གཞི་ལ། མཚན་ཉིད་ཚང་བའི་དགེ་བའི་བཤེས་གཉེན་དང་དལ་འབྱོར་མི་ལུས།

གཞུང་འདིའི་མཛད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ།

ཁྱེད་རང་ཚོ་འདིར་ཕེབས་པ་ཚང་མ་དམ་པའི་ཆོས་ལ་དོ་དབྱིངས་ཆེན་པོ་ཡོད་པ་དང་ཉམས་སུ་ལེན་རྒྱུར་འདུན་པ་ཤུགས་དྲག་ཡོད་པ་ཤ་སྟག་ཆགས་ཡོད། ཁྱེད་རང་ཚོས་ང་འདིར་ཆོས་འཆད་པར་ཡོང་རོགས་ཞེས་སྐད་བཏང་པ་རེད། ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོས་འབོད་སྐུལ་བྱས་པ་ལྟར་འཆད་པར་འགྱུར་བའི་གཞུང་ནི་གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ཡོན་ཏན་གཞིར་འགྱུར་མ་རེད།

ཡོན་ཏན་གཞིར་འགྱུར་མའི་གཞུང་འདི་ཧ་ཅང་རིང་པོ་མེད་པར་ཚིག་ཉུང་ལ་གོ་བདེ་བ་ཞིག་ཡོད་ཀྱང་། ཚིང་ཉུང་ངུའི་ནང་གང་བརྗོད་པ་དེ་ཧ་ཅང་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡོད། གཞུང་དམིགས་བསལ་འདིའི་ནང་སྦྱོར་བའི་ཆོས་གསུང་པ་དང་། སྐབས་རེ་སྦྱོར་ཆོས་ལ་ལམ་རིམ་གྱི་སྦྱོར་བའི་ཆོས་ཞེས་འབོད་ཀྱི་ཡོད། སྦྱོར་ཆོས་ནང་གསོལ་བ་འདེབས་པའི་དུམ་ཚན་རྣམས་གཏོགས་ཡོད། གཞུང་འདིས་བསྟན་བཅོས་ཚད་ལྡན་ཁག་གི་གནད་ཀུན་བསྡུས་པ་དང་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པའི་དབང་དུ་བྱས་ཏེ་བསྒྲིགས་ཤིང་། ཁྱད་པར་དུ་གནའ་བོའི་རྒྱ་གར་གྱི་མཁས་གྲུབ་དུ་མའི་ཁྲོད་དུ་ཡོངས་སུ་གྲགས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་ནང་གསུང་པ་བཞིན། སྐྱེ་བོ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པ་དང་སྒོ་བསྟུན་ནས་མཛད་ཡོད།

ང་ཚོའི་གཞུང་འདིའི་ནང་མཇལ་རྒྱུ་ཡོད་པའི་གདམས་ངག་གམ་ཆོས་རྣམས་རྒྱ་གར་མཁས་པའི་དབང་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཀྱི་རྒྱུད་པ་ལས་བྱུང་། ཁོང་གཉིས་ནི་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས་ཤིང་། འཕགས་པའི་ཡུལ་གྱི་མཁས་གྲུབ་ཀུན་གྱི་ཁྲོད་ནས་གཟེངས་སུ་ཐོན་པ་ཡིན། མགོན་པོ་ཀླུ་སྒྲུབ་ཀྱིས་རྗེ་བཙུན་འཇལ་དཔལ་དབྱངས་ཀྱི་དྲུང་ནས་གདམས་ངག་གསན་པ་དང་། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་མགོན་པོའི་དྲུང་ནས་གསན། སློབ་དཔོན་དེ་གཉིས་ལས་བརྒྱུད་པའི་རྒྱུད་པ་ལ་རིམ་པ་བཞིན་དུ་ “ཟབ་མོ་ལྟ་རྒྱུད་” དང་ “རྒྱ་ཆེན་སྤྱོད་རྒྱུད་” ཅེས་ཡོངས་སུ་གྲགས། འོན་ཀྱང་བདག་ཅག་གི་དུས་འདིར་སྟོན་པ་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པ་ནི་རྒྱུད་པ་དེ་གཉིས་ཀའི་མཐར་ཐུག་གི་འབྱུང་ཁུངས་གཅིག་པུ་དེ་ཡིན།

སངས་རྒྱས་ཤཱཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་ཐེངས་གསུམ་བསྐོར། ཆོས་འཁོར་གསུམ་གྱི་སྐབས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྨིན་པའི་ཆེད་ཁོང་གིས་འདུལ་བྱའི་ཁམས་དང་མོས་པར་གཞིགས་ཏེ་ཆོས་སྣ་ཚོགས་ཤིག་བསྟན། སངས་རྒྱས་ལ་སློབ་མ་དུ་མ་ཡོད་པ་ལས་ཐོག་མར་འཁོར་ལྔ་སྡེ་བཟང་པོ་དང་། དེ་ནས་ཉན་ཐོས། རང་རྒྱལ། བྱང་ཆུབ་སེམས་དཔའ་སོགས་ཡོད། དེ་དག་ལས་མང་པོ་ཞིག་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་པ་བྱུང་ཡོད།

པདྨ་སྣང་སུ་ཅན་ (Pema Nangsu-chen) ཞེས་བྱ་བའི་སངས་རྒྱས་ཀྱི་སློབ་མ་ཞིག་ཡོད་པ་དེས་བྱང་ཆུབ་སེམས་ཀྱིས་ཟིན་པའི་ཐོག་ནས་སངས་རྒྱས་ལ་ཤེལ་གྱི་ཕྲེང་བ་ཞིག་ཕུལ་ཏེ། དམ་པའི་ཆོས་ཕྱོགས་ཀུན་ཏུ་དར་བ་ཤོག་ཅེས་འདུན་ཤུགས་དྲག་པོས་སྨོན་ལམ་བཏབ། དེ་གཟིགས་པ་དང་སངས་རྒྱས་ཀྱིས། ཕྲེང་རྡོག་བརྒྱ་ཅན་གྱི་ཤེལ་གྱི་ཕྲེང་བ་ཕུལ་མཁན་དེ་མ་འོངས་པར་བོད་ཅེས་པའི་བྱང་ཕྱོགས་ཀྱི་ཡུལ་དུ་སྐྱེ་བ་བླངས་ནས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་བཏང་བ་དང་། བོད་དུ་སངས་རྒྱས་ཀྱི་སྐུ་བརྙན་ལ་དབུ་རྒྱན་སྒྲོན་ནས་དེ་ལ་མཆོད་པ་རྒྱ་ཆེར་མཛད་པར་འགྱུར་ཞེས་ལུང་བསྟན་མཛད།

ཡང་སྐབས་གཞན་ཞིག་ལ། སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་དབྱར་གནས་ལ་བཞུགས་པའི་དུས་སུ་ལུ་གཅིག་ (Luchig) ཅེས་པའི་བུ་ཆུང་ཞིག་གིས་སངས་རྒྱས་ལ་དགེ་འདུན་འདུས་པའི་དབུས་སུ་ཆོས་དུང་ཞིག་ཕུལ། སངས་རྒྱས་ཀྱིས་ཆོས་དུང་དེ་མོའུ་གལ་གྱི་བུ་ལ་བསྩལ། མོའུ་གལ་གྱི་བུ་ནི་རྫུ་འཕྲུལ་ལ་ཤིན་ཏུ་མཁས་པས། སངས་རྒྱས་ཀྱིས་ཆོས་དུང་དེ་མཚོ་དང་བྲག་གཡང་ཐུག་མཚམས་ཀྱི་ས་ཆ་སྟེ། བྱང་ཕྱོགས་ཁ་བའི་ཡུལ་དུ་སྦོས་ཤིག་ཅེས་བཀའ་བསྩལ་བ་དང་། མ་འོངས་པར་ས་ཆ་དེ་ནས་དམ་པའི་ཆོས་དར་ཏེ་ཁྱབ་པར་བྱེད་དོ་ཞེས་ལུང་བསྟན།

ལུང་བསྟན་དེ་ལྟར་བསྟན་པ་བཞིན། མཉམ་མེད་རྗེ་ཙོང་ཁ་པ་ཆེན་པོ་མཆོག་བྱང་ཕྱོགས་ཁ་བའི་ལྗོངས་སུ་སྐུ་འཁྲུངས་ཏེ། དེར་སྦས་པའི་ཆོས་དུང་བཏོན། ཁོང་གིས་ཆོས་དུང་དེ་རང་གི་སློབ་མ་འཇམ་དབྱངས་ཆོས་རྗེར་གནང་། འཇམ་དབྱངས་ཆོས་རྗེ་ནི་འབྲས་སྤུངས་དགོན་ཕྱག་བཏབ་མཁན་ཡིན་ཞིང་། དགོན་པ་དེའི་ནང་དགེ་འདུན་ཞལ་གྲངས་ ༧༧༠༠ ཙམ་ཡོད། དེ་ལྟར་རྗེ་ཙོང་པ་ཁ་ཆེན་པོ་མཆོག་བོད་དུ་དམ་པའི་ཆོས་སྟོན་པར་ཕེབས་པ་ཡིན།

དེ་བཞིན་ལུང་བསྟན་པ་བཞིན། རྗེ་ཙོང་ཁ་པ་ཆེན་པོས་མདོ་སྔགས་གཉིས་ལ་སློབ་གཉེར་མཐར་ཕྱིན་པ་མཛད་པ་དང་། དམ་པའི་ཆོས་ལ་ཐོས་པ་རྒྱ་ཆེར་མཛད་དེ་ཤིན་ཏུ་མཁས་པར་གྱུར། ཁོང་གིས་དམ་ཆོས་ལ་ཐོས་པ་ཙམ་མ་ཟད་ཐོས་དོན་བསམ་པ་དང། བསམ་དོན་སྒོམ་ལ་རོལ་ཏེ་ཐུགས་རྒྱུད་ཤིན་ཏུ་བྱམས་པ་དང་བརྩེ་བའི་བདག་ཉིད་དུ་གྱུར། དེ་ལྟར་ཁོང་གིས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གྱི་རྩལ་ཕུལ་དུ་ཕྱིན་པར་མཛད། རྒྱུ་མཚན་དེ་དག་ལ་བརྟེན་ནས་གདུལ་བྱ་སློབ་མ་དུ་མའི་སེམས་རྒྱུད་སྨིན་པར་མཛད་པ་དང་མཛད་པ་འཕྲིན་ལས་བརྗོད་ཀྱིས་མི་ལང་བ་བསྐྱངས།

སྐུ་གསུང་ཐུགས་གསུམ་གྱི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་དེ་དག་ཚང་མའི་སྟེང་ད་དུང་རྗེ་ཙོང་ཁ་པ་ཆེན་པོས་སངས་རྒྱས་ཀྱི་གསུང་གི་ཡོན་ཏན་ལ་ལེགས་པར་སྦྱངས་ནས་མཁས་པའི་ཕུལ་དུ་བྱུང་། ཁོང་གིས་པོ་ཏི་དུ་མའི་བདག་ཉིད་ཅན་གྱི་གསུམ་འབུམ་ཁག་མང་པོ་བརྩམས་ཤིང་། རྒྱ་གར་གྱི་ནང་པའི་མཁས་དབང་རྣམས་ཀྱི་གཞུང་ལུགས་ཀུན་གྱི་གནད་རྣམས་བསྡུས་ཡོད། ཁོང་གིས་བརྩམས་གནང་བའི་གཞུང་ཆེན་ཁག་གཞི་མར་བཞག་སྟེ་ད་ལྟའི་ཆར་ང་ཚོས་སློབ་གཉེར་བྱེད་མུས་སུ་ཡིན། ཁོང་གི་གསུང་རྣམས་གསལ་བ་དང་། རྒྱ་ཆེ་བ། ཁུངས་བཙན་པ་སོགས་ཀྱི་དམིགས་བསལ་ཁྱད་ཆོས་དུ་མ་ལྡན། གཞུང་དེ་དག་ནི་རང་ཅག་སྐལ་བ་དང་ལྡན་པ་རྣམས་ཐར་པའི་ས་ལ་བགྲོད་བདེ་བའི་ལམ་ཆེན་ནམ་ཟམ་པ་ལྟ་བུ་ཆགས་ཡོད།

གསུང་འབུམ་དེ་དག་ལས་དེ་རིང་ང་ཚོས་འདིར་སློབ་གཉེར་བྱ་བར་འགྱུར་བའི་གཞུང་དེ་ནི་ཡོན་ཏན་གཞིར་འགྱུར་མ་ཞེས་ཚིག་ཉུང་ལ་བརྗོད་བྱ་ཟབ་ཅིང་གོ་བདེ་བའི་གཞུང་འདི་ཡིན།

ཀུན་སློང་།

གཞུང་འདི་སློབ་གཉེར་ཚུལ་བཞིན་དུ་བྱེད་པར།  ཀུན་སློང་རྣམ་པར་དག་པ་ཞིག་དགོས་རྒྱུ་ནི་ཧ་ཅང་གནད་འགག་ཆེན་པོ་ཡིན། གལ་སྲིད་ང་ཚོས་གཞུང་འདིའི་ནང་ཁྱད་མཚར་པོ་དེ་འདྲ་ཡོད་རྒྱུ་རེད་བསམ་པའམ། ཡང་ན་སྔོན་ཆད་གོ་མྱོང་མེད་པ་ཞིག་ཡོད་རྒྱུ་རེད་ཅེས་སྤྱིར་བཏང་གི་ཤེས་བྱའི་འདུ་ཤེས་ཐོག་ནས་གཞུང་འདི་ཉན་པ་དང་སློབ་གཉེར་ཙམ་བྱས་ན། ཀུན་སློང་ཧ་ཅང་ཆུང་དྲགས་པའམ་དོན་སྙིང་དེ་ཙམ་མེད། ཡང་ཚེ་འདི་པ་ཙམ་གྱི་བདེ་དོན་ནམ་གནས་སྟངས་ཡར་རྒྱས་འགྲོ་རྒྱུའི་ཆེད་དུ་ཉན་བསམ་བྱས་ནའང་། གོང་ལྟར་བསམ་པ་རྒྱ་ཆུང་དྲགས་པ་ཡིན།

ང་ཚོས་སྐྱེ་བ་ཕྱི་མ་དང་ངན་སོང་སུ་ལྷུང་སྲིད་པའང་ཤེས་ཀྱི་ཡོད་ཤས་ཆེ། དེའི་ཐོག་ནས་ངན་སོང་དུ་ལྟུང་ན་སྡུག་བསྔལ་མི་བཟོད་པ་མྱོང་དགོས་པར་བསམ་བློ་བཏང་ནས་འཆི་བ་དང་མི་རྟག་པར་དྲན་ཤེས་བསྟེན་གྱི་ཡོད། ངན་འགྲོའི་གནས་སུ་སྐྱེ་བར་བསམ་བློ་བཏང་ནས། སྐྱེ་བ་ཕྱི་མ་ངན་སོང་དུ་མི་སྐྱེ་བ་དང་སྡུག་བསྔལ་དེ་དག་ལས་གཡོལ་ཆེད་ཆོས་འདི་དག་ཉན་ཤས་ཆེ། ཀུན་སློང་དེ་འདྲ་ཞིག་ཡོད་ཀྱང་ངོ་མཚར་ཆེ་རྒྱུ་ཅི་ཡང་མེད།

གལ་སྲིད་ང་ཚོས་ལས་ཉོན་གྱི་གཞན་དབང་དུ་འགྱུར་ཞིང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་གནས་སྟངས་དང་། དེ་དག་ལས་ལྷའི་གོ་འཕང་ནི་མཐོ་ཤོས་ཡིན་ཞིང་། དཔེར་ན། སྐྱེ་བ་དེ་དག་ལས་ཐ་ན་ང་ཚོ་ལྷའི་དབང་པོ་བརྒྱ་བྱིན་གྱི་སྐྱེ་བ་བླངས་པར་བསམ་བློ་བཏང་ནའང་། དཀའ་ངལ་དང་སྡུག་བསྔལ་འབའ་ཞིག་ལས་ཅི་ཡང་མེད། དེར་བརྟེན་བསམ་བློ་དེའི་ཐོག་ནས་ང་ཚོས་གནས་སྐབས་ཐམས་ཅད་དུ་འཁོར་བའི་གནས་སྟངས་ལས་ཐར་པའི་བསམ་པ་ཞིག་ངེས་པར་དུ་རྒྱུད་ལ་སྦྱོང་དགོས་ཀྱི་ཡོད། ཀུན་སློང་དེ་འདྲ་ཞིག་ཡོད་ནའང་ཧང་སང་རྒྱུ་དེ་ཙམ་མེད།

ང་ཚོར་གཞན་སེམས་ཅན་ལས་དྲིན་ཆེ་བ་ཞིག་མེད། ང་ཚོས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་བཞིན། གཞན་སེམས་ཅན་རྣམས་ཀྱང་གཅིག་མཚུངས་ཡིན། དེར་མ་ཟད། བསམ་བློ་ཡག་པོ་བཏང་ན། གཞན་སེམས་ཅན་ཐམས་ཅད་ང་ཚོར་ད་བར་དུ་དཀའ་དྲིན་ཧ་ཅང་ཆེན་པོ་རེད། དེར་བརྟེན་དྲིན་ཆེ་བའི་གཞན་སེམས་ཅན་ལ་སེམས་ཁུར་བྱ་རྒྱུ་ནི་ཡང་དག་པའི་ལམ་གཅིག་པུ་དེ་ཡིན། གཞན་ལ་སེམས་ཁུར་ཡོད་ན། གཞི་ནས་ང་ཚོས་གཞན་གྱི་བདེ་བ་སྒྲུབ་ཐབས་དང་སྡུག་བསྔལ་སེལ་ཐབས་ལ་བསམ་བློ་འཁོར་སྲིད། ཅི་སྟེ་ང་ཚོས་རང་ཉིད་ལ་དེ་ལྟར་བྱེད་པའི་ནུས་པ་ཡོད་དམ་ཞེས་དྲིས་ན། ལན་ནི་མེད། སུས་བྱེད་ཐུབ་བམ། གཞན་སེམས་ཅན་གྱི་འདོད་དོན་སྒྲུབ་ཐུབ་མཁན་ནི་སངས་རྒྱས་ཁོ་ན་མ་གཏོགས་མེད། དེ་ལྟར་སྒྲུབ་པའི་ནུས་པ་སངས་རྒྱས་ལ་མ་གཏོགས་མེད་ཅེས་བརྗོད་ཀྱི་རེད། དེས་ན་ང་ཚོས་ཤུགས་སྣོན་རྒྱག་དགོས་ས་ནི། གཞན་སེམས་ཅན་ཐམས་ཅད་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་འདོགས་པའི་སླད་ངེས་པར་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པ་བྱེད་དགོས། བླ་ན་མེད་པའི་ཀུན་སློང་དེའི་ཐོག་ནས་ང་ཚོས་ཆོས་ཉན་དགོས་པ་ཡིན། ང་ཚོས་བྱང་ཆུབ་སེམས་ཀྱི་ཟིན་པའི་ཀུན་སློང་ཞིག་ངེས་པར་དུ་གོང་སྤེལ་གཏོང་དགོས། ཀུན་སློང་དེ་དང་བཅས་ཆོས་ཉན་དགོས་པ་ཡིན།

ཆོས་ཁུངས་བཙུན་པའི་ཆེ་བ།

ཆོས་ལ་ཉན་ཚུལ་གནད་ལ་སྨིན་པ་ཞིག་ཡོང་བར་ཐབས་ལམ་སྣ་ཚོགས་ཤིག་ཡོད། དང་པོ་ནི་ཆོས་ཁུངས་བཙུན་པའི་ཆེ་བ་ལ་རྗེས་སུ་ཡི་རངས་བྱ་རྒྱུ་དེ་ཡིན་ཞིང་། དེ་རིང་འདིར་ཆོས་བཤད་དེ་ནས་འགོ་བཙུགས་ཀྱི་ཡིན། ཆོས་འདིའི་ཁུངས་མཐར་གཏུགས་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན། སངས་རྒྱས་ཤཱཀྱ་ཐུབ་པས་དང་པོ་མཐའ་གཅིག་ཏུ་གཞན་ཕན་གྱི་བསམ་པས་ཀུན་ནས་བསླངས་ཏེ། བྱང་ཆུབ་ཕྱོགས་སུ་ཐུགས་བསྐྱེད། བར་དུ་ཚོགས་གཉིས་རྒྱ་ཆེན་པོ་བསགས། མཐར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་ཏེ་མཛད་པ་འཕྲིན་ལས་བསྐྱངས། དེ་ནས་སངས་རྒྱས་ཀྱི་ཆོས་ཚུལ་འདི་རྗེ་བཙུན་འཇམ་དཔལ་དབྱངས་དང་རྗེ་བཙུན་བྱམས་པ་མགོན་པོས་བསྐྱངས་པ་དང་། རིམ་པ་བཞིན་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ཀྱིས་ལེགས་པར་སྤེལ། མཐར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བཟུང་མཉམ་མེད་ཙོང་ཁ་པོ་ཆེན་པོའི་བར་དུ་ཆོས་ཚུལ་དྲི་མ་མེད་པ་རྒྱུན་མ་ཆད་པར་བརྒྱུད་པ་ཞིག་ཡིན། དེ་ནི་ལམ་རིམ་གྱི་བླ་མའི་རྒྱུད་པ་ཡིན་པ་དང་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་དེ་དག་སོ་སོར་རང་རང་གི་ཐུན་མིན་གྱི་རྣམ་ཐར་རེ་ཡོད། རྣམ་ཐར་དེ་དག་སློབ་གཉེར་བྱས་ན་ཡག་པོ་ཡོད། གཅིག་བྱས་ན་དེ་དག་དབྱིན་སྐད་དུ་བསྒྱུར་ཟིན་ཡོད་རྒྱུ་རེད། གལ་སྲིད་བསྒྱུར་མེད་ན་སྒྱུར་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། དེ་དག་གི་སྐོར་འདིར་ཞིབ་ཕྲ་ཞུས་ན། ཧ་ཅང་རྒྱ་ཆེན་པོ་རེད་ལ་ཆ་ཚང་ལེགས་གྲུབ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད།

ཆོས་འདིའི་ཁུངས་གཙོ་བོ་ནི་སྡེ་སྣོད་གསུམ་ཡིན་ཞིང་། ལྷག་པར་དུ་མདོ་སྡེའི་སྡེ་སྣོད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་ཡིན། མདོ་དེ་དག་གིས་དངོས་སུ་སྟོང་ཉིད་དམ་དངོས་པོའི་གནས་ལུགས་སྐོར་གསུང་ཞིང་། ཤུགས་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་རིམ་པ་དུ་མ་ཞིག་གསུང་གི་ཡོད། བརྗོད་བྱ་དེ་རྗེ་བཙུན་བྱམས་མགོན་དང་འཕགས་པ་ཐོགས་མེད་ཀྱི་གཞུང་ནང་རྒྱས་པ་བཀྲལ་བ་དང་། ཁྱད་པར་དུ་མངོན་རྟོགས་རྒྱན་ནང་མདོ་དང་བསྟན་བཅོས་ཁག་གི་གནད་རྣམས་བསྡུས་ཏེ་རྟོགས་པའི་རིམ་པ་རྒྱས་པར་བཀྲལ་ཡོད། དུས་དེ་ནས་བཟུང་མདོ་དང་བསྟན་བཅོས་ཁག་གི་དཀའ་གནད་ཁག་རྒྱས་པར་བཀྲལ་བའི་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་འགྲེལ་པ་དང་གཞུང་ཧ་ཅང་མང་པོ་ཞིག་ང་ཚོའི་བསོད་ནམས་ཀྱི་གོ་སྐལ་དུ་བཞུགས།  

དེར་བརྟེན་ཡོན་ཏན་གཞིར་འགྱུར་མ་ཞེས་བྱ་བའི་གཞུང་འདིའི་ཁུངས་གཙོ་བོ་ནི་གོང་དུ་ཞུས་པའི་གཞུང་རྣམས་ཡིན། དེ་བཞིན་རྗེ་ཙོང་ཁ་པ་ཆེན་པོས་རྒྱ་ཆེ་བའི་གཞུང་ཆེན་གཞན་གཉིས་ཀྱང་མཛད་ཡོད་ཅིང་དེ་གཉིས་ལམ་རིམ་གྱི་སྐོར་ཡིན། གཞུང་གཉིས་པོ་ནི་ལམ་རིམ་ཆེན་མོ་དང་ལམ་རིམ་ཆུང་བ་གཉིས་ཡིན། ཡོན་ཏན་གཞིར་འགྱུར་མའི་ནང་ལམ་རིམ་ཆེ་ཆུང་གཉིས་ཀའི་གནད་རྣམས་མཉམ་སྡེབ་ཀྱིས་བསྡུས་ཏེ་གསུང་པ་དང་། ཉམས་ལེན་དང་རྟོགས་རིམ་ལས་སླ་པོ་ཡོང་ཕྱིར་བསྒྲིགས་ཡོད།

གཞུང་འདི་ཉམས་སུ་ལེན་པའི་བར་ཆད་སེལ་བ།

གཞུང་འདིའི་ནང་གི་གདམས་ངག་རྣམས་གནད་ལ་སྨིན་པོས་ཉམས་སུ་ལེན་པར། ང་ཚོས་སོ་སོའི་བློའི་ཁྱེར་ཕྱོགས་ཐོག་ནས་གེགས་སུ་འགྲོ་བའི་བར་ཆད་མང་པོ་ཞིག་སེལ་དགོས་ཀྱི་ཡོད། དཔེར་ན། སངས་རྒྱས་པའི་ཆོས་འདི་ལེགས་ཤོས་དང་གཞན་རྣམས་ཡག་པོ་མེད་པར་བསམ་པ་ལྟ་བུ། དེ་ལྟར་བྱས་ན། སངས་རྒྱས་ཀྱི་ཆོས་ནས་གསུང་པ་བཞིན་མི་དགེ་བའི་ལས་མི་བཟོད་པ་གསོག་གི་ཡོད་པ་དང་། དེས་རང་གི་བྱ་བ་རྣམས་ལམ་ལྷོང་ཡོང་བའི་ནུས་པ་མེད་པར་བྱེད་ཀྱི་ཡོད། མི་འགའ་ཞིག་གིས་ཐེག་པ་དམན་པའི་ཆོས་ལ་མཐོང་ཆུང་ཁྱད་གསོད་བྱེད་པ་དང་། ཡང་གཞན་ཁག་ཅིག་གིས་ཐེག་དམན་གྱི་ཆོས་དེ་སངས་རྒྱས་ཀྱི་བཀའ་ཡིན་པ་ལས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་ཞེས་ཟེར། དེ་གཉིས་ཀས་ཆོས་ལ་ཁྱད་གསོད་བྱེད་པ་ཆགས་ཀྱི་ཡོད། ཡང་གཞན་ཁག་ཅིག་གིས་ཐེག་པ་ཆེན་པོའི་ཆོས་ཁས་ལེན་ནའང་། སྔགས་ཆོས་སངས་རྒྱས་ཀྱི་བཀའ་མིན་ཟེར་གྱི་ཡོད། དེ་ལྟར་ཁོང་ཚོས་ཆོས་ལ་མཐོང་ཆུང་བྱེད་ཀྱི་ཡོད། དེ་ལྟར་བྱས་ན། ལམ་ལྷོང་ཡོང་བའི་གོ་སྐབས་དང་རང་གི་ནུས་པ་ཆ་ཚང་འཕྲོ་བརླག་འགྲོ་གི་ཡོད།

ང་ཚོས་ཐེག་དམན་གྱི་ཆོས་ནས་གསུངས་པའི་གལ་ཆེའི་གནད་རྣམས་སེམས་ནང་ཉར་དགོས། དཔེར་ན། ཐེན་དམན་གྱི་ཆོས་ནང་མི་རྟག་པ་དང་དྲན་པ་ཉེར་བཞག་བཞི་ལྟ་བུའི་ཆོས་ཧ་ཅང་མང་པོ་གསུང་གི་ཡོད། དེ་དག་ང་ཚོ་ཚང་མས་ཤེས་པར་བྱས་ཏེ་ཉམས་ལེན་ནང་སྒྲིལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

མི་ཁ་ཤས་ཀྱིས་ཐེག་པ་ཆེན་པོའི་ཆོས་ནས་གསུངས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྐོར་ལ་བལྟས་པ་དང་། ཡང་ཁོང་ཚོས་ཐེག་དམན་གྱི་ཆོས་ནས་གསུངས་པའི་འདུལ་བའི་ཚུལ་ཁྲིམས་ཀྱི་སྐོར་ལ་བལྟས་ནས། དེ་གཉིས་མཐུན་ཐབས་རྩ་བ་ནས་མི་འདུག་ཅེས་བསམ་ནས་གང་རུང་ལ་ཁྱད་གསོད་བྱེད་ཀྱི་ཡོད། དེ་ལྟ་བུའི་ཕྱོགས་ལྷུང་གི་སྤྱོད་ཚུལ་དང་བསམ་ཕྱོགས་ཀྱིས་ཀྱང་ང་ཚོར་ལམ་ལྷོང་ཡོང་བའི་གོ་སྐབས་དང་ནུས་པ་ཆུད་ཟོས་སུ་གཏོང་གི་ཡོད།

སངས་རྒྱས་ཀྱི་ཆོས་དེ་དག་ཚང་མ་གཅིག་མཚུངས་ཐོག་ཉམས་ལེན་ནང་སྒྲིལ་རྒྱུ་གལ་ཆེན་པོ་ཡིན་པ་ང་ཚོས་ངེས་པར་དུ་ཤེས་པ་བྱེད་དགོས་པ་དང་། རིམ་པ་མ་འཁྲུགས་པར་ཚུལ་བཞིན་དུ་ཉམས་ལེན་བྱེད་དགོས་ཀྱི་ཡོད། ལམ་གྱི་རིམ་པ་མ་འཁྲུགས་པར་ཉམས་ལེན་བྱས་ན། ནང་གི་རྟོགས་པ་རྙེད་རྒྱུ་ལས་སླ་བ་ཡོད། གང་ཡིན་ཞེ་ན། རྟོགས་པ་དེ་ནི་ཉམས་ལེན་གྱི་རིམ་པ་དང་མཐུན་པར་ཡོང་གི་ཡོད། རིམ་པ་དེའི་ཐོག་ནས་ང་ཚོས་དལ་འབྱོར་གཉིས་ལྡན་གྱི་མི་ལུས་འདི་ཆུད་ཟོས་སུ་མ་བཏང་བར་དམ་པའི་ཆོས་གནད་ལ་སྨིན་པོས་ཉམས་ལེན་བྱེད་ཐུབ་པ་དང་། མཐར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ།

སྙིང་ཐག་པ་ནས་བཤེས་གཉེན་བསྟེན་པའི་ཚུལ།

ལམ་གྱི་རིམ་པ་དེར་འཇུག་ཐུབ་པ་ལ་དེའི་རྩ་བ་གང་ཡིན་ཤེས་རྒྱུ་གནད་ཆེ། རྩ་བ་དེ་ལ་བརྟེན་ནས་ཡོན་ཏན་ཚང་མ་འབྱུང་གི་ཡོད། རྩ་བ་དེ་ནི་ལམ་གྱི་རིམ་པ་དེ་དག་ཆ་ཚང་ལ་མ་ནོར་བ་ཤེས་མཁན་བྱམས་སེམས་ཅན་དང་ཚད་ལྡན་གྱི་བཤེས་གཉེན་ཞིག་གི་གདམས་པའི་རྗེས་སུ་འཇུག་རྒྱུ་དེ་ཡིན། དགེ་བའི་བཤེས་གཉེན་ནམ་ཆོས་གྲོགས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དེ་ཡིན་ཞིང་། དེ་ལ་བརྟེན་ནས་ང་ཚོར་ཡོན་ཏན་ཐམས་ཅད་འཐོབ་ཀྱི་ཡོད། མདོར་ན་ང་ཚོའི་གྲུབ་འབྲས་ཚང་མ་དེ་ལྟའི་གང་ཟག་ལ་རག་ལས་ཡོད།

དེར་མ་ཟད། དགེ་བའི་བཤེས་གཉེན་གྱི་ངོས་ནས་ངེས་པར་དུ་སངས་རྒྱས་ཟིན་པའི་གང་ཟག་ཅིག་ཡིན་མི་དགོས། དེས་ང་ཚོར་ཕན་ཐོགས་དམིགས་བསལ་ཅི་ཡང་མེད། ང་ཚོར་ཕན་ཐོགས་ཆེ་བ་ནི་སོ་སོ་སློབ་མ་ཡིན་པའི་ཐོག་ནས་ཉམས་ལེན་ལ་འབད་ཐབས་བྱ་རྒྱུ་དེ་ཡིན། དེ་ལ་བརྟེན་ང་ཚོས་སོ་སོའི་བླ་མ་དེ་སངས་རྒྱས་དང་གཉིས་སུ་མེད་པར་ལྟ་ཐུབ། དེ་ནི་བླ་མ་སངས་རྒྱས་སུ་ལྟ་བའི་གནད་ཡིན། བཤེས་གཉེན་བསྟེན་ཚུལ་ནི་ལམ་གྱི་རྩ་བ་ཡིན་སྟབས། མ་བསྟེན་གོང་ཚུལ་བཞིན་དུ་བརྟག་དཔྱད་བྱ་རྒྱུ་གནད་འགག་ཧ་ཅང་ཆེན་པོ་ཡིན།

དེ་ལྟ་བུའི་བརྟག་དཔྱད་དང་ཞིབ་འཇུག་བྱེད་པ་ནི་ནུབ་ཕྱོགས་སུ་སྨན་ཁང་ནང་ནད་པར་བརྟག་དཔྱད་བྱེད་པ་དང་གཅིག་པ་མ་ཡིན། དེ་ནི་ཕྱི་ལུས་ལ་བརྟག་དཔྱད་བྱེད་པའི་གནད་དོན་ཞིག་མིན། ང་ཚོས་བརྟག་དཔྱད་ག་རེ་བྱེད་དགོས་ཀྱི་ཡོད་དམ་ཞེ་ན། གང་ཟག་དེ་ལ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་ལྷག་པའི་བསླབ་པ་གསུམ་གྱི་ཡོན་ཏན་ལྡན་མི་ལྡན་དང་། མི་དེའི་སེམས་རྒྱུད་བཟང་མིན་བཅས་ལ་བརྟག་དཔྱད་བྱེད་དགོས། མི་དེ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་མིན་སོགས་ལ་དཔྱད་པ་བྱེད་དགོས། ང་ཚོས་དཔྱད་པ་བྱ་ཡུལ་དེ་དག་ཡིན། མི་དེ་ལ་ཁྱད་ཆོས་དེ་དག་ཚང་འདུག་ན། གཞི་ནས་བླ་མའམ་བཤེས་གཉེན་དུ་བསྟེན་ན་ཡང་དག་པ་ཞིག་ཆགས་ཀྱི་ཡོད།

འོན་ཀྱང་བརྟག་དཔྱད་འདི་རིགས་ནི་བླ་མའམ་བཤེས་གཉེན་བསྟེན་ཟིན་པའི་རྗེས་སུ་བྱ་དགོས་པ་ཞིག་མ་ཡིན་པར། མ་བསྟེན་གོང་བརྟག་དཔྱད་བྱེད་དགོས། བླ་མ་ཞིག་བསྟེན་ཟིན་པའི་རྗེས་གཟབ་གཟབ་མ་བྱས་པར་བསྟེན་ཚུལ་ལོག་པ་དང་བླ་མ་ལ་དད་པ་བརླགས་ན། དེའི་མཇུག་འབྲས་ཧ་ཅང་ཚབས་ཆེན་པོ་དང་བཀྲ་མི་ཤིས་ཡོང་ཉེན་ཆེ། དཔེར་ན། ཚེ་འདི་ལ་ང་ཚོས་མཚམས་མེད་ཀྱི་ལས་ལྔ་པོ་གང་ཡང་རུང་བ་ལྟ་བུའི་གནོད་འཚེ་ཆེ་བའི་ལས་བསགས་པར། དྲང་པོ་དྲང་གཞག་བྱས་ནོར་འཁྲུལ་ངོས་ལེན་བྱས་ཏེ་འོས་འཚམ་གྱི་གཉེན་པོ་ཞིག་བསྟེན་ན། མི་དགེ་བའི་ལས་དེ་དག་སྟོབས་ཆུང་དུའམ་དག་པར་འགྱུར་སྲིད་པ་ཡིན། དེ་ལྟར་བྱས་ཚེ། ཚེ་འདི་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་སྲིད་པ་ཡིན། འོན་ཏེ་སེམས་པ་རྣམ་དག་གིས་བླ་མ་ཞིག་བསྟེན་ནས་སོ་སོའི་དམ་བཅའམ་ཡང་ན་བསྟེན་ཚུལ་ལོག་པ་དང་འབྲེལ་ལམ་ཆད་པ། དེ་བཞིན་བླ་མར་ཡིད་ཆེས་བརླགས་ན། ཚེ་འདི་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡིན།

ད་བཤེས་གཉེན་ནམ་བླ་མ་བསྟེན་ཚུལ་ཇི་ལྟར་ཡིན་ཞེ་ན། ང་ཚོས་བསམ་བློ་དང་ལས་གཉིས་ཀའི་ཐོག་ནས་བསྟེན་དགོས། བསམ་བློའི་ཐོག་ནས་བཤེས་གཉེན་བསྟེན་ཚུལ་སྐབས། ངོ་ལྐོག་མེད་པར་བླ་མ་ལ་དད་པ་གཙང་མ་དགོས་པ་ལྟ་བུའི་བླ་མ་བསྟེན་པའི་རྩ་བ་དེ་ཡར་རྒྱས་གཏོང་དགོས། དད་པ་བྱ་ཚུལ་ལ་གསུམ་ཡོད་དེ། དང་བའི་དད་པ། ཡིད་ཆེས་ཀྱི་དད་པ། མངོན་འདོད་ཀྱི་དད་པ་བཅས་གསུམ་མོ། དེ་གསུམ་གྱི་ནང་ནས་ང་ཚོས་སོ་སོའི་ནུས་པ་དང་བསྟུན་ནས་སོ་སོའི་བླ་མའམ་བཤེས་གཉེན་དེ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་དད་པ་དང་ཡིད་ཆེས་རྣམ་དག་ཅིག་གོང་སྤེལ་གཏོང་དགོས།

ང་ཚོས་སོ་སོའི་བསམ་པའི་ཐོག་ནས་བླ་མ་བསྟེན་ཚུལ་མ་ནོར་བར་ཡང་དག་པ་ཞིག་བྱུང་ན་ཕན་ཡོན་ཧ་ཅང་ཆེན་པོ་ཡོད་པ་དང་། བསྟེན་ཚུལ་ལོག་ན་སྐྱོན་དང་རྐྱེན་ངན་ཧ་ཅང་མང་པོ་འབྱུང་གི་ཡོད། གནད་དོན་འདི་ནི་ཧ་ཅང་རྒྱ་ཆེན་པོ་ཡིན་སྟབས་འདིར་རྒྱས་བཤད་བྱ་ཐབས་མི་འདུག །འོན་ཀྱང་ཁྱེད་རང་ཚོ་ལ་དེའི་སྐབས་སློབ་སྦྱོང་བྱེད་སའི་སོ་སོའི་དགེ་རྒན་ནམ་བླ་མ་ཡོད་རེད། སོང་ཙང་། དེ་དག་ལ་སློབ་སྦྱོང་གཟབ་ནན་བྱེད་དགོས། གང་ཡིན་ཞེ་ན། དེ་དག་ཧ་ཅང་གལ་ཆེན་པོ་རེད།

ད་ལས་ཀྱི་ཐོག་ནས་བླ་མ་བསྟེན་ཚུལ་ལ་བསམས་ན། སྤྱིར་བསྟེན་ཚུལ་མང་པོ་ཡོད་ཀྱང་། གཙོ་བོ་བླ་མས་བསྟེན་པའི་ཆོས་དང་བསླབ་བྱ་གང་གསུངས་པ་རྣམས་ཚུལ་བཞིན་དུ་སློབ་སྦྱོང་བྱས་ཏེ་ཉམས་ལེན་ནང་སྒྲིལ་རྒྱུ་དེ་རང་ཡིན། སྐབས་དོན་དེ་ལས་གཙོ་བོ་ནི་མི་དགེ་བ་བཅུ་སྤོང་གི་ཚུལ་ཁྲིམས་ཡང་དག་པར་སྲུང་རྒྱུ་དང་ལུས་ངག་གི་བྱ་སྤྱོད་ཡང་དག་པ་སྤེལ་རྒྱུ་དེ་ཡིན། དེ་ནི་སོ་སོའི་ལས་ཀྱི་ཐབས་ལ་བརྟེན་ནས་སྙིང་ཐག་པའི་བླ་མ་བསྟེན་ཚུལ་ཡག་ཤོས་དེ་ཡིན།

བསམ་བློའི་ཐོག་ནས་བླ་མ་བསྟེན་ཚུལ་ཐད་བསྐྱར་བཤད་བྱས་ན། རྩ་བའི་དད་པ་ཙམ་མིན་པར། ད་དུང་རྟག་ཏུ་བླ་མའི་བཀའ་དྲིན་དྲན་པའི་སྒོ་ནས་གུས་བརྩི་བྱེད་དགོས། དེར་བརྟེན་བླ་མ་དེ་ཕོ་མོ་སུ་ཡིན་རུང་ཁོང་གི་བཀའ་དྲིན་དྲན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

གོང་དུ་འགྲེལ་བརྗོད་ཟིན་པ་ལྟར། སངས་རྒྱས་ཤཱཀྱ་ཐུབ་པས་བསམ་ཡུལ་ལས་འདས་པའི་མཛད་པ་འཕྲིན་ལས་ཀྱི་ཐོག་ནས་གང་གི་འདུལ་བྱ་མང་པོའི་སེམས་རྒྱུད་མ་སྨིན་པ་རྣམས་སྨིན་པར་མཛད་ཡོད། འོན་ཀྱང་ང་ཚོ་དུས་དེའི་སྐབས་སུ་སྐྱེ་བ་ལེན་ཐུབ་མེད་སྟབས། ང་ཚོས་བླ་ན་མེད་པའི་མཆོག་གི་སྤྲུལ་སྐུ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཁོང་དངོས་སུ་མཇལ་ཐུབ་མེད། ཐ་ན་ད་ལྟའི་དུས་སུ་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བརྒྱད་བཅུས་བརྒྱན་པའི་གང་ཟག་ཅིག་ཕེབས་ནའང་། མཆོག་གི་སྤྲུལ་སྐུ་དེ་དངོས་སུ་མཇལ་ཐུབ་རྒྱུའི་ལས་ང་ཚོས་ཕལ་ཆེར་བསགས་མེད་སྲིད། འོན་ཀྱང་ང་ཚོར་ནུས་པ་གང་ཡོད་དམ་ཞེ་ན། སོ་སོའི་ནུས་པ་དང་དགོས་མཁོར་འཚམ་པའི་དགེ་བའི་བཤེས་གཉེན་ཞིག་དང་འཕྲད་ཐུབ་པ་དང་། དེ་ལས་ཆོས་ཉན་བསམ་ཐུབ་ཀྱི་ཡོད། དེར་བརྟེན་ཡ་ང་བའི་གནས་སྟངས་དེ་རིགས་ནང་། བཤེས་གཉེན་གྱིས་ང་ཚོར་ཆོས་གསུང་པ་ནི་ཧ་ཅང་དྲིན་ཆེན་པོ་རེད།

ང་ཚོས་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་ལམ་དཀའ་ངལ་མི་འདོད་སྟབས། བདེ་བ་སྒྲུབ་བྱེད་ཀྱི་རྒྱུ་གསོག་དགོས་ཀྱི་ཡོད། དེའི་ཕྱིར་ང་ཚོའི་འདོད་པ་སྒྲུབ་ཆེད་དགེ་བའི་བཤེས་གཉེན་གྱིས་གོ་རིམ་མ་འཁྲུགས་པའི་འགལ་རྐྱེན་མཐའ་དག་གི་སྔོན་འགོག་ཐབས་ལམ་སྣ་ཚོགས་ཤིག་སྟོན་གྱི་ཡོད། བཤེས་གཉེན་ཕོ་མོ་སུ་ཡིན་རུང་ཁོང་གིས་རང་ཅག་རྣམས་བསམ་ཡུལ་ལས་འདས་པའི་དཀའ་སྡུག་དང་དཀའ་ངལ་མང་པོ་ཞིག་མྱོང་མི་དགོས་པའི་ཐབས་འདྲ་མིན་སློབ་ཁྲིད་གནང་གི་ཡོད། གལ་སྲིད་ང་ཚོས་ཐབས་ལམ་དེ་དག་ཚུལ་བཞིན་དུ་ལག་ལེན་དུ་བཀལ་ན། མཐར་ང་ཚོར་མྱོང་སྟོབས་ཀྱིས་གོ་རྟོགས་དང་ངེས་ཤེས་ཤིག་རྙེད་ཐུབ། དེའི་ཐོག་གཞི་བཞག་སྟེ། ང་ཚོས་སངས་རྒྱས་དངོས་སུ་མཇལ་ཐུབ་ནས་ཁོང་གི་དྲུང་ནས་ཆོས་ཉན་དང་ཉན་པ་རྣམས་ཉམས་ལེན་ནང་སྒྲིལ་ཐུབ་པ་ཡོང་སྲིད། དེ་ནི་ང་ཚོར་གོ་རྟོགས་ཡང་དག་པ་ཞིག་རྙེད་པའི་རྗེས་སུ་ཡོང་བའི་གནད་དོན་ཞིག་ཡིན། འོན་ཀྱང་ད་ལྟའི་དུས་འདིར་ང་ཚོ་ཧ་ཅང་ཡིད་སྐྱོ་བའི་གནས་སྟངས་ཤིག་གི་ཁྲོད་གནས་སྟབས། སོ་སོའི་ནུས་པ་དང་འཚམ་པ་དང་དངོས་སུ་འབྲེལ་བ་བྱེད་ཐུབ་སའི་སངས་རྒྱས་ཀྱི་རྣམ་སྤྲུལ་དགེ་བའི་བཤེས་གཉེན་མཇལ་རྒྱུ་ཡོད་པས་ལྟོས་ཕྱོགས་ཀྱི་སྐལ་པ་བཟང་པོ་ཡིན།

གནད་དོན་དེ་དག་ལ་ང་ཚོས་བསམ་བློ་བཏང་ན། ད་གཟོད་དགེ་བའི་བཤེས་གཉེན་རྣམས་བཀའ་དྲིན་ཆེན་པོ་ཡིན་ཚུལ་གསལ་པོ་ཤེས་རྟོགས་ཐུབ། དཔེར་ན། ང་ཚོར་ཁ་ལག་མེད་པར་བཀྲེས་སྐོམ་གྱིས་མནར་ནས་ལྟོགས་ཤི་ཐེབས་གྲབས་ཡོད་པའམ་ཡང་ན་གནམ་གཤིས་གྲང་མོའི་སྐབས་གྱོན་ཆས་མེད་པར་འཁྱགས་ཤི་ཐེབས་གྲབས་ཡོད་པའི་དུས་སུ་འ་ཆད་འུ་ཐུག་དང་དགོས་མཁོ་ཆེན་པོ་ཡོད་པའི་ཚེ། རོགས་མགོན་སུ་ཡང་མེད་ན་གང་འདྲ་ཆགས་ངེས་ཡིན་བསམ་བློ་གཏོང་དགོས། སྐབས་དེ་དུས་མི་ཞིག་གིས་ཁ་ལག་དང་གྱོན་ཆས་སྤྲད་ན་དྲིན་ཆེན་པོ་ཡིན་པ་ང་ཚོས་ཚོར་གྱི་ཡོད། འོན་ཀྱང་གལ་སྲིད་ང་ཚོར་རྒྱུ་ནོར་གྱི་ཆ་ནས་ཧ་ཅང་ཕྱུག་པོ་ཆགས་པ་དང་། ཤེས་ཡོན་ཅན་ཆགས་པ། འཇོན་ཐང་དང་ལེགས་ཆ་མང་པོ་ཡོད་པའི་སྐབས། མི་ཞིག་གིས་བཟའ་རྒྱུ་དང་གྱོན་རྒྱུ་གང་སྤྲད་ཀྱང་ཚོར་བ་དེ་ཙམ་སླེབས་ཀྱི་མེད་ལ་བཀའ་དྲིན་དེ་ཙམ་ཚོར་གྱི་མེད།

དེར་བརྟེན་ང་ཚོས་སོ་སོའི་བླ་མའམ་བཤེས་གཉེན་སངས་རྒྱས་དངོས་སུ་འདུ་ཤེས་དགོས་པའི་རྒྱུ་མཚན་ངོ་མ་གང་ཡིན་ཞེས་དྲིས་པ་དང་། སོ་སོའི་བསམ་བློ་དང་ལས་ཀྱི་ཐོག་ནས་མཐའ་གཅིག་ཏུ་ཆོད་སེམས་བརྟན་པོ་དགོས་པའི་རྒྱུ་མཚན་གང་ཡིན་དྲིས་ན། རྒྱུ་མཚན་ནམ་དོན་སྙིང་གཙོ་བོ་ནི་བླ་མ་དེའི་གསུང་ལ་བརྟེན་ནས་ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐབས་བྱེད་དགོས་ཀྱི་ཡོད། དེ་འདྲ་སོང་ཙང་། ང་ཚོར་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ལམ་གྱི་རིམ་པ་དང་ཉམས་ལེན་གྱི་གནད་ཆ་ཚང་མ་ནོར་བ་སྟོན་པའི་བླ་མའི་གསུང་ལ་བསམ་ཞིབ་ཡག་པོ་བྱེད་དགོས། དེ་ནི་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ཡིན་ཞིང་། སངས་རྒྱས་ཀྱིས་བསྟན་པའི་ཆོས་དེ་ང་ཚོར་དངོས་སུ་སྟོན་མཁན་གྱི་བཤེས་གཉེན་རྣམས་དེའི་ཐོག་ནས་སངས་རྒྱས་དངོས་སུ་ལྟ་དགོས་ཀྱི་ཡོད། དེ་ནི་ང་ཚོས་དྲན་དགོས་པ་དང་རྗེས་སུ་ཡི་རང་བྱེད་དགོས་པའི་བླ་མ་རྣམས་ཀྱི་མཛད་རྗེས་ཡིན།

བླ་མའི་རྣལ་འབྱོར་ཏེ་རང་ཅག་རྣམས་བླ་མའི་ངོ་བོར་སྒོམ་པའི་ཆོ་གའི་སྐོར་ལ་གོ་སྡུར་བྱ་རྒྱུ་ཧ་ཅང་མང་པོ་ཡོད། འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་ཀའི་ནང་མཇལ་རྒྱུ་ཡོད་པའི་ཉམས་ལེན་གནད་ཆེན་པོ་ཞིག་ཡིན། དེའི་ཐད་ཆོས་བརྒྱུད་བཞི་པོའི་བར་མི་མཐུན་པ་རྩ་བ་ནས་མེད་ཅིང་ཚང་མས་བསམ་པ་རྣམ་དག་གི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པར་མོས་མཐུན་གཅིག་མཚུངས་སུ་བྱེད་ཀྱི་ཡོད།

དེར་བརྟེན་གཞུང་འདིའི་ཚིགས་སུ་བཅད་པ་ཤོ་ལོ་ཀ་དང་པོ་ནི།

༡༽ ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཆེན་རྗེ།། ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ།། ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས།། གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས།། ཞེས་གསུངས་ཡོད།

ཤོ་ལོ་ཀ་འདིས་བསམ་པ་རྣམ་དག་གི་སྒོ་ནས་བཤེས་གཉེན་བསྟེན་ཚུལ་ལམ་བླ་མ་བསྟེན་ཚུལ་གསུང་གི་ཡོད་ཅིང་། ལམ་གྱི་ཐོག་མཐའ་བར་གསུམ་དུ་གནད་འགག་ཆེན་པོ་ཡིན། ཐོག་མར་གལ་ཆེ་བ་ནི་དེས་ང་ཚོའི་ཉམས་ལེན་གྱི་རྩ་བ་ལྟ་བུ་བྱེད་པ་དང་། བར་དུ་ང་ཚོའི་ཉམས་ལེན་སྐབས་ཡོན་ཏན་ཐམས་ཅད་རང་རྒྱུད་དུ་སྐྱེད་པའི་རྩ་བ། མཐའ་མ་ལམ་ཐམས་ཅད་ཉམས་ལེན་ཡོངས་སུ་ལེགས་གྲུབ་བྱུང་མིན་ནི་ང་ཚོས་བཤེས་གཉེན་བསྟེན་ཚུལ་ལ་རག་ལས་ཡོད། དེས་ན་སངས་རྒྱས་ཀྱི་ས་ལ་བགྲོད་པའི་བརྒྱུད་རིམ་ཡོངས་སུ་རྫོགས་པའི་ནང་ལྷག་བསམ་རྣམ་དག་གིས་བཤེས་གཉེན་བསྟེན་དགོས་པ་ནི་ཧ་ཅང་གནད་འགག་ཆེན་པོ་ཡིན།

འཇིག་རྟེན་ནམ་ཚེ་འདི་སྣང་གི་བྱ་བ་གང་འདྲ་ཞིག་ལ་ང་ཚོ་མགོ་འཐོམས་ནས་ཡོད་པའམ་འཇུག་འདོད་ཡོད་ཀྱང་ཁྱད་པར་མེད། གཙོ་བོ་ང་ཚོར་ལམ་སྟོན་བྱེད་མཁན་ཚད་ལྡན་ཞིག་དགོས་ཀྱི་ཡོད། འཇིག་རྟེན་གྱི་བྱ་བར་དེ་ལྟར་དགོས་ན། འཇིག་རྟེན་ལས་འདས་པའི་གོ་འཕང་འཐོབ་ཆེད་ལམ་རྣམས་ལ་འཇུག་ཚུལ་མ་ནོར་བ་སྟོན་མཁན་བླ་མའམ་ཆོས་ཕྱོགས་ཀྱི་བཤེས་གཉེན་ཞིག་དགོས་པ་དེ་བས་གལ་ཆེ་བ་ཡིན། དེས་ན་ལམ་སྟོན་མཁན་གྱི་གང་ཟག་དེ་འདྲ་ཞིག་ལ་བསམ་པ་རྣམ་དག་གིས་བློ་གཏད་བཅོལ་ནས་དེ་ལས་ཟློག་པར་མི་བྱ་བ་ཤིན་ཏུ་གལ་ཆེ། ཤོ་ལོ་ཀ་དང་པོ་འདིས་ང་ཚོའི་ཉམས་ལེན་ཐམས་ཅད་ལམ་ལྷོང་ཡང་དག་པ་ཞིག་ཡོང་ཆེད་གནད་འགག་ཆེ་བའི་བརྗོད་བྱ་འགྲེལ་བརྗོད་བྱེད་ཀྱི་ཡོད།

བྱ་བའི་རྟེན་གཞི། དལ་འབྱོར་མི་ལུས།

ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ཡང་དག་པ་ཞིག་ཡོད་པའི་ཐོག་ནས་ང་ཚོས་ལམ་ཉམས་སུ་ལེན་རྒྱུ་མུ་མཐུད་དགོས། ཤོ་ལོ་ཀ་འདིའི་ནང་ང་ཚོར་ཐོབ་པའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ལུས་རིན་ཆེན་གྱི་བྱ་བའི་རྟེན་གཞིར་ཆོས་ཉམས་སུ་ལེན་ཚུལ་དང་། དལ་འབྱོར་མི་ལུས་རྙེད་དཀའ་བ་སོགས་ཀྱི་སྐོར་ཡིན། ཤོ་ལོ་ཀ་རྐང་པ་བཞི་པོ་འདིས་བརྗོད་གཞི་དེའི་ཐད་གསུང་གི་ཡོད།

༢༽ ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི།། ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས།། ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པའི་བློ།། རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས།། ཞེས་གསུངས་ཡོད།

ད་ལྟ་བར་དུ་རླབས་ཆེན་གྱི་སྐྱེ་བོ་དམ་པ་མང་པོ་དང་མིའི་རིགས་མང་པོ་བྱུང་ཡོད། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་ང་ཚོར་ཐོབ་པའི་དལ་འབྱོར་གྱི་མི་ལུས་རྟེན་འདི་ནི་སྤྱིར་བཏང་ངམ་རྒྱུན་ལྡན་གྱི་མི་ལུས་ལས་རྦད་དེ་ལྷག་པ་ཡོད། དོན་དངོས་སུ་མི་ལུས་ཐོབ་མ་ཐོབ་ནི་ང་ཚོའི་སྟངས་འཛིན་འོག་ཏུ་མེད། འཆི་བའི་སྐབས་ང་ཚོའི་ཤ་རུས་ལས་གྲུབ་པའི་ལུས་རྟེན་འདི་བརླག་འགྲོ་གི་ཡོད་པ་དང་། ཤི་བའི་རྗེས་རྟེན་གང་ཞིག་ཏུ་སྐྱེ་མིན་བཤད་ཚོད་མི་ཐིག་པ་ཡིན། དེར་བརྟེན་སྤྱིར་བཏང་ནས་དལ་འབྱོར་མི་ལུས་འཐོབ་རྒྱུ་ནི་ཧ་ཅང་དཀའ་ལས་ཁག་པོ་ཡིན།

གལ་སྲིད་ང་ཚོས་དལ་འབྱོར་མི་ལུས་འཐོབ་རྒྱུ་ཁག་པོ་ཡིན་པའི་རྒྱུ་མཚན་དྲིས་ན། རྒྱུ་མཚན་ནི་དེ་འདྲའི་རྟེན་འཐོབ་པའི་རྒྱུ་རྣམས་ང་ཚོས་གསོག་དགོས་པ་ཡིན། རྒྱུ་གཙོ་བོ་ནི་རྩ་བའི་ཆ་ནས་ཚུལ་ཁྲིམས་ཡག་པོ་སྲུང་སྟེ་དགེ་བའི་ལས་སྟོབས་ཆེན་ཞིག་གམ་ཚོགས་གཉིས་རླབས་པོ་ཆེ་གསོག་དགོས་ཀྱི་ཡོད། ཅི་སྟེ་ང་ཚོས་དགེ་བའི་ལས་སམ་ལས་བཟང་པོ་ཤ་སྟག་བྱེད་མཁན་དང་རྟག་ཏུ་མི་དགེ་བའི་ལས་སམ་གནོད་འཚེ་ཅན་གྱི་ལས་ཤ་སྟག་བྱེད་མཁན་གྱི་གཡས་གཡོན་གྱི་མི་རྣམས་ལ་བལྟས་ན། མི་མང་ཆེ་བ་དེ་གཉིས་ལས་གང་གི་ཕྱོགས་སུ་ཡོད་པ་ང་ཚོས་ལས་སླ་པོར་ཤེས་ཐུབ། ང་ཚོ་གནམ་གྲུའི་ནང་འཛམ་གླིང་ལ་ལྟ་སྐོར་དུ་བསྐྱོད་པའི་སྐབས་འཛམ་གླིང་ལ་མར་བལྟས་ན། འཛམ་གླིང་གི་ས་ཁྱོན་མང་ཆེ་བ་རྒྱ་མཚོས་ཁེངས་པ་གསལ་པོར་མཐོང་ཐུབ། རྒྱ་མཚོ་དེ་དག་ནང་ཚེ་སྲོག་གི་རིགས་གྲངས་ལས་འདས་པ་འཚོ་བཞིན་ཡོད། དེ་དག་སུ་གཅིག་ལའང་མིའི་ལུས་རྟེན་འདི་ཐོབ་ཐུབ་མེད། གལ་སྲིད་ང་ཚོས་འཛམ་གླིང་ནང་གི་རྒྱལ་ཁབ་འདྲ་མིན་དང་རྒྱལ་ཁབ་དེ་དག་ནང་གི་མི་རྣམས་ལ་བལྟས་པ་དང་། མི་དེ་དག་ལས་སོ་སོའི་མ་འོངས་པ་དང་འབྱུང་འགྱུར་གྱི་ཚེ་རབས་གྲངས་མེད་ལ་བསམ་བློ་བཏང་ནས་ལས་ཀ་བྱེད་མཁན་ག་ཚོད་ཙམ་ཡོད་པར་བལྟས་ན། ཧ་ཅང་ཉུང་ཉུང་རེད། དེ་ནི་ང་ཚོས་དངོས་སུ་མཐོང་ཐུབ་པ་དང་། གསལ་པོ་རེད། དཔེར་ན། ལུང་པ་འདིར་མཚོན་ན། སོ་སོའི་སྐྱེ་བ་ཕྱི་མར་ཡག་པོ་འབྱུང་བའི་ཆེད་དུ་དོ་དབྱིངས་བྱས་ནས་འབད་བརྩོན་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་ཞིང་། དེ་བཞིན་སྐྱེ་བ་ཕྱི་མ་མི་ལུས་བསྐྱར་དུ་འཐོབ་ཕྱིར་ནང་ཆོས་ཉམས་སུ་བླངས་ཏེ་ཐབས་ཤེས་བྱེད་མཁན་ཧ་ཅང་དཀོན་པོ་རེད། དེ་ལྟར་ཡིན་པ་ང་ཚོས་གསལ་པོ་གསལ་རྐྱང་མཐོང་ཐུབ་པ་ཞིག་ཡིན།

དེ་འདྲ་སོང་ཙང་། ཡང་བསྐྱར་མི་ལུས་འདི་ཐོབ་ནས་ཆོས་ཕྱོགས་ལ་དོ་སྣང་བྱེད་པ་དང་སྐྱེ་བ་ཕྱི་མ་ཡག་པོ་ཞིག་ཡོང་རྒྱུར་དམིགས་ནས་འབད་བརྩོན་བྱེད་མཁན་ནི་ཧ་ཅང་དཀོན་པོ་དང་ཁག་པོ་ཞིག་རེད། དོན་དངོས་སུ་ང་ཚོར་རྙེད་པའི་དལ་འབྱོར་ཚང་བའི་མི་ལུས་འདི་ཧ་ཅང་རྩ་ཆེན་པོ་དང་དཀོན་པོ། རྙེད་དཀའ་བ་ཞིག་རེད། ད་ལན་མི་ལུས་ཐེངས་གཅིག་ཐོབ་པར་རང་ངོས་ནས་དགའ་བ་ཆེན་པོ་སྐྱེ་འོས་པ་ཞིག་ཡིན།

དལ་འབྱོར་མི་ལུས་འདི་ཐོབ་པར་དགའ་བ་སྐྱེ་དགོས་པའི་རྒྱུ་མཚན་ནི་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཞེ་ན། ལུས་རྟེན་འདིའི་ཐོག་ནས་ང་ཚོས་མངོན་འདོད་མང་པོ་ཞིག་སྒྲུབ་ཐུབ། དལ་འབྱོར་མི་ལུས་ཀྱི་ཐོག་ནས་ཚེ་འདིའི་ནང་དཔལ་འབྱོར་དང་། རྒྱུ་ནོར། དངུལ་སོགས་མང་པོ་གསོག་ཐབས་བྱེད་མཁན་ཡོད། ཚེ་འདི་དང་འབྲེལ་བའི་ཐོག་ནས་རང་གི་མི་ཚེ་སྐྱེལ་མཁན་ཚོས་སོ་སོའི་གོ་སྐབས་འདི་ཚེ་རབས་ནས་ཚེ་རབས་ལ་བསམ་བློ་བཏང་ནས་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་གི་མེད། དེས་ན་ང་ཚོས་སོ་སོའི་ནུས་པ་ཡོངས་རྫོགས་བཟའ་རྒྱུ་དང་ཕྱི་དངོས་པོའི་དགོས་མཁོའི་ཆེད་དུ་བཏང་ན། དེ་ནི་ཐ་ན་དུད་འགྲོས་ཀྱང་བྱེད་ཐུབ་པ་ཞིག་ཡིན། དེ་ལྟ་ན་མི་རྣམས་དུད་འགྲོ་དང་ཁྱད་པར་མེད་པ་དང་རྟེན་གྱི་ཆ་ནས་བཟང་བ་མེད་པར་གྱུར། ཐ་ན་ཙི་ཙི་ཐེ་བའི་དུད་འགྲོ་རྣམས་ལའང་རང་རང་སོ་སོའི་ཉིན་རེའི་བཟའ་བཏུང་འཚོལ་བའི་ནུས་པ་ཡོད།

དེས་ན་དལ་འབྱོར་མི་ལུས་ལ་བརྟེན་ནས་གཞན་ལས་ལྷག་པའི་བྱ་བ་རླབས་ཆེ་བ་ག་རེ་སྒྲུབ་ཐུབ་བམ་ཞེ་ན། ང་ཚོས་ཆོས་ནང་གསུངས་པའི་སྔོན་འགོག་གི་ཐབས་ལམ་སྣ་ཚོགས་ཤིག་ལག་བསྟར་ཐུབ་ནས་སྐྱེ་བ་ཕྱི་མ་ངན་འགྲོའི་གནས་སུ་མི་ལྷུང་བ་བྱེད་ཐུབ་ཀྱི་ཡོད། དེ་ནི་ང་ཚོས་བྱེད་ཐུབ་པ་ཞིག་ཡིན། དེ་ནི་དལ་འབྱོར་མི་ལུས་ལ་བརྟེན་ནས་ང་ཚོས་བྱེད་ཐུབ་པ་ཞིག་ཡིན། དེར་མ་ཟད། འདི་ལ་བརྟེན་ནས་ང་ཚོས་མི་འདོད་བཞིན་དུ་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་སྣ་ཚོགས་ཤིག་མེད་པ་བཟོ་ཐུབ། ང་ཚོས་སོ་སོའི་དཀའ་ངལ་དང་སྡུག་བསྔལ་རྣམས་མེད་པ་བཟོ་ཐུབ་པ་ཙམ་མ་ཟད་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་དཀའ་ངལ་རྣམས་ཀྱང་བཟོད་ཡང་དུ་གཏོང་ཐུབ་པ་སྲིད་པ་ཡིན། དེ་བཞིན་མཐར་ང་ཚོས་དལ་འབྱོར་མི་ལུས་ཀྱི་ཐོག་ནས་རང་རྒྱུད་ཀྱི་སེམས་ཀྱི་དྲི་མ་མཐའ་དག་བསལ་ནས་ཡང་དག་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ། དེ་དག་ཚང་མ་མིའི་ལུས་རྟེན་འདི་ལ་བརྟེན་ནས་སྒྲུབ་ཐུབ།

སེམས་ནང་ཉར་དགོས་པའི་གནད་དོན་གཙོ་བོ་ནི་གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སླད་རང་ངོས་ནས་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་ནས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་བྱེད་པའི་ནུས་པ་དེ་ཡིན། དེའི་ཐོག་ནས་ང་ཚོས་དལ་འབྱོར་མི་ལུས་དང་། འཆི་བ། མི་རྟག་པ་སོགས་དང་འབྲེལ་བའི་གསུང་གི་དོན་ལ་བསམ་བློ་ཡག་པོ་གཏོང་དགོས། དེའི་ཕྱིར་སྐྱེ་བ་ཕྱི་མ་ངན་འགྲོའི་གནས་སུ་མི་སྐྱེ་བའི་ཆེད་དུ་ནང་ཆོས་ནས་གསུངས་པའི་ཐབས་ལམ་རྣམས་ང་ཚོས་ཉམས་ལེན་ནང་སྒྲིལ་དགོས་ཀྱི་ཡོད།

ང་ཚོས་སངས་རྒྱས་ཀྱི་སྐུ་བརྙན་འབྲི་བའི་སྐབས། དང་པོ་ནས་སངས་རྒྱས་ཀྱི་སྐུ་བརྙན་གསལ་པོ་སེམས་ནང་འཆར་ཐུབ་པ་དགོས། དེ་ག་ནང་བཞིན་ནང་པའི་ཆོས་ཀྱི་ཉམས་ལེན་སྐབས། དང་པོ་ནས་མཐའ་མའི་དམིགས་ཡུལ་དེ་གཞན་སེམས་ཅན་ལ་ཕན་འདོགས་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་དོན་གཉེར་བྱེད་དགོས་པ་སེམས་ནང་ཉར་དགོས། དང་པོ་ནས་སེམས་ནང་དེ་ཡོད་པའི་ཐོག་ནས་ང་ཚོས་ཉམས་ལེན་གྱི་རིམ་པ་ཚང་མར་གནད་ལ་སྨིན་པོས་འཇུག་ཐུབ།

ང་ཚོར་ཉིན་དང་མཚན་མོའི་དུས་ཚོད་ཡོད་པས་རྩ་ཆེའི་དལ་འབྱོར་མི་ལུས་འདིའི་སྙིང་པོ་ལེན་ཐུབ་པའི་ཆེད་དེ་གཉིས་ཀ་བེད་སྤྱོད་ཡག་པོ་ཞིག་གཏོང་ཐུབ་པ་བྱེད་དགོས། མི་ཚེའི་སྙིང་པོ་གང་རེད་དམ། གསོན་པོར་གནས་པའི་དགོས་པ་ནི་རང་གཞན་ཀུན་ལ་ཕན་འདོགས་པའི་སླད་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་ཡིན། དེ་ནི་དལ་འབྱོར་མི་ལུས་འདི་གསོན་པོར་གནས་པའི་གནད་དོན་གཙོ་བོ་དེ་ཡིན་ཞིང་། དེ་ནི་ང་ཚོས་དུས་དང་རྣམ་པ་ཀུན་དུ་སེམས་ནང་ཉར་ནས་ནམ་ཡང་མི་བརྗེད་པ་བྱ་རྒྱུ་དེ་ཡིན།

རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་དམ་པའི་ཆོས་ཉམས་སུ་ལེན་ཐུབ་པའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ལུས་རྟེན་འདིར་གསོན་པོར་གནས་ཐུབ་པར་ང་ཚོས་དམིགས་བསལ་དགའ་བ་སྒོམ་དགོས། དེ་ལྟ་བུའི་གོ་སྐབས་ཡོད་པར་ང་ཚོས་དགའ་བ་བསྒོམས་ཏེ། རང་རྒྱུད་ཀྱི་སེམས་བཟང་པོ་དང་ཡག་པོ་ཞིག་ཡོང་ཐབས་བྱེད་དགོས། ང་ཚོས་མཐའ་གཅིག་ཏུ་གཞན་དོན་ལ་དམིགས་པ་དང་ཐར་པ་དོན་གཉེར་ལ་དམིགས་པའི་བསམ་བློ་ཞིག་གོང་འཕེལ་གཏོང་ཐུབ། དེ་ལྟར་གཞན་ལ་གནོད་པའི་ལས་གཅིག་ཀྱང་མ་བྱས་པར་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་ང་ཚོས་སོ་སོའི་ནུས་པ་ཡོངས་རྫོགས་བེད་སྤྱོད་བྱེད་ཐུབ།

ཕྱོགས་བསྡོམས།

དེ་རིང་ང་ཚོས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་སྐོར་ལ་གོ་སྡུར་བྱས་པ་རེད། དེ་བཞིན་རང་ཉིད་ཡར་རྒྱས་གཏོང་བའི་མཐུན་རྐྱེན་དུ་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་དལ་འབྱོར་མི་ལུས་སྐོར་ལའང་གོ་སྡུར་བྱས་ཟིན། དེ་དག་ཀྱང་འདིར་སྔོན་འགྲོའི་ཆོས་བཤད་དང་། དངོས་གཞིའི་གཞུང་། མཇུག་གི་བསྔོ་བ་བཅས་ཀྱི་བསྐྱར་བཤད་ཀྱི་ཚུལ་དུ་མདོར་བསྡུས་ཙམ་བཤད་པ་ཡིན།

དལ་འབྱོར་མི་ལུས་ཀྱི་ཐོག་ནས་ང་ཚོས་གང་སྒྲུབ་ཐུབ་མིན་ལ་མཚོན་ན། གནས་སྐབས་དང་མཐར་ཐུག་གི་འདོད་དོན་གཉིས་ཀ་སྒྲུབ་ཐུབ། གནས་སྐབས་དེ་ལ་བརྟེན་ནས་དལ་འབྱོར་ཚང་བའི་མི་ལུས་དང་ལྷའི་གོ་འཕང་བསྐྱར་དུ་འཐོབ་ཐུབ་པ་དང་། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ། དེར་བརྟེན་གནས་སྐབས་དང་མཐར་ཐུག་གང་ནས་བལྟས་ཀྱང་དལ་འབྱོར་མི་ལུས་ནི་ཧ་ཅང་རྩ་ཆེན་པོ་རེད། སོང་ཙང་། གལ་གནད་ཆེ་བའི་གནད་དོན་དེ་དག་གི་ཐོག་བསམ་བློ་བཏང་ནས་ར་འཕྲོད་དེ་དགའ་བ་སྒོམ་པའི་གོམས་གཤིས་ཤིག་སེམས་རྒྱུད་ལ་འཇགས་པར་བྱེད་དགོས།

Top