དགེ་བའི་བཤེས་གཉེན་དང་འབྲེལ་བ་དམ་ཟབ་ཡོད་པ་དེ་སོ་སོའི་མི་ཚེའི་ནང་གི་ཡར་རྒྱས་དང་གལ་གནད་ཆེ་ཤོས་ཀྱི་འབྲེལ་མཐུད་ཅིག་ཡིན་ཆོག་པ་མ་ཟད། ད་དུང་རང་གིས་རང་ལ་འཁྲུལ་བ་དང། སྡུག་བསྔལ། ཆོས་ལ་རེ་ཐག་ཆོད་པའི་རྐྱེན་རྩར་ཡང་ཆགས་སྲིད་པ་རེད། དེ་དག་ཚང་མ་འབྲེལ་ལམ་དེ་ཉིད་ཧུར་བརྩོན་ཆེན་པོས་ལྷད་མེད་བཟང་པོ་ཞིག་བཟོས་ཡོད་མེད་ལ་རག་ལུས་ཡོད། དེ་ཡང་སོ་སོ་རང་ཉིད་དང་སོ་སོའི་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང། འབྲེལ་མཐུད་ཀྱི་དམིགས་ཡུལ། འབྲེལ་ལམ་གྱི་འགུལ་ཤུགས་དང་ས་མཚམས་བཅས་ཀྱི་སྐོར་ལ་དོན་དངོས་དང་མཐུན་པའི་བསམ་ཕྱོགས་ཤིག་ཡོད་པར་རག་ལུས་ཡོད་པ་རེད།
ཕྲན་ནས་ ༼དགེ་བའི་བཤེས་གཉེན་ཞིག་དང་འབྲེལ་ལམ་བཟོ་ཚུལ། ལྷད་མེད་ཀྱི་འབྲེལ་ལམ་གཙང་མ་ཞིག་སྐྲུན་པ།༽ Relating to a Spiritual Teacher: Building a Healthy Relationship (Ithaca: Snow Lion, 2000 ཞེས་དང་། དེ་ཡང་བསྐྱར་དུ་པར་སྐྲུན་ཞུས་ཏེ། ༼བློ་གྲོས་ཅན་གྱི་དགེ་རྒན་དང་དགེ་ཕྲུག །འབྲེལ་བ་དམ་གཙང་ཞིག་ཡོང་བར་བོད་ཀྱི་ཐབས་ཚུལ།༽ Wise Teacher, Wise Student: Tibetan Approaches to a Healthy Relationship. Ithaca: Snow Lion, 2010 ཞེས་པ་བརྩམས་ཡིན། དེ་ལྟར་བརྩམས་པའི་རྒྱུ་མཚན་གཙོ་བོ་ནི། ང་རང་གི་དགེ་བའི་བཤེས་གཉེན་གཙོ་བོ་སྟེ། མཚན་ཞབས་སེར་ཀོང་རིན་པོ་ཆེ་དང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག །དགེ་བཤེས་ངག་དབང་དར་རྒྱས་ལགས་རྣམས་དང་འབྲེལ་ལམ་བྱུང་བའི་ནང་ང་རང་ལ་ཧ་ཅང་གལ་གནད་ཆེ་བའི་ཕན་ཐོགས་བྱུང་བ་དང། རྒྱུ་མཚན་གཞན་ནི་ང་རང་གི་འཛམ་གླིང་ནང་ཆོས་བཤད་སྐོར་བསྐྱོད་སྐབས་ཐུག་འཕྲད་བྱུང་བའི་བཅོས་མིན་རྣམ་དག་གི་ཆོས་དོན་གཉེར་ཅན་མང་པོ་ཞིག་ལ་ཆ་རྐྱེན་བཟང་ཤོས་དང་རན་ཤོས་ཀྱི་ཉམས་མྱོང་ཉུང་ཉུང་ལས་མེད་པར་ང་རང་བློ་ཕམ་བྱུང། མང་པོ་ཞིག་ནི་འཁྲིག་སྤྱོད་དང་། དཔལ་འབྱོར། དབང་ཆ་ལོག་པར་སྤྱོད་པ་སོགས་མྱོང་བ་ངན་པ་ཡོད་པ་རྣམས་སོ་སོ་ཉེས་མེད་གནོད་འཚེ་ཕོག་ཡུལ་ལམ་སྡུག་མྱོང་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ལོག་པར་སྤྱོད་མཁན་གྱི་དགེ་རྒན་གཅིག་པུའི་ཐོག་ཏུ་ཁག་བཀལ་སྙད་གདོགས་བྱས་ནས་ཁོང་ཚོས་དགེ་བའི་བཤེས་གཉེན་ཚང་མ་ལས་ཐག་རིང་དུ་བཏང་བ་དང། སྐབས་རེ་ཆོས་ཀྱི་ལམ་ལས་ཀྱང་ཐག་རིང་དུ་བཏང་བ་བྱུང་ཡོད། གཞན་འགའ་ཞིག་གིས་སོ་སོའི་དམ་ཚིག་གཙང་མ་མེད་པའི་འབྲེལ་ལམ་ངོས་ལེན་མེད་པ་གནས་ཏེ། འཇིག་རྟེན་ཀུན་རྫོབ་གནས་ཚོད་ཐོག་ནས་དེ་གནོད་སྐྱོན་ག་ཚོད་ཆེན་པོ་ཡོད་མེད་ལ་མ་ལྟོས་པར། “བླ་མ་མཆོད་པ་” མ་ནོར་བ་དེ་བདེན་པ་དག་སྐྱེལ་བྱས་པ་ཙམ་མ་ཟད། ད་དུང་དེ་ལྟ་བུའི་དགེ་རྒན་གྱི་སྤྱོད་ལམ་ཐམས་ཅད་ཆོས་དང་མཐུན་པའི་བྱིན་གྱིས་རླབས་པ་ཞིག་ཡིན་པར་བསམ་གྱི་ཡོད། དེ་འདྲའི་མཐའ་གཉིས་པོས་སློབ་མ་རྣམས་ལ་དམ་ཚིག་གཙང་མའི་འབྲེལ་ལམ་ལས་འཐོབ་ངེས་ཀྱི་ཕན་ཡོན་ཆ་ཚང་ཞིག་འཐོབ་པར་འགོག་རྐྱེན་བྱས་ཡོད།
སློབ་མ་རྣམས་ནུབ་ཕྱོགས་པ་དང་དགེ་རྒན་ཚོ་བོད་པ་ཡིན་པའི་གནས་སྟངས་ནང་དཀའ་ངལ་གྱི་འབྱུང་རྩ་གཅིག་ནི་རིག་གཞུང་གི་གོ་ནོར་ཐེབས་པ་དེ་ཡིན། དེ་ཡང་ཕྱོགས་གཞན་དེས་སོ་སོའི་རིག་གཞུང་གྱི་རྒྱས་བཅད་དང་མཐུན་པར་བྱེད་དགོས་པའི་དོན་དངོས་དང་མི་མཐུན་པའི་རེ་བ་བྱེད་པ་ལ་བརྟེན་ནས་ཡོང་གི་ཡོད། གཞན་ཡང་རྨོངས་པའི་འབྱུང་ཁུངས་རྣམས་ནི། གཞུང་ལུགས་ཚད་ལྡན་གྱི་ནང་གསལ་བའི་བླ་སློབ་གྱི་འབྲེལ་ལམ་དེ་སྐབས་དོན་ངོ་མ་ལས་ཕྱིར་བཏོན་ཏེ། ཚིག་དོན་ཙམ་དུ་སྒྱུར་བ་དང། ཐུན་མིན་བརྡ་ཆད་ཀྱི་དོན་ལ་ནོར་འཁྲུལ་ཡོང་བ་སྟེ། རྒྱུན་དུ་འགྱུར་ལོག་པའི་དབང་གིས་འབྱུང་གི་ཡོད་པ་བཅས་རེད།
ལམ་རིམ་གྱི་གཞུང་ནང་དུ་དཔེར་ན། བཤེས་གཉེན་བསྟེན་ཚུལ་གྱི་འབྲེལ་ལམ་དེ་ “ལམ་གྱི་རྩ་བར་” གསུངས་ཡོད་པ་དང་གཞུང་གི་བརྗོད་བྱའི་ཐོག་མར་གླེང་ཡོད་པ་རེད། གང་ལྟར་ཡང་། གཟུགས་རྒྱན་གྱི་དོན་ལྟར་བྱས་ན། ཤིང་སྡོང་ལྟ་བུ་ཡུན་དུ་གནས་ཐུབ་པ་ནི་དེའི་རྩ་བ་ལས་འབྱུང་གི་ཡོད་པ་ལས་དེས་རྩ་བ་ཞིག་ནས་འགོ་བཙུགས་པ་མིན། ཤིང་སྡོང་ནི་དེའི་ས་བོན་ཞིག་ལས་འགོ་བཙུག་གི་ཡོད་པ་དང། རྗེ་ཙོང་ཁ་པ་ཆེན་པོས་འབྲེལ་ལམ་དེར་ “ལམ་གྱི་ས་བོན་” ཞེས་གསུངས་མེད། མདོར་བསྡུས་ན། ལམ་རིམ་གྱི་ཆེད་དུ་བྱ་བའི་ཐོག་མའི་གདུལ་བྱ་ནི་ལས་དང་པོ་བ་རྣམས་མ་རེད། དེའི་གདུལ་བྱར་རབ་བྱུང་ཕོ་མོ་གཏོགས་ཤིང་། གསང་སྔགས་ཀྱི་དབང་འཐོབ་པའི་ཆེད་འདུས་པ་དང་། ཁོང་ཚོར་སྟ་གོན་དུ་མདོའི་གཞུང་ལ་ཐོས་པ་དང་བསྐྱར་ཞིབ་ཅིག་སྔོན་དུ་བཏང་དགོས་ཀྱི་ཡོད། དེ་འདྲ་བའི་གང་ཟག་རྣམས་ལ་སྔོན་གྱི་ཐོས་བསམ་སྒོམ་གསུམ་ལས་སངས་རྒྱས་གྱི་ལམ་ལ་འཇུག་རྒྱུའི་འདུན་པ་ཡོད་བཞིན་པ་ཡིན་ཞིང་། དམ་ཚིག་གཙང་མའི་བཤེས་གཉེན་བསྟེན་ཚུལ་ནི་རྩ་བ་སྟེ། དེ་ལས་འཚང་རྒྱ་བའི་ལམ་རྫོགས་པར་བྱེད་པའི་རྒྱུན་སྲིང་རྒྱུར་སེམས་སྐུལ་ཐོབ་ཀྱི་ཡོད། དེའི་དགོས་དོན་ནི་ནུབ་ཕྱོགས་པའི་ཆོས་ཚོགས་སུ་བཅར་བའི་སློམ་མ་གསར་དུ་འབྱོར་མཁན་རྣམས་ཀྱིས་དེར་ཡོད་པའི་དགེ་བའི་བཤེས་གཉེན་རྣམས་སངས་རྒྱས་སུ་བལྟ་དགོས་པ་དེ་རྩ་བ་ནས་མ་རེད།
ང་རང་ཉིད་ཀྱི་གནས་ཚུལ་ནང་། ང་ལ་དགེ་བའི་བཤེས་གཉེན་ཞིག་དང་ལྷན་དུ་ཁོང་གི་སྐུ་ཐོག་གཉིས་དང་འབྲེལ་བ་དམ་ཟབ་ཡོད། ངས་ལོ་དགུའི་རིང་༸གོང་ས་མཆོག་གི་མཚན་ཞབས་དམ་པ་མཚན་ཞབས་སེར་ཀོང་རིན་པོ་ཆེ་མཆོག་གི་སློབ་མ་དང་། སྐད་སྒྱུར། དབྱིན་ཇིའི་དྲུང་ཡིག །ཕྱི་རྒྱལ་སྐོར་བསྐྱོད་ཀྱི་འགན་འཛིན་བྱས་ནས་བསྡད་པ་ཡིན། རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༨༣ ལོར་སྐུ་མྱ་ངན་ལས་འདས་ཤིང། ཟླ་བ་དགུ་ཏག་ཏག་གི་རྗེས་སུ་སླར་ཡང་སྐུ་བལྟམས་པ་དང། ངོས་འཛིན་ཞུས་ནས་དགུང་ལོ་བཞིའི་ཐོག་དྷ་སར་སླར་ཡང་ཆིབས་སྒྱུར་བསྐྱངས། ཟླ་བ་ཁ་ཤས་ཀྱི་རྗེས་ང་ཚོ་མཇལ་བའི་ཡུད་ཙམ་དུ་ཁོང་དང་ང་གཉིས་ཀས་ང་ཚོའི་འབྲེལ་མཐུད་དམ་ཟབ་དེ་སླར་ཡང་ངེས་བརྟན་བཟོས་པ་དང་། ཁོང་གི་ཞབས་ཕྱི་ཞིག་གིས་ང་རང་སུ་ཡིན་མིན་བཀའ་འདྲི་ཞུས་པར་ཁོང་གིས། “ཆོ་མེད་མ་ཤོད། ངས་ཁོ་སུ་ཡིན་མིན་ངོ་ཤེས་དང་ཤེས།” ཞེས་ལན་བསྐྱོན་གནང་སོང། ག་དུས་ཡིན་ནའང་རིན་པོ་ཆེས་ང་རང་ཁོང་གི་བླ་བྲང་གི་སྐུ་འཁོར་ཉེ་པོ་ཞིག་ཏུ་བརྩིས་གནང་བ་སྟེ། དགུང་ལོ་བཞི་ལ་སོན་པ་ཞིག་གིས་རྫུས་མ་དེ་འདྲ་བྱེད་མི་ཐུབ་པ་ཞིག་རེད། རང་ངོས་ནས་ཀྱང་ང་ཚོའི་འབྲེལ་ལམ་དམ་ཟབ་དེ་ལ་ཐེ་ཚོམ་གང་ཡང་མེད།
ཕྱི་ལོ་ ༢༠༠༡ ལོའི་དབྱར་དུས་སུ་ཕྲན་རིན་པོ་ཆེ་དང་ལྷན་དུ་རྒྱ་གར་ལྷོ་ཕྱོགས་སུ་ཁོང་གི་གྲྭ་ཚང་དགའ་ལྡན་བྱང་རྩེར་ཟླ་བ་གཅིག་བསྡད་པ་ཡིན། དེ་དུས་ཁོང་ལོ་བཅུ་བདུན་ཡིན་ཞིང་། ཁོང་གིས་དགེ་འདུན་པའི་འདུས་ཚོགས་དབུས་སུ་ཉིད་ཀྱི་གཞུང་འབྲེལ་དགེ་བཤེས་ཀྱི་མཚན་གནས་ལ་འཇུག་པའི་རྟགས་སུ་མཛད་སྒོའི་ནང་རྟགས་གསལ་བཏང་གནང་སོང། ཟླ་བ་དེའི་རིང་ཁོང་གིས་སློབ་སྦྱོང་བྱེད་བཞིན་པའི་དགེ་བཤེས་དམ་བཅའི་གཞུང་རྣམས་ལས་ང་ལ་གསུང་ཆོས་བསྩལ་བ་དང། ཁོང་གི་སྐུ་ཐོག་གོང་མའི་ནུབ་ཕྱོགས་པའི་ཉེ་བའི་སློབ་མ་གཞན་ཞིག་ལ་ཉིད་ནས་ལུང་ཁྲིད་དང་གཞུང་འགྲེལ་གནང་བར་གསུང་སྒྱུར་ཞུས་པ་ཡིན། ངས་རིན་པོ་ཆེར་སླར་ཡང་ཁོང་གི་གསུང་སྒྱུར་ཞུ་རྒྱུ་བྱུང་བར་ངོ་མཚར་ཆེ་ཚུལ་འགྲེལ་བརྗོད་ཞུས་པར་ཁོང་གིས། “ལོས་ཡིན། དེ་ནི་ཁྱེད་རང་གི་ལས་རེད།” ཅེས་གསུངས་བྱུང། ང་རང་གི་ངོས་ནས་ཀྱང་མུ་མཐུད་ནས་རིན་པོ་ཆེར་རྒྱུན་སྲོལ་མ་ཡིན་པའི་བརྒྱུད་རིམ་ཐོག་ནས་སྐུ་ཐོག་གོང་མས་གནང་བའི་ཆོས་དང་སྲིད་ཀྱི་བསླབ་བྱ་རྣམས་རིན་པོ་ཆེར་ཞུས་པ་ཡིན།
མཚན་ཞབས་སེར་ཀོང་རིན་པོ་ཆེའི་སྐུ་ཐོག་གཉིས་དང་ལྷན་དུ་བྱུང་བའི་ང་རང་སྒེར་གྱི་འབྲེལ་ལམ་ལ་བརྟེན་ནས་ངས་ཐོས་བསམ་དང་སྒོམ་ཉམས་ལེན་གཅིག་པུ་བརྒྱུད་ནས་གདེང་ཚོད་ཐོབ་པ་ལས་ལྷག་པའི་དམ་པའི་ཆོས་དང་སྐྱེ་བ་ཕྱི་མར་གདེང་ཚོད་ཅིག་སྟེར་སོང་། དེ་ནི་དངོས་འབྲེལ་ལམ་ལ་མུ་མཐུད་ནས་འཇུག་རྒྱུར་བློ་སྟོབས་སྟེར་བའི་གཞི་རྩ་ཞིག་རེད་འདུག །ཁོང་དང་ང་རང་གཉིས་ཀའི་ཐོག་ནས་ཁོང་གི་སྐུ་ཐོག་གཉིས་ཀྱི་ནང་སོ་སོའི་དབར་གྱི་ལས་འགན་གང་ཡིན་པ་ལ་རང་གིས་རང་ལ་སླུ་བྲིད་བྱས་མེད། ཁོ་དང་ང་ནི་སོ་སོ་སུ་ཞིག་ཡིན་མིན་ཐད་ལ་མཐའ་གཅིག་ཏུ་གཅིག་པ་མ་ཡིན་ལ། མཐའ་གཅིག་ཏུ་འགལ་བ་ཡང་མ་ཡིན། ཁོང་ང་གཉིས་ཀར་རྒྱུན་ཞིག་རེད། དེ་ཡང་ཕན་ཚུན་སེམས་གཏིང་ནས་གུས་བརྩི་ཡོད་པ་དང་། སོ་སོའི་མི་ཚེའི་ནང་དུས་ནས་དུས་སུ་གནས་སྐབས་འདྲ་མིན་སྐོར་ལ་དངོས་དོན་དང་མཐུན་པའི་བསམ་ཕྱོགས་ཤིག་གཞི་རྩར་བྱས་ཤིང། གཉིས་ཀས་ཕན་ཚུན་གཅིག་ནས་གཅིག་ལ་དཀའ་ངལ་མེད་པའི་ཐོག་ནས་སློབ་ཁྲིད་དང་སློབ་སྦྱོང་ལེན་རེས་བྱེད་ཀྱི་ཡོད། དེ་ནི་མཐའ་གཅིག་ཏུ་རང་བཞིན་ལྟ་བུར་ཚོར་གྱི་འདུག
ཚན་རིག་རྟོག་སྒྲུང་གློག་བརྙན་ “Star Trek” ༼སྐར་མའི་རྒྱང་བསྐྱོད་༽ ལ་དགའ་མོས་ཅན་གྱི་མི་ཞིག་ཡིན་པའི་ཆ་ནས་ང་ལ་གློག་བརྙན་དེའི་འཁྲབ་ཚན་གྱི་རྒྱུན་ངོ་མ་རྣམས་དང་མི་རབས་རྗེས་མ་ཞེས་པ་གཉིས་ཀའི་ལས་མིའི་ཁོངས་སུ་ཡོད་པ་ལྟ་བུའི་མྱོང་བ་འཆར་བ་ནི། སྔོན་ལ་འགོ་དཔོན་ཀིརྐ་ (Captain Kirk) འོག་ཏུ་སྦྱོང་བརྡར་དང་། ད་ལྟ་ཁོང་གི་སྐུ་སྐྱེ་རྗེས་མ་འགོ་དཔོན་པི་ཁཱརྡ་ (Captain Picard) འོག་ཏུ་ད་དུང་ཡང་གསར་སྦྱོང་པ་གཞོན་ནུ་ཞིག་གི་ཚུལ་དུ་སྦྱོང་བརྡར་བྱེད་ཀྱིན་ཡོད་པ་དེ་རེད། ང་རང་གདོང་ལེན་བྱེད་དགོས་ཡག་གཙོ་བོ་ནི་མུ་མཐུད་ནས་ལས་བསགས་ཏེ་མ་འོངས་པའི་ “Enterprises” ནང་ལས་མིའི་ཐོག་ནས་སྲི་ཞུ་སྒྲུབ་རྒྱུ་དེ་རེད།།