ངའི་དྲན་ཤེས་ནང་གི་དགེ་བཤེས་ངག་དབང་དར་རྒྱས།

ངས་དགེ་བཤེས་ངག་དབང་དར་རྒྱས་ལགས་ཐོག་མར་རྒྱ་གར་ས་གནས་ཌལ་ཧོ་སིར་ཕྱི་ལོ་ ༡༩༧༠ ནང་ཐུག་འཕྲད་བྱུང་བ་དང་། ཁོང་དང་མཉམ་དུ་སློབ་གཉེར་བྱེད་འགོ་བཙུགས་པ་ཡིན། ལོ་དེའི་སྔོན་ལ་ང་རྒྱ་གར་ནང་ཧྥུལ་བྷ་ར་ཡེ་ཊིའི་ (Fulbright) གཙུག་ལག་སློབ་ཡོན་ཐོབ་པ་བརྒྱུད་རང་གི་རིག་པའི་ཆུ་གཏེར་གྱི་དཔྱད་རྩོམ་ལ་ཉམས་ཞིབ་བྱེད་ཆེད་དུ་སླེབས་ཡོད། ང་རང་ཧ་ཝརྡ་ (Harvard) ལ་བོད་སྐད་སྦྱོང་བའི་སྐབས་ནས་བཟུང་ཨ་རིའི་ནིའུ་ཇིར་སིར་ (New Jersey) དགེ་བཤེས་དབང་རྒྱལ་དང་འབྲེལ་བ་བྱུང་ཡོད། རྒྱ་གར་ནང་སླེབས་དུས། ངས་སྐུ་ན་ཕྲ་བའི་སྤྲུལ་སྐུ་ཤར་པ་རིན་པོ་ཆེ་དང་ཁམ་ལུང་རིན་པོ་ཆེ་རྣམ་གཉིས་དྲུང་ནས་རོགས་རམ་ཞུས་པ་ཡིན། ཁོང་རྣམ་པ་གཉིས་ནི་ཨ་རིའི་ནང་དགེ་བཤེས་དབང་རྒྱལ་ལགས་ཀྱི་ལམ་སྟོན་འོག་དབྱིན་སྐད་སློབ་སྦྱོང་གནང་ཡོད།

ང་རང་གི་ཉམས་ཞིབ་དཔྱད་རྩོམ་དེ་ནི་རྒྱུད་གསང་བ་འདུས་པའིསྐོར་ཡིན་ནའང། དེའི་སྐོར་ལ་དཔྱད་པ་བྱ་རྒྱུ་དང་འབྲི་རྒྱུ་ནི་རང་གི་ཤེས་ཚད་ལས་ཀྱང་ལྷག་པ་ཡོད་པ་ཤེས་པའི་རྗེས་སུ། ྋགོང་ས་མཆོག་གི་ཡོངས་འཛིན་གཞོན་པ་ཁྲི་བྱང་རིན་པོ་ཆེ་ནས་དེའི་ཚབ་ཏུ་ལམ་རིམ་མམ་བྱང་ཆུབ་ལམ་གྱི་རིམ་པ་སློབ་སྦྱོང་བྱེད་དགོས་པའི་སློབ་གསོ་གནང་སོང། སྐབས་དེ་དུས་དགེ་བཤེས་ངག་དབང་དར་རྒྱས་ནི་ཤར་པ་རིན་པོ་ཆེ་དང་ཁམ་ལུང་རིན་པོ་ཆེ་རྣམ་གཉིས་ཀྱི་དགེ་བའི་བཤེས་གཉེན་ཡིན་པས། རིན་པོ་ཆེ་རྣམ་གཉིས་ཀྱིས་ངའི་མགྲིན་ཚབ་གནང་སྟེ་ཁོང་གིས་ང་ལ་ལམ་རིམ་སློབ་འཁྲིད་གནང་བའི་རེ་སྐུལ་ཞུས་པ་ལྟར། ཁོང་གིས་ཐུགས་བརྩེ་བའི་ངང་ཞལ་བཞེས་གནང་སོང། དེ་ནས་བཟུང་ཁོང་གི་ནུབ་ཕྱོགས་པའི་སློབ་མ་དང་པོ་དེ་ང་ཆགས་པ་རེད།

དགེ་བཤེས་དར་རྒྱས་ལ་ཁོང་ནི་གཞན་གྱིས་དོར་བའི་འདམ་དང་ལྕི་བས་བཟོས་པའི་བ་ཚང་ཞིག་གི་ནང་དུ་བཞུགས་པ་དང་། ཁང་པ་དེའི་ནང་ཁོང་གི་གཟིམ་ཁྲི་ཤོང་ཙམ་ཞིག་དང་ཁོང་གི་སློབ་མ་རྣམས་དེའི་ཟུར་གྱི་ཞ་ལའི་ཐོག་བསྡད་ཐུབ་ཙམ་གྱི་ས་ཆ་ཆུང་ཆུང་ཞིག་ལས་མེད། རྟག་ཏུ་སྤྲོ་ཉམས་ལྡན་ཞིང་སོ་མེད་པའི་ཁོང་གི་མ་བྱན་མཁས་གྲུབ་མཐར་ཕྱིན་ནི། ས་ཆ་དེ་ལས་ཀྱང་ཆུང་བའི་ཐབ་ཚང་ནང་དུ་སྡོད་ཀྱི་འདུག།།དགེ་བཤེས་དར་རྒྱས་ལ་ང་ཚོས་ “རྒན་རིན་པོ་ཆེ་” ཞེས་འབོད་པ་དང་། ཁོང་ནི་སྐུ་ན་ཕྲ་བའི་སྤྲུལ་སྐུའི་དགེ་རྒན་སྐད་གྲགས་ཅན་ཞིག་རེད། དེའི་སྐབས་སྤྲུལ་སྐུ་དགུ་ཁོང་གི་གཟིགས་རྟོག་འོག་ལ་ཡོད་པ་དང་། ཁོང་རང་ཉིད་མཚན་ཉིད་དང་ཉམས་ལེན་གང་སྤྱིར་ཐད་མཁས་ཤིང་སྙན་གྲགས་ཆེན་པོ་ཡོད་པ་སོང་ཙང། ཁོང་བླ་མ་ཚད་ལྡན་ཞིག་ཡིན་པ་ང་རང་ལ་གདེང་ཚོད་ཡོད།

བདུན་ཕྲན་རེར་ང་ལ་ཉིན་དྲུག་གི་རིང་སློབ་ཚན་ཡོད་པ་དང་། ཤར་པར་དང་ཁམ་ལུང་རིན་པོ་ཆེ་རྣམ་གཉིས་ཀྱིས་ང་ལ་སྐད་སྒྱུར་གནང་གི་ཡོད། རྒན་རིན་པོ་ཆེ་ཁམས་སྐད་དཔེ་མཁྲེགས་པོ་རྒྱག་གནང་གི་ཡོད་པས། སྐབས་དེ་དུས་ཁོང་གིས་གང་གསུངས་པ་ངས་ཧ་ལམ་གང་ཡང་གོ་ཚོད་ཀྱི་མི་འདུག།།ངའི་འཛིན་གྲྭའི་ནང་མཉམ་དུ་ཡོད་པའི་སྤྲུལ་སྐུ་གཞན་ཞིག་ནི་བྱ་དོ་རིན་པོ་ཆེ་རེད། ཁོང་ཕྱིས་སུ་ྋགོང་ས་མཆོག་གི་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་གནང་བ་དང་། ད་ལྟ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་གནང་བཞིན་ཡོད། དེ་དུས་ང་ཚོ་ཚང་མ་རྒན་རིན་པོ་ཆེའི་གཟིམ་ཁྲིའི་འགྲམ་དུ་ཡོད་པའི་ས་ཆ་ཆུང་ཆུང་གུ་དོག་པོ་དེའི་ནང་བཙིར་ནས་བསྡད་ཀྱི་ཡོད།

རྒན་རིན་པོ་ཆེ་བཞུགས་སའི་ཁང་ཆུང་དེ་ལ་མཚོན་ན། དེ་ག་དུས་ཡིན་ཀྱང་སྦྲང་མས་ཁེངས་ནས་ཡོད། འོན་ཀྱང་དེས་ང་རང་གཅིག་པུར་མ་གཏོགས་གཞན་རྣམས་ལ་བསུན་སྣང་གང་ཡང་བཟོ་གི་མེད་པ་འདྲ་པོ་ཞིག་ཚོར་སོང་། ཁམ་ལུང་རིན་པོ་ཆེས་དེ་ལས་ལྡོག་སྟེ། སྦྲང་མ་དང་མཉམ་དུ་སྐུ་རྩེད་གནང་གི་ཡོད། ཁོང་གིས་སྔོན་ལ་སྦྲང་མ་རང་གི་ལག་པའི་ནང་བཟུང་བ་དང་། དེའི་ཐད་ལ་ཁོང་ཧ་ཅང་བཟུང་མཁས་པོ་ཡོད། སྦྲང་མ་ཁ་ཤས་བཟུང་ཚར་བའི་རྗེས་སུ་ལག་པའི་ནང་དཀྲུག་དཀྲུག་བཏང་ནས་གློད་གནང་གི་རེད། སྦྲང་མ་དེ་ཚོ་མགོ་ཡོམ་འཁོར་བཞིན་འཕུར་ནས་འགྲོ་བ་མཐོང་དུས། ཁོང་ཚོ་ཚང་མས་གད་མོ་ཤོར་གྱི་རེད། འོན་ཀྱང་ང་རང་ལ་དེ་དམིཌ་བསལ་དགོད་བྲོ་པོ་ཞིག་མཐོང་གི་མེད། ཉིན་ཞིག་ང་རང་མི་བདེ་བའི་རྣམ་པ་དེ་རྒན་རིན་པོ་ཆེས་གཟིཌ་ནས་ཁོང་གཟིམ་ཁྲིའི་སྟེང་དུ་ཡར་བཞེངས་ནས་ན་བཟའ་བར་སྣང་ལ་གཡོས་ཏེ་སྦྲང་མ་རྣམས་འདེད་གནང་སོང། དེ་ནས་ང་ལ་གཟིགས་ནས་བཞད་མོ་བཞད་གནང་སོང། དུས་དེ་ནས་བཟུང་ངས་ང་རང་སློབ་ཚན་ཁག་ལ་དོ་སྣང་ཤུགས་ཆེ་རུ་སྤྲད་ནས་སྦྲང་མ་ལ་སྣང་མེད་གཏོང་རྒྱུ་ཤེས་པ་བྱས་ཡིན།

དེ་ནས་དུས་ཚོད་གང་འཚམས་སོང་བའི་རྗེས། ཕྲན་ནས་རྒན་རིན་པོ་ཆེ་བཞུགས་གནས་དྲག་པ་ཞིག་ཡོང་བའི་ཆེད་དུ་དངུལ་ཏོག་ཙམ་ཕུལ་བ་ཡིན། ཁོང་གི་དེ་བཞེས་ཀྱང་། རང་ཉིད་གང་དུ་གནས་སྤོས་གནང་ཡོད་པ་ང་ཚོར་མ་གསུངས་བར་གསང་བ་དང་སྐུ་རྩེད་གནང་རྒྱུར་མཉེས་པོ་གནང་གི་ཡོད། ཁོང་གར་སོང་ཆ་མེད་དུ་སོང་ནས་མཐའ་མ་དེར་ང་ཚོས་འཚོལ་དགོས་པ་བཟོས་གནང་གི་ཡོད། ང་ཚོས་ཁོང་རྙེད་པའི་དུས་སུ་ཁོང་གིས་བཞད་མོ་ཤུགས་ཆེན་ཤོར་གནང་གི་ཡོད། ཁོང་རྒྱུད་སྨད་གྲྭ་ཚང་གི་འགྲམ་ལ་ཡོད་པའི་ལྕགས་ཀྲིན་གྱིས་བཟོས་པའི་ཁང་ཆུང་ཞིག་ལ་གནས་སྤོས་གནང་ཡོད། དེ་ནི་ཁོང་གི་ངོས་ནས་གསུངས་ན་ཡར་རྒྱས་ཆེན་པོ་ཞིག་རེད། དེར་ངས་ཁོང་དང་མཉམ་དུ་སློབ་གཉེར་མུ་མཐུད་ནས་བྱས་པ་དང་། དུས་ནས་དུས་སུ་ང་རང་སྤྲུལ་སྐུ་གཞན་དང་མཉམ་དུ་གོམ་པ་སྤོས་ནས་འཆམ་འཆམ་བསྐྱོད་པ། དེ་བཞིན་མཛེས་སྡུག་ལྡན་པའི་རིའི་སྤང་ལྗོངས་སྟེང་དུ་གླིང་ཁ་བཏང་བ་སོགས་བྱེད་ཀྱི་ཡོད། རྒན་རིན་པོ་ཆེ་གླིང་ཁ་གཏོང་རྒྱུར་ག་དུས་ཡིན་ཀྱང་མཉེས་པོ་གནང་གི་ཡོད།

ྋགོང་ས་མཆོག་ནས་ང་ཚོའི་སློབ་ཚན་སྐོར་མཁྱེན་གྱི་ཡོད་པས། ཁོང་གིས་ང་ཚོར་བོད་སྐད་ནང་ཡོད་པའི་དཔེ་དེབ་ཐུང་ངུ་ཁ་ཤས་དབྱིན་སྐད་ནང་དཔར་བསྐྲུན་ཆེད་དུ་བསྒྱུར་བཅུག་གནང་སོང། དེ་ནས་ཕྱི་ལོ་ ༡༩༧༡ ལོར་ྋགོང་ས་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་དཔེ་མཛོད་ཁང་བཞུགས་སྒར་དྷ་སར་གསར་འཛུགས་གནང། ལོ་དེའི་སྟོན་དུས་སྐབས་ང་ཚོ་ཚང་མ་དྷ་སར་ྋགོང་ས་མཆོག་གིས་གནང་བའི་གསང་འདུས་རྩ་རྒྱུད་སྐོར་གྱི་གསུང་ཆོས་ལ་བཅར། དེའི་སྐབས་སུ་ྋགོང་ས་མཆོག་གིས་རྒན་རིན་པོ་ཆེ་མཆོག་དཔེ་མཛོད་ཁང་དུ་ནུབ་ཕྱོགས་པ་ཚོའི་དགེ་རྒན་དང་། ཤར་པ་དང་ཁམ་ལུང་རིན་པོ་ཆེ་རྣམ་གཉིས་སྐད་སྒྱུར་གནང་དགོས་ཞེས་གསུངས་གནང་སོང། ངས་རང་ཉིད་ཀྱི་ཕན་ཐོགས་མིན་སྐོར་ཞུས་པར། ྋགོང་ས་མཆོག་གིས་སྔོན་ན་ཧ་ཝརྡ་ལ་ཕྱིར་ལོག་ནས་རང་གི་ཉམས་ཞིབ་དཔྱད་རྩོམ་ཡར་འབུལ་དགོས་པ་དང་། དེ་ནས་འབུམ་རམས་པའམ་རིག་པའི་ཆུ་གཏེར་གྱི་ཕྱག་འཁྱེར་བླངས་སྟེ་ཕྱིར་ལོག་དགོས་པའི་སློབ་སྟོན་མཛད་གནང་སོང། ངས་དེ་ལྟར་བྱས་ནས་ལོ་རྗེས་མར་སླར་དྷ་སར་ལོག་ནས་རྒན་རིན་པོ་ཆེ་དང་སྤྲུལ་སྐུ་རྣམ་གཉིས་སར་སོང་། ང་ཚོ་ཚང་མ་མཉམ་རུབ་ཀྱིས་བོད་ཀྱི་དཔེ་མཛོད་ཁང་ལ་ཡིག་སྒྱུར་གཞུང་ལས་ཁང་གསར་འཛུགས་བྱས་པ་རེད།

རྗེས་མའི་ལོ་བཅུ་གཉིས་ནང་། རྒྱལ་སྤྱིའི་ནང་རྒྱ་ཆེ་བའི་ཆོས་འཁྲིད་ཀྱི་ཆེད་དུ་ཕེབས་དགོས་ན་མ་གཏོགས། གཞན་རྒན་རིན་པོ་ཆེས་དཔེ་མཛོད་ཁང་ལ་བདུན་ཕྲག་རེར་ཉིན་དྲུག་རིང་སློབ་ཁྲིད་གནང་ནས་བཞུགས། ངས་ཧ་ལམ་ཁོང་གི་སློབ་ཚན་ཚང་མ་ཉན་དུ་སོང་བ་མ་ཟད། སློབ་ཁྲིད་གང་གནང་བ་ཚང་མར་ཟིན་བྲིས་སུ་རྒྱས་པར་བཀོད་པ་ཡིན། དེའི་སྐབས་རྒྱལ་འབྲེལ་མཐུན་ཚོགས་ཀྱི་མི་ཟེར་ (Commonwealth citizen) ཡིན་ན། རྒྱ་གར་ནང་མཐོང་མཆན་མེད་པའི་ཐོག་སྡོད་ཆོག་གི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སློབ་ཕྲུག་མང་པོ་ཞིག་རྡ་རམ་ས་ལར་ལོ་ཤས་བསྟུད་མར་བསྡད་ཐུབ་ཀྱི་ཡོད། དེས་རྒན་རིན་པོ་ཆེས་ཀྱང་ནང་ཆོས་ཀྱི་བསྟན་བཅོས་གཙོ་བོ་ཁག་ལོ་འགའ་ཤས་འགོར་ཀྱང་སློབ་ཁྲིད་བྱས་ཐུབ་པ་བྱུང་བ་དང་། རྒྱུན་མཐུད་ནས་སྒོམ་ཉམས་ལེན་ཐོག་ང་ཚོར་ལམ་སྟོན་གནང་ཐུབ་པ་བྱུང་ཡོད། ཁོང་གིས་ད་དུང་གསང་སྔགས་ཀྱི་བཀའ་དབང་བསྩལ་བ་དང་དེའི་ཉམས་ལེན་ཐོག་སློབ་ཁྲིད་གཏིང་ཟབ་ཀྱང་གནང་གི་རེད། རྒྱུན་དུ་བདུན་ཕྲག་འགའ་སོང་རྗེས་ང་ཚོས་ཁོང་དང་མཉམ་དུ་འཛོམས་ནས་བླ་མ་མཆོད་པའི་ཆོ་ག་བསྒྲུབས་པ་དང། དེ་ཁོང་གིས་ང་ཚོར་ཇི་ལྟར་བསྒྲུབ་ཚུལ་སྐོར་སློབ་སྟོན་གནང་ཡོད། དེ་ནི་ཧ་ཅང་གི་བསྐལ་པ་བཟང་པོ་དུས་ཞིག་རེད། ང་ཚོར་གོ་སྐབས་དཀོན་པོ་དེ་འདྲ་བ་ཞིག་ཐོབ་པ་ནི་ཧ་ཅང་གི་བསོད་ནམས་ཆེན་པོ་ཆགས་བསྡད་ཡོད།

དམིགས་བསལ་གྱི་རྗེས་དྲན་འོས་པ་ཞིག་ནི། རྒན་རིན་པོ་ཆེས་སློབ་ཁྲིད་གང་གནང་ཡང་སྤྲོ་སེམས་འཁོལ་བ་དང་། རྟག་ཏུ་ཁོང་གིས་གཏིང་ཟབ་པའི་ཆོས་ཀྱི་འགྲེལ་བ་རྣམས་དགོད་བྲོའི་ཉམས་དང་མཉམ་བསྲེས་ཐོག་ནས་གོ་བདེ་པོ་བཟོས་གནང་གི་ཡོད་པ་དེ་རེད། ཁོང་གིས་བསླབས་ཟིན་པ་ང་ཚོས་བརྗེད་པ་རྣམས་ཡང་བསྐྱར་ཆོས་འགྲེལ་གནང་རྒྱུར་སྐུ་ངལ་ཡོད་པའི་བསུན་སྣང་རྩ་བ་ནས་གནང་གི་མེད་པས། ཁོང་ནི་སྙིང་རྗེ་དང་བཟོད་སྲན་ཐད་སེམས་སྐུལ་ཐེབས་ཐུབ་པའི་མིག་དཔེ་བཟང་པོ་ཞིག་ཀྱང་རེད། ཁོང་ནི་ཚུལ་ཁྲིམས་དང་གྲྭ་པ་རྣམས་ཀྱི་སྡོམ་པ་སྲུང་རྒྱུར་ཧ་ཅང་ནན་པོ་དང་ཞིབ་ཚགས་པོ་གནང་མཁན་ཞིག་རེད། མཚན་དཀྱིལ་ལ་ཆབ་གསང་ལ་ཕེབས་དགོས་པ་བྱུང་ན་ཡང་། ཁོང་གིས་གཟན་གོས་མནབས་ནས་ཕེབས་ཀྱི་རེད།

རྒན་རིན་པོ་ཆེས་ངའི་དཀའ་ངལ་ཅན་གྱི་དུས་ཚོད་མང་པོ་ཞིག་གི་ནང་རོགས་རམ་གནང་ཡོད། མཚན་ཞབས་སེར་ཀོང་རིན་པོ་ཆེ་གློ་བུར་དུ་སྤི་ཏི་ལ་དགོངས་པ་ཆོས་དབྱིངས་སུ་ཐིམས་སྐབས། གནས་ཚུལ་དེ་ཐོས་པ་དང་ལམ་སེང་རྒན་རིན་པོ་ཆེའི་གཟིམ་ཤག་ཏུ་ཕྱིན་པ་ཡིན། སེར་ཀོང་རིན་པོ་ཆེའང་རྒན་རིན་པོ་ཆེ་ཁོང་གི་དགེ་བའི་བཤེས་གཉེན་ནང་ནས་གཅིག་རེད། ངས་ཁོང་གི་ཤག་ནང་དུ་འཛུལ་དུས། ཁོང་ནི་རང་གི་བོད་པའི་གྲོཌ་པོ་འགའ་ཤས་མཉམ་དུ་གསོལ་ཇ་བཞེས་ནས་དགའ་སྤྲོའི་ངང་གླེང་མོལ་གནང་བཞིན་འདུག།།ཁོང་གིས་ང་ལ་མར་སྡོད་གསུངས་ནས་ཁོང་ཚོ་མ་ཕྱིན་བར་དུ་སྒུག་དགོས་པའི་བཀའ་གནང་སོང། ཁོང་གི་གྲོགས་པོ་རྣམས་ཕྱིན་ཚར་བའི་རྗེས་ལ་ངས་ཁོང་ལ་སེར་ཀོང་རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་ཚུལ་རང་གིས་ཐོས་པ་སྙན་སེང་ཞུས་པས། ཁོང་གིས་ཀྱང་གནས་ཚུལ་དེ་ཐོས་ཡོད་པ་ང་ལ་གསུངས་བྱུང་། ཁོང་གིས་དེ་ནས་རང་གི་ཕྱག་ཕྲེང་གིས་འདས་གྲོངས་སུ་ཕྱིན་པའི་དགེ་བའི་བཤེས་གཉེན་རེ་རེ་བཞིན་གྲངས་ཀ་བརྩིས་གནང་ནས་ང་ལ་འཆི་བ་ནི་མི་ཚང་མར་ཡོང་གི་ཡོད། དེ་ནི་ཧང་སངས་དགོས་པའི་གནད་དོན་ཞིག་མ་རེད། འོན་ཀྱང་ང་ཚོས་རང་གི་དགེ་བའི་བཤེས་གཉེན་རྣམས་དང་ཁོང་ཚོས་གང་གདམས་པ་རྣམས་སེམས་ལ་བཞག་ན། ཁོང་ཚོ་གཟུགས་ཀྱི་རྣམ་པའི་ཐོག་ནས་དགོངས་པ་རྫོགས་ཡོད་ཀྱང་། ཁོང་རྣམས་ང་ཚོ་དང་རྟག་ཏུ་མཉམ་དུ་ཡོད་པ་དང་། མི་ཚེ་ནི་སྔར་བཞིན་རྒྱུན་མཐུད་ཀྱི་རེད་ཞེས་གསུངས་བྱུང་། བཀའ་སློབ་དེས་རང་ཉིད་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་སོང་།

རྒན་རིན་པོ་ཆེ་ཕྱི་ལོ་ ༡༩༨༤ ལོར་དཔེ་མཛོད་ཁང་ནས་དགོངས་པ་ཞུས་ཏེ། ནིའུ་ཛི་ལེནྜིའི་གྲོང་ཁྱེར་རྡུ་ནེ་ཌིན་ལ་གནས་སྤོས་དང་སློབ་ཁྲིད་ཀྱི་གདན་ཞུས་གནང་བ་བཞིན་དེར་ཞལ་བཞེས་གནང་ཞིང། ས་ཐག་རིང་པོ་དེ་འདྲ་དང་། ཡུ་རོབ་དང་བྱང་ཨ་རི་ནས་རྒྱང་རིང་པོར་གནས་པའི་སར་གནས་སྤོས་གནང་རྒྱུ་དེ་ནི་ཁོང་ལ་ཧ་ཅང་རན་པོ་ཡོད་པ་འདྲ་པོ་ཆགས་སོང། ཁོང་ག་དུས་ཡིན་ནའང་ཏོག་ཙམ་གསང་བ་གནང་རྒྱུར་མཉེས་པོ་གནང་ནས། ཁོང་གི་སློབ་མ་ཚོས་འབད་བརྩོན་བྱས་ནས་ཁོང་བཙལ་ཏེ་ཁོང་གི་གསུང་ཆོས་ཐོབ་དགོས་པ་བཟོས་གནང་གི་ཡོད།

རྒན་རིན་པོ་ཆེ་ནིའུ་ཛི་ལེནྜིའི་ནང་ཕྱི་ལོ་ ༡༩༩༥ ལོར་སྐུ་ཚེའི་འཕེན་པ་མ་རྫོགས་བར་དུ་བཞུགས་གནང་བ་དང། ཁོང་ལ་གཅིན་སྙི་ཟ་ཁུའི་ནད་ཀྱིས་རྐྱེན་བྱས་ནས་སྤྱན་གྱིས་གཟིགས་མ་ཐུབ་པ་གྱུར་ཀྱང་། རང་ཉིད་སྐུ་ཚེའི་མཐའ་འཇུག་མ་སླེབས་བར་དུ་སློབ་ཁྲིད་དང་སྙིང་ཁོང་གཏིང་ནས་ཉིན་རེའི་ཉམས་ལེན་རྣམས་མུ་མཐུད་ནས་གནང་མཛད་པ་རེད།

རྒན་རིན་པོ་ཆེ་ནིའུ་ཛི་ལེནྜི་ལ་གནས་སྤོས་བྱས་པའི་རྗེས་སུ་ངས་ཁོང་ཡང་བསྐྱར་ཐེངས་གཉིས་ལས་མཇལ་རྒྱུ་མ་བྱུང་། འོན་ཀྱང་ཁོང་གིས་ཕྲན་ལ་ནང་ཆོས་ཀྱི་བསླབ་བྱ་ཁག་དང་དེའི་ཉམས་ལེན་ཚང་མའི་རྨང་གཞི་སྲ་བརྟན་བཟོས་གནང་བ་དང་། འཕགས་བོད་མཁས་པའི་གཞུང་ཁག་ལ་ཆོས་ཁྲིད་གནང་བ་སོགས་ཁོང་ནི་རང་ལ་ནམ་ཡང་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པ་ཚོར་གྱི་འདུག།།ཁོང་གི་ཡང་སྲིད་དུ་ཡང་སྲིད་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༦ ལོར་སྐུ་འཁྲུངས་པ་དང་། ད་ལྟ་ཁོང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སེ་ར་བྱེས་ཀྱི་གྲྭ་ཚང་ནང་སློབ་གཉེར་གནང་བཞིན་ཡོད།།

Top