དྲྭ་ལྗོངས་ཤིག་འགོ་འཛུགས་བྱེད་པ་ནི་དཔེ་ཀློག་བྱེད་མཁན་གྱི་མི་གྲངས་ལས་མང་བར་སྙོབ་པའི་ཆེད་དུ་ཡིན།
ད་ལྟ་ཕྱི་ལོ་ ༢༠༠༤ ནང་། ངས་བྷར་ཛིན་བཤད་མཛོད་ www.berzinarchives.com ཟེར་བའི་དྲྭ་ལྗོངས་འགོ་བཙུགས་ནས་ལོ་གཉིས་དང་ཕྱེད་ཀ་ཙམ་སོང་ཡོད། བསམ་བློ་འདི་འཁོར་བའི་གཞི་རྩ་ནི། ངས་རང་གི་མི་ཚེ་ཧྲིལ་པོར། དེ་ཡང་ད་བར་མི་ལོ་ ༤༢ ཙམ་གྱི་རིང་ལ་ཆོས་སློབ་གཉེར་དང་ཉམས་ལེན་བྱས་པ་མ་གཏོགས་ལས་དོན་གཞན་གང་ཡང་བྱས་མེད། ངས་དེབ་འགའ་ཤས་བྲིས་ཡོད་པ་དང་རྩོམ་སྒྲིག་པ་ཚོ་དང་མཉམ་དུ་ལས་ཀ་མང་དག་ཅིག་བྱས་པ་ཡིན། དེབ་གྲ་སྒྲིག་ཆེད་དུ་དུས་ཚོད་ཧ་ཅང་རྒྱུན་རིང་པོ་གཏོང་དགོས། འོན་ཀྱང་དེབ་རྣམས་འགྲེམས་སྤེལ་སྐྱོ་པོ་བྱུང་ཡོད་པ་དང་ངའི་དེབ་མང་པོ་བཙོང་ཐུབ་མེད། དེ་དག་བལྟ་ཀློག་བྱེད་མཁན་གྱི་མི་མང་པོ་ལ་སྙོབ་ཐུབ་མེད། རང་གི་ངོས་ནས་བལྟས་ན། ཀློག་པ་པོ་མང་པོ་ཞིག་ལ་སྙོབ་ཐུབ་པ་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ནི་དྲྭ་ལྗོངས་སམ་དྲྭ་ཚིགས་ཤིག་བརྒྱུད་ནས་ཡིན་པ་དང་། དེ་ཡང་ད་ལྟ་ང་ཚོར་ཡོད་པའི་བརྒྱུད་ལམ་གསར་པ་ལས་ཁེ་བཟང་བླངས་ནས་སློབ་གཉེར་ཆེད་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་ཐུབ་ན་བསམ་པ་བྱུང།
ལག་བྲིས་རྒྱུ་ཆ་ནས་པར་སྐྲུན་བྱས་པའི་དཔེ་དེབ་ཏུ་འཕོ་འགྱུར་དུ་སོང་བ་བཞིན། ད་ལྟ་ང་ཚོར་སློབ་གཉེར་བྱེད་ཚུལ་གྱི་ལམ་མི་འདྲ་བ་ཞིག་ཡོད་པས། དེ་ནི་དྲྭ་རྒྱའི་བརྒྱུད་ལམ་གྱི་ཐོག་ནས་རེད། ཕྲན་ལ་ཡོད་པའི་དྲྭ་ལྗོངས་དེས་དྲྭ་རྒྱའི་ཕན་ཚུན་ལྟོས་རེས་ཀྱི་རྣམ་པའི་ཁེ་ཕན་ཆ་ཚང་ལེན་གྱི་མེད་ཀྱང་། དྲྭ་ལྗོངས་ཤིག་ཡོད་པ་ལ་བརྟེན་ནས་ཁྱེད་ཀྱིས་དཔེ་དེབ་རིང་པོ་དེ་དག་ལས་ཀྱང་ལས་ཀ་མང་བ་བྱེད་ཐུབ། དཔེར་ན། ཁྱེད་ཀྱིས་བརྗོད་གཞི་ངེས་ཅན་སྐོར་ལ་རྩོམ་ཡིག་ཐུང་ངུའི་རིགས་བྲིས་ནས་དྲྭ་ཐོག་ཏུ་འཇོག་ཐུབ། དེ་ནས་བཤེར་འཚོལ་ཡོ་ཆས་སམ། ཡང་ན་མཐུད་སྣེ་ཞིག་བརྒྱུད་དེ་མི་སྒེར་སོ་སོའི་གནད་དོན་ལ་རྩེ་གཅིག་ཏུ་འབད་ནས་སྦྲེལ་མཐུད་ཡོད་པ་ཚང་མ་བཟོས་ཏེ། དེ་དག་མཉམ་དུ་རན་པོ་ཡོད་མེད་ཤེས་ཐབས་བྱེད་ཐུབ། འདི་ནི་སློབ་གཉེར་བྱེད་ཕྱོགས་ཀྱི་ཐབས་ལམ་གསར་པ་ཞིག་རེད།
སློབ་གཉེར་བྱེད་ཕྱོགས་ཀྱི་ཐབས་ལམ་གསར་པ་འདི་ང་ཚོར་ཆོས་གོ་རྟོགས་གསལ་པོ་ཡོང་བར་གང་དགོས་པ་དང་ཏག་ཏག་རན་འཚམ་ཞིག་ཡོད། རྟོགས་དཀའ་ལ་མགོ་རྙོག་ཅན་གྱི་ཆོས་ལ་དུམ་བུ་ཧ་ཅང་མང་པོ་ཡོད་པ་དང་། དེ་དག་ཕན་ཚུན་མཉམ་དུ་རན་སྒྲིག་རྣམ་པ་མི་འདྲ་བ་མང་པོའི་ནང་བྱེད་ཐུབ། དེའི་ཐད་ལ་དྲྭ་རྒྱའི་བརྒྱུད་ལམ་ནི་དེ་ལ་རན་ཞིང་འཚམས་པ་ཞིག་ཡོད། གང་ཡིན་ཟེར་ན། དྲྭ་ལམ་བརྒྱུད་ཁྱེད་ཀྱིས་ལས་སླ་པོའི་ཐོག་ནས་མགོ་རྙོག་གི་དུམ་བུ་འཚོལ་ནས་གཞན་ཞིག་ལ་འགྲོ་ཐུབ་པ་དང་། དེ་ནས་ཁྱེད་ཀྱིས་ཀློག་བཞིན་པའི་དུམ་དུ་དེ་དང་རན་སྒྲིག་ཡོང་བར་བྱེད་ཐུབ།
གང་ཞིག་མ་འོངས་པར་ཡོང་ངེས་པའི་དངོས་ཡོད་ཀྱི་གནས་སྟངས་ལ་གདོང་ལེན་བྱེད་ཐུབ་པ་བྱེད་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད། དེ་ནི་དྲྭ་རྒྱའི་ལམ་གྱི་ཕྱོགས་སུ་འཕེལ་རྒྱས་ཇེ་མང་དུ་འགྲོ་བཞིན་ཡོད། མ་འོངས་པའི་མི་རབས་ནང་དུ་ཆོས་འཚོ་གནས་ཐུབ་པ་དགོས་ན། ང་ཚོས་ངེས་པར་དུ་རྒྱུད་ལམ་འདི་འདྲ་བརྒྱུད་ནས་དམིགས་ཡུལ་དེ་སྒྲུབ་དགོས། དེ་ཡང་ང་ཚོས་དྲྭ་རྒྱའི་ལམ་དེ་དཔེ་མཛོད་ཁང་ཞིག་ཡིན་པ་འདྲ་པོ་དཔེ་ཁྲི་ཞིག་གི་སྟེང་དུ་དཔེ་དེབ་ཚང་མ་བཞག་པ་ལྟ་བུ་བེད་སྤྱོད་མི་བྱེད་པར། ཆོས་ཀྱི་རྒྱུ་ཆའི་ཐོག་ལ་ལས་ཀ་དེ་ལས་ལྡབ་འགྱུར་གྱི་མང་བ་བྱེད་ཐུབ་ཡག་ཡོད།
རྒྱུ་ཆ་ཕོན་ཆེན་ཞིག་དང་མཉམ་དུ་རྒྱ་གར་ནས་ནུབ་ཕྱོགས་སུ་ཕྱིར་ལོག་བྱས་པ།
རྒྱ་གར་ནང་ལོ་ངོ་ ༢༩ བསྡད་པའི་རྗེས། ཕྱི་ལོ་ ༡༩༩༨ ལོར་ངས་བྱེད་དགོས་པའི་ལས་དོན། དཔེར་ན། དྲྭ་ལྗོངས་འདི་བཟོ་སྐྲུན་བྱ་རྒྱུ་ལྟ་བུ་སྒྲུབ་ཐུབ་པའི་ཆེད་དུ་མཐུན་རྐྱེན་བཟང་བ་ཡོད་པའི་ནུབ་ཕྱོགས་སུ་ཕྱིར་ལོག་བྱས་པ་ཡིན། དེའི་ཐད་ལ་རྒྱ་གར་ནང་དུ་གནས་སྟངས་ཧ་ཅང་ཁག་པོ་ཡོད། བྱས་ཙང་། ང་རང་ནུབ་ཕྱོགས་ལ་ཕྱིར་ལོག་བྱས་ཤིང་། རང་གི་མི་ཚེའི་ནང་འབད་བརྩོན་བྱས་པ་ལས་བྱུང་བའི་རྒྱུ་ཆ་མང་པོ་ཞིག་མཉམ་དུ་ཁྱེར་ཡོད་པ་དང་། དེ་ལ་ངས་”བྷར་ཛིན་བཤད་མཛོད་”ཅེས་མིང་བཏགས་པ་ཡིན།
རྒྱ་གར་ནང་དུ་ཡོད་དུས། ངས་རང་ཉིད་ལ་ཐོབ་པའི་ཆོས་ཡོངས་སུ་རྫོགས་པ་ཟིན་བྲིས་སུ་ཞིབ་ཕྲར་བྲིས་ནས་ཉར་བ་ཡིན། དེ་དག་གི་ནང་རང་ཉིད་ཀྱིས་སློབ་གཉེར་བྱས་པའི་དཔེ་དེབ་ཚང་མ་རགས་ཙམ་ཡིག་སྒྱུར་བྱས་པ་དང་། གསེར་ཀོང་རིན་པོ་ཆེ་དང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་ཆོས་འདྲ་མིན་གསུངས་པ་དེ་དག་གི་སྒྲ་ཡིག་རང་གིས་ཡིག་སྒྱུར་བྱས་པའམ། ཡང་ན་གསུང་ཆོས་དེ་དག་གི་སྒྲ་སྡུད་འཁོར་ཐག་ཁག །དེ་མིན་རང་གིས་ཡིག་སྒྱུར་བྱས་པའི་དཔེ་ཡིག་མང་པོ་དང་། རང་ཉིད་ཀྱིས་གཏམ་བཤད་བྱས་པའི་སྒྲ་སྡུད་འཁོར་ཐག་ཉར་ཡོད་པ་ལ་སོགས་པའི་རྒྱུ་ཆ་མང་པོ་ཡོད། ཟིན་བྲིས་དེ་དག་ཁྱོན་བསྡོམས་ན་ཤོག་གྲངས་བྲིས་མ་སྟོང་ཕྲག་སུམ་ཅུ་ ༣༠ ༠༠༠ ཙམ་ཡོད། དེ་ནི་གང་ལ་གང་འཚམས་ཀྱི་གྲངས་འབོར་ཆེན་པོ་ཞིག་རེད། དེའི་གྲངས་སུ་སྒྲ་སྡུད་འཁོར་ཐག་གམ་ཊེབ་ཐག་ནང་དུ་ཡོད་པའི་རྒྱུ་ཆ་ཁག་ཚུད་མེད། ཊེབ་ཐག་གི་གྲངས་འབོར་དེ་ད་དུང་མུ་མཐུད་ནས་མང་དུ་འགྲོ་བཞིན་ཡོད།
རྒྱུ་ཆ་དེ་དག་གི་ནང་ནས་ཕོན་ཆེན་པོ་ཞིག་ལག་བྲིས་བྱས་པ་ཤ་སྟག་ཡིན་པས། ཡིག་འབེབས་བྱ་རྒྱུ་ལས་སླ་པོ་མེད། ད་དུང་ངས་མིང་ཚིག་གི་རེའུ་མིག་ཁག་དང་། ཐ་སྙད་མང་པོའི་ཐོ་གཞུང། བོད་ཀྱི་ཚེས་གྲངས་དང་ནུབ་ཕྱོགས་ཀྱི་ཚེས་གྲངས་གཉིས་ཕར་ཚུར་རྩིས་འཁོར་གྱིས་བརྗེ་སྒྱུར་བྱེད་ཆེད་འཕྲུལ་སྤྱད་རྩིས་ལུགས་དང་། དེ་བཞིན་བོད་ཀྱི་སྐར་རྩིས་ཀྱི་དཔེ་རིས་རྩི་ཆེད་ཀྱི་རྩིས་ཐབས་ཁག་ཡོད། རྒྱུ་ཆ་གཞན་ཞིག་ཡོད་པ་དེ་ནི་རང་གིས་བོད་ཀྱི་ནང་ཆོས་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་བོད་ཀྱི་རིག་གཞུང་གི་ཆ་ཤས་འདྲ་མིན་སྐོར་གྱི་རྩོམ་བྲིས་བྱས་པ་རྣམས་ཡིན། དེ་ནི་ནང་ཆོས་གཅིག་པུའི་སྐོར་མིན་པར། ལོ་རྒྱུས་དང་། སྐར་རྩིས། གསོ་བ་རིག་པའི་སྐོར་ལའང་འཁོད་ཡོད། ཨིན་སྐད་དང་། ཧྥ་རན་སིའི་སྐད། ཇར་མན་གྱི་སྐད། ཨུ་རུ་སུའི་སྐད་བཅས་ཀྱི་ནང་ཡོད་པའི་དཔེ་དེབ་དང་རྩོམ་ཡིག་ཁ་གྲངས་ ༡༢༠༠ ཙམ་རང་གི་ངོས་ནས་བལྟ་ཀློག་བྱས་ཏེ་ཟིན་བྲིས་ཧ་ཅང་ཞིབ་ཚགས་པོར་བཀོད་པ་རྣམས་ཀྱང་ཡོད། ཨུ་རུ་སུ་སྐད་ཡིག་ནང་ཡོད་པ་དེ་ཚོ་མི་གཞན་ཞིག་གིས་རོགས་རམ་གནང་བྱུང་། ངས་ཨུ་རུ་སུའི་ཡི་གེ་ཀློག་མི་ཤེས། དེ་དག་གི་ནང་དོན་གཙོ་བོ་ནི། དབུས་ཨེ་ཤ་ཡའི་ཆབ་སྲིད་ལོ་རྒྱུས་དང་། བོད་ནང་གི་ནང་ཆོས་ཀྱི་ལོ་རྒྱུས། དབུས་ཨེ་ཤ་ཡ་དང་སོག་པོའི་སྐོར། དེ་བཞིན་དབུས་ཨེ་ཤ་ཡའི་ཆོས་ལུགས་གཞན་ནང་ཆོས་དང་འབྲེལ་བ་བྱུང་བ་ཁག་གི་སྐོར་ཡོད། རྒྱུ་ཆ་དེ་དག་མཁོ་སྒྲུབ་ཀྱི་ཆེད་དུ་རང་གི་ངོས་ནས་འཛམ་གླིང་གི་ས་གནས་གང་སར་ཡོད་པའི་དཔེ་མཛོད་ཁང་དང་གཙུག་ལག་སློབ་ཁང་ཁག་ཏུ་སོང་ནས་འབད་བརྩོན་ཤུགས་ཆེན་བྱས་པའི་འབྲས་བུ་ཞིག་རེད། ཕྲན་ལ་ད་དུང་ཏུར་ཀི་ (Turkey) དང་། ཇོར་དན་ (Jordan) ། ཨི་ཇིབ་ (Egypt) ། ཨུ་ཛ་བེ་ཀི་སི་ཐཱན་ (Uzbekistan) ། ཁ་ཛག་སི་ཐཱན་ (Kazakhstan) ལ་སོགས་པའི་དབུས་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་ནང་ཡོད་པའི་མཁས་དབང་རྣམ་པར་འདྲི་མོལ་བྱས་པ་ཁག་གི་སྒྲ་ཕབ་ཡིག་ཆ་དེ་ཚོ་ཡང་ཡོད། གལ་སྲིད་ཐུན་མོང་མ་ཡིན་པའི་རྒྱུ་ཆ་དེ་དག་བེད་སྤྱོད་མ་བྱས་ན། རང་ཉིད་འཆི་བའི་རྗེས་དེ་དག་ལམ་སེང་གད་སྙིགས་སུ་གྱུར་ནས་འདོར་རྒྱུ་ཡིན་པས། དེ་འདྲ་ཞིག་ཡོང་འདོད་རྩ་ནས་མེད།
རང་ཉིད་ལ་ཧ་ལས་པའི་གོ་སྐབས་བཟང་པོ་དང་དམིགས་བསལ་གྱི་ཐོབ་ཐང་ཐོབ་པ་ལ་བརྟེན་ནས་དགེ་བའི་བཤེས་གཉེན་རྩེ་ཕུད་ནང་གི་རྩེ་ཕུད་རྣམས་ཀྱི་དྲུང་དུ་སློབ་གཉེར་བྱེད་རྒྱུ་བྱུང་ཡོད། ཁོང་རྣམ་པ་ནི་ཁྱེད་ལ་ཡོད་པའི་དགེ་བཤེས་དཀྱུས་མ་ལྟར་མིན་པར། རྩེ་ཕུད་ནང་གི་རྩེ་ཕུད་ཤ་སྟག་སྟེ། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་ཡོངས་འཛིན་རྣམ་པ་རེད། དེ་འདྲ་སོང་ཙང་། ཕྲན་ལ་ཡོད་པའི་རྒྱུ་ཆ་དེ་དག་ནི་ཤིན་ཏུ་རྩ་ཆེན་པོ་རེད། དཔེ་ཆ་བཞག་ན། དེ་ནང་ལ་ྋགོང་ས་མཆོག་དང་ལྷན་དུ་ཚད་མཐོ་པོའི་ནང་ཆོས་ཀྱི་སྐོར་ལ་སྒེར་གྱི་ངོས་ནས་བཅར་འདྲི་ཞུས་པའི་དྲི་བ་དྲིས་ལན་ཁག་ཡི་གེར་ཕབ་པ་ལྟ་བུ་རེད།
ངས་དེ་ཚོ་ཚང་མ་ཉར་ཚགས་རྒྱུན་འཛིན་ཐོག་མི་གཞན་གྱིས་དེ་དག་ལ་སྙོབ་ཐུབ་པ་དང་ལོངས་སུ་སྤྱོད་ཐུབ་པ་བཟོ་འདོད་ཡོད། གསལ་པོར་མཐོང་ཐུབ་པ་ཞིག་ནི། གཞི་རྒྱ་ཆེ་བའི་ལས་གཞི་འདི་ངས་ཚེ་འདི་ལ་ཚར་ཐུབ་ཐབས་མེད། འོན་ཀྱང་རང་ཉིད་ཀྱི་ངོས་ནས་འདི་གང་ཐུབ་ཅི་ཐུབ་ཀྱིས་ཚར་བ་བྱེད་པ་དང་མཉམ་དུ་ལམ་ལུགས་ཞིག་བཟོས་ནས། རང་ཉིད་འཇིག་རྟེན་འདི་ནས་ཁ་བྲལ་བའི་རྗེས་ལའང་ལས་གཞི་འདི་མུ་མཐུད་ཐབས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ངས་ལས་གཞི་འདི་དབྱིན་སྐད་གཙོ་བཞག་བྱེད་འདོད་མེད། བྱས་ཙང་། ཨུ་རུ་སུའི་སྐད་ཡིག་དང་། པོ་ལན་སྐད་ཡིག །སོག་སྐད། རྒྱ་སྐད་ལ་སོགས་པའི་སྐད་ཡིག་སྣ་མང་ནང་ཡོད་པ་ཞིག་བཟོ་འདོད་ཡོད། རང་གི་སེམས་ནང་འཆར་གཞི་ཧ་ཅང་ཆེན་པོ་ཞིག་འདིངས་ཡོད་ཀྱང། སྡུག་ས་ནས་བཤད་ན། རང་ཉིད་ནི་ཡིག་ཆ་རྙིང་པར་བསྐྱར་ལོག་བྱས་ནས་ལས་ཀ་བྱེད་རྒྱུར་དགའ་པོ་མེད་པའི་རང་གཤིས་སྡུག་ཅག་ཡོད་མཁན་ཞིག་ཡིན། རང་ཉིད་ཀྱི་གོ་རྟོགས་ནི་རྟག་ཏུ་ཡར་རྒྱས་འགྲོ་བ་དང་། འགྱུར་བ་འགྲོ་བ། རྒྱ་སྐྱེད་འགྲོ་བཞིན་ཡོད་པ་སོང་ཙང། རྟག་ཏུ་གསར་པ་འབྲི་རྒྱུར་དགའ་པོ་ཡོད།
ནང་ཆོས་ངོ་སྤྲོད་ཀྱི་འཕེལ་རིམ་ལ་ལོ་རྒྱུས་ཀྱི་ལྟ་ཕྱོགས།
གལ་སྲིད་ང་ཚོས་ནང་ཆོས་ལོ་རྒྱུས་ཀྱི་འཕེལ་རིམ་ཡོངས་ལ་བལྟས་ན། ངའི་བསམ་པར། ནུབ་ཕྱོགས་པའི་བསམ་བློ་གཏོང་སྟངས་དང་ནུབ་ཕྱོགས་པའི་བསམ་བློས་ཞབས་འདེགས་གལ་ཆེ་ཤོས་སྒྲུབ་ཐུབ་པ་ཞིག་ནི། དེའི་འགྲེལ་བརྗོད་ཀྱི་རྩོམ་རིག་དེ་སྔར་ལས་དར་རྒྱས་ཡོང་བ་བྱེད་ཐུབ་པ་དེ་རེད། དེ་ཡང་སྔར་ཡོད་པ་དེ་ཚོ་དང་མི་འདྲ་བ་ཞིག་དགོས།
མདོ་ཡོད་པ་དེ་དག་གོ་རིམ་ཡག་པོ་སྒྲིག་མེད། གཞི་རྩའི་ཆ་ནས་སངས་རྒྱས་ཀྱིས་ཡོངས་གྲགས་སུ་གསུངས་པའི་ཆོས་སམ། ཡང་ན་ནམ་རྒྱུན་གང་ཟག་མི་འདྲ་བའི་ཁྱིམ་དུ་སངས་རྒྱས་དང་། ཁོང་གི་སློབ་མ་རྣམས་ཉིན་གུང་གསོལ་ཚིགས་སུ་གདན་ཞུས་བྱས་པའི་སྐབས་གསུངས་པའི་ཆོས་རྣམས་ཡོད། གང་གསུངས་པ་དེ་དག་གི་ནང་དུ། སངས་རྒྱས་ཀྱིས་བརྗོད་གཞི་མི་འདྲ་བ་མང་པོའི་ཐོག་གང་ཟག་སོ་སོའི་ཁམས་དང་མོས་པ་ལ་གཞིགས་ནས་རྙོག་འཛིངས་ཆེ་ཆུང་རིམ་པ་མི་འདྲ་བ་དང་ལྟ་ཚུལ་ཡོངས་སུ་མི་འདྲ་བ་སྣ་ཚོགས་གསུངས་ཡོད། དེའི་དོན་དག་ནི་ཁོང་གསོལ་ཚིགས་ལ་གདན་འདྲེན་ཞུ་མཁན་རྣམས་ཀྱི་དགོས་མཁོ་ལ་དམིགས་སུ་བཀར་ནས་གསུངས་གནང་ཡོད།
འཕགས་ཡུལ་གྱི་བསྟན་བཅོས་འགྲེལ་བ་ཁག་གི་ནང་དུ་དེ་དག་ཚང་མ་བརྗོད་གཞི་གཞིར་བཟུང་མཉམ་དུ་བཞག་ཡོད། དཔེར་ན། སྙིང་རྗེའི་སྐོར་དང་། མི་རྟག་པའི་སྐོར། སྟོང་ཉིད་ཀྱི་སྐོར། ཆོས་ཀྱི་ལམ་གྱི་འཕེལ་རིམ་སྐོར་ལྟ་བུ་བརྗོད་གཞི་བྱེ་བྲག་པ་རེར་སྟོན་གྱི་ཡོད། བོད་ཀྱི་མཁས་པ་ཚོས་འགྲེལ་བ་དེ་དག་གི་ཐོག་ལ་ཞིབ་ཕྲའི་ས་བཅད་ཁ་སྣོན་བྱས་ནས་རྒྱ་གར་གྱི་འགྲེལ་བ་དེ་དག་དང་བསྟུན་བདེ་བ་དང་ཤེས་སླ་བ་ཡོང་ཐབས་གནང་ཡོད། མི་རབས་རྗེས་མའི་བརྒྱུད་རིམ་ནང་བོད་དང་སོག་པོའི་མཁས་དབང་ཚོས་འཕགས་ཡུལ་གྱི་འགྲེལ་བ་ནང་གི་ཚིག་རྣམས་འགྲེལ་བཤད་ཁ་གསལ་དུ་གཏོང་ཐབས་གནང་ཡོད། གང་ཡིན་ཟེར་ན། དེ་དག་ཤིན་ཏུ་ལྐོག་གྱུར་ཡིན་པ་དང་། དེ་དག་ལས་ལྟ་ཚུལ་སྣ་ཚོགས་པའི་སྒོ་ནས་གོ་བ་ལེན་ཆོག་གི་ཡོད་པས་རེད།
འཕེལ་རིམ་འདི་ལ་ནུབ་ཕྱོགས་ཀྱི་ངོས་ནས་སྒྲུབ་ཐུབ་པའི་ཞབས་འདེགས།
ད་ལྟ་ནང་པ་སངས་རྒྱས་པའི་ཆོས་ནུབ་ཕྱོགས་སུ་དར་བཞིན་ཡོད་པས། ང་ཚོའི་ངོས་ནས་ཞབས་འདེགས་གང་ཞུ་ཐུབ་བམ། མཆོད་པའི་རྫས་འདྲ་མིན་དང་ཆོས་ཀྱི་ཆོ་གའི་ཆེད་རོལ་ཆ་འདྲ་མིན་ལ་སོགས་པའི་རིགས་ཕུལ་ན། དེ་དག་ནི་ཕྱིའི་སྣང་ཚུལ་ཙམ་རེད། དེ་ཚོ་དགོས་ངེས་ཡིན་ཀྱང་ཕྱི་ཚུལ་ཙམ་རེད། ཡང་ན་ད་ལྟ་ཡོད་བཞིན་པའི་བོད་ཀྱི་རི་དང་ཤིང་གི་ཡུལ་ལྷ་དེ་དག་གི་སྟེང་དུ། ད་ལྟ་མེག་སི་ཀོ་དང་ཡང་ན་བྷྲ་ཛིལ་རྒྱལ་ཁབ་ནང་ཡོད་པའི་འཛམ་གླིང་གི་སྲུང་མའི་རིགས་ཁྱུ་གཅིག་ཁ་སྣོན་བྱས་ན། དེས་དོན་དངོས་ཐོག་ནུས་པ་ཐོན་མི་ཐུབ། བཤད་མི་དགོས་པ་ལྟར། ཁྱེད་ཀྱིས་ས་གནས་ཀྱི་ལྷ་འདྲེ་གསོལ་མཆོད་རྒྱུན་སྲོལ་ (shamanic) ཁག་ནང་ཡོད་པའི་ཡུལ་ལྷ་ཁག་ཁ་སྣོན་བྱས་ན་འགྲིག་མོད། འོན་ཀྱང་འདི་ཡང་ཕྱི་ཚུལ་གྱི་ཞབས་འདེགས་ཙམ་མ་གཏོགས་དོན་དངོས་ཐོག་ཕན་ནུས་མེད།
ངའི་བསམ་པར། ང་ཚོས་ཞབས་འདེགས་ངོ་མ་ཞུ་ཐུབ་པ་ནི། ཕན་ཚུན་དཔྱད་བསྡུར་བྱེད་པའི་སྒོ་ནས་ལོ་རྒྱུས་འཕེལ་རིམ་ནང་གི་བརྗོད་དོན་ཁག་གི་འགྲོས་དང་རྗེས་ཤུལ་འཚོལ་བའི་ནུབ་ཕྱོགས་ཀྱི་སྦྱོང་བརྡར་དེ་རེད། དཔེ་ཆ་བཞག་ན། ང་ཚོས་ལམ་ལུགས་མང་པོ་ཞིག་མཉམ་དུ་སྒྲིལ་ནས་དེའི་རྗེས་ཤུལ་འཚོལ་སྟངས་ལ་ཡག་པོ་ཡོད། དཔེར་ན། རྒྱ་གར་ནང་པའི་གྲུབ་མཐའ་ཁག་བརྒྱུད་ནས་བློའི་འདོགས་ཚུལ་གྱི་བརྗོད་དོན་བྱེ་བྲག་པ་ཞིག་གོང་འཕེལ་ཇི་ལྟར་བྱུང་བ་ལྟ་བུ་རེད། ནུབ་ཕྱོགས་པའི་བསམ་བློ་དེ་བྱ་བ་དེ་རིགས་བྱེད་པ་ལ་ཐུན་མིན་གྱི་སྦྱོང་བརྡར་ཡོད། བོད་མི་ཚོས་རང་གི་བསམ་བློ་དེ་ལྟར་གཏོང་རྒྱུར་སྦྱོང་བརྡར་སྤྲོད་ཀྱི་མེད། ཁོང་ཚོ་ནང་དོན་ངེས་ཅན་རྣམ་པ་ཐ་དད་དུ་སྟོན་པ་ཁག་གི་ཐོག་ལ་བགྲོ་གླེང་བྱེད་རྒྱུར་སྦྱོང་བརྡར་ཡོད། གཏིང་ཟབ་པའི་རིག་ཤེས་ལྔའམ་ཡེ་ཤེས་ལྔའི་ཐོག་ནས་བཤད་ན། བོད་མི་ཚོར་དམིགས་བསལ་གྱི་སྦྱོང་བརྡར་ཡོད་པ་དེ་ནི་རང་གི་རྣམ་པ་ཐ་དད་དུ་སྟོན་པར་བྱེད་པའི་ཤེས་རབ་ལ་སྦྱོང་བརྡར་སྤྲད་ནས་ཞིབ་ཕྲ་ངེས་ཅན་ཁག་འདོན་རྒྱུ་དེ་རེད། ཡིན་ནའང་ང་ཚོ་ནུབ་ཕྱོགས་པ་ཚོར་ཡོད་པ་དེ་ནི། ཤེས་རབ་དེ་འདྲ་མཉམ་ལ་སྦྱོང་བརྡར་སྤྲད་ནས་དེའི་འགྲོས་གང་ཡིན་པ་རྣམས་འཚོལ་ཐུབ་པ་བྱེད་པ་དེ་རེད།
རང་སྒེར་གྱི་ངོས་ནས་ངོ་ཤེས་པའི་ནང་ནུབ་ཕྱོགས་པའི་བསམ་བློ་གཏོང་སྟངས་ཀྱི་ལམ་འདི་ལ་འཇུག་མཁན་གཅིག་པུ་དེ་ནི་ྋགོང་ས་ཏཱ་ལའི་བླ་མ་མཆོག་རེད། ྋགོང་ས་མཆོག་གིས་བོད་ཀྱི་ནང་ཆོས་ཀྱི་ལམ་ལུགས་རེ་རེ་ལོགས་སུ་འགྲེལ་བརྗོད་བྱེད་པ་ལས་ལྡོག་སྟེ། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་ཁག་བཞི་པོ་དེ་དག་མཉམ་དུ་གཅིག་ནང་རན་པོའི་ཐོག་སྒྲིལ་ཐུབ་མིན་གཟིགས་ནས་གཅིག་སྒྲིལ་རྣམ་གཞག་ཆེན་མོ་ཞིག་འཚོལ་སྒྲུབ་ཀྱི་འབད་བརྩོན་གནང་བཞིན་པ་རེད། འོན་ཀྱང་། ྋགོང་ས་མཆོག་ནི་གང་སྤྱིའི་ཐད་ནས་གཞན་དང་མི་འདྲ་བ་ཞིག་ཡིན། བྱས་ཙང་། དཀའ་ངལ་འདི་ལ་ྋགོང་ས་མཆོག་གི་ཐབས་ལམ་བསྟེན་ཚུལ་དེ་ཡང་ནུབ་ཕྱོགས་པའི་བསམ་བློ་གཏོང་སྟངས་ཤིག་དང་མི་འདྲ་བར་ཐུན་མོང་མ་ཡིན་པ་ཞིག་ཡོད།
ནུབ་ཕྱོགས་ནང་། བརྡ་འཕྲིན་གྱི་དུས་རབས་ནང་ལ་ང་ཚོར་ད་ལྟ་ཡོད་པ་དེ་ནི་ཨེ་ཤ་ཡའི་རྒྱལ་ཁབ་རེ་རེའི་ནང་འཕེལ་རྒྱས་བྱུང་བའི་ནང་ཆོས་ཀྱི་རིགས་འདྲ་མིན་དེ་དག་རེད། དེ་ཚོ་ཚང་མ་ལས་སླ་པོའི་ཐོག་ནས་རག་ཐུབ་ཀྱི་ཡོད། བྱས་ཙང་། ང་ཚོས་གང་འདྲ་བྱས་ནས་དེ་དག་གི་གོ་བ་ལོན་ཐུབ་པ་བྱེད་དགོས་སམ། ནུབ་ཕྱོགས་ཀྱི་བསམ་བློར་འདིའི་ཐད་གདོང་ལེན་བྱེད་ཐུབ་པའི་གཞན་དང་མི་འདྲ་བའི་སྦྱོང་བརྡར་བྱུང་ཡོད་པ་རེད། དེ་ནི་སྤྱི་ཡོངས་ཀྱི་འགྲོས་དང་འགྲོ་སྟངས་རྟོགས་པར་བྱ་རྒྱུ་དེ་རེད།
མ་འོངས་པའི་ཆེད་དུ་རྒྱུ་ཆ་དེ་དག་ཚང་མ་མགོ་ཚོད་ཐུབ་པ་བཟོ་རྒྱུ་ཧ་ཅང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད། གང་ཡིན་ཟེར་ན། ཆ་འཕྲིན་གྱི་གྲངས་འབོར་རྒྱུན་མི་ཆད་པར་མང་དུ་འགྲོ་གི་ཡོད། ཕན་ཚུན་འགལ་ཟླ་ཅན་གྱི་ཆ་འཕྲིན་འདི་དག་ཡོད་དུས་མི་སུས་དངོས་སུ་ནང་པ་སངས་རྒྱས་པའི་ཆོས་ལ་འཇུག་ནས་ཉམས་ལེན་ཇི་ལྟར་བྱེད་ཐུབ་བམ། ཁྱེད་ཀྱིས་གང་འདྲ་བྱས་ནས་དེ་དག་མཉམ་དུ་སྒྲིལ་གྱི་ཡོད་དམ། ཁྱེད་ཀྱིས་གང་ནས་འགོ་འཛུགས་བྱེད་དམ། བྱས་ཙང་། འདི་ནི་ནང་ཆོས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ནུབ་ཕྱོགས་པའི་བསམ་བློས་གལ་གནད་ཆེ་ཞིང་། རན་ཞིང་འཚམས་པའི་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་རེད། འདི་ནི་རང་གི་ངོས་ནས་ཞབས་འདེགས་ཕྲན་བུ་ཞུ་འདོད་ཡོད་པ་ཞིག་ཡིན། དེ་འདྲ་སོང་ཙང་དྲྭ་ལྗོངས་ཤིག་ནི་དེ་ལྟར་སྒྲུབ་ཆེད་ཀྱི་རྒྱུད་ལམ་ཡག་པོ་ཞིག་རེད།
ང་ཚོའི་ཚེ་ཕྱི་མའི་ནང་སྙོབ་ཐུབ་པའི་རྒྱུ་ཆ་གྲ་སྒྲིག་བྱེད་པ།
ང་ཚོའི་ནང་པ་སངས་རྒྱས་པའི་ཆོས་སློབ་གཉེར་དང་ཉམས་ལེན་ལ་འཇུག་པའི་སྐབས། ངའི་བསམ་པར། ཐེག་ཆེན་གྱི་ཀུན་སློང་དང་ཐེག་ཆེན་གྱི་ཁྱབ་ཚད་འདྲ་པོ་དངོས་སུ་ཡོང་ཐབས་བྱེད་རྒྱུ་དེ་ཕན་ཐོགས་ཡོད་པ་ཞིག་མཐོང་གི་འདུག །དེ་ཡང་ང་རང་ཚོ་རང་ཉིད་ཀྱི་ཡར་རྒྱས་ཁོ་ནའི་ཆེད་དུ་དམིགས་ནས་བྱ་རྒྱུ་མེད། དེའི་རྒྱུ་མཚན་ནི་ང་ཚོ་རྙོག་འཛིངས་ཧ་ཅང་ཚ་པོ་དང་འཁོར་བའི་དཀའ་ངལ་སྣ་ཚོགས་ཡོད་པ་རེད། ང་ཚོས། “ངས་འདི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱེད་ཀྱི་ཡོད་”ཅེས་པ་ཙམ་ལ་བཞག་མི་རུང་། དེ་ནི་ང་ཚོ་མང་ཆེ་བ་ལ་དོན་སྙིང་གང་ཡང་མེད། དྲྭ་ལྗོངས་ནང་གི་ལས་དོན་བྱེད་ཕྱོགས་ཐད་ང་རང་ངོས་ནས་ལྟ་ཚུལ་ནི། འདིར་མི་མང་པོ་ཞིག་ལ་དངོས་སུ་སྙོབ་ཐུབ་པ་བྱེད་པའི་གོ་སྐབས་ཤིག་ཡོད་པ་དང་། ད་ལྟའི་མི་མང་པོ་ཞིག་ལ་ཕན་ཐོགས་ཡོད་པ་མ་ཟད་མ་འོངས་པའི་མི་རབས་མང་པོའི་ནང་ཕན་ཐོགས་ཡོད་པ་མཐོང་གི་འདུག།
བསམ་བློ་གཏོང་སྟངས་དེ་འདྲའི་ཐོག་ནས་ང་ཚོས་དེ་ལས་ཐག་རིང་དུ་སོང་སྟེ། ལམ་རིམ་གྱི་ཐོག་མའི་ཀུན་སློང་དང་འབྲེལ་ནས་སྐྱེ་བ་ཕྱི་མ་རྣམས་ལ་བསམ་བློ་གཏོང་ཐུབ། གལ་སྲིད་ང་ཚོས་ལས་དོན་འདིའི་ཐོག་ལ་ང་ཚོའི་སྐྱེ་བ་ཕྱི་མ་རྣམས་བཟང་དུ་གཏོང་བའི་ཀུན་སློང་དང་བཅས་ཏེ་ནུས་ཤུགས་འདང་ངེས་སྤུངས་ཐུབ་ན། ང་ཚོས་དྲྭ་གནས་འདི་དང་ལས་ཀྱི་འབྲེལ་བ་ཞིག་བཟོས་ནས། གལ་སྲིད་ང་ཚོ་བསོད་ནམས་ལ་བརྟེན་ནས་སླར་མི་ལུས་རིན་ཆེན་ཞིག་ཐོབ་པ་ཡིན་ན། ང་ཚོས་ལས་སླ་པོའི་ངང་དྲྭ་ལྗོངས་འདི་རྙེད་ཐུབ་པ་དང་དེས་སླར་ཡང་ཆོས་ལ་འཇུག་པའི་ལྟག་སྒོ་ལྟ་བུ་ཞིག་ཡོང་གི་རེད། འདི་ཡང་ང་ཚོས་དྲྭ་ལྗོངས་འདིའི་ཐོག་ལ་ལས་ཀ་བྱེད་དགོས་པའི་ཀུན་སློང་ཞིག་ཆགས་སྲིད་པ་དང་། མ་མཐར་ཡང་འདི་ནི་ང་རང་སྒེར་གྱི་བསམ་བློ་གཏོང་སྟངས་ཡིན།
སྐྱེ་བ་ཕྱི་མའི་ཆེད་དུ་ང་ཚོས་དོ་གལ་ཆེན་པོ་དང་ནན་པོའི་ཐོག་གྲ་སྒྲིག་ཇི་ཙམ་བྱེད་ཀྱི་ཡོད་དམ། གལ་སྲིད་ང་ཚོ་ཆོས་ལ་དངོས་སུ་དད་པ་ཡོད་ན། དེ་དང་སླར་སྦྲེལ་མཐུད་ཡོང་བའི་ཆེད་དུ་ང་ཚོས་དངོས་ཡོད་ཀྱི་ཐབས་ལམ་གང་ཞིག་དང་དུ་ལེན་གྱི་ཡོད་དམ། དེའི་སྐོར་ལ་ངས་བསམ་བློ་མང་པོ་གཏོང་གི་ཡོད། ངས་ཐོག་མའི་ཀུན་སློང་དོ་གལ་ཆེན་པོའི་དང་ལེན་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། བྱས་ཙང་། ཐོག་མའི་ཀུན་སློང་དེ་ལ་ཁྱད་གསོད་དང་སྣང་ཆུང་མི་གཏོང་རོགས་ཞུ་རྒྱུ་ཡིན། ང་ཚོའི་ངོས་ནས་དོ་གལ་ཆེན་པོ་ག་ཚོད་ཙམ་བྱེད་ཀྱི་ཡོད་མེད་དང་། ང་ཚོའི་ངོས་ནས་དེ་ག་ཚོད་དོ་གལ་ཆེན་པོའི་ཐོག་ཚོར་ཐུབ་ཀྱི་ཡོད་མེད་བརྟག་དཔྱད་བྱེད་དགོས། དེ་ནས་ང་ཚོས་དངོས་སུ་དེ་ལག་བསྟར་བྱེད་དགོས་ཀྱི་ཡོད།
བཤད་མི་དགོས་པ་ལྟར། ང་ཚོའི་ཚེ་ཕྱི་མའི་གྲ་སྒྲིག་གི་ཆེད་དུ་དྲྭ་ལྗོངས་འདིའི་དོན་དུ་ལས་ཀ་བྱེད་པ་ལས་གཞན་པའི་ལས་ཀ་མང་ཞིག་བྱེད་ཡག་ཡོད། དེ་གསལ་པོ་རེད། འོན་ཀྱང་ཚེ་ཕྱི་མའི་ཆེད་དུ་གཅིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དཔེ་ཆ་བཞག་ན། ཆོས་ཀྱི་ལྟེ་གནས་ཁང་ཞིག་ལ་ལས་ཀ་མང་པོ་ཞིག་བྱས་ནས་གཞན་གྱིས་སློབ་གཉེར་བྱེད་ཐུབ་པའི་གནས་སྟངས་བསྐྲུན་པ་དང་། ལྷག་པར་དུ་གལ་ཏེ་ཁྱེད་ཀྱིས། “འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་”ཡིན་པའི་བསམ་བློ་བཏང་ན་ཧ་ལས་པའི་ཡག་པོ་རེད། འོན་ཀྱང་ཐོག་མའི་ཀུན་སློང་འདི་སྨོན་ལམ་གྱི་ཆ་ཤས་སུ་འཇུག་དགོས། དེ་ཡང་། “བདག་སྐྱེ་བ་ཕྱི་མ་ཚང་མར་མི་ལུས་རིན་ཆེན་ཐོབ་ནས་དམ་པའི་ཆོས་དང་ཡང་ནས་ཡང་དུ་འཕྲད་པ་དང་། བླ་མ་ཚད་ལྡན་དངོས་ཀྱི་དྲུང་དུ་མུ་མཐུད་ནས་སློབ་གཉེར་བྱེད་ཐུབ་པར་ཤོག་”ཅེས་སྨོན་ལམ་འདེབས་དགོས་པ་ཡིན།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་བསམ་བློ་ཞིག་ཐོངས་དང་། ཁོང་གི་སྐུ་དུས་སུ་ཁོང་ནས་དགེ་བའི་བཤེས་གཉེན་ཚད་ལྡན་འཚོལ་ཆེད་དུ་སུ་མ་ཏྲ་ (Sumatra, གསེར་གླིང་ཡུལ་) ལ་ངལ་བ་དུ་མར་ཁྱད་དུ་བསད་ནས་འགྲུལ་བཞུད་གནང་ཡོད། དེ་འདྲ་སོང་ཙང་། འབད་བརྩོན་དང་ཆོད་སེམས་དེ་དང་འདྲ་བ་ཞིག་ཁྱེར་ནས་གོ་སྐབས་བསྐྲུན་ཐུབ་པ་བྱེད་དགོས། དཔེར་ན། ཆོས་ཀྱི་ལྟེ་གནས་ཁང་འདི་ལྟ་བུར་མི་གཞན་རྣམས་དམ་པའི་ཆོས་དང་དངོས་སུ་འཇལ་ཐུབ་པ་བྱེད་པ་དང་། དེ་དང་འབྲེལ་བའི་དཀའ་ངལ་མཐའ་དག་ལ་བཟོད་ཐུབ་པའི་འདུན་པ་དེ་དགོས། དཀའ་ངལ་དེ་དག་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་སུ་མ་ཏྲ་ལ་མཚོ་འགྲུལ་བྱས་པའི་སྐབས་ཕྲད་པའི་དཀའ་ངལ་དེ་ཚོ་དང་བསྡུར་ན་གང་ཡང་མ་རེད། དེར་མ་ཟད། ཕྱིས་སུ་ཁོང་བོད་ལ་ཕེབས་དུས་དགུང་ལོ་མཐོ་པོ་ཡིན་པ་ དང་། སྐབས་དེ་དུས་བོད་ཀྱི་གནས་སྟངས་འདིར་ཡོད་པ་ལས་ཀྱང་དེ་བས་དཀའ་ལས་ཁག་པ་ཡོད་ཀྱང་། བོད་ལ་དམ་པའི་ཆོས་དངོས་སུ་ཐོབ་པར་མཛད་པའི་ཆེད་ཕྱུགས་ཟོག་ལ་དོ་པོ་བཀལ་ ༼ཁལ་མ་༽ ནས་ཞབས་ཐང་ཐོག་བོད་ལ་ཕེབས་ཡོད། ཁོང་དེ་ལྟར་ཕེབས་པ་དེ་ཆོས་ལུགས་ཁྱབ་སྤེལ་ཆེད་རྩ་ནས་མ་རེད། ཁོང་གིས་འབད་བརྩོན་གནང་བའི་འབྲས་བུ་ལ་གཟིགས་དང་། དེ་ལ་བརྟེན་ནས་ད་བར་དུ་མུ་མཐུད་ནས་མི་མང་པོར་ཕན་ཐོགས་བྱུང་ཡོད་པ་དང་། ཐ་ན་བོད་དང་རྒྱ་གར་ནས་ཐག་རིང་དུ་གནས་པའི་ཡུལ་མེག་སི་ཀོ་ལྟ་བུ་ལའང་ཕན་ཐོགས་བྱུང་ཡོད།།