ལྟོས་མེད་ཀྱི་ལོགས་སུ་སྟོང་པའི་ནང་གནས་ཀྱི་མེད། ང་ཚོ་འཚོ་ཞིང་གནས་པར། གཞན་གྱི་བྱམས་སེམས་ལ་ལྟོས་ནས་གནས་ཀྱི་ཡོད། 

ང་ཚོས་འཐོབ་འདོད་དང་བཅས་དམིགས་བཞིན་པའི་སྒེར་སོ་སོའི་སངས་རྒྱས་ཀྱི་གོ་འཕང་ནི་ཡི་དམ་གྱི་ལྷ་འདི་དག་གིས་མཚོན་པར་བྱས་ཡོད། ང་ཚོས་གང་གི་ཆེད་དུ་དམིགས་ཀྱི་ཡོད་དམ། ང་ཚོས་ད་བར་གང་བྱུང་མེད་པའི་ཐོག་ལ་བསམ་བློ་གཏོང་བཞིན་ཡོད། འོན་ཀྱང་དེ་ནི་སངས་རྒྱས་ཀྱི་རིགས་ལ་བརྟེན་ནས་འབྱུང་ཐུབ་པ་ཞིག་ཡིན། དེ་ནི་ང་ཚོས་གང་བྱེད་བཞིན་པ་དེ་རེད། གསང་སྔགས་ཀྱི་ཉམས་ལེན་ནི་མཐའ་གཅིག་ཏུ་བྱང་ཆུབ་ཀྱི་སེམས་དང་མཉམ་དུ་འབྲེལ་ནས་ཡོད། ང་ཚོས་འོད་ཕྱི་རུ་འགྲོ་བ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་སྡུག་བསྔལ་ལས་འབྲལ་བའི་ཆེད་དུ་དམིགས་རྣམ་བྱེད་པ་དང་བསམ་བློ་གཏོང་གིན་ཡོད། ཡིན་ནའང་གལ་ཏེ་ང་ཚོར་གཞན་གྱི་ཆེད་དུ་བྱམས་པ་དང་སྙིང་རྗེའི་ཚོར་བ་གང་ཡང་མེད་ན། ང་ཚོས་དེ་ཅིའི་ཕྱིར་བྱེད་ཀྱིན་ཡོད་དམ། དེ་ནི་ཆོ་མེད་བྱབ་མེད་ཡིན་ངེས་རེད། 

ཕ་རོལ་ཏུ་ཕྱིན་པ་དྲུག་གམ་རྒྱ་ཆེ་ལ་ཕུགས་རྒྱང་རིང་བའི་བསམ་ཕྱོགས་དྲུག

ད་དུང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད། ང་ཚོ་གཏོང་ཕོད་ཅན་དང་གཞན་ལ་སྦྱིན་པ་གཏོང་འདོད་ཡོད། ཚུལ་ཁྲིམས་ནི་མེད་དུ་མི་རུང་བ་རེད། གསང་སྔགས་ཀྱི་ལུགས་སུ་སྡོམ་པ་མང་པོ་ཡོད། གལ་ཏེ་ང་ཚོར་སྡོམ་པ་དེ་དག་བསྲུང་བའི་ཚུལ་ཁྲིམས་དེ་མེད་ན། གཞན་ལ་ནམ་ཡང་ཕན་འདོགས་ཐུབ་ཀྱི་མ་རེད། སྡིག་པ་མི་དགེ་བ་སྤོང་བའི་སྡོམ་པ་ཙམ་མིན་པར། དམ་ཚིག་གི་ཉམས་ལེན་ཁག་ཀྱང་ཡོད་དེ། ལེགས་སྦྱར་གྱི་སྐད་དུ་ས་མ་ཡ་ཟེར་བ་དེ་རེད། དགེ་བའི་བྱ་སྤྱོད་སྤེལ་བ་དང་གཞན་དོན་བསྒྲུབ་པར་ང་ཚོར་ཚུལ་ཁྲིམས་དེ་དག་དགོས་ཀྱི་ཡོད། ང་ཚོས་གཞན་ལ་ཕན་འདོགས་པ་དང་གཏོང་ཕོད་ཅན་བྱེད་ཀྱིན་ཡོད་པ་སེམས་ནང་བསམ་པ་ཙམ་དང་ལག་ལེན་དངོས་ཀྱི་ནང་སླེབས་དུས་གཡོལ་ཐབས་བྱེད་པ་དེ་འདྲ་མ་རེད། དེ་ནི་ཡང་དག་པའི་ཉམས་ལེན་རྩ་བ་ནས་མ་རེད། ཉམས་ལེན་ཡང་དག་པ་ནི་མི་ཚེ་དངོས་ཀྱི་ནང་ལག་ལེན་བསྟར་རྒྱུ་དེ་རེད་མ་གཏོགས་ང་ཚོའི་སྒོམ་གདན་གྱི་སྟེང་ལ་བསྡད་ནས་བསམ་བློ་གཏོང་བ་ཙམ་དེ་མ་རེད། ང་ཚོའི་སྒོམ་གདན་ནི་གཞན་དོན་ཇི་ལྟར་བསྒྲུབ་དགོས་པ་དང་མདུན་དུ་ཇི་ལྟར་སྐྱོད་དགོས་པའི་བསམ་བློ་འགའ་ཞིག་འཐོབ་པའི་ཆེད་གྲ་སྒྲིག་དང་བསྐྱར་སྦྱོང་བྱེད་ས་དེ་རེད། འོན་ཀྱང་ང་ཚོས་བསྐྱར་སྦྱོང་བྱེད་པ་ཙམ་མིན་པར། མི་ཚེ་དངོས་ཀྱི་ནང་དངོས་སུ་ལག་བསྟར་བྱེད་དགོས་ཀྱི་ཡོད། 

དེའི་སྒང་ལ་ང་ཚོར་སྟོང་པ་ཉིད་ཀྱི་སྐོར་ལ་གོ་རྟོགས་ཤིག་དགོས། སྟོང་པ་ཉིད་ལ་ཨིན་སྐད་དུ་ (emptiness) ཞེས་བསྒྱུར་ཡོད་ཀྱང་། ངོས་རང་ནས་དེ་ལ་ (voidness) ཞེས་འབོད་རྒྱུ་དགའ་འདེམས་བྱེད་ཀྱི་ཡོད། དེ་མིན་ང་ཚོས་ཉམས་ལེན་གྱི་ནང་ག་རེ་བྱེད་ཀྱིན་ཡོད་པ་དེ་སྨྱོན་པ་འདྲ་པོ་རེད། ང་ཚོ་ནི་སེམས་ཁམས་འཆོལ་བའི་མི་ལྟ་བུ་ཆགས་ནས་རང་ཉིད་ཡེ་ཤུ་མ་ཤི་ཀའམ་ཁླེའོ་པཏྲ་ (Cleopatra) སྟེ། གནའ་བོའི་ཨི་ཇིཔ་ཊའི་རྒྱལ་པོ་ཡིན་བསམ་གྱི་ཡོད། དེའི་ཚབ་ལ་ཁོང་ཚོས་རང་ཉིད་རྗེ་བཙུན་སྒྲོལ་མ་དང་་སྤྱན་རས་གཟིགས་ཡིན་བསམ་སྲིད། ང་ཚོས་དེའི་ནང་གང་ཚུད་ཡོད་པ་དང་རྗེ་བཙུན་སྒྲོལ་མའི་རྣམ་པ་འདི་ལ་སོགས་པ་ནི་ང་ཚོའི་རྒྱུད་ཀྱི་སངས་རྒྱས་ཀྱི་རིགས་དང་རྒྱུ་འབྲས་ཀྱི་རྣམ་གཞག་སོགས་ལ་གཞི་བྱས་ནས་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་འབྱུང་གི་ཡོད་པ་དངོས་སུ་མ་རྟོགས་ཀྱི་བར་དུ་དེ་ནི་གང་འཚམ་གྱི་སྨྱོན་པ་འདྲ་པོ་རེད། ང་ཚོ་དོན་ངོ་མར་རྗེ་བཙུན་སྒྲོལ་མ་ཡིན་པ་དེ་ད་ལྟ་དངོས་སུ་འབྱུང་བཞིན་པ་མིན། ང་ཚོས་གང་བྱེད་ཀྱིན་ཡོད་པའི་དངོས་པོའི་གནས་ལུགས་དེ་རྟོགས་དགོས། དེ་མིན་གོ་བ་ལོག་སྒྲུབ་དེས་སེམས་ཁམས་ཀྱི་དཀའ་ངལ་ཚབས་ཆེན་ནང་འཁྲིད་སྲིད་པ་ཡིན། 

རྫས་ཆ་དེ་དག་ཚང་མ་གྲ་སྒྲིག་བྱེད་པ་ནི་ང་ཚོས་འགྲུལ་བཞུད་ཀྱི་ཆེད་དུ་དོ་པོའམ་ཁུར་པོ་གྲ་སྒྲིག་བྱེད་པ་དང་མཚུངས་པ་རེད། ང་ཚོས་དེ་དག་ཐམས་ཅད་བེད་སྤྱོད་བྱེད་ཐུབ་ན་བསམ་གྱི་ཡོད། དེ་ནི་ང་ཚོའི་སྔོན་འགྲོའི་གྲ་སྒྲིག་རེད། 

ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཉམས་ལེན་ཁག

ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཉམས་ལེན་གྱི་ནང་། ཕྱག་འབུམ་ཚར་སོགས་འཚུད་ཀྱི་ཡོད། འདི་གོ་བ་ལོག་སྒྲུབ་ཡོད་པ་ནི། ཕྱག་འབུམ་འཚལ་བ་སོགས་ཀྱིས་རྫུ་འཕྲུལ་འཐོབ་ཀྱི་ཡོད་པ་དང་། དེ་ནི་གལ་ཏེ་ང་ཚོས་ཕྱག་འབུམ་འཚལ་བ་དང་མཎྜལ་འབུམ་འབུལ་བ་སོགས་ཀྱིས་དཀའ་ངལ་ཡོངས་རྫོགས་སེལ་གྱི་ཡོད་པའི་བསམ་བློ་ནོར་བ་འཁོར་བ་དེ་རེད། མི་འགའ་ཤས་ཀྱིས་དངོས་གནས་རྫུ་འཕྲུལ་འདྲ་ཐོབ་པའི་རེ་བ་བྱེད་སྲིད་པ་དང་། དེ་ལྟར་མ་བྱུང་བའི་སྐབས། རང་ཉིད་ཀྱིས་ཡིད་ཆེས་བྱས་པ་ལྟར་མ་བསྒྲུབས་པ་སོང་ཙང་། ཆོས་ཉམས་ལེན་ཡོངས་སུ་རྫོགས་པ་ལ་བློ་ཕམ་དང་ཡིད་ཐང་ཆད་པ་ཞིག་ཡོང་གི་ཡོད། ང་ཚོས་སྔོན་འགྲོའི་ཉམས་ལེན་དེ་དག་གི་དགོས་དོན་རྣམས་རྟོགས་དགོས།

སྔོན་འགྲོའི་ཉམས་ལེན་དེ་དག་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་གསོག་ཕྱིར་དང་མི་དགེ་བ་སྡིག་པ་སྤོང་བའི་ཕྱིར་བྱེད་ཀྱི་ཡོད། ང་ཚོས་ལས་ཀྱི་སྐོར་ཤོད་པའི་སྐབས། སྤྱོད་ལམ་གྱི་འབྲས་བུ་ལ་ང་ཚོས་དགེ་བའམ་མི་དགེ་བའི་སྟོབས་སམ་ནུས་པ་གསོག་གི་ཡོད། དེ་ནི་དབང་རྩ་འཁྲུགས་པའི་དགེ་བའི་ནུས་པ་སྟེ། སྐྱོན་བྲལ་ཡང་དག་གི་དཔེ་མཚོན་ལྟར་དང་། ཡང་མིན་ན་སངས་རྒྱས་ཀྱི་གོ་འཕང་གི་རྒྱུ་རུ་འགྲོ་ཐུབ་པའི་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་ནས་བསྔོས་པའི་དགེ་བའི་ནུས་པའང་ཡིན་སྲིད། རྣམ་པ་དེ་གཉིས་རྣམ་པར་འབྱེད་དགོས། ང་ཚོས་སྔོན་འགྲོའི་ཉམས་ལེན་ལ་བརྟེན་ནས་ག་རེ་བྱེད་འདོད་ཡོད་ཅེ་ན། ཚན་རིག་གི་ཐ་སྙད་ཐོག་ནས་བཤད་ན། ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དགེ་བའི་དབང་རྩའི་བགྲོད་ལམ་སྐྲུན་འགོ་བཙུག་གི་རྒྱུ་དེ་རེད། 

ང་ཚོ་ཚང་མར་དབང་རྩའི་མཉེན་ཆའམ་དབང་རྩ་འགྱུར་རུང་གི་རང་བཞིན་དེ་ཡོད་པ་དང་། དེ་ལ་བརྟེན་ནས་ཀླད་པ་རང་ངོས་ནས་དབང་རྩའི་བར་གྱི་འབྲེལ་མཐུད་འགྱུར་བཅོས་གཏོང་གི་ཡོད་པ་ལྟ་བུ་རེད། ང་ཚོས་བསྐྲུན་ཟིན་པའི་གོམས་གཤིས་ལས་བྱུང་བའི་མི་དགེ་བའི་ལམ་ལ་བསམ་བློ་གཏོང་དགོས་ཤིང་། དམིགས་བསལ་ང་ཚོས་ཐོག་མ་མེད་པའི་དུས་ཀྱི་སྒོ་ནས་བསམ་བློ་བཏང་ན། ཁོང་ཁྲོ་དང་། རང་འདོད་དོན་གཉེར། འདོད་རྔམ། གཏི་མུག་བཅས་ཀྱི་དབང་འོག་ནས་ང་ཚོས་བྱ་སྤྱོད་སྤེལ་དང་སྤེལ་མུས་དང་། ང་ཚོ་ནི་གལ་ཆེ་ཤོས་དེ་ཡིན་པ་དང་རང་གི་གང་འདོད་ལྟར་འགྲུབ་དགོས་ཞེས་བསམ་གྱི་ཡོད། སོ་སོ་རང་ཉིད་ལ་ཡོད་པ་ནང་བཞིན་མི་གཞན་དག་ལའང་ཚོར་བ་ཡོད་པའི་བདེན་དོན་དེ་ལ་སྣང་མེད་གཏོང་བའི་གོམས་གཤིས་ངན་པའི་རིགས་ཚང་མར་བསམ་བློ་གཏོང་དགོས། གཞན་དག་ལ་དེ་ལྟར་སྣང་མེད་གཏོང་བ་ནི། ང་ཚོས་གཞན་དག་ལ་རྟག་ཏུ་ལྟ་ཚུལ་ངན་པ་འཛིན་ཆོག་པ་དང། དེ་ལ་ཁྱད་པར་མེད་པ་ལྟ་བུ་དངོས་པོའི་གནས་ལུགས་དང་ང་ཚོའི་ལས་ཀྱི་འབྲས་བུ་ལ་རྨོངས་ཤིང་གཏི་མུག་པའི་རིགས་ཤིག་རེད། དཔེ་ཆ་བཞག་ན། ང་ཚོས་ཕྲུ་གུ་མ་འབྱར་གྱི་མདུན་དུ་རྩོད་པ་རྒྱག་ཆོག་པ་དང་། ཕྲུ་གུ་དེས་གོ་ཚོད་ཀྱི་མ་རེད། བྱས་ཙང་། དེ་ལ་ཁྱད་པར་མེད་བསམ་པ་ལྟ་བུ་རེད།

དབང་རྩའི་བགྲོད་ལམ་རྣམས་ཀྱིས་ང་ཚོར་རྒྱུན་གཏན་ནས་བྱ་སྤྱོད་སྤེལ་དུ་འཇུག་གི་ཡོད་པས། དེ་དག་ནི་ཧ་ཅང་ཤུགས་ཆེན་པོ་རེད། དེ་དག་ང་ཚོའི་རྒྱུད་ལ་གཏིང་ཚུགས་ནས་གནས་ཡོད། གང་ཡིན་ཞེ་ན། ང་ཚོས་དེ་དག་ཡང་ནས་ཡང་དུ་བསྐྱར་ཟློས་བྱས་ཡོད། འདི་ལྟ་བུའི་བརྟག་དཔྱད་བྱེད་སྟངས་ནི། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྤྱོད་ལམ་སྟེ། འཁོར་བའི་ཉེས་དམིགས་ཀྱི་སྐོར་ལ་གོ་རྟོགས་ཀྱི་རིམ་པ་མི་འདྲ་བ་ཞིག་རེད། འདི་ནི་ལས་རེད། དེ་ཡང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བ་དང་ངང་ངམ་ཤུགས་དེ་རེད། འདི་ལ་བརྟེན་ནས་ང་ཚོས་དགེ་བའི་དབང་རྩའི་བགྲོད་ལམ་སྐྲུན་འདོད་ཡོད། དེ་ནི་ལས་སླ་པོ་ཞིག་མིན། དེ་ལ་བསྐྱར་ཟློས་ཧ་ཅང་མང་པོ་དགོས་ཀྱི་ཡོད། བསྐྱར་ཟློས་ནི་ང་ཚོས་དབང་རྩའི་བགྲོད་ལམ་ཇི་ལྟར་སྐྲུན་གྱི་ཡོད་པ་དེ་རེད། དེ་འདྲ་སོང་ཙང་། འབུམ་ཚར་གྱི་རིགས་ཤིག་བྱེད་པ་འདང་ངེས་ཤིག་མིན་ལ། དེ་ནི་རྫུ་འཕྲུལ་ཅན་གྱི་གྲངས་ཤིག་ཀྱང་མིན། དེ་ནི་ཧ་ཅང་མང་པོ་ཡིན་པ་དང་དེ་ནི་དེའི་དོན་དག་དེ་རེད། 

དེ་ལྟའི་བསྐྱར་ཟློས་ཀྱིས་དགེ་བའི་ལམ་མང་བ་སྐྲུན་འགོ་བཙུག་པ་དང་དེ་ནི་ང་ཚོས་གང་བྱེད་འདོད་ཡོད་པ་དེ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་སྔོན་འགྲོའི་ཉམས་ལེན་འདི་དག་བྱེད་ཀྱི་ཡོད། སྔོན་འགྲོའི་ཉམས་ལེན་འདི་དག་གིས་དགེ་བའི་ནུས་པ་དེ་སྐྲུན་འགོ་བཙུག་པ་དང་མི་དགེ་བའི་ནུས་པ་དེ་ཞན་དུ་གཏོང་བའམ་ཉུང་དུ་གཏོང་གི་ཡོད། གལ་ཏེ་ང་ཚོས་ཉམས་ལེན་རྣམས་དོ་འཁུར་མེད་པའི་སྒོ་ནས་བྱེད་པ་སྟེ། སྐབས་རེར་སྒོམ་རྒྱག་པ་དང་སྐབས་རེར་སྒོམ་མི་རྒྱག་པ་ལྟ་བུ་བྱས་ན། དེར་བསྐྱར་ཟློས་འདང་ངེས་མེད་པ་རེད། ལམ་གསར་པ་ཞིག་སྐྲུན་འགོ་བཙུག་པར། རྒྱུན་ཆད་མེད་པ་དང་བརྟན་པའི་བསྐྱར་ཟློས་དགོས་ཀྱི་ཡོད། མདོའི་ལུགས་ལྟར་བྱས་ན། ང་ཚོས་བསྐལ་པ་གྲངས་མེད་གསུམ་དུ་དགེ་བའི་ནུས་པའམ་ཚོགས་གསོག་དགོས་ཚུལ་ཤོད་ཀྱི་ཡོད། གྲངས་མེད་ཟེར་བ་ནི་རྒྱ་གར་གྱི་ཨང་རྩིས་རིག་པའི་ནང་གི་གྲངས་ཆེ་ཤོས་ཀྱི་མིང་ཡིན་པས། དེ་ལ་ཨིན་སྐད་ནང་གསལ་ཁ་མེད་པའི་ཚིག་ཅིག་ཡིན་ནའང་། ང་ཚོས་བསྐལ་ཆེན་གྲངས་མེད་གསུམ་ (three zillion eons) ཞེས་བརྗོད་ཆོག །ང་ཚོས་སྐྱེ་བ་ཐོག་མ་མེད་པ་ནས་སྡིག་པ་མི་དགེ་བའི་ལས་སམ་ནུས་པ་གྲངས་མེད་པ་བསགས་ཡོད་པའི་བདེན་དོན་ལ་ཁ་གཏད་གཅོག་ཕྱིར། དགེ་བའི་ནུས་པ་གྲངས་མེད་པ་གསོག་དགོས་ཀྱི་ཡོད། དེའི་ཆེད་དུ་ང་ཚོས་དུས་ཚོད་ཧ་ཅང་མང་པོ་བཏང་ནས་འབད་བརྩོན་བྱེད་དགོས།

ཐེག་པ་ཆེན་པོའི་མདོ་ནས་གསུངས་པའི་སེམས་སྐུལ།

ཐེག་པ་ཆེན་པོའི་མདོའི་ནང་ཞར་དང་ཞོར་ལ། དེ་དག་ཀློག་པའི་སྟོབས་དང་གཟུངས་སྔགས་ངེས་ཅན་ཞིག་བགྲང་པ་དེས་བསྐལ་བ་སྟོང་ཕྲག་དྲུག་ཅུའི་མི་དགེ་བ་དག་པ་ལྟ་བུ་བསྟོད་བསྔགས་ཧ་ཅང་མང་པོ་གནང་ཡོད། དེ་དག་གི་ནང་གྲངས་ཀ་ཡ་མཚན་པོ་དེའི་རིགས་ཀྱིས་ཁེངས་ནས་ཡོད། དེ་ནི་སྨྱོན་པ་ལྟར་སྣང་སྲིད་པ་དང་ང་ཚོས་དེ་དག་ཐམས་ཅད་གང་གི་ཆེད་དུ་ཡིན་པ་དང་། དེ་དག་གི་ཐད་ལ་ཧ་ལམ་ངོ་ཚ་བྱས་ཡོད། ཡིན་ནའང་གལ་ཏེ་ང་ཚོས་དེའི་སྐོར་ལ་བསམ་བློ་བཏང་ན། སངས་རྒྱས་ནི་གླེན་པ་ཞིག་མ་རེད། དེ་དག་ཐམས་ཅད་གསུངས་པའི་དགོས་འདུན་དང་དམིགས་ཡུལ་ཞིག་ཡོད་པ་རེད། མི་འགའ་ཞིག་གིས་གྲངས་ཀ་དེ་དག་སྒྲ་ཇི་བཞིན་དུ་ཁས་བླངས་ནའང་། ང་རང་ངོས་ནས་དེ་ལ་གོ་རྒྱུ་ཡོད་བསམ་པ་ནི་ང་ཚོར་སེམས་སྐུལ་ཞིག་སྦྱིན་གྱི་ཡོད། ང་ཚོས་བསྐལ་ཆེན་གསུམ་དང་བསྐལ་པ་གྲངས་མེད་པའི་དགེ་བའི་ནུས་པའི་སྐོར་ཐོས་པའི་སྐབས། གལ་ཏེ་ང་ཚོས་གཟུངས་སྔགས་བྱེ་བྲག་ཅིག་བགྲངས་ན། དེས་ཉུང་མཐར་ཡང་མི་དགེ་བའི་ནུས་པ་སྟོང་ཕྲག་དྲུག་ཅུ་དག་པར་བྱེད་ཀྱི་ཡོད་ཅེས་བསམ་གྱི་ཡོད། ང་ཚོས་གྲངས་ཀ་ཆེན་པོ་དེའི་ནང་ཀོང་རྟགས་ཤིག་བཟོ་ཆོག །དེས་ང་ཚོར་སེམས་ཤུགས་སྦྱིན་གྱི་ཡོད།

དགེ་བའི་ནུས་པ་འདང་ངེས་བཞིན་པ་གསོག་པ་དེ་ཧ་ཅང་ལས་སླ་པོ་ཡོད་པའི་མཐའ་རུ་མི་འགྲོ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་དེ་ནི་མི་སྲིད་པ་ཞིག་ཆགས་ཀྱི་རེད་ཅེས་པའི་མཐའ་རུ་མི་འགྲོ་རྒྱུ་དེའང་གལ་ཆེ། ཐེག་པ་ཆེན་པོའི་མདོ་དེ་དག་གིས་ང་ཚོར་གྲངས་ཀ་ཧ་ཅང་ཆེན་པོར་བསམ་བློ་གཏོང་བར་ཕན་གྱི་ཡོད། མདོ་དེ་དག་གིས་སངས་རྒྱས་ཀྱི་ཆོས་འདི་སྐྱེ་གནས་སྣ་ཚོགས་པའི་ནང་ཡོད་པའི་སེམས་ཅན་གྲངས་ལས་འདས་པ་རྣམས་ལ་བརྗོད་ཀྱི་ཡོད། ང་ཚོས་དེ་ལ་ལྷ་སྒྲུང་ལྟ་བུའམ་ཡང་ན་ང་ཚོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསམ་བློ་གཏོང་བའི་ཆེད་རང་སེམས་གུ་ཡངས་དང་བཅས་བློ་སྒོ་འབྱེད་ཚུལ་ཞིག་ཡིན་པར་བསམ་ཆོག །ང་ཚོས་གྲངས་ཀ་ཧ་ཅང་མང་པོ་དང་རྒྱ་ཆེ་བའི་ཁྱབ་ཚད་ནས་འགོ་བཙུགས་ཏེ་བསམ་བློ་གཏོང་དགོས་ཤིང་། སྡིག་པ་དག་སྦྱོང་དང་དགེ་བའི་ནུས་པ་གསོག་ཐུབ་པ་ཞིག་རེད། ཡིན་ནའང་དེ་ནི་ང་རང་ཚོ་སོ་སོ་རང་ཉིད་ཀྱི་རྩོལ་བ་ལ་བརྟེན་ནས་བྱེད་དགོས། དེ་འདྲ་སོང་ཙང་། ང་ཚོར་སྔོན་འགྲོའི་ཉམས་ལེན་དེ་དག་ཡོད་པ་རེད། 

སྔོན་འགྲོ་ཉམས་ལེན་ཇི་ལྟར་མི་བྱ་བའི་ཚུལ།

ང་ཚོའི་སེམས་ནང་ཀུན་སློང་སོགས་གང་ཡང་མེད་པར་ལུས་རྩལ་ཁོ་ནར་བསམས་ནས་ཕྱག་འཚལ་རྒྱུ་མེད་པ་དེ་གལ་ཆེན་པོ་རེད། དེས་འབྲས་བུ་ཧ་ཅང་ཆེན་པོ་སྐྲུན་གྱི་མེད། གལ་ཏེ་གནས་སྟངས་དེ་འདྲ་ཡིན་ན། ང་ཚོས་ (push-up) ལུས་རྩལ་དེ་ཚར་འབུམ་རྩེད་པ་འདྲའང་བྱེད་སྲིད། དེ་ནི་ཕྱག་འཚལ་བའི་དགོས་དོན་དེ་མ་རེད། ང་ཚོར་ད་དུང་ཡང་རྩེ་གཅིག་པའི་ཏིང་ངེ་འཛིན་དགོས། གལ་ཏེ་ང་ཚོས་སེམས་དེ་གང་སར་འཁྱམས་ནས་ཐུན་དེ་མགྱོགས་པོར་རྫོགས་ན་བསམས་ནས་ཕྱག་འཚལ་བཞིན་ཡོད་ན། དེ་ཡང་ཧ་ཅང་ནུས་པ་ཐོན་པ་ཞིག་ཡོང་གི་མ་རེད། ང་ཚོས་དགེ་བའི་ལམ་ཞིག་སྐྲུན་དགོས་ཀྱི་ཡོད། སེམས་ཀྱིས་ལས་ཀ་བྱེད་བཞིན་པ་ནང་བཞིན་ང་ཚོའི་ལུས་དང་ངག་གཉིས་དུས་མཉམ་དུ་བྱ་བ་བྱེད་པ་ནི་སེམས་གཡེང་བ་སྤོང་བར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། 

ང་ཚོའི་ཉམས་ལེན་ཆ་ཚང་སོ་སོའི་སེམས་ཀྱི་ནང་བྱེད་བཞིན་པའི་གོམས་གཤིས་འཇགས་རྒྱུ་ཧ་ཅང་སླ་མོ་ཡོད། ང་རང་དེའི་ཐད་ནག་ཉེས་ཅན་ཡིན་པ་དང་ངས་ཉམས་མྱོང་གི་ཐོག་ནས་སྐད་ཆ་ཤོད་ཀྱི་ཡོད། གལ་ཏེ་ང་ཚོས་སེམས་ཁོ་ན་ལ་བརྟེན་ནས་བྱ་བ་བྱེད་ཀྱིན་ཡོད་ན། དེ་ནི་རྩེ་གཅིག་ཏུ་གནས་རྒྱུ་རྦད་དེ་དཀའ་ལས་ཆེ་བ་ཡོད། གལ་ཏེ་ང་ཚོས་ལུས་ཀྱི་སྒོ་ནས་དེ་དང་དུས་མཉམ་དུ་དངོས་སུ་བྱ་བ་བྱེད་ཀྱིན་ཡོད་པ་དང་། དེའི་སྒང་ལ་དུས་མཉམ་དུ་ངག་འདོན་བྱེད་བཞིན་ཡོད་ན། སེམས་གཡེང་བའི་རྐྱེན་དེ་ཙམ་ལྷག་གི་མེད། དེར་བརྟེན་ལུས་ངག་ཡིད་གསུམ་པོ་མཉམ་དུ་སྒྲིལ་རྒྱུ་དེ་ནི་དངོས་གནས་གང་འཚམ་གྱི་ཐབས་དང་ལྡན་པ་ཞིག་རེད། སངས་རྒྱས་ཤིག་ཡིན་པའི་ཆ་ནས་ང་ཚོའི་སྐུ་གསུང་ཐུགས་ཡོངས་སུ་མཉམ་སྡེབ་ཡོང་བར་འདོད་ཡོད་པ་ནི་ཤོད་ག་ལ་དགོས། 

དེར་བརྟེན་ང་ཚོའི་ལུས་ངག་ཡིད་གསུམ་པོ་ཉམས་ལེན་གྱི་ནང་མཉམ་སྡེབ་ཀྱི་གོམས་གཤིས་འཇགས་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད། དམིགས་བསལ་སྔོན་འགྲོའི་ཉམས་ལེན་དེ་དག་བྱེད་པའི་སྐབས་ཕན་ཐོགས་ཆེ། དེ་ནི་ལུས་ཀྱི་སྒོ་ནས་ལས་ཀ་ཞིག་བྱེད་བཞིན་པ་དང་ཁ་ནས་དོན་མེད་ཅོལ་སྒྲོས་མོལ་སྒྲོས་འདོན་པ་ཙམ་མིན། སྲོལ་རྒྱུན་རེ་རེའི་ནང་འདོན་ཆོག་གི་རིགས་མི་འདྲ་བ་རེ་ཡོད། དེ་ལ་བྱེད་སྟངས་གཅིག་རང་ཡོད་པ་དེ་འདྲ་མ་རེད། གལ་ཏེ་ང་ཚོས་ཆོས་ལ་བསམ་བློ་གཏོང་བ་དང་སངས་རྒྱས་ཀྱིས་ཐབས་མཁས་པོའི་སྒོ་ནས་གདུལ་བྱ་སྣ་ཚོགས་པར་ཐབས་སྣ་ཚོགས་པ་གསུངས་པ་ལ་བསམ་བློ་བཏང་ན། ཉམས་ལེན་བྱེད་སྟངས་བྱེད་ལུགས་ཀྱི་ཐད་ལའང་མི་འདྲ་བ་མང་པོ་འབྱུང་ངེས་རེད། དེ་ནི་འགྲིག་གི་ཡོད། ང་ཚོའི་ཉམས་ལེན་བྱེད་སྟངས་དེ་འགྲིག་པ་དང་གཞན་ཚང་མ་ནོར་བ་རེད་ཅེས་བསམས་ནས་འདི་ལྟ་བུའི་འགྲན་བསྡུར་གྱི་བློའི་ཁྱེར་སོ་དེ་ཆོས་ཉམས་ལེན་གྱི་ནང་ཁྱེར་བ་ནི་གོ་ནོར་ཆེན་པོ་ཞིག་རེད།

ཕྱག་འཚལ་བའི་སྐབས་སུ་ང་ཚོས་སྐྱབས་འགྲོ་གོ་ཚོད་པ་དང་། ང་ཚོ་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ཀྱི་དགེ་བའི་ཁ་ཕྱོགས་བཟང་པོར་འགྲོ་བཞིན་ཡོད་ལ། དེ་དག་ནི་ང་ཚོས་ཕྱག་བྱ་བའི་ཡུལ་རེད། ང་ཚོས་རང་ངོས་ནས་སངས་རྒྱས་ཆོས་དང་དགེ་འདུན་གྱི་གོ་འཕང་འཐོབ་འདོད་ཡོད་པ་དང་། དེ་དག་ལ་གུས་ཞབས་བྱེད་ཀྱིན་ཡོད། ང་ཚོས་སྐྱབས་འགྲོ་དང་ཕྱག་འཚལ་བ་དེ་འབྲས་བུའི་སྒོ་ནས་བསམ་བློ་གཏོང་རྒྱུ་དེ་ཕན་ཐོགས་ཅན་ཞིག་རེད། འབྲས་བུའི་སྒོ་ནས་དེ་དག་ཐོབ་ཟིན་པའི་གང་ཟག་དང་། ལམ་གྱི་སྒོ་ནས་ཉམས་ལེན་དེ་དག་ཐམས་ཅད་ལ་བརྟེན་ནས་ང་ཚོས་དམིགས་བཞིན་པའི་སོ་སོ་རང་ཉིད་ཀྱི་ཐམས་ཅད་མཁྱེན་པའི་གོ་འཕང་། གཞིའི་སྒོ་ནས་རང་རྒྱུད་ལ་ཡོད་པའི་རྒྱུ་བདེ་གཤེགས་སྙིང་པོ་སྟེ། སངས་རྒྱས་ཀྱི་རིགས་དེ་ལ་བརྟེན་ནས་ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ། དེ་ནས་ང་ཚོས་ཅིའི་ཕྱིར་ཉམས་ལེན་བྱེད་ཀྱིན་ཡོད་པ་དང་གང་བྱེད་ཀྱིན་ཡོད་པའི་ཐད་དམིགས་ནས་སོ་སོའི་སེམས་ལ་བརྟེན་ནས་གུས་ཞབས་སྟོན་དགོས། 

ངེས་འབྱུང་གཞི་ལ་བཞག་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས།

སྔོན་འགྲོའི་ཉམས་ལེན་ཆེ་ཁག་གཞན་ཞིག་ནི་རྡོར་སེམས་སྒོམ་བཟླས་དེ་རེད། རྡོར་སེམས་སྒོམ་བཟླས་འདི་བཞིན་འཕགས་པའི་བདེན་པ་དང་པོ་གཉིས་ཀྱི་ངེས་འབྱུང་ལ་གཞི་བཅོལ་བ་ཞིག་དགོས། རྡོར་སེམས་སྒོམ་བཟླས་ལ་བརྟེན་ནས་ང་ཚོས་གང་ཞིང་དག་སྦྱོང་བྱ་རྒྱུ་འབད་བརྩོན་བྱེད་ཀྱི་ཡོད་དམ་ཞེ་ན། དེ་ནི་སྡུག་བསྔལ་དང་དེའི་རྒྱུ་རྣམས་དག་སྦྱོང་བྱེད་ཀྱི་ཡོད། ང་ཚོས་འདི་ཤེས་དགོས་པ་དང་འཕགས་པའི་བདེན་པ་གསུམ་པ་དང་བཞི་པ་ལ་ཡིད་ཆེས་ཡོད་པ་ཞིག་དགོས། མི་དགེ་བའི་ནུས་པ་ཡོངས་སུ་རྫོགས་པ་དངོས་གནས་སྤོང་རུང་ཡིན་པ་ལ་ངེས་པ་རྙེད་པ་ཞིག་དགོས། ང་ཚོས་དེ་གཉེན་པོའི་སྟོབས་བསྟེན་པའི་སྒོ་ནས་སྤོང་རྒྱུ་ཡིན། ཡིན་ནའང་རྡོར་སེམས་སྒོམ་བཟླས་ཀྱི་ཉམས་ལེན་ནི་གནས་སྐབས་ཀྱི་དག་སྦྱོང་ཞིག་རེད། ང་ཚོས་མི་དགེ་བའི་ནུས་པ་ཡོངས་སུ་རྫོགས་པ་དངོས་གནས་མེད་པ་བཟོ་རྒྱུ་དེ་ནི་སྟོང་ཉིད་ཀྱི་དོན་རྟོགས་པའི་སྒོ་ནས་མེད་པ་བཟོ་དགོས། དེ་འདྲ་ཞིག་བྱུང་ན། ང་ཚོས་མི་དགེ་བའི་སྤྱོད་ལམ་བསྐྱར་ཟློས་བྱེད་ཀྱི་མ་རེད། རྡོར་སེམས་སྒོམ་བཟླས་ལ་བརྟེན་ནས་གཡའ་འདྲ་པོ་དེ་གཙང་མ་བཟོ་ཐུབ། འོན་ཀྱང་དེས་ང་ཚོས་ཡང་བསྐྱར་མི་དགེ་བའི་བྱ་སྤྱོད་མི་སྤེལ་བའི་ཁག་ཐེག་བྱེད་ཀྱི་མེད། 

འཕགས་པའི་བདེན་པ་བཞི་ལ་ཡིད་ཆེས་ཆ་ཚང་བ་ཞིག་དགོས། དེ་འདྲ་སོང་ཙང་། ང་ཚོས་སྡིག་སྒྲིབ་སྦྱོང་ཕྱིར་རྡོར་སེམས་སྒོམ་བཟླས་ལྟ་བུའི་གཉེན་པོའི་སྟོབས་རྣམས་ལག་བསྟར་བྱེད་ཀྱི་ཡོད། དེ་དག་མེད་པར་ང་ཚོས་ག་རེ་བྱེད་ཀྱིན་ཡོད་དམ། ང་ཚོས་ཡིག་བརྒྱ་ངག་འདོན་བྱེད་པ་ཙམ་ནི་གོ་རྒྱུ་གང་ཡང་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོར་རྡོར་སེམས་སྒོམ་བཟླས་ཀྱི་ཉམས་ལེན་རྒྱས་པ་འདི་ཡོད་པ་དང་། ང་ཚོས་སྡིག་སྒྲིབ་དག་སྦྱོང་དེ་གསལ་པོར་བཀོད་པའི་རི་མོའི་ལམ་ནས་འབྱུང་བཞིན་ཡོད་པར་བསམ་བློ་གཏོང་གི་ཡོད། 

མཎྜལ་འབུལ་བ། 

དེ་ནས་ང་ཚོས་སྔོན་འགྲོའི་ཉམས་ལེན་རྗེས་མ་དེ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ནི་མཎྜལ་འབུལ་རྒྱུ་དེ་རེད། དེ་ཡང་བྱམས་པ་དང་། སྙིང་རྗེ། སྦྱིན་པ་བཅས་ཀྱི་སྒོ་ནས་འབུལ་དགོས། ང་ཚོས་མཆོད་པ་འབུལ་གྱིན་ཡོད་པ་དང་། གང་འབུལ་བ་དེ་ཚང་མར་མཐུན་པའི་རྐྱེན་ཡག་ཤོས་སུ་འགྲོ་བ་ཞིག་འབུལ་དགོས། དེ་ལྟར་བྱུང་ན། ཚང་མ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཀྱི་རེད། དེ་དང་འབྲེལ་ཡོད་སྲོལ་རྒྱུན་ཚད་ལྡན་གྱི་ངག་འདོན་དེ་ངས་འདི་ལྟར་བསྒྱུར་ཡོད་དེ། 

ས་གཞི་སྤོས་ཆུས་བྱུགས་ཞིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཞེས་པ་འདི་རེད། 

ཚིགས་སུ་བཅད་པ་འདིའི་གོ་དོན་གང་རེད་དམ། འདིའི་དོན་ནི། སེམས་ཅན་ཐམས་ཅད་རྣམ་པར་དག་པའི་ཞིང་དུ་ཉམས་ལེན་བྱེད་ཐུབ་པར་ཤོག །དེ་ཡང་ང་ཚོས་ནམ་རྒྱུན་སྲོལ་རྒྱུན་རྒྱ་གར་གྱི་ལུགས་ལྟར་རི་རྒྱལ་ལྷུན་པོ་སོགས་ལ་དམིགས་རྣམ་བྱེད་ཀྱི་ཡོད། ས་གཞི་འདིའི་ས་བབས་གནས་སྟངས་ཀྱི་ཁྱད་ཆོས་རྣམས་དོན་སྙིང་དེ་མ་རེད། དོན་སྙིང་དེ་གང་རེད་ཅེ་ན། ང་ཚོས་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་མཐུན་པའི་རྐྱེན་ཡག་ཤོས་དམིགས་རྣམ་དུ་བྱེད་པ་དང་དེའི་ཆེད་དུ་མཎྜལ་འབུལ་གྱི་ཡོད། དག་པའི་ཞིང་ཁམས་སུ་ཚང་མས་དམ་པའི་ཆོས་ཉིན་མཚན་ཀུན་ཏུ་ཉམས་ལེན་བྱེད་ཐུབ་པའི་ཆེད་གནས་སྟངས་ཀུན་ཚང་ཡང་དག་ཡོང་བར་ཤོག །ང་ཚོ་དག་ཞིང་ལ་ཡང་ཡང་འཁོར་བ་དང་སྐྱིད་པོ་གཏོང་བ་ཙམ་མིན་པར། དེར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་ང་ཚོས་དུས་རྟག་ཏུ་ཉམས་ལེན་བྱེད་པ་དང་ཆོས་ཐོས་པ་སོགས་ཡོང་བར་ཤོག་ཅེས་པའི་དོན་རེད། 

དེ་ལྟར་ང་ཚོས་སྦྱིན་པ་ཉམས་ལེན་བྱེད་ཀྱིན་ཡོད་པ་དང་སེམས་ཅན་ཐམས་ཅད་ལ་འདི་འདྲ་ཡོང་བར་འདོད་ཀྱི་ཡོད། དེ་མིན་ང་ཚོ་ནི་སོར་གདུབ་དང་འབྲས་མཉམ་དུ་རྩེད་མོར་རོལ་མཁན་གྱི་ཕྲུ་གུ་ཞིག་དང་འདྲ་བས། དེ་ལ་གོ་རྒྱུ་གང་ཡང་མེད།

བླ་མའི་རྣལ་འབྱོར།

བླ་མའི་རྣལ་འབྱོར་གྱི་སྔོན་འགྲོའི་ཉམས་ལེན་འདི་ལ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ཡོད་ན། གཞི་ནས་གོ་རྒྱུ་ཞིག་ཡོད། དེ་མིན་ཆོས་དཔོན་རང་ཉིད་གང་ཟག་ཅིག་ཡིན་པའི་ཆ་ནས་གང་བཤད་པ་ལ་མཐའ་གཅིག་ཏུ་བཀའ་བརྩི་དང་ལེན་བྱེད་པ་དགོས་པ་ཞིག་ཡིན་པ་དང་དེ་ནི་གང་འཚམ་གྱི་ཁྱད་མཚར་པོ་ཡོད། དེ་ཡིན་ན་ཁ་ཕྱོགས་ཧ་ཅང་ངན་པ་ཞིག་ལ་འགྲོ་སྲིད་པ་རེད། ང་ཚོར་སྐུ་གསུང་ཐུགས་ཀྱི་སྒོ་ནས་སེམས་སྐུལ་དང་བྱིན་རླབས་ཐོབ་འདོད་ཡོད། དེ་ཡང་ནམ་རྒྱུན་སོ་སོའི་སྲོལ་རྒྱུན་གྱི་སྲོལ་གཏོད་པ་པོའམ་ཡང་ན་སྐྱེས་ཆེན་དམ་པ་ཞིག་ནས་བྱིན་རླབས་ཐོབ་འདོད་ཡོད། ང་ཚོས་ག་རེ་བྱེད་བཞིན་ཡོད་དམ། གང་ཟག་འདིས་ང་ཚོའི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་དེ་མཚོན་གྱི་ཡོད། ང་ཚོས་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་དེ་ཐོབ་འདོད་ཡོད་པ་དང་དེ་སོ་སོའི་བླ་མའམ་དགེ་བའི་བཤེས་གཉེན་ལ་ཡོད་པ་མཐོང་གི་ཡོད། “ཁྱེད་ཀྱིས་མཚོན་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་ཐུབ་པའི་ཆེད་བྱིན་རླབས་དང་སེམས་སྐུལ་གནང་དུ་གསོལ།” འདི་ནི་བླ་མའམ་ཡི་དམ། ཡང་ན་སངས་རྒྱས་བཅས་ལ་དམིགས་ཀྱི་ཡོད། འདི་ནི་བླ་མའི་རྣལ་འབྱོར་ཡིན་པ་ལས། བླ་མར་གསོལ་མཆོད་མིན། དེ་ནི་བླ་མའི་རྣལ་འབྱོར་གྱི་དོན་ངོ་མ་མིན། 

སྔོན་འགྲོའི་དགོས་དམིགས་རྟོགས་པ། 

གཞི་རྩའི་ཐུན་མིན་གྱི་སྔོན་འགྲོའི་ཉམས་ལེན་འདི་དག་ཐམས་ཅད་ཐུན་མོང་གི་སྔོན་འགྲོ་ལ་གཞི་བྱས་ཡོད་དེ། བློ་ལྡོག་རྣམ་བཞི་དང་། སྐྱབས་འགྲོ། ཕ་རོལ་ཏུ་ཕྱིན་པ། བྱང་ཆུབ་ཀྱི་སེམས་བཅས་དེ་དག་ལ་གཞི་བྱས་ཡོད། སྔོན་འགྲོ་ནི་ང་ཚོའི་དཀའ་ངལ་རྣམས་སེལ་བའི་རྫུ་འཕྲུལ་ཞིག་མིན། དེ་ནི་ང་ཚོས་བུན་འཇལ་བྱེད་པའམ། ཡང་ན་དེ་ལས་གང་མགྱོགས་ཐར་ཐབས་དང་བཅས་ང་ཚོས་འཚང་འགག་དེའི་ནང་འཛུལ་བཞུགས་བྱེད་པ་དང་གནད་དོན་ཡག་པོ་དེ་འཐོབ་ཐབས་ཤིག་མིན། དེ་ནི་ང་ཚོ་ཚང་མ་སྡིག་ཅན་ཡིན་པ་དང་འདི་ནི་ང་ཚོའི་ཉེས་ཆད་ཡིན་པས། སྡིག་པ་དག་ཕྱིར་ང་ཚོས་ངེས་པར་དུ་བྱེད་དགོས་པ་དང་། དེ་ལ་བརྟེན་ནས་སངས་རྒྱས་ཀྱིས་ང་ཚོར་དགོངས་ཡངས་གནང་གི་ཡོད་པའི་བསམ་བློ་ཞིག་གི་ཐོག་ནས་བྱེད་ཀྱི་མེད། དེ་ནི་མཐའ་གཅིག་ཏུ་ནང་པའི་ལམ་ལ་གོ་ནོར་ཐེབས་པ་ཞིག་རེད། 

སྔོན་འགྲོའི་དགོས་དམིགས་ཤེས་ཐབས་བྱེད་དགོས། དེ་ནི་དགེ་བའི་དབང་རྩའི་བགྲོད་ལམ་མང་དུ་སྐྲུན་རྒྱུ་དེ་ཡིན་པ་ལས། ཞ་ལའི་སྒང་ལ་མར་བབས་ནས་ཕྱག་འཚལ་བ་ཙམ་དེ་མིན། དོན་དག་དེ་མ་རེད། ང་ཚོས་བརྗོད་པའི་ལུས་ཀྱི་བྱ་བ་དང་ངག་གི་སྐད་ཆ་རྣམས་ནི་དགེ་བའི་སེམས་ཀྱི་གནས་བབས་ཤིག་གི་སྟེང་ལ་དམིགས་པ་གཏད་ནས་སྡོད་པ་ལ་རོགས་རམ་བྱེད་མཁན་དེ་རེད། 

དུས་ལ་མ་བབས་གོང་ནས་དབང་ཞུ་བ་དང་གསང་སྔགས་ཉམས་ལེན་བྱེད་པ།

དབང་གནང་བའི་སྐབས། མི་གཞན་ཚང་མ་འགྲོ་གི་ཡོད་པ་སོང་ཙང་། ངས་ཀྱང་རྗེས་སུ་འགྲོ་དགོས་ཞེས་ཚོར་བའམ་ཡང་ན་ང་ཚོ་མ་འགྲོ་ན་མི་གཞན་གྱི་ཡག་པོ་བསམ་གྱི་མ་རེད་ཅེས་དེ་ཙམ་རྒྱུ་མཚན་དུ་བྱས་ནས་དབང་ཞུ་བར་འགྲོ་རྒྱུ་མེད་པ་དེ་གལ་ཆེན་པོ་རེད། དེ་འདྲའི་སྒོ་ནས་དབང་ཞུ་རྒྱུ་མེད། ཐོག་མར་སྔོན་ཚུད་ནས་བླ་མའམ་དགེ་བའི་བཤེས་གཉེན་དང་གསང་སྔགས་ཀྱི་ཉམས་ལེན་བྱེ་བྲག་དེ་ལ་བརྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་ཆོས་ཀྱི་ནང་ཡང་ནས་ཡང་དུ་ནན་བརྗོད་བྱས་ཡོད། “ཉམས་ལེན་འདི་ངས་དངོས་གནས་བྱེད་འདོད་ཡོད་པ་ཞིག་རེད་འདུག་གམ་མི་འདུག །ངས་ཉམས་ལེན་འདི་ལ་གྲ་སྒྲིག་འདུག་གམ་མི་འདུག །བླ་མའམ་དགེ་བའི་བཤེས་གཉེན་འདི་ངས་ཡིད་ཆེས་བྱ་འོས་རེད་འདུག་གམ་མི་འདུག །བླ་མའམ་དགེ་བའི་བཤེས་གཉེན་འདི་ང་རང་དད་པ་ཡོད་ས་དེ་རེད་འདུག་གམ་མི་འདུག་” ཅེས་བརྟག་ཞིབ་བྱེད་དགོས།

བླ་མའམ་དགེ་བའི་བཤེས་གཉེན་གྱི་མཚན་སྙན་གྲགས་ཆེན་པོ་དང་ཡིད་དབང་འགུགས་ནུས་ཀྱི་ཁྱད་ཆོས་དང་ལྡན་པ་ཙམ་གྱི་རྗེས་སུ་འཇུག་རྒྱུ་མེད། ཧིཊ་ལར་ཡང་ཧ་ཅང་ཡིད་དབང་འགུགས་ནུས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡོད། ཡིན་ནའང་དེ་ནི་ང་ཚོས་མི་ཞིག་གི་གྲགས་པ་དང་ཡིད་བློ་འགུགས་ནུས་ཀྱི་ཁྱད་ཆོས་ཙམ་རྒྱུ་མཚན་དུ་བྱས་ནས་རྗེས་སུ་འཇུག་དགོས་པའི་དོན་མིན། མི་ཚང་མས་དགེ་བའི་བཤེས་གཉེན་ཚང་མར་འབྲེལ་ཐག་ཧ་ཅང་ཉེ་པོ་ཞིག་ཚོར་གྱི་མེད། ཐ་ན་དགེ་བའི་བཤེས་གཉེན་དེ་ཧ་ཅང་མཚན་སྙན་ཆེ་ནའང་དེ་འདྲ་ཡོང་གི་མེད། ང་ཚོ་ནི་མི་སྒེར་པ་རེད། ང་ཚོས་དགེ་བའི་བཤེས་གཉེན་གྱིས་སེམས་སྐུལ་དང་བྱིན་རླབས་བྱིན་པ་དེ་ཚོར་དགོས་ཤིང་། དགེ་བའི་བཤེས་གཉེན་དང་ལྷན་དུ་འབྲེལ་བ་དམ་ཟབ་ཅིག་དགོས་ཀྱི་ཡོད། དེ་མིན་ཕན་ཐོགས་ཡོང་གི་མ་རེད། མི་གཞན་དག་གིས་རྩ་ཆེན་བླ་མ་ངེས་ཅན་ཞིག་དབང་ཞིག་གནང་བ་དེ་དང་འབྲེལ་བ་ཡོད་པ་ཚོར་སྲིད་ནའང་། ང་ཚོས་དེ་ལྟར་ཚོར་མི་སྲིད་པ་ཞིག་ཀྱང་ཡིན། དེ་ནི་འགྲིག་གི་ཡོད། དབང་ཞིག་གནང་གི་འདུག་ཅེས་ང་ཚོས་དབང་ཞུ་བར་མི་འགྲོ་ཀ་མེད་རེད་ཅེས་ཚོར་རྒྱུ་མེད། 

ཆོས་ཀྱི་ནང་གང་གསུངས་ཡོད་ཅེ་ན། གལ་ཏེ་ང་ཚོ་གྲ་སྒྲིག་མེད་པ་དང་བྱང་ཆུབ་སེམས་ཀྱི་གནས་ཚད་གང་འཚམ་ཞིག་ལ་མ་སླེབས་པར་ད་དུང་དབང་ཞུས་ནས་གསང་སྔགས་ཉམས་ལེན་གྱི་ནང་ཞུགས་ན། བྱང་ཆུབ་ཀྱི་སེམས་ཟེར་དུས་འདིར་ང་ཚོ་ལ་རྟག་ཏུ་ཡོད་པའི་སྐབས། རྩོལ་མེད་ཀྱི་བྱང་ཆུབ་སེམས་ངེས་པར་དུ་ཡིན་མི་དགོས། འོན་ཀྱང་གཏིང་ཟབ་ཀྱི་རིམ་པའི་བྱང་ཆུབ་ཀྱི་སེམས་དགོས། དེས་སྐྱེ་བ་ཕྱི་མར་རང་ཉིད་ཡིད་དམ་གྱི་ལྷའི་གཟུགས་རྣམ་དང་གཅིག་པའི་འདྲེའི་ལུས་སུ་སྐྱེ་བར་བྱེད་ཀྱི་ཡོད། དེ་ཅིའི་ཕྱིར་ཞེ་ན། ང་ཚོས་གསོག་བཞིན་ཡོད་སྲིད་པའི་དགེ་བའི་ནུས་པ་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་བསྔོས་མེད་པས་རེད། འདི་ནི་འཁོར་བའི་དགེ་བའི་ནུས་པ་ཙམ་རེད། འཁོར་བའི་ལས་ཀྱི་ནུས་པ་དེས་འཁོར་བའི་སྐྱེ་བ་འགའ་ཞིག་ལེན་འཇུག་གི་རེད། ང་ཚོས་སོ་སོ་རང་ཉིད་ཡི་དམ་གྱི་ལྷ་དེའི་ངོ་བོར་ཡོད་པར་བསམ་བློ་འཁོར་བཞིན་ཡོད། བྱས་ཙང་། དེ་ནི་ཡི་དམ་གྱི་ལྷ་འདིའི་ཡི་དྭགས་ཀྱི་གཟུགས་སུ་སྐྱེ་བ་ལེན་པ་ཞིག་རེད། 

གལ་ཏེ་ང་ཚོས་དེའི་སྐོར་ལ་བསམ་བློ་བཏང་ན། དེ་ནི་གང་འཚམ་གྱི་ཞེད་སྣང་ཚ་པོ་ཡོད། དོན་དག་གཙོ་བོ་ནི་ང་ཚོ་གྲ་སྒྲིག་ཨང་བསར་ཡོད་པ་མ་ཚོར་གྱི་བར་དུ་གསང་སྔགས་ཉམས་ལེན་གྱི་ནང་འཇུག་རྒྱུ་མེད་པ་དེ་རེད། ང་ཚོ་དབང་དེ་དག་ཞུ་མི་ཆོག་ཟེར་བའི་དོན་མ་རེད། དབང་ཞུ་རྒྱུ་དེ་ནི་ཧ་ཅང་སེམས་སྐུལ་ཐེབས་འོས་པ་ཞིག་ཡིན་ཆོག །འོན་ཀྱང་སྲོལ་རྒྱུན་གྱི་དགེ་བའི་བཤེས་གཉེན་དང་བླ་ཆེན་དུ་མས་གཞུང་ལུགས་ཁག་གི་ནང་གསུངས་པ་ལྟར། གལ་ཏེ་ང་ཚོས་དབང་ཞུ་བར་ཕྱིན་པ་ཡིན་ན། སྡོམ་པ་མ་བླངས་བར་དུ་ང་ཚོར་དབང་དེ་ཐོབ་ཀྱི་མེད། སྡོམ་པ་ངེས་པར་དུ་བླང་དགོས། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་གསང་སྔགས་ཀྱི་རྒྱུད་སྡེ་ཚང་མའི་ནང་ཡོད། རྒྱུད་སྡེ་གོང་མ་གཉིས་ཀྱི་ནང་གསང་སྔགས་ཀྱི་སྡོམ་པ་དེའང་ཡོད། དེ་ག་ནང་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱང་ཆུབ་ལམ་གྱི་སྒྲོན་མེའི་ནང་ནན་ཏན་གྱིས་གསུངས་པ་ལྟར། ང་ཚོར་སོ་སོ་ཐར་པའི་གོ་འཕང་ཐོབ་ཕྱིར། བྱང་སེམས་སྡོམ་པ་དེ་ཐོབ་པ་དང་བསྲུང་ཐུབ་པའི་སྣོད་དང་ལྡན་པ་ཞིག་ཡོང་བར། མ་མཐར་ཡང་ང་ཚོར་རབ་བྱུང་གི་སྡོམ་པ་དང་ཁྱིམ་པའི་སྡོམ་པ་གང་ཡིན་རུང་གཞི་རྩ་ལྟ་བུའི་སོ་ཐར་གྱི་སྡོམ་པ་དགོས་ཀྱི་ཡོད། 

དབང་གི་སྐབས་སུ་དེར་ཡོད་པ་ཙམ་དང་དབང་གང་ཡིན་དང་ག་རེ་འབྱུང་བཞིན་ཡོད་སོགས་མི་ཤེས་པ་ཡིན་ན། ང་ཚོར་སྡོམ་པ་མེད། མི་རྣམས་ལ་སྡོམ་པ་ཡོད་ཅེས་བསམ་པ་ནི་གོ་བ་ལོག་སྒྲུབ་ཅིག་རེད། དཔེར་ན། “ང་རང་དེར་ཡོད། ཡིན་ནའང་དེར་ག་རེ་འབྱུང་བཞིན་ཡོད་ཤེས་མ་སོང་། དེར་གསུང་བསྒྱུར་བ་མིན་འདུག་ཟེར་བའམ། ཡང་ན་གསུང་བསྒྱུར་བས་གང་བཤད་པ་དེ་གོ་ཚོད་མ་སོང་། ད་ལྟ་ང་རང་ག་རེ་བྱེད་དགོས་མིན་མི་ཤེས་པ་འཁར་ནས་བསྡད་ཡོད།” ཅེས་བརྗོད་པ་ལྟ་བུའི་གནས་སྟངས་དེ་འདྲ་མ་རེད། ང་ཚོས་དྲན་ཤེས་ལྡན་པའི་སྒོ་ནས་སྡོམ་པ་མ་བླངས་བར་དུ་ང་ཚོར་དེ་དག་ཐོབ་མེད། བྱས་ཙང་། ང་ཚོ་དབང་ཞུ་ས་དེར་ཡོད་ཆོག །དེ་ཡང་ཇི་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོས་ “བར་མའི་ཟུར་ཉན་པ་” ཞེས་འགྲེལ་བརྗོད་གནང་བ་ལྟར་བྱེད་ཆོག །དེ་ནི་དངོས་གནས་འགྲིག་པ་རེད། ནུབ་ཕྱོགས་པ་ཚོས་དེ་ལ་ “བྱིན་རླབས་ཐོབ་ཕྱིར་འགྲོ་བ་” ཞེས་བརྗོད་ཀྱི་ཡོད། དེ་ནི་འགྲིག་པ་རེད། དེ་ལ་ནོར་འཁྲུལ་གང་ཡང་མེད། འོན་ཀྱང་ང་ཚོ་དབང་ཞུ་ས་དེར་བར་མའི་ཟུར་ཉན་པའི་ཚུལ་དུ་སེམས་སྐུལ་དང་བྱིན་རླབས་ཀྱི་ཆེད་དུ་ཕྱིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་ད་ངས་སྡོམ་པ་དང་དམ་བཅའ་རྣམས་བླངས་ཡོད་པ་དང་གསང་སྔགས་ཉམས་ལེན་བྱ་རྒྱུ་ཡིན་ཞེས་བསམ་མི་ཉན། 

སྡོམ་པ།

སྡོམ་པ་བླང་བར་མཚོན་ན། ངའི་དགེ་བའི་བཤེས་གཉེན་ཞིག་གིས། “སྡོམ་པའི་སྡེ་ཚན་མང་བ་མེད་པ་དེ་ཧ་ཅང་སྐལ་བ་བཟང་པོ་རེད། གང་ཡིན་ཞེ་ན། ང་ཚོས་དེ་དག་ཀྱང་བླང་ངེས་ཡིན་པ་དང་བསྲུང་ངེས་མ་རེད་” ཅེས་གསུངས་ཡོད། གལ་ཏེ་ང་ཚོས་སྡོམ་པ་བླངས་ན། དེ་ལ་དོ་གལ་ཧ་ཅང་ཆེན་པོའི་སྒོ་ནས་བསྲུང་ཐབས་བྱེད་དགོས་པ་དང་། སྡོམ་པ་རྣམས་ཉེས་ཆད་དང་དམ་བསྒྲགས་ལྟ་བུ་ལྟ་རྒྱུ་མེད། དེ་དག་དངོས་གནས་ཕན་ཐོགས་ཧ་ཅང་ཆེ་བའི་རྩ་འཛིན་ལམ་སྟོན་རྣམས་རེད། དེ་དག་ནི་ང་ཚོས་བརྒལ་ནས་འགྲོ་འདོད་མེད་པའི་མཚམས་དང་ཚད་རྣམས་རེད། དེ་དག་གིས་ང་ཚོའི་སྤྱོད་ལམ་ལ་བཟོ་ལྟ་ངེས་ཅན་བཟོ་གི་ཡོད། སྤྱོད་ལམ་གྱི་རིགས་དང་ཀུན་སློང་གང་འདྲ་ཞིག་གཞན་དོན་བསྒྲུབ་པར་གེགས་ཆེ་ཤོས་ཆགས་ངེས་ཡིན་པའི་རྩ་འཛིན་ལམ་སྟོན་འགའ་ཞིག་ཡོད་དགོས་རྒྱུ་ནི་ཧ་ཅང་ཕན་ཐོགས་ཅན་ཞིག་རེད། 

དཔེ་ཆ་བཞག་ན། བྱང་ཆུབ་སེམས་དཔའི་སྡོམ་པ་དང་པོ་ནི། འདོད་ཆགས་དང་ཕྲག་དོག་ལ་སོགས་པར་བརྟེན་ནས་རང་གིས་རང་ལ་བསྟོད་པ་དང་གཞན་ལ་སྨད་པའམ་མཐོང་ཆུང་བྱ་རྒྱུ་དེ་སྤོང་དགོས། གལ་ཏེ་ང་ཚོས་རྟག་ཏུ་ “ང་ནི་ཡག་ཤོས་ཡིན་པ་དང་གཞན་ཚང་མ་ཡག་པོ་མིན་” ཁུལ་ལྟ་བུ་བྱས་ན། དེ་ནས་མི་རྣམས་ཀྱིས་དངོས་གནས་ང་ཚོར་ཡིད་ཆེས་བྱེད་ཀྱི་མ་རེད། མི་རྣམས་ཀྱིས་ནོར་བ་ཞིག་བྱུང་འདུག་བསམ་པ་དང་། ཁོང་ཚོས་ཚོང་ལས་ཁྱབ་བསྒྲགས་ཀྱི་སྒོ་ནས་གཅིག་བཙོང་ཡོད་པའམ། ཡང་ན་ཆོས་དེས་དགེ་རྒན་ནང་བཞིན་ཚོང་ཁང་ནས་ཅ་དངོས་ཤིག་ཉོ་བའི་ཆེད་གཞན་དག་རང་གི་རྗེས་སུ་འཇུག་ཐབས་བྱེད་བཞིན་ཡོད་པ་ལྟ་བུ་ཚོར་གྱི་རེད། འདི་ནི་ཕན་ཐོགས་པོ་མི་འདུག །གལ་ཏེ་ང་ཚོས་མི་འགའ་ཞིག་ལ་ཚིག་ངན་སོགས་སྡུག་ཅག་ཤོད་བཞིན་ཡོད་ན། མི་རྣམས་ཀྱིས་ཁོང་ཚོ་མེད་པའི་སྐབས། རྗེས་མ་ང་ཚོས་ཁོང་ཚོའི་སྐོར་ལ་སྡུག་ཅག་ཤོད་ཀྱིན་རེད་ཅེས་བསམ་གྱི་རེད། དེས་ཡིད་ཆེས་མེད་པ་བཟོ་བ་དང་དེས་ཁོང་ཚོར་རོགས་བྱེད་པར་འགོག་རྐྱེན་བྱེད་ཀྱི་རེད། འདི་འདྲའི་སྒོ་ནས་ང་ཚོས་སྡོམ་པ་ཤེས་དགོས་ཀྱི་ཡོད། 

གསང་སྔགས་ཀྱི་སྡོམ་པ་རྣམས་བསྲུང་རྒྱུ་ལས་སླ་པོ་ཞིག་མེད། དཔེར་ན། སྟོང་པ་ཉིད་ཀྱི་ཡང་དག་པའི་ལྟ་བ་ལ་ཉིན་གཅིག་ཐེངས་མ་དྲུག་སྒོམ་རྒྱག་པ་ལྟ་བུ་རེད། གལ་ཏེ་ང་ཚོར་ཡང་དག་པའི་ལྟ་བའི་ཐད་ལ་བསམ་བློ་དང་ཤེས་རྟོགས་གང་འཚམ་མེད་ན། ང་ཚོས་དེ་ཇི་ལྟར་བྱེད་ཐུབ་བམ། དབང་ཞུ་བར་འགྲོ་བའི་སྐབས། བསམ་མནོ་ནན་པོ་གཏོང་དགོས་ཀྱི་ཡོད། ང་ཚོས་ཉམས་ལེན་དེ་བྱེད་འདོད་ཡོད་དང་མེད་ཀྱི་བརྟག་དཔྱད་དངོས་གནས་བྱས་ཡོད་དམ། དེ་ནི་ཉམས་ལེན་བྱེ་བྲག་པ་ཞིག་གི་ཆེད་དུ་དབང་ཞུ་བའི་དོན་དག་ཆ་ཚང་བ་དེ་རེད། ང་ཚོས་ཉམས་ལེན་དེ་བྱེད་འདོད་ཡོད་པ་རེད། དེ་མིན་ང་ཚོ་འདིར་ཅིའི་ཕྱིར་ཡོད་དམ། ང་ཚོ་འདིར་སེམས་སྐུལ་དང་བྱིན་རླབས་ཀྱི་ཆེད་དུ་སླེབས་ཡོད་དམ། དེས་འགྲིག་གི་རེད། ཡིན་ནའང་ཉམས་ལེན་དངོས་ལ་འཇུག་མ་ཐུབ་ན། དེས་འགྲིག་གི་མེད། ང་ཚོས་ཉམས་ལེན་ལ་ལམ་སེང་འཇུག་རྒྱུའི་འཆར་གཞི་སྒྲིག་གི་མེད་སྲིད། འོན་ཀྱང་བླ་མ་དེ་ཧ་ཅང་རྙིང་པ་ཡིན་པ་དང་དེ་ལ་ང་ཚོས་གུས་ཞབས་ཧ་ཅང་ཆེན་པོ་ཡོད་པ། དེ་བཞིན་ང་ཚོས་དངོས་སུ་ཉམས་ལེན་བྱ་རྒྱུ་གྲ་སྒྲིག་ཨང་བསར་མེད་ན། བླ་མ་དེ་མི་བཞུགས་པ་སྲིད། དེ་འདྲ་སོང་ཙང་། ད་ང་ཚོས་རྗེས་མ་བྱ་ཐུབ་པའི་ས་བོན་གྱི་ནུས་པ་ཞིག་འདེབས་ཀྱི་ཡོད། དེས་འགྲིག་པ་རེད། འོན་ཀྱང་དེའི་བར་དུ་ང་ཚོས་སྡོམ་པ་བསྲུང་རྩིས་ཡོད། 

སངས་རྒྱས་ཀྱི་སྐུ།

ང་ཚོས་དབང་འདི་དག་ཞུས་ནས་ག་རེ་བྱེད་ཀྱིན་ཡོད་ཤེས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ངས་གོང་དུ་ཞུས་པ་བཞིན་བྱང་ཆུབ་ཀྱི་སེམས་མེད་པར། སོ་སོ་རང་ཉིད་ཡི་དམ་གྱི་ལྷ་དེ་དག་གི་ངོ་བོར་དམིགས་རྣམ་བྱེད་པ་ནི་རང་ཉིད་ཡི་དམ་གྱི་ལྷ་དེ་དག་གི་ངོ་བོར་ཡི་དྭགས་ཀྱི་སྐྱེ་བ་ལེན་པའི་རྒྱུ་གསོག་གི་ཡོད། ཡིན་ནའང་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་ང་ཚོས་ཉམས་ལེན་གྱི་དགེ་བའི་ནུས་པ་དེ་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ནས་འབུལ་གྱི་ཡོད། སླར་ཡང་ང་ཚོ་ལས་ཀྱི་སྒང་ལ་སླེབ་ཀྱི་ཡོད། འཁོར་བའི་ལུས་རྟེན་དང་དེའི་སྐྱོན་གྱི་ཆ་རྣམས་དང་བཅས་འཁོར་བར་སྐྱེས་པའི་ཚབ་ལ་ང་ཚོས་ཡི་དམ་གྱི་ལྷ་ཞིག་གི་གཟུགས་སྐུའི་ཆ་ལུགས་འཛིན་འདོད་ཡོད། ཡི་དམ་ནི་སྒོམ་གྱི་ལྷ་ཞིག་ཡིན་པ་དང་དེ་ལ་སྐབས་རེར་ལྷ་ཞེས་ཀྱང་ཟེར་གྱི་ཡོད། དེ་ཅིའི་ཕྱིར་ཡིན་ནམ། དེའི་ཐད་ལ་གོ་བ་ལོག་སྒྲུབ་གང་འབྱུང་གི་ཡོད་དམ། དེ་ནི་གང་ལ་གང་འཚམ་གྱི་ཁྱད་མཚར་པོ་ཞིག་མི་འདུག་གམ། ང་ཚོ་ཕྱག་དང་། ཞལ། ཞབས་སོགས་དེ་དག་ཐམས་ཅད་དང་ལྡན་ཞིང་། ཕྱག་མཚན་སྣ་ཚོགས་པ་འཛིན་པའི་ཡི་དམ་གྱི་ལྷ་ཆགས་རྒྱུ་འདི་ནི་ང་ཚོས་གང་བྱེད་འདོད་ཡོད་པ་དེ་རེད་དམ། དེ་གང་རེད་དམ། 

སངས་རྒྱས་ཀྱི་གཟུགས་སྐུ་སྟེ། དེ་ལ་ཕྱོགས་གཞན་ཞིག་ནས་བཤད་ན། སངས་རྒྱས་ང་ཚོར་སྣང་བའི་གཟུགས་རྣམ་དེ་ནི་གཞན་དོན་བསྒྲུབ་པའི་ཕྱིར་དང་གཞན་གྱི་དམིགས་ཡུལ་རྣམས་འགྲུབ་པའི་དོན་དུ་རེད། ཆོས་ཀྱི་སྐུས་སངས་རྒྱས་ཁོང་ཉིད་ཀྱི་དམིགས་ཡུལ་རྣམས་བསྒྲུབ་ཀྱི་ཡོད། དེ་ནི་སྒྲིབ་པ་ཡོངས་སུ་རྫོགས་པ་འགོག་པའི་འགོག་བདེན་ཐོབ་པ་དང་། ཐམས་ཅད་མཁྱེན་པ་ཡིན་པ། སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་མཉམ་པ་སོགས་རེད། སངས་རྒྱས་ཀྱི་དམིགས་ཡུལ་ནི་གཞན་ཐམས་ཅད་ལ་ཕན་ཐོགས་བསྒྲུབ་ཐུབ་པའི་ཆེད་དུ་རེད། འོན་ཀྱང་ལུས་དང་ངག་ལ་བརྟེན་ནས་ང་ཚོས་དངོས་སུ་གཞན་ལ་ཕན་འདོགས་ཀྱི་ཡོད། ཡི་དམ་གྱི་ལྷ་དེ་དག་གི་སྐུ་རུ་དམིགས་རྣམ་བྱེད་པ་དང་སྐུའི་ཆ་ལུགས་འཛིན་པ་ནི་གཞན་ཐམས་ཅད་ལ་ཕན་པའི་ཐབས་ལམ་ཞིག་རེད། དེས་གཞན་ལ་ཕན་ཇི་ལྟར་ཐོགས་ཀྱི་ཡོད་དམ། ཡིད་དམ་ལྷའི་ཕྱག་དང་། ཞལ། ཞབས་ལ་སོགས་པ་ཐམས་ཅད་ཀྱིས་གཞི་རྩའི་ཆོས་ཀྱི་ནང་། མངོན་རྟོགས་དང་ནང་གི་རྟོགས་པ་མི་འདྲ་བ་ཞིག་མཚོན་གྱི་ཡོད། དཔེར་ན། ཕྱག་དྲུག་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་མཚོན་པ་དང་། ཞལ་གསུམ་གྱིས་སྐུ་གསུང་ཐུགས་གསུམ་མཚོན་པ་བཅས་ཚང་མར་མཚོན་དོན་རེར་ཡོད། ཡི་དམ་གྱི་ལྷ་དེ་དག་མཐོང་ཐུབ་པའི་མཚོན་བྱེད་དཔེ་རིས་རྣམས་རེད། དེ་དག་ནི་ཆོས་ཚུལ་སྣ་ཚོགས་པ་ཐམས་ཅད་མཉམ་སྡེབ་བྱེད་པ་དང་དེ་དང་དུས་མཉམ་དུ་དྲན་ཤེས་དང་ལྡན་པར་ཕན་པའི་གཟུགས་རྣམ་རེད། སངས་རྒྱས་ཤིག་ཡིན་པའི་ཆ་ནས་འདི་ནི་ང་ཚོས་གང་བྱེད་དགོས་པ་དེ་རེད། གཞན་གྱིས་ཉམས་ལེན་བྱེད་ཐུབ་པའི་ཆེད་ང་ཚོ་གཟུགས་སྣམ་སྣ་ཚོགས་པ་དེ་དག་གི་ནང་ཐབས་ཀྱི་ཚུལ་དུ་མངོན་གྱི་ཡོད། འདི་ནི་ཤེས་དགོས་རྒྱུ་གང་འཚམ་གྱི་གལ་ཆེན་པོ་རེད། 

དགེ་བའི་ནུས་པ་དེ་འཁོར་བའི་གནས་སྟངས་ཡག་པོ་ཞིག་གི་ནང་འབྲས་བུ་སྨིན་པ་ལས་ལྡོག་སྟེ། ང་ཚོས་ཉམས་ལེན་གྱི་ཆེད་དེ་ནི་ཆེས་ཕུལ་དུ་བྱུང་བའི་གནས་སྟངས་ཀྱི་ནང་སྨིན་པར་འདོད་ཀྱི་ཡོད། འདི་ནི་མཎྜལ་ལམ་དཀྱིལ་འཁོར་རེད། སླར་ཡང་མཎྜལ་བཟོ་བཀོད་རྒྱུ་རྩལ་གྱི་ཁྱད་ཆོས་ཚང་མས་ནང་པའི་ལམ་གྱི་རྣམ་པ་འགའ་ཞིག་མཚོན་པ་དང་། གཞན་རྣམས་ཀྱིས་གནད་དོན་དེ་དག་ཐམས་ཅད་ལ་དྲན་ཤེས་དང་ལྡན་པ་ཞིག་ཡོང་བར་ཕན་གྱི་ཡོད། 

འཁོར་བའི་གོམས་གཤིས་རྣམས་ངང་ངམ་ཤུགས་ཀྱིས་བསྐྱར་ཟློས་བྱ་རྒྱུའི་ཚབ་ལ་ང་ཚོར་གཞན་ལ་དངོས་གནས་ཕན་པ་དང་སེམས་སྐུལ་སྦྱིན་པའི་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་འདོད་ཀྱི་ཡོད། འཁོར་བའི་ནང་གི་དགེ་བའི་ནུས་པ་ལས་བྱུང་བའི་ང་ཚོའི་བདེ་བ་ཉི་ཚེ་བ་དེ་ལས་ལྡོག་སྟེ། ང་ཚོར་རྨོངས་པ་གང་དང་ཡང་འབྲེལ་བ་མེད་པ་དང་སྐྱོན་དང་བྲལ་བའི་སངས་རྒྱས་ཀྱི་བདེ་བའི་ཡེ་ཤེས་འདོད་ཀྱི་ཡོད། 

གལ་ཏེ་ང་ཚོས་གསང་སྔགས་ཉམས་ལེན་བྱེད་རྩིས་ཡོད་པ་དང་དབང་ཞུ་རྩིས་ཡོད་ན། གསང་སྔགས་ཟེར་བ་དེ་གང་ཡིན་པའི་སྐོར་ལ་གོ་རྟོགས་འགྲིག་ཚོད་ཅིག་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ། ང་ཚོས་གསང་སྔགས་དངོས་སུ་ཉམས་ལེན་བྱེད་པར། ཐོག་མར་གསང་སྔགས་ཀྱི་ཐབས་ལ་ཡིད་ཆེས་དགོས་ཀྱི་ཡོད། དེ་ནི་དགེ་བའི་བཤེས་གཉེན་གྱིས་གསང་སྔགས་ལ་བསྟོད་པ་ཙམ་མམ་ཡང་ན་གསང་སྔགས་ཀྱི་ལམ་དེ་ལས་སླ་པོ་དང་མྱུར་པོ་ཡོད་པའི་དཀྲོག་གཏམ་དང་། དེ་ག་ནང་བཞིན་ང་ཚོ་ལ་དུས་ཚོད་མང་པོ་མེད་ཙང་། ལམ་མྱུར་པོ་ཞིག་དགོས་ཀྱི་ཡོད་པ་སོགས་ལ་གཞི་བཅོལ་རྒྱུ་མེད། ང་ཚོས་གང་ལ་ཉམས་ལེན་བྱེད་ཀྱིན་ཡོད་པའི་ཐད་ལ་གཞི་རྩའི་གོ་རྟོགས་ཤིག་ངེས་པར་དུ་དགོས། 

འཕགས་པའི་ནོར་བདུན་གྱི་ཆོས། 

འདི་ལ་མཚོན་ན། ངས་འཕགས་པའི་ནོར་བདུན་གྱི་ཆོས་ཚུལ་འདི་རྟག་ཏུ་ཧ་ཅང་ཕན་ཐོགས་ཅན་ཡིན་པ་མཐོང་གི་འདུག །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཁོང་གི་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བའི་ནང་ནན་ཏན་ཐོག་གསུངས་ཡོད། 

༡༽ ཐོག་མར་དད་པ་ (confidence) དགོས། དེ་ལ་ཨིན་སྐད་ནང་སྐབས་རེར་ (faith) ཞེས་བསྒྱུར་ཡོད། འོན་ཀྱང་དེས་དོན་དག་ཏག་ཏག་ཅིག་སྟོན་གྱི་མེད། ཆོས་ལ་ཡིད་ཆེས་དགོས། གལ་ཏེ་ང་ཚོར་གསང་སྔགས་ཀྱི་ཐབས་ལམ་ཁག་དང་། དེ་དག་ཕན་ནུས་ལྡན་པ། སངས་རྒྱས་ཀྱི་གོ་འཕང་དངོས་གནས་ཐོབ་ཀྱི་ཡོད་པ་བཅས་ལ་ཡིད་ཆེས་མེད་ན། དེས་ཕན་ཐོགས་ཀྱི་མ་རེད། ང་ཚོས་གང་འཐོབ་ཀྱིན་ཡོད་པ་དང་། ཐོབ་རུང་ཡིན་པ། གང་དངོས་སུ་བྱེད་ཐུབ་པ་བཅས་ལ་ཡིད་ཆེས་དང་འདེང་སྤོབས་དགོས་ཀྱི་ཡོད། 

༢༽ གཉིས་པ་དེ་ནི་ཚུལ་ཁྲིམས་དགོས། སྡོམ་པ་མ་བླངས་པ་དང་སྡིག་པ་མི་དགེ་བའི་སྤྱོད་ལམ་སྤོང་རྒྱུ་དང་དགེ་བའི་སྤྱོད་ལ་འཇུག་རྒྱུའི་ཚུལ་ཁྲིམས་མེད་པ་དང་། སྒོམ་དངོས་སུ་རྒྱག་ནས་ཉམས་ལེན་ཚང་མ་བྱེད་པར་ཚུལ་ཁྲིམས་མེད་ན། གསང་སྔགས་མེད་པ་རེད། 

༣༽ དེའི་རྗེས་ལ་སྦྱིན་པ་ (གཏོང་བ་) དགོས། ང་ཚོས་ཉམས་ལེན་འདི་ལ་དུས་ཚོད་གཏོང་དགོས། དེར་མ་ཟད། ང་ཚོས་མི་ཚང་མར་རོགས་བྱེད་ཀྱིན་ཡོད་པའི་བསམ་བློ་གཏོང་བཞིན་ཡོད། དེས་ང་ཚོའི་དུས་ཚོད་ལ་གཏོང་ཕོད་ཅན་ཡིན་པ་སྟོན་གྱི་ཡོད། དེ་ངེས་པར་དུ་དགོས། ང་ཚོས་ལས་ཀ་བྲེལ་ཟིང་ཅན་ལ་རེ་སྒུག་བྱེད་མི་ཐུབ། དེས་དུས་ཚོད་དང་རྩོལ་བ་ཧ་ཅང་མང་པོ་འགྲོ་གི་རེད། 

༤༽ དེ་ནས་ཐོས་པ་དགོས། ང་ཚོར་གདམས་ངག་མ་ནོར་བ་དགོས་པ་དང་དེ་དག་གི་ཐོག་ལ་བསམ་བློ་གཏོང་དགོས། དེ་ལྟར་བྱུང་ན། ང་ཚོའི་གོ་རྟོགས་ལ་ཡིད་ཆེས་རྙེད་ཀྱི་རེད། ཐོས་པ་ཞེས་བྱ་བ་ནི་གཞི་རྩའི་ཆ་ནས་སློབ་སྦྱོང་བྱེད་པའི་དོན་རེད། དེ་ནི་དཔེ་ཀློག་བྱེད་པ་སོགས་གང་ཡིན་ནའང་འདྲ་སྟེ། ང་ཚོར་ཆོས་ཀྱི་གནས་ཚུལ་ཆ་ཚང་ཐོབ་ནས་དེ་དག་གི་ཐད་ལ་བསམ་བློ་གཏོང་དགོས་པ་དང་གོ་བ་རྙེད་དགོས་ཀྱི་ཡོད། དེའི་རྗེས་ཡིད་ཆེས་ལ་བརྟེན་ནས་ང་ཚོས་དེ་གསང་སྔགས་ཀྱི་ཐབས་ལམ་དང་མཉམ་སྡེབ་བྱེད་ཆོག 

༥༽ བཟང་སྤྱོད་ཀྱི་རང་མཐོང་སྟེ། ངོ་ཚ་ཤེས་པ་ཞིག་ཀྱང་དགོས་ཀྱི་ཡོད། ང་ཚོས་སྡོམ་པ་དང་མི་འགལ་བར་བྱེད་པ་དང་སངས་རྒྱས་ཀྱི་རིགས་ལ་གཞི་བྱས་ནས་རང་གིས་རང་ལ་གུས་ཞབས་འདང་ངེས་ཡོད་པ་དང་། ང་ཚོས་སྨྱོན་པ་ལྟ་བུའི་བྱ་སྤྱོད་སྤེལ་རྩིས་མེད། ཡང་ནས་ཡང་དུ་ནན་གྱིས་བརྗོད་པ་ལྟར། ང་ཚོས་ཉམས་ལེན་རྣམས་གསང་བར་ཉར་དགོས་ཤིང་། དེ་ལ་ནམ་རྒྱུན་ (secret) ཞེས་བསྒྱུར་ཡོད། འོན་ཀྱང་ཨིན་ཚིག་དེས་དོན་ཏག་ཏག་ཅིག་སྤྲོད་ཀྱི་མེད། དོན་ངོ་མར་ང་ཚོར་ཕན་ཐོགས་ཆེ་ཤོས་ཀྱི་ཚིག་དེའི་ཐུན་མིན་གྱི་གོ་དོན་ནི་ཁེ་གཙང་དུ་ཉམས་ལེན་བྱེད་པ་ཟེར་བ་དེ་རེད། ང་ཚོས་ཉམས་ལེན་གང་བྱེད་ཀྱིན་ཡོད་པ་དེ་མི་གཞན་དག་ལ་ཁྱབ་བསྒྲགས་གཏོང་གི་མེད། ང་ཚོས་ཡི་དམ་གྱི་ལྷ་འཇིགས་སུ་རུང་བའམ་ན་བཟའ་མེད་པའི་ཐང་ག་སོགས་སོ་སོའི་སྡོད་ཁང་གི་དཔྱང་གི་མེད། དེ་འདྲ་དཔྱངས་ན་མི་སུ་འདྲ་ཞིག་ནང་དུ་འཛུལ་མ་ཐག་དེ་དག་མཇལ་བ་དང་། སྐུ་ཐང་དེ་ཚོ་གང་ཡིན་ནམ་བསམ་པ་དང་དེ་དག་ལ་མཐོང་ཆུང་བྱེད་འགོ་བཙུག་པའམ། ཡང་ན་ང་ཚོས་ཧ་ཅང་ཁྱད་མཚར་ཞིག་བྱེད་ཀྱིན་འདུག་ཅེས་བསམ་གྱི་ཡོད། མི་གཞན་གྱིས་ང་ཚོས་གང་བྱེད་བཞིན་པ་ལ་སྐྱོན་བརྗོད་དང་མཐོང་ཆུང་བྱེད་པ་དེ་ལས་སེམས་ཤུགས་གཅོག་ཆེ་བ་ཞིག་མེད། དེ་ནི་རང་སྒེར་སོ་སོའི་ཁེ་གཙང་དུ་ཉར་དགོས། ང་ཚོས་སོ་སོའི་ཉམས་ལེན་གང་བྱེད་ཀྱིན་ཡོད་པ་དེ་སུ་ལའང་བྱུས་གཏོགས་མེད། དེ་དོ་གལ་ཆེན་པོར་བརྩི་དགོས། 

དབང་གི་ཆ་ཤས་ཤིག་ཡོད་པ་དེས་ང་ཚོས་ཉམས་ལེན་སྦས་ནས་འཇོག་དགོས་པ་དང་ཁེ་གཙང་དུ་བྱེད་དགོས་ཤིང་། གལ་ཏེ་སྦས་གསང་དང་ཁེ་གཙང་དུ་ཉམས་ལེན་མ་བྱས་ན། གནས་སྟངས་འཇིགས་སུ་རུང་བ་ཚང་མ་འབྱུང་གི་ཡོད་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད། ང་ཚོས་གནད་དོན་དེ་དག་ནི་གང་འཚམ་གྱི་སྒྲ་ཇི་བཞིན་དུ་ “ང་ཚོའི་མགོ་བོ་གས་པ་” ལྟ་བུར་བརྩི་སྲིད་པའམ། ཡང་ན་དེས་ཉམས་ལེན་སྐབས་སུ་ང་ཚོའི་ཡིད་ཆེས་དང་ནུས་པ་ཡོངས་སུ་རྫོགས་པ་གཏོར་གཤིག་གཏོང་གི་ཡོད་པར་རྟོགས་ཆོག །གལ་ཏེ་ང་ཚོས་ཐབས་ལམ་དེ་བྱེད་ཀྱིན་ཡོད་པ་དང་གཞན་ཚང་མས་དེ་ལ་མཐོང་ཆུང་དང་བཅས་ཆོབ་འདྲ་པོ་བཟོས་ནས་སྐྱོན་བརྗོད་བྱས་ན། ང་ཚོར་དེ་དགོས་ཀྱི་མེད། ང་ཚོའི་ཉམས་ལེན་ནི་ང་ཚོས་གང་བྱེད་བཞིན་པ་དེ་ཧ་ཅང་དམིགས་བསལ་དང་རྩ་ཆེན་ཞིག་ཏུ་གཅེས་འཛིན་བྱེད་འདོད་ཡོད་པ་དེ་རེད། དེ་ནི་དཔེར་ན། ཊི་གཟུགས་སྟོད་ཐུང་ (t-shirt) གི་སྒང་ལ་དུས་འཁོར་བྲིས་པ་ནང་བཞིན་ཁྱབ་བསྒྲགས་གཏོང་རྒྱུ་མེད། 

༦༽ འཕགས་ནོར་གཞན་ཞིག་ནི་ང་ཚོའི་ལས་ཀ་བྱེད་ཕྱོགས་དེས་གཞན་ལ་ཕན་གནོད་ཇི་ལྟར་འགྲོ་གི་ཡོད་པ་དེ་རེད། དམིགས་བསལ་རང་གི་དགེ་བའི་བཤེས་གཉེན་དང་བརྒྱུད་པ་ལ་ཕན་གནོད་ཇི་ལྟར་འགྲོ་གི་ཡོད་པ་དེ་རེད། དེ་ནི་ཁྲེལ་ཡོད་པ་དེ་རེད། དཔེར་ན། ང་ཚོས་གསང་སྔགས་ཉམས་ལེན་བྱེད་ཀྱིན་ཡོད། དེ་ནས་ང་ཚོ་ར་བཟི་ནས་རྒྱག་རེས་རྒྱག་པ་དང་། དེ་ལ་བརྟེན་ནས་གནས་ཚུལ་སྡུག་རིགས་ངན་ཚད་ཡོང་གི་ཡོད། དེ་འདྲ་བྱས་ན་མི་འགྲིགས། གལ་ཏེ་ང་ཚོས་སོ་སོའི་ཕ་མ་དང་མཉམ་དུ་མཐུན་གྱི་མེད་པ་དང་དེ་དག་ལ་གཅེས་སྐྱོང་བྱེད་ཀྱི་མེད་ན། དེ་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་རེད། དེས་ནང་ཆོས་དང་རང་གི་དགེ་བའི་བཤེས་གཉེན་རྣམས་ལ་ཤུགས་རྐྱེན་ངན་པ་ཞིག་སྦྱིན་གྱི་ཡོད། 

སྐབས་རེར་ངས་ངའི་སློབ་ཕྲུག་ཚོར་ཁྱེད་ཚོ་ཕྱི་རུ་ཕྱིན་ནས་རྐུ་མ་ག་རེ་བྱས་ནས་རྒྱག་གི་མེད་དམ་ཞེས་འདྲི་གི་ཡོད། རྐུ་མ་མི་རྒྱག་པ་དེ་ཁོང་ཚོ་དམྱལ་བར་འགྲོ་རྒྱུ་ཞེད་སྣང་ཡོད་པའི་རྒྱུ་མཚན་གྱིས་རེད་དམ། སུས་ཀྱང་དེ་འདྲ་བསམ་བློ་གཏོང་གི་མེད། ནམ་རྒྱུན་འཆར་ཅན་ལ་དེ་ནི་འགྲིག་གི་མེད་པ་དང་ཡག་པོ་ཞིག་མིན་པ་ཙམ་ཚོར་གྱི་ཡོད། ཁོང་ཚོས་དེ་འདྲ་ཞིག་བྱེད་ངེས་མ་རེད། གང་ཡིན་ཞེ་ན། ང་རང་ཚོ་སོ་སོ་རང་ཉིད་ལ་འདང་ངེས་ཀྱི་གུས་ཞབས་ཡོད་པས་རེད། དེ་ནི་ཁྲེལ་ཡོད་པ་ཞེས་པའི་འཕགས་པའི་ནོར་འདིའི་སྐོར་བཤད་པའི་ཆ་རྐྱེན་དེ་རེད། ང་ཚོར་རང་གིས་རང་ལ་གུས་ཞབས་འདང་ངེས་ཡོད་པས། བྱ་སྤྱོད་དེ་འདྲ་སྤེལ་ངེས་མ་རེད། དེ་བཞིན་ང་ཚོས་བྱ་སྤྱོད་དེས་སོ་སོའི་དགེ་བའི་བཤེས་གཉེན་དང་བརྒྱུད་པ་ལ་ཇི་ལྟར་ཕན་གནོད་འགྲོ་གི་ཡོད་པའི་ཐད་བསམ་བློ་གཏོང་གི་ཡོད། 

༧༽ འཕགས་པའི་ནོར་མཐའ་མ་དེ་ནི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་དེ་དགོས། དེ་ཡང་ཉམས་ལེན་བྱེད་མཁན་དང་། ཉམས་ལེན་གང་བྱེད་ཀྱིན་ཡོད་པ། ཉམས་ལེན་དེ་གང་རེད་བཅས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་རེད། དེ་དག་གསུམ་ཀ་ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱི་འབྱུང་གི་ཡོད། དེ་ནི་ང་ཚོ་སའི་སྟེང་ལ་ཡོད་པའི་ཡ་ང་བའི་སྲིན་འབུ་ལྟ་བུ་དང་དགེ་བའི་བཤེས་གཉེན་ནི་གོང་ལ་བཞུགས་པའི་ཧ་ཅང་ཡིད་དུ་འོང་བ། ཉམས་ལེན་རྣམས་ཧ་ཅང་རྩ་ཆེན་དང་དམིགས་བསལ་ཅན་ཡིན་པ་དེ་འདྲ་མ་རེད། གནད་དོན་གཙོ་བོ་ནི་ཉམས་ལེན་གྱི་ཐད་ལ་རང་གིས་རང་ལ་དྲན་ཤེས་མེད་པའི་སྒོ་ནས་ཉམས་ལེན་བྱེད་དགོས། ང་ཚོ་ནི་རྣལ་འབྱོར་བ་ཆེན་པོ་ཞིག་དེ་འདྲ་མ་རེད་ལ། ང་ཚོ་ནི་ཧ་ཅང་སྡུག་ཅག་དང་ཉམས་ལེན་པ་ཞེད་སྣང་ཚ་པོ་དེ་འདྲའང་མ་རེད། དེ་ལ་གཉིས་སྣང་སྐྲུན་རྒྱུ་མེད། ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་ལ་གཞི་བྱས་ནས་ཕན་ཚུན་རྟེན་ཅིང་འབྲེལ་བའི་སྒོ་ནས་འབྱུང་གི་ཡོད་པའི་གོ་རྟོགས་ལ་བརྟེན་ནས་ཉམས་ལེན་བྱེད་དགོས། དེ་ནི་ང་ཚོའི་གཞི་རྩའི་ལས་དང་འབྲེལ་བའི་ཆོས་ལ་བསམ་བློ་གཏོང་དགོས། ཆོས་ཐམས་ཅད་རྒྱུ་འབྲས་དང་རྟེན་འབྲེལ་གཞིར་བཞག་ཐོག་འབྱུང་གི་ཡོད། 

དམིགས་རྣམ་དང་ཆོ་ག་རྒྱས་པའི་ཐད་ནན་བརྗོད་ཆེ་དྲགས་པའི་ནོར་འཁྲུལ། 

ངས་ཞུ་འདོད་ཡོད་པའི་བརྗོད་གཞི་མཐའ་མ་དེ་ནི། གསང་སྔགས་ཉམས་ལེན་གྱི་ཆ་ཤས་གལ་ཆེ་ཤོས་དེ་ཆོ་ག་ཕྱག་ལེན་དང་ཡི་དམ་གྱི་ལྷ་རྣམས་ཡང་དག་པའི་སྒོ་ནས་རྒྱས་པར་དམིགས་རྣམ་བསྟེན་ཕྱོགས་དེ་རེད་ཅེས་བསམ་པ་དེ་རེད། འདི་ནི་ནོར་འཁྲུལ་ཞིག་ཡིན་ཆོག །དམིགས་བསལ་ཐོག་མར་འགོ་འཛུགས་བྱེད་པའི་སྐབས། དཔེར་ན། ང་ཚོས་ཡི་དམ་གྱི་ལྷས་མནབས་པའི་རྒྱན་ཆ་ཆ་ཚང་དང་དེའི་ཇི་ལྟར་སྣང་བའི་ཚུལ་གྱི་ཞིབ་ཅིང་ཕྲ་བའི་གནད་དོན་ཆུང་ཙག་རིགས་ལ་བསམ་བློ་གཏོང་གི་ཡོད། ང་ཚོས་ཐོག་མར་དེ་དག་ཐམས་ཅད་དམིགས་རྣམ་དུ་བྱེད་མི་ཐུབ། ཐོག་མའི་ཉམས་ལེན་སྐབས་སུ་དེ་དག་ཞིབ་ཅིང་ཕྲ་བ་ཤེས་རྒྱུ་དེ་མི་སྲིད་པ་འདྲ་པོ་རེད། དེ་དག་གི་ཞིབ་ཕྲ་ཡོངས་སུ་རྫོགས་པ་མ་ནོར་བར་ཐོབ་ཐབས་བྱེད་པའི་འབྲས་བུར། ང་ཚོར་ལམ་ལྷོང་མ་བྱུང་ན་རྦད་དེ་སེམས་ཤུགས་ཆག་གི་ཡོད། དེས་ཕན་ཐོགས་རྩ་ནས་མི་ཡོང་། ཕྱོགས་གཞན་ཞིག་ནས་བཤད་ན། གལ་ཏེ་ང་ཚོས་རང་གི་སེམས་ནང་གང་ཡང་མེད་པར་ཆོ་ག་ཞིག་བྱེད་ཀྱིན་ཡོད་ན། དེ་ནི་ཕྲུ་གུས་སྨན་པའི་རྩེད་མོ་རྩེ་བའམ་ཁང་པ་དང་མཉམ་དུ་རྩེད་མོ་རྩེ་བ་ནང་བཞིན་རེད། རྩེད་མོ་རྩེ་བ་ཙམ་ལས་དེ་ལས་འབྲས་བུའང་གང་ཡང་མི་འབྱུང་བ་ཡིན།

ང་ཚོར་གང་བྱེད་བཞིན་ཡོད་པའི་ཐད་ལ་སྤྱིར་བཏང་གི་བསམ་བློ་ཞིག་ཡོད་དགོས་པ་དང་། ཞིབ་ཕྲའི་གནད་དོན་ཐད་ལ་སྤྱིར་བཏང་གི་བསམ་བློ་ཞིག་དགོས་ནའང་། ཞིབ་ཕྲ་དེ་དག་ལ་ཧ་ཅང་ཆགས་ཞེན་བྱ་རྒྱུ་མེད། དེ་དག་ནི་གནད་དོན་གལ་ཆེ་ཤོས་མ་རེད། གདན་འགགས་ཆེ་ཤོས་ནི། སོ་སོས་གང་བྱེད་ཀྱིན་ཡོད་པའི་གོ་རྟོགས་དེ་རེད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་། ང་ཚོས་འཆི་བ་དང་། བར་དོ། སླར་ཡང་སྐྱེ་བའི་རྒྱུད་རིམ་དེ་འགྱུར་བ་གཏོང་འདོད་ཡོད། སྐྱེ་འཆི་བར་དོ་གསུམ་ཇི་ལྟར་འབྱུང་གི་ཡོད་པ་ཤེས་དགོས་པ་དང་། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་དེའི་ཚབ་ལ་དེ་དང་མཐུན་པའི་ང་ཚོ་སངས་རྒྱས་དངོས་ཀྱི་གཟུགས་སུ་བཞེངས་དགོས། དེ་ནི་ཉམས་ལེན་གྱི་ཆ་ཤས་གནད་འགགས་ཅན་དེ་རེད། 

དམིགས་རྣམ་གང་འདྲ་ཞིག་ཡིན་ནའང་ཆ་རྐྱེན་གཉིས་ཡོད། དམིགས་རྣམ་བྱེད་པ་ནི་བསམ་བློ་གཏོང་བའི་དོན་རེད། དེ་ནི་མིག་ཤེས་ཀྱི་མཐོང་བྱ་ཙམ་དེ་རེད་བསམ་མི་རུང་། ཨིན་སྐད་ནས་ (visualization) ཟེར་དུས་གོ་ནོར་ཐེབ་ཉེན་ཡོད།  གང་ཡིན་ཞེ་ན། ང་ཚོས་སོ་སོའི་དབང་པོ་ཚང་མ་བེད་སྤྱོད་བྱས་ནས་བསམ་བློ་གཏོང་གིན་ཡོད། བློ་ལ་འཆར་བ་དེ་ནི་ང་ཚོར་ཡོད་པའི་ནུས་པ་ཤུགས་ཆེན་ཞིག་ཡིན་པ་དང་གསང་སྔགས་ཀྱི་ནང་དེ་བཀོལ་སྤྱོད་བྱེད་ཀྱི་ཡོད། སྒོམ་གྱི་ལག་དེབ་དང་གདམས་ངག་མང་པོའི་ནང་། དམིགས་རྣམ་ལམ་ལྷོང་ལྡན་པ་ཞིག་ཡོང་བར་ཆ་རྐྱེན་གཉིས་དགོས་ཞེས་གསུངས་ཡོད། ཆ་རྐྱེན་དང་པོ་དེ་ནི་གསལ་བའི་ཆ་དེ་རེད། གསལ་ཆ་ནི་ང་ཚོའི་བསམ་བློའི་ནང་དངོས་སུ་སྣང་བའི་དོན་རེད། ཡིན་ནའང་དེ་ཡིན་གཅིག་མིན་གཅིག་དོ་སྣང་གི་ནང་གསལ་པོ་དགོས་པའི་ངེས་པ་མེད། ཆ་རྐྱེན་གཉིས་པ་ནི་ཡི་དམ་ལྷའི་ང་རྒྱལ་དེ་རེད། ལྷའི་ང་རྒྱལ་ཟེར་བའི་དོན་ནི་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ཡང་དག་པའི་རྟོགས་པ་ལ་བརྟེན་ནས་ང་ཚོས་དམིགས་རྣམ་བསྟེན་ཚུལ་འདི་ང་ཞེས་བྱ་བའི་གདག་གཞི་དེའི་གཞི་རྟེན་དུ་ཁས་ལེན་བྱེད་ཀྱི་ཡོད། སོ་སོ་རང་ཉིད་ཡི་དམ་གྱི་ལྷ་རུ་དམིགས་རྣམ་བྱེད་ཚུལ་འདིས་ང་ཚོར་ད་ལྟ་ཐོབ་མེད་པའི་སངས་རྒྱས་ཀྱི་གོ་འཕང་དེ་མཚོན་གྱི་ཡོད། འོན་ཀྱང་ང་ཚོའི་སེམས་རྒྱུད་ཀྱི་ཆ་ཤས་སུ་ཡིན་པའི་སངས་རྒྱས་ཀྱི་རིགས་ལ་གཞི་བྱས་ནས་འཐོབ་ཐུབ། ཇི་ལྟར་ང་ཞེ་བྱ་བ་དེ་གཟུགས་ཕལ་པའི་གདག་གཞི་ཞིག་ཡིན་པ་ནང་བཞིན་ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་སྐབས། ང་ཞེས་བྱ་བ་དེ་སེམས་རྒྱུད་ཀྱི་མཐའ་རུ་ཡོད་པའི་གདག་གཞི་ཚད་ལྡན་ཞིག་ཡིན། གདག་གཞི་དེ་ལ་གཞི་བྱས་ནས་ཡི་དམ་ལྷའི་ང་རྒྱལ་ནི་ང་ཚོ་ཡི་དམ་གྱི་ལྷ་འདི་ཡིན་ཞེས་པའི་ཚོར་བ་དེ་ཡིན། ཡིན་ནའང་སྟོང་པ་ཉིད་ཀྱི་གོ་རྟོགས་དང་ཡི་དམ་གྱི་ལྷ་ལ་བརྟེན་ནས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་མེད་པའི་སྒོ་ནས་ལྷ་དེ་ཡིན་པའི་ཚོར་བ་དེ་རེད། དོན་ངོ་མར་ཡི་དམ་གྱི་ལྷ་རུ་གྱུར་བ་ནི་རྒྱུ་དང་རྐྱེན་སྣ་ཚོགས་པ་ཁོ་ནར་བརྟེན་ནས་འབྱུང་གི་ཡོད། 

ལྷའི་ང་རྒྱལ་ལ་དང་། སྟོང་ཉིད་ལ་ཡང་དག་པའི་རྟོགས་པ། རྟེན་འབྲེལ་བཅས་ལ་མཚོན་ན། ང་ཚོས་འདི་ནི་ “ང་” རེད་ཅེས་ཚོར་གྱི་ཡོད། ཚོར་བ་འདི་སྨྱོན་པ་ལྟ་བུ་ཞིག་མིན། གང་ཡིན་ཞེ་ན། ཡི་དམ་ལྷའི་ངོ་བོར་སངས་རྒྱས་ཤིག་ཡིན་པའི་ཆ་ནས་ད་ལྟ་ཉིད་དུ་ཇི་བཞིན་དུ་འབྱུང་གི་མེད་པ་ང་ཚོས་ཤེས་ཀྱི་ཡོད། ཡི་དམ་ལྷའི་ཞིབ་ཕྲ་ཡོངས་སུ་རྫོགས་པའི་གསལ་ཆ་ལ་མཚོན་ན། གཞུང་གི་ནང་ལྷའི་ང་རྒྱལ་ནི་གལ་ཆེ་ཤོས་དེ་ཡིན་ཞེས་གསུང་གི་ཡོད། དམིགས་རྣམ་དེ་གང་འཚམ་གྱི་གསལ་ཆ་མེད་པ་ཡིན་ཆོག་ནའང་། གལ་ཆེ་བའི་གནད་དོན་དེ་ནི། “ང་རང་འདི་ཡིན་པ་” དང་འདི་ནི་ང་ཚོས་འཐོབ་ཐུབ་པ་ཞིག་རེད་ཅེས་ཚོར་རྒྱུ་དེ་རེད། ང་ཚོའི་རྩེ་གཅིག་པའི་ཏིང་ངེ་འཛིན་གོང་དུ་འཕེལ་བ་དང་བསྟུན་ནས་དམིགས་རྣམ་གྱི་ཞིབ་ཕྲར་དོ་སྣང་ཇེ་མང་ཡོང་གི་རེད། ཞིབ་ཕྲ་རྣམས་ཤེས་དགོས། འོན་ཀྱང་དེ་དག་འཐོབ་པར་ཧ་ཅང་ཞེན་ཆགས་བྱ་མི་ཉན། དཔེར་ན། རྒྱན་ཆ་ཆ་ཚང་གཡས་སུ་མནབས་པ་དང་ཕྱག་ཏུ་མནབས་པའི་ཕྱག་མཚན་ཚང་མ་དྲན་པ་ལྟ་བུ་རེད། དེས་ཁྱེད་རང་སུན་པོ་བཟོ་གི་རེད། 

འཆི་ཁའི་ཞལ་གདམས། 

ང་ཚོས་འཆི་བ་སླེབས་པའི་སྐབས། ཉམས་ལེན་གང་བྱེད་དགོས་པ་དང་འབྲེལ་བའི་འཆི་བའི་སྐོར་ལ་བསམ་བློ་གཏོང་རྒྱུ་དེ་ནི་ཧ་ཅང་དོ་སྣང་བྱ་འོས་པ་ཞིག་རེད། འཆི་བའི་སྐབས་གང་འབྱུང་རྒྱུ་ཡིན་པ་དེ་ང་ཚོས་གསང་སྔགས་ཀྱི་ནང་ཟོག་རྫུ་བྱེད་ཀྱིན་ཡོད། ང་ཚོ་སེམས་ཀྱི་འོད་གསལ་གྱི་གནས་བབས་དེ་རྒྱུན་སྲིང་བའི་སྒོ་ནས་སྟོང་ཉིད་ཀྱི་དོན་ཆ་ཚང་རྟོགས་པ་དང་ཡི་དམ་ལྷའི་ངོ་བོར་བཞེངས་ནས་འཆི་ཐུབ་པ་ཞིག་ཡོང་བར་འདོད་ཀྱི་ཡོད། དེ་ནི་ཧ་ཅང་ཡག་པོ་ཞིག་རེད། ཡིན་ནའང་༧གོང་ས་མཆོག་གིས། ང་ཚོས་དེ་འདྲ་ཞིག་བྱེད་ཐུབ་པའི་སྦྱོང་བརྡར་ཕུལ་དུ་བྱུང་བ་ཞིག་བྱས་མེད་ན། འཆི་བའི་སྐབས། དེས་ང་ཚོར་སུན་གཙེར་བཟོ་བ་ཙམ་དང་། གལ་ཏེ་ང་ཚོས་དམིགས་རྣམ་བྱེད་ཐབས་བྱས་ནའང་། ཞིབ་ཕྲའི་གནད་དོན་ཆ་ཚང་བ་དང་ལག་པ་གཡས་གཡོན་དུ་ང་ཚོས་གང་ཞིག་འཛིན་དགོས་མིན་དྲན་མི་ཐུབ་པ་ཡིན། དེ་ལྟ་བུ་ནན་བརྗོད་བྱས་པ་དེ་ལ་བརྟེན་ནས་སེམས་ཞི་ཞིང་འཇམ་ལ་གསལ་བའི་སྒོ་ནས་འཆི་རྒྱུའི་གོ་སྐབས་དེ་ཆ་ཚང་རྩ་མེད་དུ་གཏོང་གི་རེད། གང་ཡིན་ཞེ་ན། ང་ཚོས་སོ་སོའི་དམིགས་རྣམ་གྱི་ནང་ལག་པར་གང་འཛིན་དགོས་པའི་ཞིབ་ཕྲ་ལ་སེམས་འཁྲལ་བྱེད་ཀྱི་ཡོད། ༧གོང་ས་མཆོག་གིས་ང་ཚོར་བཀའ་སློབ་གནང་བ་ལྟར་བྱས་ན། ང་ཚོ་འཆི་བའི་སྐབས་དེར་བྱང་ཆུབ་སེམས་དང་། བྱམས་པ། སྙིང་རྗེ་བཅས་ལ་བརྟེན་ནས་དམིགས་པ་གཏད་རྒྱུ་དེ་ཡག་ག་ཡོད་ཅེས་གསུངས། “ང་ལ་དལ་འབྱོར་གྱི་མི་ལུས་རིན་ཆེན་འདི་མུ་མཐུད་ནས་ཐོབ་པར་ཤོག །དེ་ལ་བརྟེན་ནས་ངས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་དང་གཞན་དོན་བསྒྲུབ་པའི་ཆེད་མུ་མཐུད་ནས་འབད་བརྩོན་བྱེད་ཐུབ་” ཅེས་སྨོན་ལམ་འདེབས་པ་ལྟ་བུ་རེད། དེར་མ་ཟད། ང་ཚོ་གསང་སྔགས་ཀྱི་ཉམས་ལེན་ལ་ཧ་ཅང་ཚད་མཐོའི་སྦྱོང་བརྡར་ཐོབ་ཡོད་ན་མ་གཏོགས་གཞན་ང་ཚོའི་བླ་མ་དམ་པ་རྣམས་ལ་བསམ་བློ་བཏང་ནས་ཁོང་རྣམ་པ་ལྟར་འཆི་དགོས། གལ་ཏེ་ང་ཚོ་གསང་སྔགས་ཀྱི་ཉམས་ལེན་ལ་བྱང་ཆ་ཆེ་ཞིང་། སྦྱོར་བརྡར་མཐར་ཕྱིན་ཡོད་ན། དེ་ནས་འགྲིག་པ་རེད། ཡིན་ནའང་ང་ཚོ་མང་ཆེ་བ་ནི་དེ་འདྲ་མ་རེད།

འདི་ནི་བསླབ་བྱ་ཧ་ཅང་ཕན་ཐོགས་ཅན་ཞིག་ཡིན་པ་དང་། གསང་སྔགས་ཀྱི་ནང་གལ་ཆེ་ཤོས་དེ་ནི་ཞིབ་ཕྲའི་གནད་དོན་ཆ་ཚང་ཡང་དག་པར་འཐོབ་རྒྱུ་དེ་ཡིན་པའི་བསམ་དེ་ལྟར་བློ་མི་གཏོང་བའི་བསླབ་བྱའི་ནང་ཏག་ཏག་རན་འཚམས་ཆགས་ཀྱི་ཡོད། 

ལམ་གཙོ་རྣམ་གསུམ།

ངེས་འབྱུང་།

གསང་སྔགས་ཉམས་ལེན་གྲུབ་འགྲས་ལྡན་པ་ཞིག་ཡོང་བར། རྗེ་ཙོང་ཁ་པས་ང་ཚོར་ལམ་གྱི་གཙོ་བོ་རྣམ་གསུམ་སྟེ། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་སྟོང་ཉིད་ཀྱི་ལྟ་བ་བཅས་དགོས་ཞེས་ནན་གྱིས་གསུངས་ཡོད། ང་ཚོར་ངེས་འབྱུང་ཅིའི་ཕྱིར་དགོས་སམ། ངེས་འབྱུང་ཟེར་བ་ནི་ཐར་འདོད་དང་འབྲལ་འདོད་ཀྱི་ཆོད་སེམས་དེ་རེད། བོད་སྐད་ནང་ཚིག་དེའི་སྒྲ་དོན་ལྟར་བྱས་ན། ང་ཚོ་གཅིག་བྱེད་འདོད་ཀྱི་ཆོད་སེམས་དང་དམ་བཅའ་ཧ་ཅང་བརྟན་པོ་ཡོད་པ་སྟོན་གྱི་ཡོད། ང་ཚོ་དེའི་ཐད་ལ་ངེས་བརྟན་ཆགས་ཀྱི་ཡོད། ང་ཚོ་ག་རེ་ལས་ཐར་བ་དང་འབྲལ་བར་ཆོད་སེམས་བརྟན་པོ་ཡོད་དམ། ང་ཚོ་འཁོར་བ་དང་སྐྱོན་གྱི་ཆ་ཡོངས་སུ་རྫོགས་པ་སྤོང་འདོད་དང་དེ་དག་ལས་ཐར་འདོད་ཀྱི་ཆོད་སེམས་ཡོད་པ་རེད། ད་དུང་གསལ་དུ་བཏང་ན། ང་ཚོའི་སེམས་ཀྱིས་མཁོ་མེད་ཀྱི་གད་སྙིགས་སམ་གཉིས་སྣང་སོགས་ཚང་མ་རྟོག་འཆར་དུ་སྐྲུན་པ་དང་དེ་དངོས་པོའི་གནས་ལུགས་དང་མཐུན་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནི་ང་ཚོས་གསང་སྔགས་ཀྱི་ནང་གང་སྤོང་བཞིན་པ་དེ་རེད། དེ་ནི་སེམས་ཀྱི་སྣང་བ་ཕལ་པ་དེ་ཡིན་པ་དང་དེ་ཡང་གནས་ལུགས་དང་མཐུན་པར་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་སོ་སོ་རང་ཉིད་དང་གཞན་ཐམས་ཅད་ལ་རང་ངོས་ནས་གྲུབ་པ་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནི་རང་ངོས་ནས་གྲུབ་པ་དང་གཞན་ལ་ལྟོས་མི་དགོས་པ་ཞིག་རེད། 

རང་ངོས་ནས་གྲུབ་པར་སྣང་བ་དེའི་དཔེ་མཚོན་ལས་སླ་ཤོས་དང་གསལ་ཤོས་ནི། དེང་སང་གི་དྲྭ་ལྗོངས་སམ་དྲྭ་ཚིགས་ལྟ་བུ་རེད། དྲྭ་ངོས་ཤིག་ང་ཚོའི་སྤྱོད་བདེའི་ཁ་པར་གྱི་མདུན་དུ་ཤར་བའི་སྐབས། དེ་ནི་རང་ངོས་ནས་རང་སྟོབས་ཀྱིས་གཞན་ལ་ལྟོས་མེད་ཀྱིས་དེར་ཡོད་པ་ལྟར་སྣང་གི་ཡོད། དེ་ནི་རྒྱུ་རྐྱེན་གང་ལའང་མ་བརྟེན་པར་བྱུང་བ་དང་དེ་ནི་མཐའ་གཅིག་ཏུ་རང་ངོས་ནས་གྲུབ་པ་ལྟར་སྣང་གི་ཡོད། དེ་ནི་ཧ་ལས་ཏེ་ཕ་གིར་རང་ངོས་ནས་གྲུབ་འདུག་ཟེར་བ་ལྟ་བུ་རེད། དྲྭ་ཚིགས་ལྟ་བུ་དེའི་རྒྱབ་ལ་མི་བརྒྱ་ཕྲག་ལས་མང་བས་ཚུ་ཚོད་བརྒྱ་ཕྲག་དང་སྟོང་ཕྲག་རིང་ལས་ཀ་བྱས་པ་ལ་བརྟེན་ནས་བསྐྲུན་པ་དེ་ང་ཚོར་སྣང་གི་མེད། དེ་བཟོ་སྐྲུན་ཆེད་དངུལ་འབོར་ཧ་ཅང་ཆེན་པོ་དང་དུས་ཚོད་ཧ་ཅང་རིང་པོ་དགོས་ཀྱི་ཡོད་པ་དེའང་སྣང་གི་མེད། དེ་འདྲ་ཞིག་རྩ་ནས་སྣང་གི་མེད། སྣང་གི་ཡོད་དམ། དེ་ལྟར་ཅིའི་ཕྱིར་མི་སྣང་བ་རེད་དམ། དེ་ང་ཚོ་ལ་ཇི་ལྟར་སྣང་བ་དེ་ནི་ང་ཚོའི་སེམས་ནང་ཡོང་གི་ཡོད་པ་དང་། ང་ཚོའི་སེམས་ནི་ཚད་བཀག་ཅན་རེད། སེམས་ཀྱིས་དེ་ལྟར་རང་ངོས་ནས་གྲུབ་པ་ལྟར་སྣང་བར་བྱེད་ཀྱི་ཡོད། 

དོན་ངོ་མ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་རེད། ངའི་ཁ་པར་སྟེང་ལ་དྲྭ་ངོས་དེ་ཤར་བ་ནི་རྒྱུ་དང་རྐྱེན་ཚང་མར་བརྟེན་ནས་ཤར་གྱི་ཡོད་ལ། ཁ་པར་ནང་གི་ཆ་ཤས་ལ་བརྟེན་ནས་ཤར་གྱི་ཡོད། དེ་ནི་གཅིག་གིས་གཅིག་ལ་ག་ཚོད་བརྟེན་ནས་ཡོད་པ་དེ་ཧ་ལས་དགོས་པ་ཞིག་རེད། འདི་ནི་ལས་ཀྱི་དཔེ་མཚོན་ཞིག་ཀྱང་རེད། ཆོས་རྣམས་རྒྱུ་གཅིག་ལ་བརྟེན་ནས་འབྱུང་གི་མེད་པར། རྒྱུ་མང་པོ་ཞིག་མཉམ་སྡེབ་ཐོག་འབྱུང་གི་ཡོད། སངས་རྒྱས་ཀྱིས་དེ་ཧ་ཅང་ཡིད་ལ་འཐད་པོའི་སྒོ་ནས་གསུངས་ཡོད་དེ། ཆུ་སྣོད་ཅིག་ཡོད་པའི་དབང་དུ་བཏང་ནས། དེ་ཆུས་གང་ཡོད་ན། དེ་ཆུ་ཐིགས་དང་པོའམ་མཐའ་མས་བཀང་བ་ཞིག་མིན་པར། དེ་ནི་ཆུ་ཐིགས་ཚང་མ་འདུས་པ་ལས་གང་བ་ཞིག་ཡིན་ཞེས་གསུངས། གནས་སྟངས་གང་འདྲ་ཞིག་འབྱུང་གི་ཡོད་ནའང་། དེ་ནི་རྒྱུ་དང་རྐྱེན་གྲངས་ལས་འདས་པ་ལ་བརྟེན་ནས་འབྱུང་གི་ཡོད། ཆོས་གང་འདྲ་ཞིག་ཀྱང་རང་ངོས་ནས་རང་སྟོབས་ཀྱིས་གྲུབ་པ་མེད། 

ང་ཚོས་འཁྲུལ་སྣང་དེ་དང་། རང་ངོས་ནས་གྲུབ་པའི་སྣང་ཚུལ་ནོར་བ། དེ་བཞིན་ང་ཚོའི་སེམས་ཀྱིས་སྣང་བ་དེའི་རིགས་སྐྲུན་པ་རྣམས་ཀྱང་སྤོང་འདོད་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྟག་ཏུ་ཁོན་ཊམ་དངོས་ཁམས་རིག་པའི་སྐོར་ལ་ཧ་ཅང་ཐུགས་སྣང་ཆེན་པོ་གནང་གི་ཡོད་པ་དང་། དེའི་སྐོར་ལ་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་ལན་མང་གནང་ཡོད། ཁོན་ཊམ་གྱི་དངོས་ཁམས་རིག་པ་ལ་བརྟེན་ནས་རིགས་འདྲ་ཏག་ཏག་མི་ཆགས་ནའང་། སྟོང་པ་ཉིད་ཀྱི་ལྟ་གྲུབ་དང་མཚུངས་ཆ་ཞིག་ཡོད་པ་རེད། དཔེར་ན། ང་ཚོར་ཁོན་ཊམ་གྱི་ཞིང་ཞིག་ཡོད། དེའི་དོན་ནི་དུས་མཉམ་དུ་འབྱུང་སྲིད་པ་དེ་དག་ཐམས་ཅད་ཡོད། ཉན་ཞིབ་བྱེད་མཁན་ཞིག་དང་མཉམ་དུ་འབྲེལ་བ་བྱེད་པ་ཁོ་ན་ལ་བརྟེན་ནས་གཞི་དེ་རྡུལ་ལམ་ཡང་ན་རླབས་གང་རུང་གི་ནང་ཞིག་འགྲོ་གི་ཡོད། ཡང་མིན་ན་རྡུལ་དེ་འདིའམ་ཡང་ན་དེ་ལ་ཡོད་པའི་ནང་ཞིག་འགྲོ་གི་ཡོད། 

ཁོན་ཊམ་གྱི་དངོས་ཁམས་རིག་པའི་ནང་། ཁོན་ཊམ་གྱི་ཞིང་དེ་ཐེངས་མ་གཅིག་ལས་ཞིག་གི་མེད། འོན་ཀྱང་འདིར་ང་ཚོར་རྟེན་འབྲེལ་གྱི་ཁོན་ཊམ་ལྟ་བུ་ཞིག་ཡོད། འདི་ནི་སངས་རྒྱས་ཀྱིས་གང་རྟོགས་པ་དེ་རེད། ཁོན་ཊམ་གྱི་ཞིང་འདིའི་ནང་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་རྟེན་ཅིང་འབྲེལ་ནས་ཡོད། རྒྱུ་དང་རྐྱེན་ཡོངས་སུ་རྫོགས་པ་དང་། འདས་མ་ད་གསུམ། དེ་ག་ནང་བཞིན་སེམས་ཅན་ཐམས་ཅད་རྟེན་ཅིང་འབྲེལ་ནས་ཡོད། སངས་རྒྱས་ཀྱིས་རྟེན་འབྲེལ་གྱི་གཞི་ཡོངས་སུ་རྫོགས་པ་དུས་གཅིག་ཏུ་རྟོགས་ཀྱི་ཡོད། འདི་ནི་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས་དེ་རེད། ང་ཚོའི་ཚད་བཀག་ཅན་གྱི་སེམས་འདི་ནི་རྟོག་འཆར་སྐྲུན་ཚུལ་དང་ལུས་རགས་པ་ལ་བརྟེན་ནས་གནད་དོན་གཅིག་གི་ནང་ཞིག་འགྲོ་གི་ཡོད། འོན་ཀྱང་ང་ཚོའི་སེམས་འདི་གང་གི་ནང་ཞིག་འགྲོ་གི་ཡོད་པ་ནི། ང་ཚོས་རྟོགས་པ་ཙམ་གྱི་སྣང་བ་དེའི་ནང་ཞིག་འགྲོ་གི་ཡོད་པ་དང་། དེ་ང་ཚོར་རང་ངོས་ནས་གྲུབ་པ་ལྟར་སྣང་གི་ཡོད། དེར་མ་ཟད། ང་ཚོའི་ལུས་རགས་པར་ཡོད་པའི་འགྲོ་བ་མིའི་མིག་གི་ལམ་ནས་གང་མཐོང་བ་དང་། སྦྲང་འབུས་འཇའ་ཤེལ་སྣ་ཚོགས་པའི་འབུ་སྲིན་གྱི་མིག་གི་བརྒྱུད་ནས་གང་མཐོང་བ་གཉིས་ཧ་ཅང་མི་འདྲ་བ་རེད། དངོས་པོའི་གནས་ལུགས་གང་རེད་དམ། ཞིང་འདི་ཇི་ལྟར་ཞིག་གི་ཡོད་པ་ནི་ང་ཚོས་དེའི་བརྒྱུད་ནས་གང་མཐོང་བ་ལ་རག་ལུས་ཡོད། འདི་ནི་ང་ཚོའི་རྟོག་པའི་སྒྲོམ་གཞི་སོགས་དང་གཅིག་པ་རེད། ང་ཚོའི་ཚད་བཀག་ཅན་གྱི་སེམས་ཀྱིས་ཞིང་འདི་ “ང་རང་ཡག་པོ་མིན་” ཞེས་པའམ་ “འདི་ནི་ཞེད་སྣང་ཚ་པོ་འདུག་” ཅེས་བརྗོད་པ་སོགས་རྟོག་འཆར་ཧ་ཅང་མང་པོ་བསྐྲུན་པ་ལ་བརྟེན་ནས་རང་ངོས་ནས་གྲུབ་པ་ལྟར་སྣང་བ་དེའི་ནང་ཞིག་འགྲོ་བ་དང་། དེ་ནས་ང་ཚོས་རྙོག་དྲ་ཤོད་ཀྱི་ཡོད། 

ང་ཚོས་དེ་དག་ཐམས་ཅད་སྤོང་གི་ཡོད། དེའི་ཚབ་ལ་ང་ཚོར་ཤིང་དེ་མཎྜལ་གྱི་དབྱིབས་དང་ཡི་དམ་གྱི་ལྷ་ཚང་མའི་ནང་ཞིག་པར་འདོད་ཀྱི་ཡོད། འདི་ནི་གཞན་རྣམས་ཀྱིས་དེ་དག་ལ་བརྟེན་ནས་ཉམས་ལེན་བྱེད་ཐུབ་པར་ཧ་ཅང་ཕན་ཐོགས་ཅན་ཞིག་ཡིན་པའི་རྒྱུ་མཚན་གྱིས་རེད། སངས་རྒྱས་ཡིན་པའི་ཆ་ནས་ང་ཚོ་སངས་རྒྱས་ཀྱི་གཟུགས་རྣམ་ཡི་དམ་གྱི་ལྷ་དང་མཎྜལ་སྣང་བ་དང་། དེ་དག་གཞན་ལ་ལམ་གྱི་སྟེང་བེད་སྤྱོད་ཆེད་འབུལ་འདོད་ཡོད། གང་ཡིན་ཞེ་ན། ཕྱག་དང་ཞབས་དེ་དག་ཚང་མས་ལམ་གྱི་རྣམ་པ་མི་འདྲ་བ་སྣ་ཚོགས་པ་མཚོན་གྱི་ཡོད། འདིས་ལམ་གྱི་རྣམ་པ་ཡོངས་སུ་རྫོགས་པ་དུས་གཅིག་ཏུ་མཉམ་སྡེབ་བྱ་རྒྱུར་རོགས་བྱེད་ཀྱི་ཡོད། 

ནམ་ཞིག་ང་ཚོས་ཁོན་ཊམ་གྱི་ཞིང་འདི་སྣང་བ་གཅིག་ཙམ་གྱི་ནང་བཤིགས་པ་དང་། གལ་ཏེ་ང་ཚོས་སྣང་བ་དེ་རང་ངོས་ནས་གྲུབ་པར་ཁས་བླངས་ན། དེ་ང་ཚོའི་སྣང་བ་ཕལ་པའམ་ཡང་ན་ཡི་དམ་གྱི་ལྷའི་ནང་དུ་བཤིགས་ནའང་འདྲ་སྟེ། འདི་ནི་ནོར་བ་ཞིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་སྣང་བ་གང་འདྲ་ཞིག་རང་ངོས་ནས་གྲུབ་པ་དང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་དཔྱད་ཞིབ་བྱེད་པར། སྟོང་ཉིད་ཀྱི་དོན་རྟོགས་རྒྱུ་གནད་འགག་ཆེན་པོ་རེད། ཡིན་ནའང་ད་དུང་ང་ཚོས་སེམས་ཀྱི་སྣང་བ་ཕལ་པ་དེ་སྤོང་བ་དང་། དེའི་ནུས་པ་དེ་བཀོལ་སྤྱོད་བྱས་ནས་སྣང་བ་དེས་ཁོན་ཊམ་གྱི་ཞིང་དེ་དག་པའི་ཞིང་དང་ང་ཚོས་བྱེད་པའི་དམིགས་རྣམ་སྣ་ཚོགས་པའི་ནང་བཤིག་འདོད་ཡོད། ངེས་འབྱུང་དང་དེ་ག་ནང་བཞིན་སྟོང་ཉིད་ལ་ཡང་དག་པའི་ལྟ་བ་ནི་འདིར་མེད་དུ་མི་རུང་བ་ཡིན། 

བྱང་ཆུབ་ཀྱི་སེམས།

ང་ཚོས་གང་ཞིག་དམིགས་རྣམ་དུ་བྱེད་པ་དང་ཡིད་ལ་འཆར་བར་བྱེད་ཀྱི་ཡོད་པ་ནི་ང་ཚོས་གང་གི་ཆེད་དུ་དམིགས་ཀྱི་ཡོད་པ་དེ་རེད། གང་ཡིན་ཞེ་ན། དེས་ང་ཚོར་ད་ལྟ་ཐོབ་མེད་པའི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་དེ་མཚོན་གྱི་ཡོད། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ང་ཚོས་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་འདི་འཐོབ་འདོད་ཡོད་པ་དང་། དེ་ཡང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ང་ཚོས་དེ་འཐོབ་པར་དམིགས་ཀྱིན་ཡོད། ད་ལྟ་ནས་ཉམས་ལེན་བྱེད་པ་ལ་བརྟེན་ནས་ང་ཚོས་བསྐྱར་སྦྱོང་བྱེད་བཞིན་ཡོད། དེ་ལྟར་བྱེད་པ་དེས་མདོ་ཉམས་ལེན་གཅིག་པུ་ལས་ལྷག་པའི་ཕན་ནུས་ཆེ་བའི་སྒོ་ནས་དེ་འཐོབ་པའི་ཆེད་ནུས་པ་ཤུགས་ཆེ་བ་སྐྲུན་གྱི་ཡོད།

སྟོང་པ་ཉིད་ལ་ཡང་དག་པའི་རྟོགས་པ།

སྟོང་ཉིད་ལ་ཡང་དག་པའི་རྟོགས་པ་ནི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་དང་ཡི་དམ་གྱི་ལྷ་འདི་དག་དང་མཎྜལ་བཅས་སྔོན་ཚུད་ནས་གྲུབ་མེད་པར་ང་ཚོའི་སེམས་ཀྱི་ནང་གནས་ཡོད་པ་དང་། ང་ཚོས་འདང་ངེས་ཀྱི་དགེ་བའི་ནུས་པ་དང་ཡེ་ཤེས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འདང་ངེས་གསོག་པའི་སྐབས། ཕྱིར་འདོན་རྒྱུར་སྒུག་བཞིན་པ་དེ་རེད། དེ་ནི་གོ་ནོར་ཆེན་པོ་ཞིག་རེད། སངས་རྒྱས་ཀྱི་རིགས་ནི་ང་ཚོའི་སེམས་ནང་ཡོད་པ་ཙམ་དང་ཕྱིར་འདོན་རྒྱུར་རྒུག་བཞིན་པ་ཞིག་མིན། སངས་རྒྱས་ཀྱི་གོ་འཕང་དེ་སྔོན་ཚུད་ནས་དེར་མེད། འོན་ཀྱང་ང་ཚོས་སོ་སོ་སྔོན་ཚུད་ནས་སངས་རྒྱས་ཟིན་པ་དེ་རྟོགས་མེད་པ་ཙམ་རེད། དེ་ནི་སངས་རྒྱས་ཀྱི་རིགས་ཀྱི་གོ་རྟོགས་ཡང་དག་པ་དེ་མིན། ད་ལྟ་གང་འབྱུང་བཞིན་པ་དང་ད་ལྟ་བྱུང་མེད་ནའང་འབྱུང་སྲིད་པའི་དབར་ལ་ཁྱད་པར་ཞིག་ཡོད། སངས་རྒྱས་ཀྱི་གོ་འཕང་དེ་མི་སྲིད་པ་ཞིག་ཡིན་པའམ་ཡང་ན་དེ་མེད་པ་དེ་འདྲ་མ་རེད། 

དཔེ་ཆ་བཞག་ན། ང་ཚོས་སང་ཉིན་གྱི་སྐོར་ལ་བསམ་བློ་གཏོང་ཐུབ། མི་ཐུབ་བམ། སང་ཉིན་ནི་དེ་རིང་འབྱུང་བཞིན་པ་ཞིག་མིན། འོན་ཀྱང་ང་ཚོས་སང་ཉིན་མེད་ཅེས་དང་སང་ཉིན་གྲུབ་མེད་ཅེས་བརྗོད་མི་ཐུབ། མེད་པ་དང་ད་ལྟ་འབྱུང་བཞིན་མ་ཡིན་པའི་དབར་ལ་ཁྱད་པར་ཆེན་པོ་ཞིག་ཡོད། ང་ཚོའི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ད་ལྟ་འབྱུང་བཞིན་པ་ཞིག་མིན་ནའང་། དེ་ནི་མཐའ་གཅིག་ཏུ་མེད་པའང་མ་ཡིན། སངས་རྒྱས་ཀྱི་གོ་འཕང་དེ་རྒྱུ་དང་རྐྱེན་གང་ཡང་མེད་པ་ཞིག་ལས་འབྱུང་གི་ཡོད་པ་ཞིག་མིན་ལ། དེ་ནི་ང་ཚོའི་སེམས་ཀྱི་ནང་གནས་ཡོད་པ་དང་ཕྱིར་འདོན་རྒྱུར་སྒུག་བཞིན་ཡོད་པ་དེ་འདྲའང་མ་རེད། དེ་ནི་གང་ཡང་མེད་པ་ཞིག་ལས་འབྱུང་གི་མ་རེད། དེ་ནི་ང་ཚོའི་སེམས་དང་སེམས་ཀྱི་རྒྱུན། དེ་བཞིན་ང་ཚོའི་ནུས་པ་ཆ་ཚང་ལས་མཐའ་གཅིག་ཏུ་ལོགས་སུ་གཉིས་སྣང་གི་ཚུལ་དུ་གྲུབ་པ་ཞིག་མིན། ཡང་ང་ཚོར་འདིར་ཡོད་པ་ཞིག་དང་སངས་རྒྱས་ཀྱི་གོ་འཕང་ཕ་གིར་ཡོད་པས། ང་ཚོས་ཐོབ་མི་ཐུབ་པ་དེ་འདྲ་མ་རེད། 

རྟེན་ཅིང་འབྲེལ་བར་འབྱུང་བ་དེ་རྟོགས་དགོས་རྒྱུ་མེད་དུ་མི་རུང་བ་ཞིག་རེད། ཆོས་རྣམས་རྒྱུ་དང་རྐྱེན་མང་པོ་ལ་བརྟེན་ནས་འབྱུང་གི་ཡོད་པ་དང་། ང་ཚོའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཐབས་གཅིག་པུ་ནི་དེ་ཡིན། གསང་སྔགས་ཀྱི་ཉམས་ལེན་དོན་སྙིང་ལྡན་པ་ཞིག་ཆགས་ཐུབ་པའི་ཐབས་གཅིག་ཁོ་ནར་ང་ཚོར་ཡོད་པ་ནི་དེ་རེད། གནས་སྟངས་ག་རེ་འབྱུང་བཞིན་ཡོད་པ་དང་། དེའི་ཆེད་དུ་འབད་བརྩོན་དང་གྲ་སྒྲིག་ཨང་བསར་བྱེད་དགོས་པ་དེ་ཤེས་དགོས། གསང་སྔགས་ཀྱི་ཉམས་ལེན་དེ་ནི་ང་ཚོས་ནང་པའི་ཉམས་ལེན་འགོ་འཛུགས་བྱེད་པ་ལྟ་བུ་མིན། དེ་ནི་ལས་དང་པོ་བའམ་གསར་བུ་བ་རྣམས་ཀྱི་ཆེད་དུ་མིན། དེ་ནི་གང་འཚམ་གྱི་ཚད་མཐོ་བའི་ཉམས་ལེན་གྱི་རིགས་ཤིག་རེད། 

ང་ཚོའི་མི་ཚེ་ལ་འགྱུར་བ་གཏོང་བ། 

གལ་ཏེ་ང་ཚོ་གསང་སྔགས་ཉམས་ལེན་ལ་ཞུགས་ཚར་ནས་གྲ་སྒྲིག་མེད་པའམ་དུས་ལ་བབས་མེད་པ་ཚོར་ན། ང་ཚོས་གཞི་རྩའི་ཆོས་ལ་འབད་བརྩོན་མང་བ་བྱེད་དགོས་ཀྱི་ཡོད། མདོའི་ལུགས་ཀྱི་གཞི་རྩའི་ཆོས་བློ་ལྡོག་རྣམ་བཞི་ལ་ཕྲུ་གུའི་ལས་ཀ་ལྟ་བུར་བསམ་རྒྱུ་མེད། གཞི་རྩའི་ཆོས་རྣམས་ནི་ང་ཚོའི་མི་ཚེ་ལ་གང་གིས་དངོས་གནས་འགྱུར་བ་གཏོང་གི་ཡོད་པ་དང་། དེའི་གནད་འགགས་ཡོངས་སུ་རྫོགས་པ་ནི་སོ་སོའི་མི་ཚེའི་ནང་དེ་དག་ཉམས་སུ་བླང་རྒྱུ་དེ་རེད། དེ་ནི་ང་ཚོའི་སྒོམ་གདན་སྟེང་ལ་བསྐྱར་སྦྱོང་བྱེད་པ་ཙམ་དེ་མ་རེད། ཉམས་ལེན་ངོ་མ་ནི་སོ་སོའི་མི་ཚེའི་ནང་བྱེད་དགོས། གནས་སྟངས་དཀའ་ངལ་ཅན་གྱི་ནང་། ང་ཚོས་བཟོད་པ་དང་། བཟོད་གསོལ། བསམ་ཤེས་བཅས་ཉམས་ལེན་བྱེད་དགོས། མི་ཞིག་གིས་སྤྱོད་ཚུལ་ཧ་ཅང་ཞེད་སྣང་ཚ་པོ་སྟོན་པའི་སྐབས། དེ་དག་རྒྱུ་དང་རྐྱེན་ལས་བྱུང་བ་དེ་ང་ཚོས་ཤེས་དགོས། འཇིག་རྟེན་འདིའི་ནང་གང་འབྱུང་བཞིན་པ་ཚང་མའི་འགན་དེ་ང་ཚོར་མེད་ལ། ང་ཚོས་ཚང་མར་སྟངས་འཛིན་བྱེད་མི་ཐུབ། དེ་ནི་མཐའ་གཅིག་ཏུ་རྟོག་སྒྲུང་ཞིག་རེད། མ་རེད་དམ། ང་ཚོས་ཚང་མ་སྟངས་འཛིན་བྱེད་མི་ཐུབ་ནའང་མཐུན་རྐྱེན་སྦྱོར་ཐུབ། གང་ལྟར་ཡང་། ཆོས་ཐམས་ཅད་རྒྱུ་དང་རྐྱེན་དུ་མ་ལ་བརྟེན་ནས་འབྱུང་གི་ཡོད། 

དྲི་བ་ཁག

འདི་ནི་ངས་གསང་སྔགས་དང་སྔོན་འགྲོའི་སྐོར་གང་ཤོད་འདོད་ཡོད་པ་དེ་རེད། དེ་ཡང་གཞི་རྩའི་གོ་ནོར་ཐེབས་པ་ཁག་ལ་གསལ་བཤད་འགའ་ཞིག་དང་ང་ཚོའི་ཉམས་ལེན་དོན་སྙིང་ལྡན་པ་དང་ཕན་འབྲས་ལྡན་པ་ཞིག་ཇི་ལྟར་བཟོ་བའི་བསླབ་བྱ་འགའ་ཙམ་ཞིག་རེད། གལ་ཏེ་ཁྱེད་ཀྱིས་ངས་དེ་ལས་གཞན་པའི་བརྗོད་གཞིའི་སྐོར་ཤོད་དགོས་ཀྱི་འདུག་ན། དཔེར་ན། ཕལ་ཆེར་དགེ་བའི་བཤེས་གཉེན་སོགས་དང་འབྲེལ་བའི་གོ་བ་ལོག་སྒྲུབ་ཀྱི་གླེང་གཞི་གཞན་དེ་འདྲ་ཡོད་ན། དྲི་བ་འདྲི་རོགས་གནང་།

ཉམས་ལེན་སྐབས་ཀྱི་སྐད་ཡིག་དང་དོན་སྙིང་སྐོར། 

ང་རང་ལ་སྐད་ཡིག་གི་སྐོར་ལ་དྲི་བ་ཞིག་ཡོད། བོད་བརྒྱུད་ནང་བསྟན་གྱི་ནང་། ཉམས་ལེན་རྣམས་བོད་སྐད་ནང་བྱ་རྒྱུ་དེ་གལ་ཆེན་པོ་རེད་དམ། ཡང་ན་དེ་ང་ཚོ་ཕ་སྐད་རང་གི་ནང་བྱེད་ན་འགྲིག་གམ། མི་འགའ་ཤིག་གིས་སོ་སོ་རང་ཉིད་ཀྱི་ཕ་སྐད་དེ་བེད་སྤྱོད་བྱ་རྒྱུ་གལ་ཆེན་རེད་ཅེས་ནན་བརྗོད་བྱེད་ཀྱི་འདུག །དེ་འདྲ་ཞིག་བྱུང་ན། དེ་དོན་ལྡན་དང་སེམས་གཏིང་ནས་བྱེད་པ་ཡོང་ཐུབ་ཅེས་དང་། ཡང་གཞན་དག་གིས་བོད་སྐད་དང་ཡང་ན་ཐོག་མའམ་སྐད་ཡིག་ངོ་མ་དེ་ལ་ཆོས་ཕྱོགས་ཀྱི་ཁྱད་ཆོས་འགའ་ཞིག་ཡོད་པས། དེ་ལ་མཐོང་ཆུང་གཏོང་རྒྱུ་མེད་ཅེས་དགོངས་ཚུལ་གསུང་མཁན་འདུག །ཁྱེད་ཀྱི་དགོངས་ཚུལ་གང་ཡིན་གསུང་རོགས་གནང་ཞུ།

ཉམས་ལེན་གྱི་སྐད་ཡིག་ལ་གཞིགས་ན། ཐོག་མར་བོད་པ་ཚོས་ཁོང་ཚོའི་ཉམས་ལེན་རྣམས་ལེགས་སྦྱར་སྐད་ཀྱི་ནང་བྱེད་ཀྱི་མེད། ཁོང་ཚོས་དེ་དག་བོད་སྐད་ནང་བྱེད་ཀྱི་ཡོད། བྱས་ཙང་། བོད་མི་ཚོས་ཚང་མ་བོད་སྐད་ནང་བསྒྱུར་ཟིན་པ་རེད། མནྟྲའམ་གཟུངས་སྔགས་འགའ་ཤས་ནི་ཁོང་ཚོས་ལེགས་སྦྱར་རང་གི་སྐད་དུ་རང་སོར་བཞག་ཡོད། གཟུངས་སྔགས་དང་མེ་ཏོག་གི་མིང་འགའ་ཞིག་ལ་སོགས་པ་ལས་གཞན་ཚང་མ་བོད་སྐད་ནང་བསྒྱུར་ཡོད། བོད་སྐད་ནང་ཉམས་ལེན་ཆ་ཚང་བྱེད་དགོས་ཞེས་ནན་བརྗོད་གནང་མཁན་གྱི་བླ་ཆེན་ཞིག་ནི་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་དེ་རེད། ཁོང་གིས་མི་ཚང་མས་ཉམས་ལེན་བོད་སྐད་ནང་བྱེད་དགོས་ཞེས་ནན་གྱིས་གསུངས་ཡོད། དེ་གང་ཡིན་ཞེ་ན། ཁོང་ལ་རྒྱལ་ཁབ་འདྲ་མིན་ནང་ཆོས་ཚོགས་མང་པོ་ཡོད་པས། གལ་ཏེ་ཚང་མས་བོད་སྐད་ལྟ་བུ་སྐད་ཡིག་གཅིག་གི་ནང་གཅིག་པ་ཉམས་ལེན་བྱས་ན། རྒྱལ་ཁབ་མི་འདྲ་བ་དེ་དག་ཚང་མའི་མི་རྣམས་མཉམ་དུ་འཛོམས་ནས་ཉམས་ལེན་བྱེད་ཆོག་ཅེས་དགོངས་ཡོད། བོད་ཀྱི་སྐད་ཡིག་དེ་རྫུ་འཕྲུལ་ཅན་ཞིག་ཡིན་པ་དེ་འདྲ་མ་རེད། བོད་སྐད་ནང་འདོན་རྒྱུ་དེ་ཁ་ཡོད་ལག་ཡོད་ཀྱི་རིམ་པའི་ཐོག་ནས་སྤྱི་ཚོགས་མཉམ་འདུས་ཤིག་སྐྲུན་པའི་ཆེད་དུ་ནན་བརྗོད་བྱས་ཡོད། 

འོན་ཀྱང་༧གོང་ས་མཆོག་གིས་ང་ཚོས་ག་རེ་བྱེད་བཞིན་ཡོད་པ་དེ་ཤེས་རྒྱུ་དེ་ཡག་ཤོས་རེད་ཅེས་གསུང་གནང་གི་ཡོད། ང་ཚོས་དེ་ནི་སོ་སོ་རང་ཉིད་ཀྱི་སྐད་ཡིག་ནང་ཡག་ཤོས་ཤེས་རྟོགས་ཐུབ་ཀྱི་རེད། ཡིན་ནའང་སྐད་ཡིག་དེའང་སྙན་ཚིག་གིས་བརྒྱན་པ་དང་འགྱུར་ཁུགས་དང་ལྡན་པ་དགོས་ཀྱི་ཡོད། དེ་ནི་སྐད་ཡིག་མང་པོའི་ནང་ལས་སླ་པོ་ཞིག་མེད། ང་ཚོས་བཟླས་བརྗོད་ཀྱི་ཉམས་ལེན་ཞིག་བྱེད་པ་ལྟ་བུ་གང་འདོན་པ་དེ་ལས་སླ་པོའི་སྒོ་ནས་འདོན་ཐུབ་པ་དགོས་ཀྱི་ཡོད། གལ་ཏེ་ང་ཚོས་དཔེ་ཆ་ཞིག་ཀློག་བཞིན་ཡོད་ན། དེའི་ནང་གི་དོན་དག་དེ་ང་ཚོས་རྟོགས་པའི་ཆེད་དུ་སྐད་ཡིག་དེ་འགྲིག་ངེས་ཀྱི་གསལ་པོ་དགོས་ཀྱི་ཡོད། 

ཉེ་ཆར་འཇར་མི་ནིར་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་ཧ་ཅང་ཡིད་ལ་འཐད་པའི་གནད་དོན་ཞིག་གསུངས་སོང་། ཁོང་གིས། གལ་ཏེ་བོད་པ་ཚོས་ཉམས་ལེན་ཚང་མ་འཇར་མིན་གྱི་སྐད་ཀྱི་ནང་བྱེད་དགོས་པ་དང་སྒྲ་གདངས་གཞིར་བཟུང་གིས་བོད་ཡིག་ནང་བྲིས་ཡོད་ན། བོད་མི་སུ་འདྲ་ཞིག་གིས་ཀྱང་ཉམས་ལེན་གང་འདྲ་ཞིག་ཀྱང་བྱེད་ངེས་མ་རེད་སྙམ་ཞེས་གསུངས། འདོན་ཆོག་རྣམས་ང་ཚོས་མི་ཤེས་པའི་སྐད་ཡིག་ཅིག་གི་ནང་འདོན་དགོས་ཞེས་ཨུ་ཚུགས་བྱེད་པ་དེ་ཁྱད་མཚར་པོ་གང་འདྲ་ཞིག་ཡིན་པའི་ལྟ་ཚུལ་གཞན་ཞིག་གི་སྒོ་ནས་བལྟས་ན་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་སྐད་ཡིག་ངོ་མ་བོད་སྐད་ནང་འདོན་དགོས་སམ་ཡང་ན་ང་ཚོས་རང་སོ་སོའི་སྐད་ཡིག་གི་ནང་འདོན་དགོས་པའི་ལྟ་ཚུལ་རེ་རེ་ལ་དགག་སྒྲུབ་ཡོད། 

ངས་བོད་སྐད་སྦྱངས་པ་དང་ཤེས་པ་སོང་ཙང་། ང་རང་སྒེར་གྱི་ཉམས་མྱོང་ནི་ངའི་ཆོས་ཉམས་ལེན་ཐོག་འགོ་འཛུགས་བྱེད་པའི་འགོ་སྟོད་ཙམ་ལ། ཚང་མ་བོད་སྐད་ནང་བྱས་ཡིན། ཡིན་ནའང་དེ་ནས་དུས་ཚོད་ཐུང་ཐུང་རེད། ངས་དེ་དག་ཧ་ཅང་མགྱོགས་པོ་སེམས་ནང་བྱས་ཡིན། ངའི་ཉམས་ལེན་དེ་ཕལ་ཆེར་ཤོག་ལྷེ་བརྗེ་པོ་རྒྱག་པ་ཙམ་ལས་བོད་སྐད་ནང་མགྱོགས་པོ་གང་ཀློག་གི་ཡོད་པའི་དོན་སྙིང་གང་ཡང་མེད་པ་འདྲ་པོ་ཆགས་སོང་། དེ་འདྲ་སོང་ཙང་། དེའི་རྗེས་ཙམ་ནས་ངས་དེ་ཨིན་སྐད་ནང་བརྗེ་པོ་རྒྱག་པ་ཡིན། གང་ཡིན་ཞེ་ན། དེས་ང་ལ་དོན་སྙིང་ཆེ་བ་འདུག །གང་ལྟར་ཡང་། སྐད་ཡིག་གང་འདྲ་ཞིག་གི་ནང་ང་ཚོས་ཉམས་ལེན་བྱེད་ཀྱི་ཡོད་ནའང་། དེ་དག་ནི་ཤོག་ལྷེ་བརྗེ་པོ་རྒྱག་པ་དང་མྱུར་པོ་ཀློག་པའི་བྱེད་སྒོ་ཞིག་ལས་སླ་པོའི་སྒོ་ནས་ཆགས་ཀྱི་ཡོད། 

གལ་ཏེ་ང་ཚོའི་དཀའ་ངལ་གཙོ་བོ་དེ་སེམས་གཡེང་བ་དེ་མིན་ན། དེ་ནི་གདོང་ལེན་བྱེད་དགོས་པའི་གནད་དོན་ཆེ་ཤོས་དེ་རེད། ཡིན་ནའང་དེ་ང་ཚོར་གདོང་ལེན་བྱེད་དགོས་པའི་གནད་དོན་ཆེ་ཤོས་དེ་མིན་ན། དཀའ་ངལ་རྗེས་མ་དེ་ནི་ང་ཚོས་གང་བརྗོད་བཞིན་པའམ་འདོན་བཞིན་པ་དེ་ལ་དོན་སྙིང་ཡོད་པ་བཟོ་རྒྱུ་དེ་རེད། དེ་ནི་དངོས་གནས་བྱ་རྒྱུ་དང་མགྱོགས་པོ་བྱ་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་རེད། སེར་ཀོང་རིན་པོ་ཆེས། ང་ཚོས་ལམ་གྱི་རིམ་པ་ཆ་ཚང་བརྒྱུད་ནས་འགྲོ་ཐུབ་པ་དགོས་ཤིང་། དུས་ཚོད་དེའི་ནང་རང་གི་རྐང་པ་གཅིག་རྟ་སྒའི་ཡོབ་ཀྱི་ནང་བླུགས་པ་དང་རྐང་པ་གཞན་དེ་རྟའི་སྒང་ནས་ཁྱེར་ཏེ་བཞོན་དགོས་ཞེས་རྟག་ཏུ་གསུང་གི་ཡོད། དེ་ག་ནང་བཞིན་ཁོང་གིས། འཆི་བ་དེས་ང་ཚོའི་འདུག་སྟངས་སྒྲིག་པ་དང་གནས་སྟངས་ཡག་པོ་དང་དལ་ལྷོད་ངང་འགྲོ་བའི་ཆེད་དུ་སྒུག་གི་མ་རེད། འཆི་བ་སླེབས་པའི་སྐབས། ང་ཚོས་དེ་ལམ་སེང་ཐག་གཅོད་བྱེད་ཐུབ་པ་ཞིག་དགོས་ཞེས་གསུང་ངེས་རེད། 

འདི་ནི་ང་ཚོས་གང་བྱེད་ཐུབ་པར་དམིགས་བཞིན་པ་དེ་རེད། དེ་ཡང་འཆི་བའི་སྐབས་སུ་ཙམ་མིན་པར་མི་ཚེའི་ནང་དུའང་དེ་ལྟར་དམིགས་དགོས། གལ་ཏེ་གནས་སྟངས་ཤིག་བྱུང་ནས་མི་ཞིག་གིས་རང་ཉིད་ལ་སྐད་ལོག་རྒྱག་འགོ་བཙུག་པ་སོགས་བྱས་ན། ང་ཚོ་འདུག་སྟངས་ཏག་ཏག་བསྡད་ཡོད་པ་དང་། སེམས་ཞི་འཇམ་ཆེད་དུ་དབུགས་གྲངས་ཀ་བརྩི་བ། དེ་ནས་མི་དེ་སྐྱེ་བ་སྔོན་མའི་ནང་སོ་སོའི་ཨ་མ་ཡིན་པའི་སྒྲུབ་བྱེད་ཀྱི་རིགས་པ་མང་པོ་བརྒྱུད་ནས་འགྲོ་བ་དང་། མཐར་ང་ཚོ་ཡར་ལངས་ནས་བཟོད་སྒོམ་བྱེད་པ་དང་ཁོང་རྣམས་བདེ་པོ་ཡོང་བར་ཤོག་ཅེས་ཡིད་སྨོན་བྱེད་བཞིན་དུ་ “ཏོག་ཙམ་སྒུག་དང་” ཞེས་བརྗོད་མི་ཐུབ། ང་ཚོར་དེའི་ཆེད་དུ་དུས་ཚོད་མེད། ང་ཚོའི་བཟོད་པ་དེ་ལམ་སང་ངམ་འཕྲལ་དུ་བྱུང་ཐུབ་པ་ཞིག་དགོས། 

ང་ཚོས་དངོས་གནས་གང་བྱེད་བཞིན་པ་དེ་དོན་སྙིང་ལྡན་པ་བཟོ་དགོས། གལ་ཏེ་གསང་སྔགས་ཉམས་ལེན་བྱེད་ཀྱིན་ཡོད་ན། བཟླས་བརྗོད་ཀྱི་ཉམས་ལེན་དེའི་ནང་ཉམས་ལེན་གཞན་མང་པོ་འཚུད་ཀྱི་ཡོད། བཟླས་བརྗོད་དེ་ནི་ལྷ་མོའི་རྣམ་ཐར་གྱི་འཁྲབ་གཞུང་ལྟ་བུ་ཡོད། ང་ཚོ་ཚད་མེད་བཞི་དང་སྐྱབས་འགྲོའི་སྐོར་འགྲོ་གི་ཡོད། སྒྲུབ་ཐབས་གང་འདྲ་ཞིག་གི་ཐོག་མའི་ལེ་ཚན་གྱི་ནང་སྔོན་འགྲོ་ཆ་ཚང་བ་ཡོད། སྒྲུབ་ཐབས་རིང་བའི་ནང་ཚང་མ་ཚུད་ཡོད། རྡོར་སེམས་སྒོམ་བཟླས་དང་། བླ་མའི་རྣལ་འབྱོར། མཎྜལ་འབུལ་རྒྱུ་བཅས་རྟག་ཏུ་ཡོད་པ་རེད། ཉམས་ལེན་དངོས་ནི་དེ་དག་རེ་རེ་ལ་སེམས་ཀྱི་གནས་བབས་རེར་དངོས་སུ་སྐྱེད་ཐུབ་པར་བྱ་རྒྱུ་དེ་ཡིན་པ་ལས། མགྱོགས་པོ་བྱེད་པའམ་ཤོག་ལྷེ་བརྗེ་པོ་རྒྱག་པ་ཙམ་དེ་མིན། ང་ཚོས་ངག་འདོན་གྱི་ཉམས་ལེན་དེ་བོད་སྐད་དང་ཡང་ན་སོ་སོའི་སྐད་ཡིག་གི་ནང་བྱེད་ཀྱི་ཡོད་མེད་ལ་མ་བལྟོས་པར། དེ་གཉིས་ཀའི་ནང་དོན་སྙིང་མེད་པའི་སྒོ་ནས་ངག་འདོན་བྱེད་སྲིད་པ་ཞིག་རེད། ངག་འདོན་དེ་དག་སོ་སོའི་སྐད་ཡིག་གི་ནང་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་ང་ཚོས་དེ་ལ་དོན་སྙིང་འཕར་མ་ཞིག་ཁ་སྣོན་བྱེད་ཀྱི་ཡོད་པའི་ཁག་ཐེག་བྱེད་ཀྱི་མེད། དེ་ནི་ལས་ཀ་ངོ་མ་གང་ན་ཡོད་པ་དེ་ཡིན་ཞིང་། དོན་ངོ་མར་དེ་ཚོར་རྒྱུ་ཁག་པོ་རེད། དཔེར་ན། བྱམས་པ་ལྟ་བུ་དངོས་སུ་ཚོར་ནས་ངག་འདོན་གྱི་དཔེ་ཆ་རྗེས་མའི་ནང་འགྲོ་རྒྱུ་དེ་ཁག་པོ་རེད། ང་ཚོས་བྱམས་པ་དངོས་གནས་ཚོར་གྱི་ཡོད་དམ། 

སྤྱི་མཐུན་གྱི་ལས་འགན་དང་ལས།

ངའི་དྲི་བ་ནི་གོ་ལ་ཁྱོན་ཡོངས་དང་ས་གནས་ས་ཐོག་གི་ནང་བྱུང་རྐྱེན་འབྱུང་བཞིན་པ་སོང་ཙང་། ཚོགས་སྡེའམ་སྤྱི་མཐུན་གྱི་ལས་དང་འབྲེལ་བའི་སྐོར་ཡིན། ནང་པའི་སྤྱི་མཐུན་གྱི་ལས་ཀྱིས་བྱ་བ་ཇི་ལྟར་བྱེད་དམ། གང་ལྟར་ཡང་། ང་ཚོ་ནང་པ་ཡིན་པའི་ཆ་ནས་དཔེར་ན། འབར་མའི་ནང་གང་འབྱུང་བཞིན་པ་དེ་དང་ཐབས་ཚུལ་འགའ་ཞིག་གི་ཐོག་ནས་འབྲེལ་བ་ཡོད་པ་ཞིག་མ་ཡིན་ནམ། ང་རང་ལ་ཉེ་ཆར་མི་ཞིག་དང་ཐུག་འཕྲད་མ་བྱུང་གི་བར་དུ་ང་རང་འབར་མའི་ནང་ཡོད་པའི་རྨོངས་ཞེན་ཅན་གྱི་ནང་པ་གྲངས་ཉུང་མི་རིགས་ལ་སྡུག་སྦྱོང་གཏོང་མཁན་འདྲ་པོ་རེད་ཅེས་མི་ཞིག་གིས་ཡིན་ཤག་བྱེད་པ་ནི་དེ་སྔ་བྱུང་མྱོང་མེད། 

དྲི་བ་ནི་སྤྱི་མཐུན་གྱི་ལས་དང་དེའི་ཐད་ང་ཚོའི་ལས་འགན་གྱི་སྐོར་རེད། ཐོག་མར་ནང་པ་ཚང་མ་མི་བཟང་པོ་རེད་ཅེས་པའི་རྟོག་སྒྲུང་ཞིག་ཡོད། ང་ཚོས་ཚོགས་སྡེ་གང་འདྲ་ཞིག་གི་མི་རྣམས་ཚང་མ་འདི་དང་འདྲ་བའམ་དེ་དང་འདྲ་པོ་རེད་ཅེས་བརྗོད་མི་ཐུབ། ང་ཚོ་ཚང་མ་སོ་སོ་སྒེར་བྱེ་བྲག་པ་རེ་རེ་རེད། ཚང་མར་ཡག་པོའམ་བཟང་པོ་ཡིན་པའི་བརྒྱ་ཆའི་འབབ་ཀྱི་གནས་བསྡུས་དབྱེ་ཞིབ་ངེས་ཅན་ཞིག་ཡོད་ཆོག་ཀྱང་། དེ་དག་ཡག་པོ་ཡིན་པའི་སྐབས། དེ་ནི་ཧ་ཅང་ཕན་ཐོགས་ཅན་ཞིག་མིན།  

རང་སོ་སོ་སྒེར་གྱི་ལས་འགན་ལ་གཞིགས་ན། གལ་ཏེ་ང་ཚོས་ཆོས་མངོན་པའི་གཞུང་གི་ནང་ནང་པའི་བཟང་སྤྱོད་ཀྱི་གཞི་རྟེན་ལྟ་བུར་དགེ་བའི་ལས་ཚང་མའི་ནང་ཡོད་པའི་སེམས་བྱུང་གི་གྲངས་ཐོ་ལ་བལྟས་ན། དེ་དག་གིས་ནང་རང་སོ་སོའི་ཕ་མའམ་ནང་ཆོས་གང་ཡིན་རུང་ངོ་ཚ་ཤེས་པ་སྟེ། བཟང་སྤྱོད་ཀྱི་རང་མཐོང་དང་། ཁྲེལ་ཡོད་པ་སྟེ། ང་ཚོའི་བྱ་སྤྱོད་ཀྱིས་ཚོགས་སྡེ་ཆེ་བ་ཁག་ལ་ཕན་གནོད་ཇི་ལྟར་སྤྲོད་ཀྱི་ཡོད་པ་དེ་བཅུག་ཡོད། ང་ཚོའི་བྱ་སྤྱོད་རེ་རེས་ཀྱང་གཞན་ལ་ཕན་གནོད་འགྲོ་གི་ཡོད། ནང་པ་ཡིན་པའི་ཆ་ནས་ཁོང་ཚོའི་བྱ་སྤྱོད་ཀྱིས་ང་ཚོར་ཕན་གནོད་འགྲོ་གི་ཡོད་པ་ནང་བཞིན་རེད། གནད་དོན་དེའི་ཐོག་ནས་ཁོང་ཚོའི་སྤྱོད་ལམ་གྱི་འགན་འཁྲི་དེ་ང་ཚོར་མེད། འོན་ཀྱང་ཁོང་ཚོའི་སྤྱོད་ལམ་དེ་ནང་ཆོས་ལ་ཕན་གནོད་འགྲོ་གི་ཡོད་པ་དང་། ང་ཚོས་ནང་ཆོས་ཉམས་ལེན་བྱེད་ཀྱི་ཡོད་པས། དེ་ནི་ཧ་ཅང་གནོད་ཚབས་ཅན་ཞིག་ཡིན་ངེས་རེད། 

འོན་ཀྱང་མི་ཞིག་གིས་ཁོང་ཚོ་ནང་པ་རེད་ཅེས་དང་ཡེ་ཤུ་རེད་ཅེས་བརྗོད་པ་ཙམ་གྱིས་ཁོང་ཚོས་སངས་རྒྱས་དང་ཡེ་ཤུ་མ་ཤི་ཀའི་ཆོས་ཀྱི་རྗེས་སུ་འབྲང་གི་ཡོད་པའི་དོན་མིན། དགེ་འདུན་གྱི་སྡེ་ཚང་མ་སངས་རྒྱས་ཟིན་པ་དང་བོད་པ་ཚང་མ་སངས་རྒྱས་ཡིན་བསམ་པ་དེའང་རྟོག་སྒྲུང་ཞིག་རེད། མི་ནི་མི་རེད། འགྲོ་བ་མི་ཚང་མར་འཁོར་བའི་སྡུག་བསྔལ་དང་དཀའ་ངལ་སོགས་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། 

སྤྱི་མཐུན་གྱི་ལས་ལ་མཚོན་ན། འབར་མ་ལ་ཁོང་ཚོས་བྱ་སྤྱོད་ཇི་ལྟར་སྤེལ་ཡོད་པ་དེའི་འགན་འཁྲི་དེ་ང་ཚོར་ཡོད་དམ། མེད། ང་ཚོ་དེ་ལ་འགན་འཁྲི་གང་ཡང་མེད། མི་རྣམས་ཀྱིས་དེ་ནི་ནང་ཆོས་ལ་ཕན་གནོད་འགྲོ་གི་ཡོད། བྱས་ཙང་། དེས་ང་ལ་ཕན་གནོད་འགྲོ་གི་ཡོད་ཅེས་བརྗོད་ཀྱི་རེད་དམ། རེད། འོན་ཀྱང་ང་ཚོས་ཆོས་ལུགས་ནི་འབྱུང་རྐྱེན་གཅིག་པུ་དེ་མ་རེད་ཅེས་འགྲེལ་བརྗོད་བྱེད་ནའང་། ཁོང་ཚོའི་སྤྱོད་ལམ་དེ་ང་ཚོས་སྲུང་སྐྱོབ་བྱེད་མི་ཐུབ། དེ་དག་གི་ནང་མི་རིགས་སྣ་ཚོགས་པའི་ཚོགས་སྡེའང་ཚུད་ཡོད་པ་དང་། བྷངྒ་ལི་དང་འབར་མའི་དབར་གྱི་རྩོད་རྙོག་ལོ་རྒྱུས་ཤིག་ཀྱང་ཡོད། ལོ་རྒྱུས་ཀྱི་ཆ་རྐྱེན་ཧ་ཅང་མང་པོ་ཡོད་པ་དང་དེ་ལས་སླ་པོ་ཞིག་མེད། ཡིན་ནའང་གང་འབྱུང་བཞིན་པ་དེ་ལ་ང་ཚོས་གཡོལ་ཐབས་བྱེད་ཀྱི་མེད་ལ། དེ་ནི་ཡག་པོ་རེད་ཅེས་བརྗོད་ཀྱི་མེད་པའམ་ཡང་ན་ཆག་ཡང་གཏོང་གི་མེད། འོན་ཀྱང་ང་ཚོས་གཞན་དག་ལ་སྤྱོད་ལམ་དེ་ལྟ་བུ་ནི་སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་འབྲང་གི་ཡོད་ཅེས་བསམ་རྒྱུ་མེད་པའི་སྐོར་འགྲེལ་བརྗོད་བྱེད་དགོས། 

ང་ཚོས་ཁོང་ཚོ་ནི་མི་ཕལ་པ་དང་སྡུག་སྦྱོང་གཏོང་མཁན་གྱི་མི་རྨོངས་པ་ཅན་རེད་ཅེས་འགྲེལ་བརྗོད་བྱེད་དགོས། དེ་ཡང་༧གོང་ས་མཆོག་གིས་ཁ་ཆེའི་ཆོས་ལུགས་དང་འབྲེལ་བའི་སྐོར་གསུང་པ་ལྟར། མི་གནོད་འཚེ་ཅན་དང་སྤྱོད་འཚུབ་ཅན་འགའ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཚང་མ་སྡུག་ཅག་ཡིན་མི་དགོས་ཤིང་། ཆོས་ལུགས་ཚང་མའི་ནང་དེའི་རིགས་ཡོད་ཅེས་གསུངས། མི་སྡེ་ཁག་ཆུང་ངུ་ཞིག་རྒྱུ་མཚན་དུ་བྱས་ནས་མི་ཚང་མ་འཇིགས་སྐུལ་རིང་ལུགས་བ་རེད་ཅེས་བརྗོད་པ་དེས་ཆོས་ལུགས་དེ་ནོར་འཁྲུལ་ཞིག་ཡིན་པ་མཚོན་གྱི་མེད། སོ་སོའི་སྤྱི་ཚོགས་མཉམ་འདུས་ཀྱི་ནང་བྱ་ལས་ཚབས་ཅན་བྱེད་མཁན་ཡོད་པའི་སྐབས། འདིས་ཆོས་ལུགས་གཞན་གྱི་མི་རྣམས་ལ་རྟོག་འཆར་སྐྲུན་རྒྱུ་མེད་པའི་སྐོར་ལ་ཕན་གྱི་ཡོད། ང་ཚོས་དེ་ལྟར་ཡིན་པ་གཞན་དག་ལ་འགྲེལ་བརྗོད་བྱེད་ཆོག་པ་དང་། དེ་ནི་ཞེད་སྣང་ཅན་ཡིན་པར་མོས་མཐུན་བྱེད་ཀྱི་ཡོད། ནང་པ་ཚོས་དེ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། ང་ཚོས་དེ་ནི་གནས་སྟངས་ཧ་ཅང་རྙོག་འཛིངས་ཅན་ཞིག་ཡིན་པ་དང་ངན་པའི་ཁ་གཏད་དུ་བཟང་པོ་ཙམ་མིན། དེ་ལས་གཞན་པ་ང་ཚོས་གང་བྱེད་ཐུབ་བམ།

ངའི་བསམ་པར། ཁྱེད་ཀྱི་དྲི་བ་དེ་ལས་ཀྱི་རྣམ་གཞག་ལས་ཀྱང་སྤྱི་མཐུན་གྱི་ལས་འགན་སྐོར་ལ་མང་བ་འབྲེལ་བ་ཆགས་ཀྱི་འདུག །སྤྱི་མཐུན་གྱི་ལས་ནི་བརྗོད་གཞི་གཞན་ཞིག་རེད། མི་ཚོགས་སྡེ་ཁག་བྱེ་བྲག་པ་འདི་རང་འབྱུང་ཁམས་ཀྱི་རྐྱེན་ངན་ལ་བརྟེན་ནས་རྨས་སྐྱོན་ཅིའི་ཕྱིར་བྱུང་བ་རེད་དམ། དེ་ནི་གནད་དོན་གཞན་ཞིག་རེད། 

མིག་དཔེ་ཞིག་འཇོག་པ་དང་ཕྲུ་གུ་ཚོར་གོ་ལ་སྤྱིའི་རིན་ཐང་བསླབ་པ། 

ནང་པ་ཡིན་པའི་ཆ་ནས། སྙིང་རྗེ་དང་ཞི་བདེ་ལྟ་བུ་ནང་པའི་ཆོས་དད་ངོ་མའི་སྐོར་ལ་གང་མང་ཤོད་དགོས་པའི་དུས་ལ་བབས་མེད་དམ། གང་ཡིན་ཞེ་ན། འཛམ་གླིང་ནང་མི་ཚོས་དེ་ཤེས་དགོས་ཀྱི་ཡོད། 

སྤྱི་མཐུན་གྱི་གནད་དོན་དེ་དག་ལ་གཞིགས་ན། ང་ཚོས་གོ་ལ་ཡོངས་དང་འཇིག་རྟེན་སྤྱིའི་རིམ་པའི་ཐོག་ནས་བསམ་བློ་གཏོང་དགོས་སམ། ངས་འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་གནད་དོན་ཞིག་ཡིན་པ་ནང་བཞིན་དེའི་ཚོད་ཀྱི་སྤྱི་མཐུན་ལས་ཀྱི་གནད་དོན་ཞིག་རེད་བསམ་གྱི་མི་འདུག །ང་ཚོ་སོ་སོ་སྒེར་གྱི་ཐོག་ནས་རང་ངོས་ནས་གྲུབ་པ་ཞིག་མིན། འཛམ་གླིང་ནང་གང་འབྱུང་བ་དེ་དག་ཐམས་ཅད་མི་སྒེར་རེ་རེས་གང་བྱེད་ཀྱི་ཡོད་པ་དང་། མི་རྣམས་ཕན་ཚུན་གྱི་འབྲེལ་བ་ལ་བརྟེན་ནས་འབྱུང་གི་ཡོད། ང་ཚོས་དེ་ལ་མཐུན་རྐྱེན་སྦྱོར་ཆོག་ཀྱང་། ཆ་རྐྱེན་གཞན་ཧ་ཅང་མང་པོ་ཡོད་པ་དེ་ང་ཚོས་ཤེས་དགོས། 

གལ་ཏེ་འབར་མའི་ནང་ཡོད་པ་ནང་བཞིན་ནང་པས་ནང་པ་མིན་པ་ལྟ་བུའི་བྱ་སྤྱོད་སྤེལ་ཁུལ་བྱེད་ཀྱི་ཡོད་ན། ང་ཚོས་ནང་པའི་ཐབས་ལམ་ཡང་དག་པ་དེ་གང་ཡིན་པའི་དཔེ་མཚོན་འཇོག་ཐབས་བྱེད་ཆོག །འོན་ཀྱང་ང་ཚོ་ནི་མི་སྒེར་པ་ཙམ་ཞིག་ཡིན་པ་དང་ང་ཚོས་སྤྱི་མཐུན་གྱི་རྒྱ་ཆེ་བའི་ལྟ་ཚུལ་སྐོར་ལ་སྐད་ཆ་ཤོད་པའི་སྐབས། དེ་ནི་ཐུན་མིན་གྱི་ཐ་སྙད་སྤྱད་ན། མི་སྒེར་པ་མང་པོ་ཞིག་ལ་དངོས་གནས་སྒྲོ་བཏགས་ཤིག་རེད། ང་ཚོས་བསམ་བློ་ཁྱེར་ཕྱོགས་ཀྱི་འགྲོས་ལ་བལྟ་ཆོག །དེ་ཡང་ཕལ་ཆེར་མི་གྲངས་དེ་ཙམ་ཞིག་ནི་བཟང་པོ་ཡིན་པ་དང་མི་གྲངས་དེ་ཙམ་ཞིག་ནི་བཟང་པོ་མིན་ཞེས་གནས་བསྡུས་དབྱེ་ཞིབ་བྱེད་ཆོག་ལ། དེ་ལ་སྒྲོ་བཏགས་ཀྱི་ཚུལ་དུ་ང་ཚོས་མི་བཟང་པོ་སྡེ་ཁག་ཅིག་ཡོད་པ་དང་བཟང་པོ་མིན་པའི་མི་སྡེ་ཁག་ཅིག་འདུག་ཅེས་བརྗོད་ཆོག །བསམ་ཕྱོགས་དེའི་རིགས་ཡོད་པ་དང་རྣམ་གྲངས་དེ་དག་ལ་ཚད་ལྡན་གྱི་རང་བཞིན་ངེས་ཅན་ཞིག་ཡོད། འོན་ཀྱང་རྣམ་གྲངས་དེ་དག་ནི་མི་སྒེར་སོ་སོའི་ངོས་ནས་བྱ་སྤྱོད་བྱེ་བྲག་པ་ཞིག་སྤེལ་བ་ལས་གྲུབ་པ་ཞིག་རེད། 

གནད་དོན་གལ་ཆེན་པོ་ཞིག་ནི་ནང་པའི་ཆོས་དེ་ཉམས་ལེན་གྱི་ནང་དངོས་སུ་ལག་བསྟར་བྱེད་པའི་དོན་དག་གང་ཡིན་པའི་མིག་དཔེ་ཞིག་སྐྲུན་རྒྱུ་དེ་རེད་བསམ་གྱི་འདུག །སངས་རྒྱས་ཀྱིས་ཐབས་ལམ་གཉིས་ཀྱི་སྒོ་ནས་ཆོས་གསུངས་ཡོད། དེ་དག་ནི་ཁོང་གིས་དངོས་སུ་གང་གསུངས་པ་ལ་གཞི་བྱས་པའི་ལུང་གི་བསྟན་པ་དང་། དེ་ནས་ཁོང་གི་རྟོགས་པ་ལ་གཞི་བྱས་པའི་དཔེས་བསྟན་པའི་ཆོས་གཉིས་ཡོད། ང་ཚོས་དེ་གཉིས་ཀའི་སྒོ་ནས་ཆོས་ཁྲིད་བྱེད་ཐུབ། དེ་ཡང་ངག་གི་སྒོ་ནས་དང་ང་ཚོས་བཟོས་པའི་དཔེའི་སྒོ་ནས་ཀྱང་ཤོད་ཐུབ། འདི་ཡང་སྒེར་སོ་སོ་ཁོ་ནས་བྱེད་ཐུབ་པ་ཞིག་རེད། ང་ཚོས་གཞན་དག་ལ་སེམས་སྐུལ་སྦྱིན་ཆོག་ལ། གལ་ཏེ་ཁོང་ཚོའི་དཔེ་ལ་བརྟེན་ནས་མི་གཅིག་ལས་མང་བར་སེམས་སྐུལ་ཐེབས་ཀྱི་ཡོད་ན། དེའི་སྒང་ལ་སྒྲོ་བཏགས་ལྟ་བུའི་བསམ་ཕྱོགས་རྒྱ་ཆེ་བ་ཞིག་ཀྱང་མཐོང་ཐུབ། གནད་དོན་དེའི་ཐོག་ནས་ང་ཚོས་ཤུགས་རྐྱེན་སྤྲོད་ཐབས་དང་གནས་སྟངས་ཡག་ཏུ་གཏོང་ཐབས་བྱེད་ཀྱི་ཡོད། 

ང་ཚོ་དངོས་ཡོད་དང་མཐུན་པ་དགོས་ཀྱི་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ནི་ཁོང་ཉིད་ཀྱི་གཟིགས་ཕྱོགས་དང་ལངས་ཕྱོགས་ཐད་ཧ་ཅང་བློ་གྲོས་དང་ལྡན་པ་རེད། འཛམ་གླིང་ནང་གི་དཀའ་ངལ་རྣམས་ལ་དྲག་ཤུལ་དང་། འཚེ་བ། རང་དོན་ཙམ་གྱིས་གདོང་ལེན་བྱེད་སྟངས་ལ་གཞིགས་ན། དར་མའི་གནས་སྐབས་ཀྱི་མི་ཚེའི་ནང་གོམས་གཤིས་དང་འགྲོས་ལ་འགྱུར་བ་གཏོང་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་རེད། 

ང་ཚོས་གང་བྱེད་དགོས་ཞེ་ན། ཤེས་ཡོན་ལམ་ལུགས་ལ་འགྱུར་བ་གཏོང་དགོས། དེ་འདྲ་བྱུང་ན། ཕྱི་དངོས་པོའི་རིན་ཐང་ཙམ་ལ་སློབ་སྦྱོང་མི་སྤྲོད་པར། དེའི་སྒང་ལ་ང་ཚོས་གོ་ལ་སྤྱིའི་རིན་ཐང་ཡང་ན་འགྲོ་བ་མའི་གཞི་རྩའི་རིན་ཐང་དང་འབྲེལ་བའི་ཤེས་ཡོན་རྣམས་ཁ་སྣོན་བྱེད་དགོས། འདི་ནི་ཆོས་ལུགས་རིས་སུ་མ་ཆད་པས་ཁས་ལེན་བྱེད་པ་མ་ཟད། ཆོས་ཁས་མི་ལེན་མཁན་ཚོས་ཀྱང་ཁས་ལེན་བྱེད་པའི་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ཅེས་ཟེར་བ་དེ་རེད། འདིའི་ནང་གཞི་རྩའི་བྱམས་བརྩེ་དང་། བཟོད་པ། བཟོད་ཡངས། བརྩེ་སེམས་ལྡན་པ། གཞན་ལ་སེམས་ཁུར་བྱེད་པ་སོགས་གཞི་རིམ་གྱི་གནད་དོན་ཁག་ཚུད་ཡོད། 

ང་ཚོས་རིན་ཐང་དེ་དག་ཧ་ཅང་གཞོན་པའི་ཕྲུ་གུ་ཚོར་བསླབ་རྒྱུ་འགོ་འཛུགས་བྱེད་ཆོག །བྱེད་སྒོའི་རིགས་མང་པོ་འགོ་འཛུགས་བྱས་ཡོད། དཔེར་ན། ཨ་རིའི་ནང་སློབ་ཆེན་གཅིག་དང་རྒྱ་གར་ནང་སློབ་ཆེན་གཅིག་བཅས་ནས་འདི་ཤེས་ཡོན་ལམ་ལུགས་ཀྱི་ནང་ལག་བསྟར་བྱེད་ཆེད་གཏན་འབེབས་སློབ་ཚན་ཞིག་འགོ་འཛུགས་བྱས་དང་བྱེད་མུས་རེད། དེ་ཡང་སློབ་ཚན་ཧ་ཅང་སྟབས་བདེ་ཁག་ལ་བརྟེན་ནས་གཏན་འབེབས་བྱེད་དགོས། ངས་ཁོང་ཚོས་འབད་བརྩོན་བྱེད་བཞིན་པའི་རྒྱུ་ཆ་ཁག་མཐོང་སོང་། དེ་དག་ཧ་ཅང་ཡག་པོ་འདུག །དཔེར་ན། ཁོང་ཚོར་སྔོན་འགྲོའི་འཛིན་གྲྭའི་སློབ་ཕྲུག་ཚོའི་ཆེད་དུ་སློབ་ཚན་ཞིག་ཡོད་པ་དེའི་ནང་སློབ་ཕྲུག་རྣམས་སྒོར་སྒོར་ཞིག་གི་ནང་ལངས་པ་དང་དགེ་རྒན་རྣམས་དཀྱིལ་དུ་ལངས་ཏེ། དགེ་རྒན་གྱིས། “མི་ཞིག་གིས་ཁྱེད་ལ་ཡག་པོ་བྱེད་དུས་ཚང་མས་དེ་ལ་དགའ་པོ་བྱེད་ཀྱི་ཡོད། ཤོག །སྒོར་སྒོར་འདིའི་དཀྱིལ་དུ་ཡོང་ནས་ལོངས་ཨང་” ཞེས་བརྗོད་ཀྱི་འདུག །ཕྲུ་གུ་ཚང་མ་དཀྱིལ་དུ་འགྲོ་བ་དང་། དེ་ནས་སློབ་ཕྲུག་རྣམས་རང་འཇགས་ལོག་འགྲོ་གི་འདུག །དེ་ནས་དགེ་རྒན་གྱིས། “མི་ཞིག་གིས་ཁྱེད་ལ་གནོད་འཚེ་བྱེད་པའི་སྐབས། མི་ཚང་མས་དེ་ལ་དགའ་པོ་བྱེད་ཀྱི་ཡོད། ཤོག །སྒོར་སྒོར་འདིའི་དཀྱིལ་དུ་ཤོག་” ཅེས་བརྗོད་ཀྱི་འདུག །དེ་ནས་སུ་གཅིག་ཀྱང་དཀྱིལ་དུ་སླེབས་ཀྱི་མི་འདུག 

དེ་ལྟར་སློབ་ཕྲུག་ཚོར་བྱམས་བརྩེའི་རིན་ཐང་བསླབ་ཀྱི་འདུག །བྱས་ཙང་། སྟབས་བདེ་པོའི་སྒོ་ནས་ཞུས་ན། ཡག་པོ་དང་བཟང་པོ་བྱ་རྒྱུ་དེ་ནི་གཞན་ཞིག་ལ་གནོད་འཚེ་བྱ་རྒྱུ་ལས་ཡག་ག་ཡོད། དེར་ཁྱད་པར་ཞིག་ཡོད། དེ་འདྲའི་སྒོ་ནས་ང་ཚོས་རིམ་པས་བསམ་བློ་འདི་དག་ཆོས་ལུགས་དང་མ་འབྲེལ་བའི་སྐབས་དོན་གྱི་ཤེས་ཡོན་ལམ་ལུགས་ཀྱི་ནང་ངོ་སྤྲོད་བྱེད་ཐུབ། ད་བར་སྔོན་འགྲོའི་ལས་འཆར་རྣམས་ཧ་ཅང་ལམ་ལྷོང་བྱུང་ཡོད། གལ་ཏེ་ང་ཚོས་སྤྱི་མཐུན་གྱི་སྒོ་ནས་གནས་སྟངས་འགྱུར་བ་འགྲོ་བའི་སྐོར་བཤད་ན། ང་ཚོས་དངོས་གནས་ཕན་ནུས་ཅན་ཡིན་སྲིད་པའི་རིམ་པ་དེ་ནས་འགོ་འཛུགས་བྱེད་ཆོག །འདི་ལ་དུས་ཚོད་འགོར་རྒྱུ་ཡིན་པས་ང་ཚོས་བཟོད་སྒོམ་བྱེད་དགོས། དེ་དག་ནི་དངོས་གནས་ན་གཞོན་གྱི་སློབ་ཕྲུག་ཚོའི་མ་འོངས་མི་རབས་ཀྱི་ཆེད་དུ་རེད། 

དེ་ལྟ་བུའི་ལས་གཞི་ལ་བརྟེན་ནས་གལ་ཏེ་ང་ཚོས་གཞོན་སྐྱེས་ཚོའི་མགོ་བོ་སྒུར་ནས་ཁ་པར་འཐོམས་པ་དེ་ནས་མགོ་བོ་ཡར་འདེགས་ཐུབ་པ་དང་། མི་གཞན་དག་དང་མཉམ་དུ་དངོས་གནས་མཉམ་བཞུགས་བྱེད་ཐུབ་ན། མ་འོངས་པའི་ཆེད་དུ་རེ་བ་ཞིག་བཅང་ཐུབ། དེ་ནི་གདོང་ལེན་བྱེད་དགོས་པའི་གནད་དོན་ཆེན་པོ་ཞིག་ཆགས་ཀྱི་རེད། མཐོང་ཆོས་སུ་མི་སྣང་བའི་གནས་ལུགས་ཀྱི་ཉི་ཤེལ་དེ་དབང་དུ་བསྡུ་བའི་སྐབས། མི་རྣམས་ཀྱིས་དེ་འཛམ་གླིང་དངོས་ཀྱི་ནང་འཇུག་པའི་ཆེད་བེད་སྤྱོད་བྱ་རྒྱུ་ཧ་ཅང་ཁག་པོ་ཆགས་ཀྱི་རེད། ནང་པའི་ཆོས་ལ་ཡིད་ཆེས་ཡོད་པའི་མི་ཡིན་པའི་ཆ་ནས་ང་ཚོས་མ་འོངས་པར་མི་རྣམས་ལ་ཕན་ཐོགས་ཇི་ལྟར་བྱེད་ཐུབ་པའི་ཐབས་རྣམས་འཚོལ་ཐབས་བྱ་རྒྱུ་དེ་ང་ཚོའི་ལས་འགན་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། གཞོན་སྐྱེས་ཀྱི་མི་རབས་ཚོར་དཀའ་ངལ་གང་འཕྲད་རྒྱུ་ཡིན་པ་ང་ཚོས་སྔོན་ཚུད་ནས་མཐོང་ཐུབ་ཀྱི་ཡོད། ང་ཚོས་མ་འོངས་པའི་མི་རབས་མང་ཆེ་བ་མི་གཟུགས་འཕྲུལ་ཆས་དང་བཅོས་མའི་རྣམ་དཔྱོད་དང་བརྗེ་པོ་རྒྱག་པའི་སྐབས། ཉེན་ཁ་དེ་དག་ལས་ཐར་བའི་ཆེད་ང་ཚོས་ཕན་ཕོགས་ཇི་ལྟར་བསྒྲུབ་རྒྱུ་ཡིན་པའི་ཐད་ད་ལྟ་ནས་བསམ་བློ་གཏོང་དགོས། ཁོང་ཚོས་སོ་སོའི་མི་ཚེ་ལ་གདོང་ལེན་དང་དོན་སྙིང་ལྡན་པ་ཇི་ལྟར་བཟོ་གི་རེད་དམ། 

ང་ཚོས་འདིའི་སྐོར་ལ་ད་ལྟ་ནས་བསམ་བློ་གཏོང་དགོས། ང་ཚོའི་སྤྱི་མཐུན་གྱི་ལས་འགན་ནི་མ་འོངས་པའི་མི་རབས་དང་ད་ལྟའི་ཕྲུ་གུ་ཚོའི་ཆེད་དུ་ཡིན་པ་དང་། ཕྲུ་གུ་དེ་དག་ཀྱང་ལོ་གཅིག་དང་ཕྱེད་ཀར་སླེབས་པ་རྣམས་འཆར་ཤེལ་ཡོ་ཆས་ཀྱི་རྩིས་འཕྲུལ་རིགས་ (tablet monitor) དང་མཉམ་དུ་ལས་ཀ་བྱས་ཟིན་པ་རེད། ཁོང་ཚོ་འཚར་ལོངས་བྱུང་བའི་སྐབས། གང་འདྲ་ཞིག་ཆགས་ཀྱི་རེད་དམ། གལ་ཏེ་ང་ཚོ་གཞན་དོན་བསྒྲུབ་མཁན་གྱི་ནང་པ་འགན་འཁྲི་ཅན་ཞིག་བྱེད་རྩིས་ཡོད་ན། དེ་ནི་དངོས་གནས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་རེད། 

ཕན་ཐོགས་ཅན་གྱི་དབང་རྩའི་བགྲོད་ལམ་གསར་པ་སྐྲུན་པའི་སྐོར་གྱི་བསླབ་བྱ་མཐའ་མ།

ང་ཚོས་གང་གྲོས་བསྡུར་བྱས་པའི་ཕྱོགས་བསྡོམས་ལ། སྒོམ་གྱི་སྐོར་ཤོད་པའི་སྐབས། དེ་ནི་དགེ་བ་དང་བཟང་ཕྱོགས་ཀྱི་གོམས་གཤིས་སྐྲུན་རྒྱུ་དང་། དབང་རྩའི་བགྲོད་ལམ་སྔར་ལས་བཟང་བ་ཞིག་སྐྲུན་དགོས་པའི་དོན་རེད། དེ་ནི་ང་ཚོས་གང་བྱེད་བཞིན་པ་དེ་རེད། ང་ཚོས་ཐོག་མར་འགོ་འཛུགས་བྱེད་པར། སེམས་ཞི་འཇམ་བཟོ་དགོས་ངེས་རེད། ཡིན་ནའང་སེམས་ཞི་འཇམ་བཟོ་བ་ཙམ་དེ་ནི་འགོ་འཛུགས་གཅིག་པུ་དེ་རེད། དེ་ནི་གྲ་སྒྲིག་དེ་རེད། ལས་ཀ་ངོ་མ་ནི་སེམས་ཀྱི་གནས་བབས་དགེ་བ་དང་བཟང་པོ་སྐྱེད་དགོས་རྒྱུ་དེ་རེད། 

དཔེར་ན། གལ་ཏེ་ང་ཚོས་གསང་སྔགས་ཀྱི་ཉམས་ལེན་ཕན་ནུས་ལྡན་ལ་ཁྱད་པར་དུ་འཕགས་པ་དེ་དག་ལ་འཇུག་རྩིས་ཡོད་ན། གྲ་སྒྲིག་ཡང་དག་པ་ཞིག་དགོས་ཀྱི་ཡོད། ང་ཚོས་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་གི་ཡོད་པ་ལ་གཞིགས་ནས་བསམ་བློ་གཏོང་དགོས། གལ་ཏེ་ང་ཚོས་འབྲས་བུ་ཞིག་འཐོབ་འདོད་ཡོད་ན། ང་ཚོས་དེའི་རྒྱུ་རྣམས་སྐྲུན་དགོས། དེ་ནས་གནས་སྟངས་ཚང་མ་རྒྱུ་དང་འབྲས་བུའི་རྗེས་སུ་ཡོང་གི་རེད། ང་ཚོས་གསང་སྔགས་ཉམས་ལེན་གྱི་ནང་མཉམ་སྡེབ་བྱེད་འདོད་ཡོད་པའི་དུམ་ཚན་སྣ་ཚོགས་དེ་དག་ཐམས་ཅད་ཐོག་མར་སོ་སོ་ནས་འབད་བརྩོན་བྱེད་དགོས་ཀྱི་ཡོད། དེ་ནས་རིམ་པས་ང་ཚོས་དེ་དག་ཚང་མ་གཅིག་ཏུ་མཉམ་སྡེབ་བྱེད་ཐབས་བྱེད་དགོས། 

ང་ཚོས་ཐ་ན་སྙིང་རྗེ་དང་ཤེས་རབ་ཀྱི་སྒོ་ནས་བསམ་བློ་གཏང་ནའང་། ང་ཚོར་དེ་གཉིས་ཀ་དགོས་ཀྱི་ཡོད། ཡིན་ནའང་ཐོག་མར་ང་ཚོས་སྙིང་རྗེ་ཉམས་ལེན་བྱེད་དགོས་པ་དང་དེ་ནས་ཤེས་རབ་ཉམས་ལེན་བྱེད་དགོས། ཡང་ན་གོ་རིམ་གཞན་གྱི་ཐོག་ནས་བྱེད་དགོས། དེ་ནས་དེ་དག་མཉམ་སྡེབ་བྱེད་སྟངས་ཤེས་ཀྱི་རེད། དོན་ངོ་མར་རྟོགས་དགོས་པའི་གནད་དོན་དེ་ནི་ཆོས་ཉམས་ལེན་བྱ་རྒྱུ་དེ་ནི་གོ་དལ་ཆེན་པོའི་ལས་ཀ་ཞིག་རེད། ངའི་དགེ་བའི་བཤེས་གཉེན་ཞིག་གིས། “གལ་ཏེ་ཁྱེད་ཀྱིས་རྟོག་འཆར་གྱི་ཐབས་ལམ་དེ་འདྲ་ཉམས་ལེན་བྱས་ན། དེ་ལ་རྟོག་འཆར་གྱི་འབྲས་བུ་སྨིན་གྱི་རེད། གལ་ཏེ་ཁྱེད་ཀྱིས་དངོས་ཡོད་དང་མཐུན་པའི་ཐབས་ལམ་ཉམས་ལེན་བྱས་ན། དེ་ལ་འབྲས་བུ་དངོས་ཡོད་དང་མཐུན་པ་འབྱུང་གི་རེད་” ཅེས་གསུངས་མྱོང་། ང་ཚོས་ཆོས་ཉམས་ལེན་ལ་དངོས་ཡོད་དང་མཐུན་པའི་སྒོ་ནས་འཇུག་དགོས། གལ་ཏེ་དམིགས་ཡུལ་ཞིག་འགྲུབ་འདོད་ཡོད་ན། ང་ཚོས་གང་བྱ་དགོས་ངེས་དེ་གོ་རིམ་ལྡན་པའི་སྒོ་ནས་དོན་སྙིང་ཡོད་པ་དང་སེམས་རྩེ་གཅིག་ཏུ་བསྒྲིམས་ནས་བྱེད་དགོས། དེ་ལྟར་ཉམས་ལེན་བྱ་རྒྱུ་ཇི་ཙམ་གྱིས་གོམས་འདྲིས་ཆགས་པ་དེའི་ཚོད་ཀྱིས་ང་ཚོའི་ཉམས་ལེན་དེ་རང་རྒྱུད་ལ་འཐིམ་གྱི་རེད། 

མི་རྣམས་ཀྱིས་ཡང་སེ་རྣམ་དཔྱོད་ཀྱི་ཤེས་རྟོགས་དང་ “ལྷན་སྐྱེས་ཀྱི་རིག་སྟོབས་” སམ་ཡང་ན་སེམས་ཚོར་གྱི་ཤེས་རྟོགས་གཉིས་དབར་གྱི་ཁྱད་པ་སྐོར་འདྲི་གི་ཡོད། འདི་ནི་ང་ཚོ་གནད་དོན་ཞིག་ལ་ཇི་ཙམ་གྱིས་ཡིད་ཆེས་དང་ངེས་ཤེས་རྙེད་ཡོད་མེད་དང་འབྲེལ་བ་ཆགས་ཡོད། རྣམ་དཔྱོད་ཀྱི་ཤེས་རྟོགས་ལ་བརྟེན་ནས་ང་ཚོས་གནད་དོན་ཞིག་རྟོགས་པ་དང་དེ་བདེན་པ་ཡིན་པ་དང་ཕན་ཐོགས་ཅན་ཞིག་ཡིན་པའང་ཤེས་ཀྱི་ཡོད། འོན་ཀྱང་དེ་ནི་ཡིད་ཆེས་རྙེད་པ་ཁོ་ན་མིན། ང་ཚོ་གནད་དོན་ཞིག་དངོས་སུ་ཚོར་བ་ལ་ཧ་ཅང་གོམས་འདྲིས་ཆགས་དགོས། དེ་ནི་ང་ཚོ་བློ་ཁོག་གི་སྙིང་རྗེ་དང་བྱམས་པའི་ཚོར་བ་ཞིག་རྙེད་ཐབས་དེ་རེད། ང་ཚོ་དེ་ལ་ཧ་ཅང་གོམས་ནས་ཡོད། དེ་ནི་ “ངས་ཚང་མར་བྱམས་བརྩེ་སྤྲོད་དགོས། ཁོང་ཚོ་ནི་ང་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་” ཞེས་བསམ་པ་ཙམ་དེ་མ་རེད། ང་ཚོས་དེ་ཤེས་ཐུབ་ཀྱང་། ད་དུང་ཡང་ང་ཚོ་བསུན་གཙེར་ཅན་ཆགས་ཀྱི་ཡོད། ང་ཚོས་སྙིང་རྗེ་གོང་འཕེལ་གཏོང་རྒྱུ་དེ་དགེ་བ་ཞིག་ཡིན་པར་ཡིད་ཆེས་བྱེད་ཐུབ། འཛམ་གླིང་ཁྱོན་ཡོངས་གཞན་དོན་དང་སེམས་བཟང་ལ་བརྟེན་ནས་ཡོད་པ་མོས་མཐུན་བྱེད་ཐུབ། ཁོང་ཚོས་ལས་ཀ་བྱེད་ཀྱི་ཡོད་པ་དང་ང་ཚོས་བྱེད་མི་དགོས། ཡིན་ནའང་ང་ཚོས་སྒོམ་རྒྱག་ནས་འདི་ཡང་ནས་ཡང་དུ་བསྐྱེད་ན། དེས་དགེ་བའི་དབང་རྩའི་བགྲོད་ལམ་སྐྲུན་པ་དང་། དེ་ང་ཚོས་ཚོར་གྱི་ཡོད། 

དེ་ནི་ང་ཚོས་དབང་རྩའི་མཉེན་ཆའམ་དབང་རྩའི་འགྱུར་རུང་གི་རང་བཞིན་ལ་བྱེད་དགོས་ངེས་དེ་རེད། སོ་སོའི་སེམས་ཇི་ལྟར་གཡེང་གི་ཡོད་པ་དེ་འགྱུར་བ་གཏོང་དགོས། ང་ཚོས་དེ་ལྟར་བྱེད་ཐུབ་པའི་ཐབས་གཅིག་རང་ཡོད་པ་ནི་རྒྱུ་དང་འབྲས་བུའི་སྒོ་ནས་རེད། ཐོག་མར་གོ་རྟོགས་རྙེད་རྒྱུ་དང་ཆོས་ཡང་དག་པ་ཡིན་པར་ཡིད་ཆེས་རྙེད་དགོས། དེ་ནས་ང་ཚོར་ཡིད་ཆེས་དང་གདེང་ཚོད་དེ་ཡོད་པ་དང་དེ་དག་ཤེས་ཐུབ་ཀྱི་རེད། 

ངས་འདིར་ཤོད་དགོས་ངེས་ཤིག་ནི། འཕགས་པ་ཐོགས་མེད་ཀྱི་གདམས་ངག་ཅིག་ནས་བྱུང་བ་ལྟར། ཕན་ཐོགས་ཅན་གྱི་གོམས་གཤིས་འདི་དག་སྐྲུན་པར། ང་ཚོས་རང་གིས་རང་ལ་ཚིག་ལ་བརྟེན་ནས་དྲན་གསོ་གཏོང་དགོས་པ་ཆགས་སྲིད། ང་ཚོས་གནད་དོན་ཞིག་ལ་དམིགས་པ་གཏད་ཐབས་བྱེད་སྐབས། སོ་སོའི་སེམས་མཐའ་གཅིག་ཏུ་ཞི་འཇམ་བཟོ་དགོས་པ་དང་རྩེ་གཅིག་པའི་ཏིང་ངེ་འཛིན་ཡང་དག་པ་འཐོབ་དགོས་པའི་གོ་བ་ལོག་སྒྲུབ་ཅིག་ཡོད། དེ་ནི་ངག་གི་བསམ་བློ་ཚང་མ་ལས་ཡོངས་སུ་བྲལ་བའི་ཏིང་ངེ་འཛིན་ལ་ནན་བརྗོད་ཆེ་དྲགས་ཀྱི་ཡོད། གཞུང་གི་ནང་ང་ཚོས་སེམས་ཀྱི་གནས་བབས་ཀྱི་ཚིག་ལ་བརྟེན་ནས་སྐྱེད་ཐབས་བྱེད་པའི་རང་གིས་རང་ལ་དྲན་གསོ་གཏོང་བ་ནི་རྣམ་གཡེང་ཞིག་མིན། རྣམ་གཡེང་ཡང་ན་སེམས་གཡེང་བ་ཞེས་པ་ནི་གནད་དོན་རྦད་དེ་མི་འདྲ་བ་ཞིག་ལ་བསམ་བློ་གཏོང་བ་དེ་རེད། སེམས་རྩེ་གཅིག་ཏུ་གནས་པའི་ཕྱིར། སྐབས་རེར་ང་ཚོས་རང་གིས་རང་ལ་སྙིང་རྗེ་དང་བྱམས་པ་ལྟ་བུའི་ཚིག་གནད་ལ་བརྟེན་ནས་དྲན་གསོ་བྱེད་དགོས། དེས་རྩེ་གཅིག་ཏུ་གནས་པར་ཕན་གྱི་ཡོད། དེ་མིན་ང་ཚོ་དེར་སྟོང་ལྷང་ལྷང་གི་རྣམ་གཡེང་ནང་སྡོད་སྲིད་པས། དེ་ནི་དོན་དག་མེད་པ་རེད། ང་ཚོ་སྟོང་ལྷང་ལྷང་གི་རྣམ་གཡེང་ནང་འགྲོ་འགོ་བཙུགས་ནས་གང་ཡང་མི་དྲན་པའི་སྐབས། རང་གིས་རང་ལ་དྲན་གསོ་གཏོང་དགོས། དེ་ནི་ཚིག་ཧ་ཅང་རིང་པོ་དེ་འདྲ་མི་དགོས་པར། གནད་འགག་ཅན་གྱི་ཚིག་ཅིག་དགོས། དེ་དག་རང་རྒྱུད་ལ་འཐིམ་པའི་ཆེད་ཏོག་ཙམ་རིང་སྒུག་དགོས། 

ཉམས་ལེན་དེ་སེམས་ཀྱི་རྩལ་སྦྱོང་ལྟར་ལྟ་བ། 

ང་ཚོའི་གསང་སྔགས་ཉམས་ལེན་དང་ལྷག་པར་དུ་སྒྲུབ་ཐབས་བཟླས་བརྗོད་ཁག་སེམས་ཀྱི་རྩལ་སྦྱོང་ལྟར་ལྟ་རྒྱུ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་རེད་བསམ་གྱི་འདུག །ང་ཚོ་མང་པོ་ཞིག་གིས་ལུས་སྦྱོང་གི་རིགས་བྱེད་ཀྱི་ཡོད་པ་དང་། དེའི་ནང་ང་ཚོས་ལུས་རྩལ་འདྲ་མིན་རྩེ་བ་དང་དེ་དག་ཡང་ནས་ཡང་དུ་བསྐྱར་སྦྱོང་བྱེད་ཀྱི་ཡོད། དེ་ནི་ང་ཚོ་ལུས་པོའི་ཆ་ནས་སྟོབས་ཤུགས་ལྡན་ལ་འཕྲད་བསྟེན་དང་ལྡན་པ་ཆགས་ཕྱིར་རེད། གསང་སྔགས་ཉམས་ལེན་དེ་ནི་སེམས་ཀྱི་ལུས་རྩལ་ཞིག་ཡིན་པ་དང་། གལ་ཏེ་ང་ཚོས་སྒྲུབ་ཐབས་ཀྱི་ཉམས་ལེན་ཡང་དག་པར་བྱས་ན། དེ་ནི་དངོས་གནས་རྩལ་སྦྱོང་ཞིག་རེད། ང་ཚོར་བླ་མ་རྣམས་དང་། ཚད་མེད་བཞི། སྐྱབས་འགྲོ། བྱང་ཆུབ་ཀྱི་སེམས། རྡོར་སེམས་སྒོམ་བཟླས། བླ་མའི་རྣལ་འབྱོར་སོགས་གཅིག་རྗེས་གཉིས་མཐུད་ཀྱི་བྱིན་རླབས་དང་སེམས་སྐུལ་ཡོད། དེ་ནི་རྩལ་སྦྱོང་ཞིག་རེད། ང་ཚོས་དོན་མེད་ཀློག་འདོན་བྱས་ནས་ཤོག་ལྷེ་བརྗེ་པོ་རྒྱག་ཆོག་ལ། དེ་སེམས་ཀྱི་གནས་བབས་དེ་དག་གཅིག་རྗེས་གཉིས་མཐུད་དུ་སྐྱེད་ཐབས་སུ་སེམས་ཀྱི་རྩལ་སྦྱོང་ལྟར་བེད་སྤྱོད་བྱེད་ཆོག །གང་ལྟར་ཡང་། ང་ཚོ་གྲ་སྒྲིག་ཨང་བསར་དགོས་ཤིང་། དེའི་དོན་ནི་ང་ཚོས་སྔོན་ཚུད་དེ་དག་རེ་རེ་ཐོག་ལ་འབད་བརྩོན་བྱེད་དགོས། དེ་ལྟར་བྱུང་ན། ཆ་ཤས་རེ་རེ་སྐྱེད་པར་དུས་ཚོད་ཧ་ཅང་རིང་པོ་གཏོང་མི་དགོས། ང་ཚོ་དེ་དང་མཉམ་དུ་གོམས་འདྲིས་ཐེབས་པ་ཞིག་དགོས་པ་དང་། དེ་ནས་རྩལ་སྦྱོང་གི་ཚུལ་དུ་ང་ཚོ་དེ་དག་ཐམས་ཅད་བརྒྱུད་དེ་འགྲོ་དགོས། གལ་ཏེ་ང་ཚོས་དེ་འདྲ་ཞིག་བྱེད་ཐུབ་ན། དེ་ནི་ངོ་མཚར་སྐྱེ་འོས་པ་ཞིག་རེད། ལུས་ཀྱི་རྩལ་སྦྱོང་གིས་ང་ཚོ་ནུས་སྟོབས་ཆེ་བ་བཟོ་ཐུབ་པ་ནང་བཞིན་སེམས་དང་སེམས་ཚོར་གྱི་རིམ་པའི་ཐོག་ནས་ནང་གི་རྟོགས་པ་དེ་དག་གིས་ང་ཚོ་ནུས་ཤུགས་ཆེ་བ་བཟོ་གི་ཡོད། 

གལ་ཏེ་ང་ཚོས་སོ་སོའི་ཉམས་ལེན་ལ་དེ་འདྲའི་སྒོ་ནས་བལྟས་ན། མི་ཚེ་ལྷག་མའི་ནང་ཉིན་ལྟར་གསང་སྔགས་ཀྱི་ངག་འདོན་དང་དམིགས་རྣམ་སྐྱོང་ཚུལ་ཉམས་ལེན་འགའ་ཞིག་བྱ་རྒྱུ་དམ་བཅའ་འཇོག་པའི་སྐབས། ང་ཚོས་དེ་ནི་ཉོབ་སྣང་ཅན་ཞིག་ཏུ་བསམ་བློ་གཏོང་གི་མ་རེད། ང་ཚོས་དེ་འདྲའི་སྒོ་ནས་བལྟ་བའི་སྐབས། དེ་ནི་ཧ་ལས་པའི་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་རེད། ང་ཚོའི་སྒྲུབ་ཐབས་ཀྱི་ལག་དེབ་ནི་ང་ཚོའི་རྩལ་སྦྱོང་གི་ལག་དེབ་ཅིག་ཡིན་པ་དང་། དེ་ལ་མཁས་པར་བྱ་བར་མི་ཚེ་གཅིག་ལས་མང་བ་འགོར་གྱི་རེད། ཡིན་ནའང་ང་ཚོས་ཉམས་ལེན་གྱི་རིགས་དེ་འདྲ་ཡོད་པ་ནི་ཅི་འདྲའི་ཡག་པོ་ཡིན་པར་ཡི་རང་བྱེད་པ་དང་གསང་སྔགས་ཀྱི་ཐབས་ལ་གུས་ཞབས་ཆེན་པོ་བྱེད་དགོས། 

བསྔོ་བ།

འདི་ལས་བྱུང་བའི་གོ་རྟོགས་དང་དགེ་བའི་ནུས་པ་གང་ཅི་མཆིས་པ་ཀུན་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བ་དང་། འདིས་གཞན་དོན་ཆེད་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག་གུ།།

Top