བཅོས་མའི་རྒྱུ་སྐར་ “Sputnik” གྱི་མི་རབས།
ང་རང་ཕྱི་ལོ་ ༡༩༤༤ ལོར་ཨ་རིར་མི་ཚང་དཀྱུས་མ་ཞིག་གི་ནང་དུ་སྐྱེས་པ་རེད། ངའི་ཁྱིམ་ཚང་གི་དཔལ་འབྱོར་གནས་སྟངས་དེ་ཙམ་ཡག་པོ་མེད། ཁོང་ཚོ་ནི་ལས་མི་དཀྱུས་མ་ཤ་སྟག་ཡིན་པ་དང་སློབ་སྦྱོང་ཡང་དེ་ཙམ་མེད། གང་ལྟར་ཡང་། ང་རང་ལོ་ཆུང་དུས་ནས་ཨེ་ཤ་ཡ་དང་འབྲེལ་བའི་དངོས་དོན་ཐོག་ལ་ལྷན་སྐྱེས་ཀྱི་དོ་སྣང་དང་སྤྲོ་བ་ཧ་ཅང་ཤུགས་ཆེན་ཞིག་ཡོད། དེ་ནི་ང་རང་གི་ནང་མིའི་ངོས་ནས་སེམས་སྐུལ་བྱས་པ་གང་ཡང་མ་རེད་ལ། ཡང་སེམས་ཤུགས་བཅག་པ་དེ་འདྲ་ཡང་གང་བྱས་མེད། གང་ལྟར་དེའི་སྐབས་ལ་ཨེ་ཤ་ཡའི་སྐོར་ལ་གནས་ཚུལ་ཆ་འཕྲིན་དེ་ཙམ་མང་པོ་རག་རྒྱུ་མེད། ང་རང་ལོ་བཅུ་གསུམ་ཡིན་པའི་སྐབས་སུ་ངས་རང་གི་གྲོགས་པོ་ཞིག་དང་མཉམ་དུ་ཡོ་ག་ལུས་སྦྱོང་བྱེད་འགོ་ཚུགས་པ་དང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་སྐོར་དང་། རྒྱ་གར་དང་རྒྱ་ནག་གི་བསམ་བློའི་རྣམ་གཞག་ལ་སོགས་པའི་སྐོར་གང་ཡོད་པ་ཚང་མ་གང་ཐུབ་ཅི་ཐུབ་ཀྱིས་བཀླགས་པ་ཡིན།
ང་ནི་ཨ་རིས་ཟེར་བའི་ “བཅོས་མའི་རྒྱུ་སྐར་གྱི་མི་རབས་” (Sputnik Generation) ཀྱི་ཆ་ཤས་ཤིག་རེད། བཅོས་པའི་རྒྱུ་སྐར་སྦུཊ་ནིག་ཐོག་མར་བར་སྣང་དུ་བསྐྱོད་པའི་སྐབས། ཨ་རི་ཁོང་ཁྲོ་ཆེན་པོ་ལངས་ཡོད། གང་ཡིན་ཟེར་ན། ང་ཚོ་ཨུ་རུ་སུའི་རྗེས་ལ་ཐག་རིང་པོར་ལུས་ཡོད་པ་ཚོར་ཡོད། རང་ཉིད་ཚུད་པའི་སློབ་གྲྭར་ཡོད་པའི་ཕྲུ་གུ་ཚང་མ་ཚན་རིག་སློབ་སྦྱོང་བྱེད་དགོས་པ་དང་། དེ་ལྟར་བྱུང་ན་ང་ཚོས་ཨུ་རུ་སུའི་རྗེས་ཟིན་ཐུབ་ཅེས་སེམས་ཤུགས་སྤར་གྱི་རེད། བྱས་ཙང་། ང་ལོ་བཅུ་དྲུག་ལ་སླེབས་སྐབས་རཏ་གྷར་སི་ (Rutgers) གཙུག་ལག་སློབ་ཁང་ཆེན་མོར་རྫས་སྦྱོར་རིག་པའི་སློབ་སྦྱོང་ཆེད་དུ་སོང་། རཏ་གྷར་སི་གཙུག་ལག་སློབ་ཁང་ཆེན་མོ་ནི་ང་རང་འཚར་ལོངས་བྱུང་ས་ནེའུ་ཇར་སི་ (New Jersey) ནང་དུ་ཡོད། ཁལ་མིག་སོག་པོའི་ནང་པའི་དགེ་བཤེས་དབང་རྒྱལ་ལགས་ངའི་ཁྱིམ་ནས་ཕལ་ཆེར་རྒྱང་ཐག་སྤྱི་ལེ་ ༥༠ ཙམ་ལ་ཡོད་ཀྱང་། སྐབས་དེ་དུས་ངས་ཁོང་དེར་བཞུགས་ཡོད་པ་ཤེས་ཀྱི་མེད།
ངའི་སློབ་ཚན་གྱི་ཆ་ཤས་དང་མཉམ་དུ། ངས་ཨེ་ཤ་ཡའི་སྐོར་ལ་སློབ་ཚན་འཕར་མ་ཞིག་ཀྱང་ལེན་པ་ཡིན། དེའི་ནང་དུ་ནང་པ་སངས་རྒྱས་པའི་ཆོས་དེ་སྲིད་པའི་དཔལ་ཡོན་གྱི་འཕེལ་རིམ་གཅིག་ནས་གཞན་ཞིག་ཏུ་དར་ཚུལ་སྐོར་དང་། དཔལ་ཡོན་རེ་རེའི་ངོས་ནས་དེ་ལ་གོ་བ་ལེན་སྟངས་མི་འདྲ་བའི་སྐོར་བཤད་ཡོད། སྐབས་དེ་དུས་ང་རང་ལོ་ ༡༧ ལས་མིན་ནའང་། དེ་རང་གི་སེམས་ལ་ཚོར་བའམ་བག་ཆགས་ཤུགས་ཆེན་ཞིག་བཞག་སོང་བས། ངས། “ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ཡོན་གཅིག་ནས་དཔལ་ཡོན་གཞན་ཞིག་ལ་དར་བའི་བརྒྱུད་རིམ་ཆ་ཚང་སྐོར་ལ་ཤེས་འདོད་ཡོད།” ཅེས་ལབ་པ་ཡིན། དེ་ནི་རང་གི་མི་ཚེ་ལྷག་མ་ཧྲིལ་པོའི་ཆེད་ནོར་འཁྲུལ་དང་འགྱུར་ལྡོག་གང་ཡང་མེད་པའི་ཐོག་དོན་གཉེར་བྱས་པ་དེ་རེད།
པྲཱིན་སི་ཊོན་ (Princeton) ལ། རྫས་སྦྱོར་རིག་པ་ནས་རྒྱ་ནག་གི་སྐད་ཡིག་དང་། བསམ་བློ། ལྟ་གྲུབ་བར།
པྲཱིན་སི་ཊོན་གཙུག་ལག་སློབ་ཁང་ཆེན་མོར་སློབ་ཕྲུག་མང་པོ་ཞིག་ཨེ་ཤ་ཡའི་སློབ་སྦྱོང་གི་སྡེ་ཚན་ནང་དུ་ཞུགས་ཐུབ་པའི་ཆེད་དུ་ལས་རིམ་གསར་པ་ཞིག་འགོ་འཛུགས་བྱས་ཡོད། དེའི་སྐབས་ལ་སློབ་ཕྲུག་དེ་ཙམ་མང་པོ་མེད་པ་དང་། ལྦེ་ཊ་ནམ་དམག་འཁྲུག་འགོ་ཚུགས་བྱས་ཟིན་ཙམ་ཡིན་པ་དང་། ཨེ་ཤ་ཡའི་སྐད་ཡིག་ཤེས་མཁན་གྱི་ཨ་རི་བ་ཁ་ཤས་ལས་མེད། དེ་དུས་རྒྱ་མིའི་སྐད་ཡིག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཞིག་འདུག་པས། ང་རང་སྤྲོ་བ་ཆེན་པོ་སྐྱེས་པ་དང་སྦྲགས་ངས་དེ་ལ་སྙན་ཞུ་ཕུལ་ནས་ངོས་ལེན་གནང་སོང་། ང་རང་ལོ་ ༡༨ ལ་ངས་པྲཱིན་སི་ཊོན་ལ་རྒྱ་ཡིག་སློབ་ཚན་སློབ་སྦྱོང་འགོ་འཛུགས་བྱས་པ་དང་། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་ (Baccalaureate) གྱི་མཐའ་མའི་ལོ་གཉིས་དེ་གར་མཐར་ཕྱིན་པ་བྱས་ཡིན།
ང་རང་ག་དུས་ཡིན་ཀྱང་རྒྱ་ནག་གི་ལྟ་གྲུབ་ཀྱིས་ནང་ཆོས་ཡུལ་དེའི་ནང་དར་དུས་དེ་ལ་གོ་བ་ལེན་ཚུལ་ལ་ཤུགས་རྐྱེན་གང་ཐེབས་ཡོད་མེད་དང་། ཕྱིས་སུ་ནང་ཆོས་ཀྱིས་རྒྱ་ནག་གི་ལྟ་གྲུབ་ལ་ཕན་ནུས་གང་བྱུང་ཡོད་མེད་སྐོར་ལ་རྟག་ཏུ་དོ་སྣང་ཆེན་པོ་ཡོད། བྱས་ཙང་། ངས་རྒྱ་ནག་གི་བསམ་བློ་དང་། ལྟ་གྲུབ། ལོ་རྒྱུས། ནང་ཆོས་ལ་སོགས་པའི་སྐོར་སློབ་སྦྱོང་བྱས་པ་ཡིན། ང་རང་དབྱར་དུས་སྐབས་སུ་སློབ་འཁྲིད་གཟབ་ནན་བྱེད་པའི་སྐད་ཡིག་སློབ་གྲྭར་བཏང་བྱུང་། ལོ་གཅིག་ཧར་ཝརྡ་ (Harvard) མཐོ་སློབ་ དང་དེ་ནས་ལོ་གཅིག་སྚེན་ཧྥོརྡ་ (Stanford) མཐོ་སློབ་ལ་སྔ་རབས་ཀྱི་རྒྱ་ཡིག་སློབ་སྦྱོང་བྱས་པ་ཡིན། དེ་ནས་ལག་ཁྱེར་ཐོབ་པའི་རྗེས་ལ་དབྱར་དུས་གཅིག་ཐེ་ལྦན་ནང་བསྐྱལ་བ་ཡིན། ཆེས་མཐོའི་སློབ་སྦྱོང་གི་ཆེད་དུ་སླར་ཡང་ཧར་ཝརྡ་མཐོ་སློབ་ཏུ་ཕྱིར་ལོག་བྱས་པ་ཡིན། ངས་སྔ་ས་ནས་རྒྱ་ནག་གི་སྐོར་སློབ་སྦྱོང་དང་མཉམ་དུ་ཉི་ཧོང་གི་སྐད་ཡིག་སློབ་སྦྱོང་འགོ་འཛུགས་བྱས་ཟིན་པ་དང་། ཐག་རིང་ཤར་ཕྱོགས་ཀྱི་སྐད་ཡིག་གི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་ཐོབ་པའི་སྐབས་ལ། ངས་རྒྱ་ནག་གི་སྐོར་ལ་སློབ་སྦྱོང་གཏིང་ཟབ་ཞིག་བྱས་ཚར་རེད།
རྒྱ་སྐད་དང་། ལེགས་སྦྱར་སྐད། བོད་སྐད་བཅས་ལ་མཚུངས་བསྡུར་གྱི་སློབ་སྦྱོང་།
ངས་རྒྱ་ནག་གི་སྐོར་ལ་ཤེས་རྟོགས་གང་བྱུང་བ་ནང་བཞིན་རྒྱ་གར་གྱི་སྐོར་ལའང་ཤེས་འདོད་ཡོད། དེའི་དམིགས་ཡུལ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་འཕེལ་རིམ་ནང་ཤུགས་རྐྱེན་རིགས་གང་ཐེབས་ཡོད་པ་ཤེས་འདོད་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ངས་ལེགས་སྦྱར་གྱི་སྐད་ལ་སློབ་སྦྱོང་བྱེད་འགོ་ཚུགས་པ་ཡིན། ཕྲན་ལ་ལེགས་སྦྱར་སྐད་ཡིག་དང་རྒྱ་གར་སྐོར་གྱི་སློབ་སྦྱོང་དང་། དེ་ག་ནང་བཞིན་ཐག་རིང་ཤར་ཕྱོགས་ཀྱི་སྐད་ཡིག་བཅས་སྡེ་ཚན་གཉིས་ཟུང་སྦྲེལ་གྱི་ཐོག་ནས་གནང་བའི་འབུམ་རམས་པའི་ལག་ཁྱེར་ཐོབ་སོང། ལེགས་སྦྱར་སྐད་ཡིག་དང་རྒྱ་གར་སློབ་ཚན་ནས་བོད་སྐད་ལ་སླེབས་པ་དང་། གཙོ་བོ་ཤུགས་གནོན་བརྒྱབ་ས་ནི་ལྟ་གྲུབ་དང་ནང་ཆོས་ཀྱི་ལོ་རྒྱུས་སྐོར་རེད།
ཁྱེད་ཀྱིས་ཤེས་གསལ་ལྟར། ང་རང་ཤེས་བྱའི་གནས་ལ་སྐོམ་པ་ཆུ་འདོད་ཀྱི་རེ་བ་ཆེན་པོ་ཡོད་མཁན་ཞིག་རེད། བྱས་ཙང་། ངས་ལྟ་གྲུབ་དང་སེམས་ཁམས་རིག་པའི་སྐོར་ལ་སློབ་ཚན་འཕར་མ་བླངས་ནས་རང་ཉིད་ཚན་རིག་ལ་ཡོད་པའི་དོ་སྣང་དེ་མུ་མཐུད་ནས་ཉར་བ་ཡིན། དེ་ལྟར་ངས་རང་གི་སློབ་སྦྱོང་ཁག་མཐར་ཕྱིན་པ་བྱས་པ་དང་། ཆོས་དཔེ་ཡིག་སྒྱུར་བྱས་པ་ཁག་ཕན་ཚུན་མཚུངས་བསྡུར་གྱི་སྤྱིར་བཏང་ནང་བསྟན་རིག་པའི་ཐབས་ལམ་ཁག་གི་སྐོར་ལ་སློབ་སྦྱོང་བྱས་པ་ཡིན། ང་ཚོས་སྔོན་ལ་ནང་ཆོས་ཀྱི་དཔེ་ཆ་ལེགས་སྦྱར་གྱི་སྐད་ཡིག་ནང་ཡོད་པའི་བསྟན་བཅོས་ཁག་ལ་བལྟས་པ་དང་། དེ་ནས་དེ་དག་རྒྱ་ཡིག་དང་བོད་ཡིག་ནང་ཡིག་སྒྱུར་ཇི་ལྟར་བྱས་ཡོད་མེད་ཞིབ་འཇུག་བྱེད་པ་མ་ཟད། ལྟ་ཚུལ་གྱི་རིགས་རྣམས་འཕེལ་རྒྱས་ཕྱིན་པའི་ལོ་རྒྱུས་དང་དེ་དག་ཀྱང་སྤྱིར་བཏང་ལོ་རྒྱུས་དང་ཕན་ཚུན་འབྲེལ་བ་ཇི་ལྟར་ཡོད་པའི་སྐོར་སློབ་གཉེར་བྱེད་ཀྱི་ཡོད། དེ་འདྲ་བའི་སྦྱོང་བརྡར་གྱིས་ཕྱིས་སུ་ངའི་མི་ཚེའི་མདུན་ལམ་ལ་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་།
ཧ་ཝརྡ་མཐོ་སློབ་ནས་འཚོ་བཞིན་ཡོད་པའི་སྲོལ་རྒྱུན་བར།
དེ་འདྲའི་བརྒྱུད་རང་གིས་སློབ་སྦྱོང་བྱེད་བཞིན་པའི་ལྟ་གྲུབ་དང་ཨེ་ཤ་ཡའི་ཆོས་ལུགས་ཚང་མ་སྟེ། ནང་ཆོས་ལུགས་ཀྱི་རྣམ་པ་འདྲ་མིན་དང་། ཧིན་དུའི་ཆོས་ལུགས་ཀྱི་རྣམ་པ་འདྲ་མིན། ཏའོ་དང་ཀོང་ཙེའི་ཆོས་ལུགས་ཀྱི་རྣམ་པ་འདྲ་མིན་ཐོག་ལ་བསམ་བློ་བཏང་བ་ཡིན་ན་གང་འདྲ་ཡོད་མེད་སྐོར་ལ་རྟག་ཏུ་དོ་སྣང་ཧ་ཅང་ཆེན་པོ་བྱེད་མཁན་ཞིག་ཡིན། འོན་ཀྱང་དེའི་སྐབས་འཚོ་བཞིན་ཡོད་པའི་སྲོལ་རྒྱུན་དེ་དག་རེ་རེ་དང་ཐད་ཀར་འབྲེལ་བ་བྱེད་པའི་གོ་སྐབས་རིགས་དངོས་སུ་མེད། དེ་ནི་རང་ཉིད་ཀྱིས་གནའ་བོའི་ཨི་ཇིབ་ (Egypt) ཆོས་ལུགས་ཤིག་སློབ་སྦྱོང་བྱས་པ་འདྲ་པོ་ཡོད། ཡིན་ནའང་། ང་རང་ལ་དོ་སྣང་དང་སྤྲོ་བ་ཧ་ཅང་ཚད་མཐོ་པོ་ཡོད།
ཕྱི་ལོ་ ༡༩༦༧ ལོར་ངས་བོད་ཀྱི་སྐད་ཡིག་སློབ་སྦྱོང་འགོ་འཛུགས་བྱས་སྐབས། རོ་བྷརྟ་ཐར་མན་ (Robert Thurman) ལགས་ཁོང་ཧར་ཝརྡ་ལ་ཕྱིར་ལོག་ཕེབས་པ་དང་ངེད་གཉིས་འཛིན་གྲོགས་རེད། ཐར་མན་ཁོང་ནི་དགེ་བཤེས་དབང་རྒྱལ་ལགས་ཀྱི་ཉེ་བའི་དགེ་ཕྲུག་མང་པོའི་ནང་ནས་གཅིག་ཡིན་པ་མ་ཟད། ལོ་འགའ་ཤས་རིང་ཁོང་དང་མཉམ་དུ་བཞུགས་ཡོད། ཁོང་ད་དུང་གྲྭ་པ་ལོ་གཅིག་ཙམ་བྱས་པ་དང་རྒྱ་གར་རྡ་རམ་ས་ལར་ཕེབས་ནས་ནང་ཆོས་སློབ་གཉེར་གནང་ཡོད། ཐར་མན་གྱིས་ང་ལ་དགེ་བཤེས་དབང་རྒྱལ་སྐོར་བཤད་པ་དང་། དེ་བཞིན་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་གནས་ཡུལ་རྡ་རམ་ས་ལའི་ནང་སློབ་སྦྱོང་བྱེད་ཐུབ་སྲིད་པའི་སྐོར་བཤད་བྱུང་། ངས་ཁྱིམ་དུ་དགུང་གསེང་ལ་འགྲོ་རིང་བཞིན་ནེའུ་ཇར་སི་ (New Jersey) ནང་དུ་ཡོད་པའི་དགེ་བཤེས་དབང་རྒྱལ་ལགས་ཀྱི་དགོན་པར་ཕྱིན་ནས། འཚོ་གནས་བཞིན་པའི་ནང་པ་སངས་རྒྱས་པའི་ཆོས་དངོས་ཀྱི་སྲོལ་རྒྱུན་དེ་གང་འདྲ་ཡོད་མེད་ཤེས་རྟོགས་བྱེད་འགོ་བཙུགས་པ་ཡིན། ངས་དགེ་བཤེས་དབང་རྒྱལ་ལགས་ཐེངས་མང་ཐུགས་འཕྲད་བྱས་ཀྱང་། ཁོང་དང་མཉམ་དུ་བསྡད་ནས་ཆོས་སློབ་གཉེར་གྱི་གོ་སྐབས་ནམ་ཡང་བྱུང་མེད། གང་ལྟར་ཡང་། ཁོང་གིས་ང་རྒྱ་གར་ལ་ཕྱིན་ནས་དེར་རང་གི་སློབ་སྦྱོང་མུ་མཐུད་བྱེད་དགོས་པའི་སེམས་སྐུལ་གནང་སོང། བྱས་ཙང་། ངས་རྒྱ་གར་ནང་རང་གི་ཉམས་ཞིབ་དཔྱད་རྩོམ་བོད་མིའི་ཁྲོད་དུ་བྱེད་ཐུབ་ཆེད་ཧྥུལ་བྷ་ར་ཡེ་ཊའི་ (Fulbright) གཙུག་ལག་སློབ་ཡོན་ཞུས་པ་ཡིན།
ཕྱི་ལོ་ ༡༩༦༩ ལོར་ང་རྒྱ་གར་དུ་འབྱོར་བ་དང་། སྐབས་དེ་དུས་ང་རང་ལོ་ ༢༤ ཡིན། དེར་ངས་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་དང་། རང་ཉིད་བོད་མིའི་སྤྱི་ཚོགས་ནང་དུ་ཡོངས་སུ་ཐིམས་སོང། དེའི་སྐབས་ཀྱི་ཚོར་སྣང་ལ་དུས་དེ་བར་གྱི་རང་ཉིད་ཀྱི་མི་ཚེ་ཧྲིལ་པོ་དངོས་ཟོག་འོར་འདྲེན་བྱེད་ཆས་སྒང་ལ་བསྡད་ནས་དེར་སླེབས་པ་འདྲ་པོ་ཚོར་བྱུང་། དེ་ཡང་ཐོག་མར་ནེའུ་ཇར་སི་ནང་ཡོད་པའི་མི་ཚང་ཕལ་པ་ཞིག་ནས་པྲཱིན་སི་ཊོན་དང་ཧར་ཝརྡ་གཉིས་ལ་སློབ་ཡོན་ཆ་ཚང་ཐོབ་པ་དང་། དེ་ནས་ྋགོང་ས་མཆོག་དང་ཁོང་གི་ཉེ་འཁོར་དུ་ཡོད་པའི་བོད་ཀྱི་བླ་ཆེན་དྲུང་དུ་སླེབས་པ་རེད། དེ་སྔོན་ངས་བོད་བརྒྱུད་ནང་བསྟན་སྐོར་གང་སློབ་སྦྱོང་བྱས་པ་ཚང་མ་མི་ཉམས་གསོན་པོར་གནས་ཡོད་པ་ཤེས་རྟོགས་དང་། དེར་ནང་ཆོས་ཀྱི་བསླབ་བྱའི་དོན་དག་གང་ཡིན་པ་ཚང་མ་ཤེས་མཁན་གྱི་མི་ཡོད་པ་དང་ཁོང་ཚོའི་དྲུང་ནས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་འདུག
ཌལ་ཧོ་སི་ (Dalhousie) ལ་བོད་སྐད་ཤོད་སྟངས་སློབ་སྦྱོང་བྱེད་པ།
ང་རང་རྒྱ་གར་ལ་འགྲོ་དུས་ངས་བོད་སྐད་ཤོད་སྟངས་མི་ཤེས། ཧར་ཝརྡ་ལ་ཡོད་པའི་ངའི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་པོ་ནཱ་ག་ཏོ་མི་ཡིས་སྐད་ཡིག་དེ་སྒྲ་གདངས་འདོན་སྟངས་ཀྱང་ཤེས་ཀྱི་མེད། ཁོང་ནི་ཉི་ཧོང་པ་ཞིག་ཡིན་པ་དང་ང་ཚོས་བོད་སྐད་ཉི་ཧོང་གི་བརྡ་སྤྲོད་ནང་སློབ་སྦྱོང་བྱས་པ་རེད། གང་ཡིན་ཟེར་ན། དེའི་སྐབས་ལ་ཡོད་པའི་བོད་ཀྱི་བརྡ་སྤྲོད་སློབ་སྦྱོང་བྱེད་པའི་དེབ་ཡོད་པ་དེ་རང་གིས་ལ་ཊིན (Latin) ་ལྟར་འགྲེལ་བཤད་བྱས་ཡོད། ལ་ཊིན་དང་བོད་ཡིག་གཉིས་ཀྱི་དབར་འདྲ་བའི་ཆ་གང་ཡང་མེད། འོན་ཀྱང་དོན་ངོ་མར་ཉི་ཧོང་གི་བརྡ་སྤྲོད་དེ་བོད་ཡིག་དང་གང་ལ་གང་འཚམ་གྱི་ཐག་ཉེ་པོ་ཡོད།
ངས་བོད་སྐད་ཤོད་སྟངས་སློབ་སྦྱོང་བྱེད་དགོས་ཀྱང་། སྐབས་དེ་དུས་སློབ་དེབ་ལ་སོགས་པའི་རྒྱུ་ཆ་གཞན་གང་ཡང་རག་གི་མེད། དགེ་བཤེས་དབང་རྒྱལ་ལགས་དང་འབྲེལ་བ་བརྒྱུད་ནས་སྤྲུལ་སྐུ་ (བླ་མའི་ཡང་སྲིད་) ན་གཞོན་རྣམ་གཉིས་ཏེ། ཤར་པ་རིན་པོ་ཆེ་དང་ཁམ་ལུང་རིན་པོ་ཆེ་ཁོང་གཉིས་དང་འབྲེལ་བ་བྱུང། ཁོང་རྣམ་གཉིས་དགེ་བཤེས་དབང་རྒྱལ་ལགས་ཀྱི་དགོན་པར་ལོ་ཁ་ཤས་བཞུགས་ཡོད་པ་དང་། དབྱིན་སྐད་དཔེ་ཡག་པོ་མཁྱེན་གྱི་ཡོད། ཁོང་ཚོ་བོད་མི་མང་པོ་གཞིས་ཆགས་སའི་ཌལ་ཧོ་སི་ས་གནས་སུ་ཡོད། དེར་ཁོང་ཚོས་ཐུགས་བརྩེ་བ་ཆེན་པོའི་ཐོག་ང་ལ་དགེ་འདུན་པ་བསོད་ནམས་ནོར་བུ་ཟེར་བ་ཞིག་དང་མཉམ་དུ་རི་ཟུར་ལ་ཡོད་པའི་ཁང་པ་ཆུང་ཆུང་ཞིག་གོ་སྒྲིག་ཞུས་གནང་སོང། དགེ་འདུན་པ་དེས་དབྱིན་ཇིའི་སྐད་ཡིག་ཤེས་ཀྱི་མེད་ལ་ངས་ཀྱང་བོད་སྐྱད་རྒྱག་མི་ཤེས། འོན་ཀྱང་མཉམ་དུ་གནས་དགོས་པར་བརྟེན་གང་ལྟར་ཡང་ཕན་ཚུན་སྐད་ཆ་ཤོད་རེས་བྱེད་དགོས་ཀྱི་ཡོད། དེ་ནས་བཟུང་ངའི་ནང་བསྟན་རིག་པའི་སྐོར་དང་སྦྱོང་བརྡར་གཞན་ཁག་ཕན་ཐོགས་བྱུང་། ངས་རང་ཉིད་མི་རིགས་རིག་པ་བ་ཞིག་བྷོརྣི་ཨོ་ (Borneo) ཡང་ན་ཨ་ཧྥི་རི་ཀའི་ནང་དུ་སྐད་ཡིག་གཞན་ཞིག་ཤེས་ཐབས་བྱས་པ་འདྲ་པོ་ལྟ་བུ་ཚོར་བྱུང་།
ངས་སློབ་སྦྱོང་བྱས་པའི་ཨེ་ཤ་ཡའི་སྐད་ཡིག་ཚང་མས་བོད་སྐད་ནང་གི་སྐད་གདངས་གོ་ཐུབ་པ་དང་། ཡར་རྒྱས་ཕྲན་བུ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སོང་། ངས་བསོད་ནམས་ལ་སྐད་ཆ་ཞིག་བཤད་འདོད་ཡོད་ན། ངས་མར་ཡིག་ཐོག་ཏུ་འབྲི་བ་དང་། (ངས་བོད་ཡིག་འབྲི་སྟངས་ཤེས་ཀྱི་ཡོད།) ཁོང་གིས་ང་ལ་སྒྲ་གདངས་འདོན་ཚུལ་ལམ་གང་འདྲ་ཀློག་དགོས་པའི་སློབ་སྟོན་བྱེད་ཀྱི་རེད། ངེད་གཉིས་ཀྱིས་དེ་ལྟར་མཉམ་དུ་ལས་ཀ་བྱས་པ་ཡིན། དེ་ག་ནང་བཞིན་མི་གཞན་ཞིག་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱང་ཞུས་པ་ཡིན། མཐར་རིན་པོ་ཆེ་རྣམ་གཉིས་ཀྱིས་ང་ཁོང་ཚོའི་དགེ་བའི་བཤེས་གཉེན་དགེ་བཤེས་ངག་དབང་དར་རྒྱས་ལགས་རང་གི་སློབ་དཔོན་དུ་བསྟེན་ན་ལེགས་པའི་དགོངས་ཚུལ་གསུངས་སོང།
བ་ཚང་ཞིག་གི་ནང་ལམ་རིམ་སློབ་སྦྱོང་།
ང་རྒྱ་གར་ནང་དུ་རང་གི་ཉམས་ཞིབ་དཔྱད་རྩོམ་འབྲི་བའི་ཆེད་དུ་སླེབས་པ་ཡིན་ལ། ཐོག་མར་ངས་ཤིན་ཏུ་རྒྱ་ཆེ་ལ་གཏིང་ཟབ་པའི་གསང་སྔགས་ཀྱི་བརྗོད་གཞི་རྒྱུད་གསང་བ་འདུས་པའི་སྐོར་འབྲི་རྒྱུའི་འཆར་གཞི་ཡོད་ཀྱང་། ༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡོངས་འཛིན་ནང་ནས་གཅིག་ཡིན་པ་སེར་ཀོང་རིན་པོ་ཆེའི་དྲུང་དུ་སློབ་སྟོན་ཞུ་བར་ཕྱིན་པས། ཁོང་གིས་དེ་ནི་ཁུངས་ལུང་མེད་པ་ཞིག་ཡིན་པ་དང་། ང་དེ་ལ་གྲ་སྒྲིག་གང་ཡང་མེད་པའི་བཀའ་སློབ་ཡིད་ཆེས་རྙེད་པ་གནང་བྱུང་། ༸གོང་ས་མཆོག་གི་ཡོངས་འཛིན་སྐུ་གཞོན་པ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས། དེའི་ཚབ་ཏུ་སྔོན་ལ་ལམ་རིམ་མམ་བྱང་ཆུབ་ལམ་གྱི་རིམ་པ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་གནང་བ་དང། དེའི་སྐབས་ལམ་རིམ་ཡིག་སྒྱུར་གང་ཡང་བྱས་མེད། བྱས་ཙང་། དེ་རང་གི་ངོས་ནས་བཤད་ན་གསར་པ་གསར་རྐྱང་ཞིག་རེད། སྐབས་དེ་དུས་བོད་བརྒྱུད་ནང་བསྟན་སྐོར་ཡོད་པའི་དེབ་ནི། ཨེ་ལེག་ཛན་ཌར་ཌེ་ཝི་ཌི་ནཱིལ་ (Alexandra David-Neel) དང་། ཨེ་ཝེན་སི་ཝེན་ཛི། (Evans-Wentz) བླ་མ་གོ་ཝིན་ཌ་། (Lama Govinda) དེ་བཞིན་གཞན་འགའ་ཤས་ཀྱིས་བྲིས་པའི་དེབ་མ་གཏོགས་མེད། ངས་དགེ་བཤེས་ངག་དབང་དར་རྒྱས་ཀྱིས་ལྗགས་ཁྲིད་གནང་བའི་ལམ་རིམ་སློབ་སྦྱོང་བྱས་པ་དང་། རང་ཉིད་ཀྱི་ཉམས་ཞིབ་དཔྱད་རྩོམ་དེ་ལ་གཞི་བཞག་པ་ཡིན།
ང་རང་གཙོ་བོ་ཌལ་ཧོ་སིར་རྒྱས་སྤྲོས་མེད་པའི་སྒོ་ནས་གནས་སྡོད་བྱས་པ་དང་། ཉལ་ཁང་ནང་ཆུ་དང་གསང་སྤྱོད་ཀྱང་མེད། དགེ་བཤེས་ངག་དབང་དར་རྒྱས་ཁོང་དེ་བས་ཀྱང་རྒྱས་སྤྲོས་མེད་པར་བཞུགས་ཡོད། སྔར་ཁོང་མ་ཕེབས་གོང་བ་ཕྱུགས་ཤིག་ཉར་སའི་བ་ཚང་ནང་བཞུགས་གནང་གི་ཡོད། དེའི་ནང་དུ་ཁོང་གི་གཟིམ་ཁྲི་ཤོང་ཐུབ་ཙམ་དང་། མདུན་ལ་ཁོང་གི་སྐུ་ན་ཕྲ་བའི་རིན་པོ་ཆེ་ཡིན་པའི་སློབ་ཕྲུག་གསུམ་དང་ང་བཅས་འདམ་གྱིས་བཟོས་པའི་ཞ་ལའི་སྒང་ལ་ཁོང་གིས་སློབ་འཁྲིད་གནང་སྐབས་བསྡད་ཐུབ་ཙམ་གྱི་ས་ཆ་ལས་མེད། དེ་ནས་བྱ་དོ་རིན་པོ་ཆེས་ཀྱང་ང་ཚོ་མཉམ་དུ་བཞུགས་ནས་སློབ་གཉེར་གནང་སོང། ཕྱིས་སུ་ཁོང་༸གོང་ས་མཆོག་གི་དགོན་པ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་གནང་བར་ཕེབས་པ་རེད། ང་ཚོ་སློབ་སྦྱོང་བྱེད་སའི་བ་ཚང་དེ་ནི་སྦྲང་བུ་དང་འབུ་སྲིན་གཞན་སྣ་ཚོགས་ཀྱིས་ཁེངས་པ་ཞིག་ཡོད།
དེའི་སྐབས་ལ་ཧ་ཅང་སྤྲོ་སེམས་འཁོལ་བའི་དུས་ཤིག་རེད། གང་ཡིན་ཟེར་ན། གནས་ཚུལ་གསར་པ་མང་པོ་ཞིག་འགོ་འཛུགས་བྱེད་བཞིན་ཡོད། ༸གོང་ས་མཆོག་གིས་ང་ཚོས་གང་བྱེད་བཞིན་པ་དང་ང་ཚོའི་སློབ་གཉེར་སྐོར་ལ་ཐུགས་སྣང་མཛད་པ་དང། དེ་ནས་ཁོང་ཉིད་ཀྱི་ཆེད་དུ་དཔེ་ཆ་ཐུང་ཐུང་ཡིག་སྒྱུར་བྱེད་ཆེད་ང་ཚོར་གནང་གི་ཡོད། ༸གོང་ས་མཆོག་གིས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གསར་འཛུགས་གནང་བའི་སྐབས། ཁོང་གིས་དགེ་བཤེས་ངག་དབང་དར་རྒྱས་ལགས་དེར་ཕྱི་རྒྱལ་མི་རིགས་ཚོའི་ཆེད་དུ་དགེ་རྒན་དང་། ཕྲན་ལ་རོགས་གནང་མཁན་གྱི་ཤར་པ་དང་ཁམ་ལུང་རིན་པོ་ཆེ་རྣམ་གཉིས་སྐད་སྒྱུར་གནང་དགོས་པའི་བཀའ་སློབ་ཕེབས། ངས་ཀྱང་རང་ཉིད་ཀྱི་ངོས་ནས་རོགས་པ་བྱེད་གང་ཐུབ་སྐོར་སྙན་གསེང་ཞུས་པས། ༸གོང་ས་མཆོག་གིས་ཕྲན་ལ། “འགྲིག་གི་རེད། འོན་ཀྱང་སྔོན་ལ་ཨ་རིར་ཕྱིར་ལོག་བྱས་ཏེ། རང་གི་ཉམས་ཞིབ་དཔྱད་རྩོམ་ཡར་ཕུལ་ནས་འབུམ་རམས་པའི་ལག་ཁྱེར་ལོངས། དེ་ནས་ཕྱིར་ལོག་ཤོག” །ཅེས་བཀའ་བརྩལ་གནང་སོང།
བོད་མིའི་སྤྱི་ཚོགས་ནང་རན་འཇུག་དང་བཅས་སྐད་སྒྱུར་བ་ཞིག་ཆགས་པ།
རྒྱ་གར་ནང་ཡོད་པའི་དུས་ཡུན་སྔ་མའི་ནང་། ངས་རང་ཉིད་བོད་མིའི་སྤྱི་ཚོགས་ནང་དུ་རན་འཇུག་ཡོང་ཐབས་སུ་སྐད་སྒྱུར་བ་ཞིག་བྱས་ནས་ཁོང་ཚོས་འབྲེལ་བ་བཟོ་ཐུབ་པའི་སྲོལ་རྒྱུན་གྱི་འགན་འཁུར་ཞིག་ལེན་ཁུལ་བྱས་པ་ཡིན། རང་ཉིད་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་འགོ་འཛུགས་བྱེད་རྒྱུར་འདོད་མོས་དང་སྤྲོ་བ་ཤིན་ཏུ་ཆེན་པོ་ཡོད་ཙང། ཕྱི་ལོ་ ༡༩༧༠ ལོ་སྟོད་ལ་ང་རང་འགྲོ་ལུགས་སྟར་དངོས་སུ་ནང་པ་ཞིག་ཆགས་པ་དང་སྒོམ་ཉམས་ལེན་བྱེད་འགོ་ཚུགས་པ་ཡིན། དེ་ནས་བཟུང་ངས་ཉིན་ལྟར་སྒོམ་ཉམས་ལེན་མུ་མཐུད་བྱེད་ཀྱི་ཡོད།
སྐད་སྒྱུར་བ་ཞིག་གི་ལས་འགན་གྱི་ནང་། ཁྱེད་ལ་སྐད་ཡིག་ལ་མཁས་པའི་རྩལ་དགོས་པ་མ་ཟད། ནང་པ་སངས་རྒྱས་པའི་ཆོས་ཀྱི་གོ་རྟོགས་གཏིང་ཟབ་པོ་ཞིག་ཀྱང་དགོས་ཀྱི་ཡོད། དེའི་དོན་ནི། འཚོ་བ་དངོས་ཀྱི་ནང་དུ་སྒོམ་ཉམས་ལེན་དང་ཆོས་ཀྱི་བསླབ་བྱ་རྣམས་དངོས་སུ་ལག་བསྟར་བྱེད་དགོས་པ་དེ་ཡིན། རང་གིས་དངོས་སུ་ཉམས་ལེན་བྱས་ནས་ཉམས་སུ་མྱངས་མེད་ན། སེམས་ཀྱི་གནས་བབས་འདྲ་མིན་དང་། ཡང་ན་སྒོམ་པའི་སྐབས་ཉམས་མྱོང་འདྲ་མིན་བྱུང་བ་རྣམས་འགྲེལ་བརྗོད་བྱེད་པའི་ཐུན་མིན་གྱི་བརྡ་ཆད་དེ་དག་ཡིག་སྒྱུར་བྱེད་ཐབས་མེད། ཡིག་སྒྱུར་བྱས་པའི་ཐ་སྙད་དེའི་སྐབས་བེད་སྤྱོད་བྱས་ཡོད་པ་དེ་ཚོ་གཙོ་བོ་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་གྱིས་འདེམ་སྒྲུག་བྱས་པ་དང་། ཁོང་ཚོའི་དོ་སྣང་བྱེད་ས་གཙོ་བོ་ནི་ཡེ་ཤུའི་གསུང་རབ་ཀྱི་དཔེ་ཆ་བྷཱ་ཡེ་བྷལ་ (Bible) ལྟ་བུ་བོད་སྐད་དུ་སྒྱུར་ཆེད་རེད། བྱས་ཙང་། སྔ་ས་ནས་ངས་རང་གི་ནང་ཆོས་ཀྱི་ཉམས་ལེན་དང་ནང་བསྟན་རིག་པའི་སྦྱོང་བརྡར་གཉིས་མཉམ་སྡེབ་བྱས་པ་ཡིན།
ཕྱི་ལོ་ ༡༩༧༡ ལོ་འཇུག་ལ་ངས་ཧར་ཝརྡ་ལ་ཕྱིར་ལོག་བྱས་ནས་ཟླ་བ་ཁ་ཤས་ཀྱི་རྗེས་ལ། ངས་རང་གི་ཉམས་ཞིབ་དཔྱད་རྩོམ་ཡར་ཕུལ་ནས་རང་གི་འབུམ་རམས་པའི་ལག་ཁྱེར་དེ་ཕྱི་ལོ་ ༡༩༧༢ ལོའི་དཔྱིད་ཀར་ཐོབ་སོང། རང་ཉིད་ག་དུས་ཡིན་ཀྱང་གཙུག་ལག་སློབ་ཁང་ཞིག་གི་དགེ་རྒན་བྱེད་འདོད་ཡོད་པར་བརྟེན། ངའི་རྒན་ལགས་ཀྱིས་ཕྲན་ལ་གཙུག་ལག་སློབ་ཁང་སྙན་གྲགས་ཅན་གཞན་ཞིག་ལ་དགེ་རྒན་གྱི་ལས་ཀ་ཡག་པོ་ཞིག་གོ་སྒྲིག་ཞུས་འདུག །འོན་ཀྱང་ངས་དེ་ཁས་ལེན་བྱས་མེད། ངས་ནང་ཆོས་གང་ཡིན་པ་ཚོད་དཔག་བྱེད་མཁན་གྱི་མི་དང་རང་གི་མི་ཚེ་ལྷག་མ་སྐྱེལ་འདོད་མེད། དེའི་ཚབ་ཏུ། ངས་ནང་བསྟན་རིག་པའི་སྦྱོང་བརྡར་ལ་བརྟེན་ནས་བྱུང་བའི་དངོས་ཐོག་བདེན་འཚོལ་གྱི་ལྟ་ཚུལ་སེམས་ལ་བཞག་ནས་ནང་ཆོས་གང་ཡིན་པ་དངོས་སུ་ཤེས་མཁན་གྱི་མི་དང་མཉམ་དུ་བསྡད་འདོད་དང། ཚད་ལྡན་གྱི་སྲོལ་རྒྱུན་ལ་སློབ་སྦྱོང་དང་ཤེས་འདོད་ཡོད། བཤད་མི་དགོས་པ་ལྟར། ངའི་རྒན་ལགས་ཀྱིས་ང་སྨྱོན་པ་ལྟ་བུར་མཐོང་ཡོད་ཀྱང། གང་ལྟར་ཡང་། ང་རྒྱ་གར་ལ་ཕྱིར་ལོག་བྱས་པ་ཡིན། དེར་འཚོ་སྡོད་ཀྱི་འགྲོ་སོང་ཆེན་པོ་མེད་སྟབས་དེ་ལྟར་བྱེད་ཐུབ་ཀྱི་ཡོད།
ངའི་རྒྱ་གར་གྱི་མི་ཚེ་གསར་པ།
ང་རྒྱ་གར་དུ་གནས་སྤོ་བྱས་ནས་དགེ་བཤེས་ངག་དབང་དར་རྒྱས་དང་། ཤར་པ་དང་ཁམ་ལུང་རིན་པོ་ཆེ་མཉམ་དུ་ལས་ཀ་འགོ་འཛུགས་བྱས་ཤིང། ཁོང་ཚོ་ཚང་མས་སྔ་ས་ནས་དཔེ་མཛོད་ཁང་ལ་ཕྱག་ལས་འགོ་འཛུགས་གནང་བཞིན་ཡོད། ང་རང་ཌལ་ཧོ་སི་ལས་ཆུང་བའི་ཁང་པ་ཞིག་གི་ནང་དུ་བསྡད་པ་ཡིན། དེ་ལ་ད་དུང་ཆུ་དང་གསང་སྤྱོད་མེད་པ་མ་ཟད། ཐ་ན་སྒེའུ་ཁུང་གཅིག་རང་གཅིག་ཡོད་པ་དེ་ལ་ཤེལ་སྒོ་ཡང་མི་འདུག
དེའི་སྐབས་ང་དང་མཉམ་དུ་སྡོད་མཁན་གྱི་དགེ་འདུན་པ་བསོད་ནམས་ནོར་བུ་ཡང་སླེབས་ནས་ང་དང་མཉམ་དུ་བསྡད་པ་རེད། དེ་ལྟར་རྒྱ་གར་ནང་དུ་ངས་ཁོང་དང་མཉམ་དུ་ཁང་ཆུང་སྟབས་བདེ་དེའི་ནང་དུ་མི་ལོ་ ༢༩ བསྡད་པ་ཡིན།
དུས་ཡུན་དེའི་ནང་དུ། ངས་བོད་ཀྱི་དཔེ་མཛོད་ཁང་ལ་༸གོང་ས་མཆོག་གི་ཆེད་དུ་ཡིག་སྒྱུར་གཞུང་ལས་ཁང་གསར་འཛུགས་ལ་རོགས་རམ་བྱས་ཏེ། རང་གི་སློབ་གཉེར་མུ་མཐུད་ནས་བྱས་པ་ཡིན། རང་གི་ནང་བསྟན་རིག་པའི་རྒྱབ་ལྗོངས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ལ་དངོས་སུ་དེ་བས་གཏིང་ཟབ་པ་སློབ་སྦྱོང་བྱེད་པའི་ཆེད་དུ་ལག་ཆ་མང་པོ་ཞིག་མཁོ་སྤྲོད་བྱས་སོང་། ངས་བསྟན་བཅོས་མང་པོ་ཞིག་གི་ལོ་རྒྱུས་དང་མཚན་བྱང་ཤེས་པ་དང་། རང་ལ་དེ་དག་གི་ནང་དོན་དངོས་སློབ་སྟོན་བྱེད་མཁན་ཡོད་པ་སོང་ཙང་། ངས་ལས་སླ་པོའི་ཐོག་དེ་དག་མཉམ་དུ་བསྒྲིལ་ཐུབ་པ་བྱུང་། རང་ཉིད་ཀྱིས་དགེ་ལུགས་པའི་ཆོས་ལ་གཙོ་བོ་སློབ་སྦྱོང་བྱས་ཡོད་ཀྱང་། བོད་ཀྱི་ནང་ཆོས་ཀྱི་རྒྱ་ཆེའི་ཁྱབ་ཚད་ཀྱི་པར་རིས་ཆ་ཚང་གསལ་པོ་མཐོང་ཐུབ་པའི་ཆེད་དུ། ༸གོང་ས་མཆོག་གིས་ཕྲན་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཚང་མར་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་གནང་སོང་། དེའི་སྐབས་ནི་ཧ་ཅང་སྤྲོ་སྣང་ལྡན་པའི་དུས་ཚོད་ཅིག་རེད། གང་ཡིན་ཟེར་ན། དེའི་སྐབས་ལ་མི་ཚོས་བོད་བརྒྱུད་ནང་བསྟན་ནང་གང་ཡོད་པ་ཆ་ཚང་བ་ཞིག་ཤེས་མཁན་མེད།
སེར་ཀོང་རིན་པོ་ཆེ་དང་མཉམ་དུ་དྲན་ཤེས་དང་སྙེམ་ཆུང་གི་རང་བཞིན་སྦྱོང་བརྡར།
ཕྱི་ལོ་ ༡༩༧༤ ལོར། ངས་༸གོང་ས་མཆོག་གི་མཚན་ཞབས་སེར་ཀོང་རིན་པོ་ཆེའི་དྲུང་དུ་སློབ་གཉེར་འགོ་བཙུགས་པ་ཡིན། ཁོང་ཐོག་མར་ཕྱི་ལོ་ ༡༩༦༩ ལོར་ངས་ཁྱུག་ཙམ་མཇལ་མྱོང་ཡོད། དྷ་སར་ཐོག་མར་ཁོང་དང་མཇལ་དུས་ནས་ཁོང་གིས་ང་རང་ཁོང་གི་གསུང་སྒྱུར་བ་དང་། མཐར་༸གོང་ས་མཆོག་གི་གསུང་སྒྱུར་བ་ཞིག་ཡོང་རྒྱུའི་ལས་འབྲེལ་ཡོད་པ་གཟིགས་ནས། ཁོང་གིས་ང་དེའི་ཐད་ལ་སྦྱོང་བརྡར་སྤྲད་གནང་མཛད། ངས་ས་སྔ་ནས་དཔེ་དེབ་ཁག་ཡིག་སྒྱུར་བྱེད་ཀྱི་ཡོད་ཀྱང་། ཁོང་གིས་སྦྱོང་བརྡར་སྤྲོད་པ་དེ་ནི་གསུང་སྒྱུར་དང་སློབ་འཁྲིད་བྱེད་སྟངས་སྐོར་རེད། ཁོང་གིས་ང་ཁོང་གི་འགྲམ་དུ་བཞག་ནས་མི་གཞན་འདྲ་མིན་ལ་གང་འདྲ་འབྲེལ་བ་བྱེད་ཚུལ་ལྟ་རུ་འཇུག་གནང་གི་རེད། ཁོང་གིས་ངའི་དྲན་ཤེས་ལའང་སྦྱོང་བརྡར་སྤྲད་གནང་ཡོད། དཔེར་ན། ང་ཁོང་དང་མཉམ་དུ་ག་དུས་ཡོད་ཀྱང་། ཁོང་གིས་སྐབས་རེ་གློ་བུར་དུ་མཚམས་འཇོག་གནང་ནས་ཕྲན་ལ་ “ངས་ད་ལྟ་གང་བཤད་པ་དེ་ཚིག་རེ་རེ་བཞིན་བསྐྱར་ཟློས་བྱོས།” ཡང་ན་ “རང་གི་ད་ལྟ་གང་ལབ་པའི་ཚིག་རེ་རེ་བཞིན་བསྐྱར་ཟློས་བྱོས།” ཞེས་བཀའ་གནང་གི་རེད།
དེའི་ལོ་རྗེས་མར་ཁོང་གིས་ནུབ་ཕྱོགས་པ་ཚོར་ཆོས་གསུང་སྐབས་ངས་ཁོང་གི་སྐད་སྒྱུར་བྱེད་འགོ་བཙུགས་པ་ཡིན། དུས་འཁོར་དབང་ཆེན་མ་གཏོགས་གཞན་ང་རང་ཁེ་གཙང་ལ་སློབ་འཁྲིད་མི་གནང་བར་རྟག་ཏུ་མི་གཞན་ཞིག་ལ་གསུང་སྒྱུར་བྱས་ནས་སྦྱོང་དགོས་ཀྱི་ཡོད། དུས་འཁོར་དབང་ཆེན་སྐོར་ལ་ཁོང་གིས་ང་ལ་ཁེ་གཙང་དུ་སློབ་འཁྲིད་གནང་སོང་། ཁོང་གིས་ང་དེ་ལ་ལས་འབྲེལ་ཟབ་མོ་ཡོད་པ་གཟིགས་འདུག།།ཆོས་གང་གསུངས་ནའང་ང་ལ་ཟིན་བྲིས་འགོད་མི་ཆོག་པ་དང་། ཚང་མ་དྲན་པའི་ནང་ཡོད་དགོས་པས། རྗེས་ལ་མར་ཡིག་ཐོག་ཏུ་གཞི་ནས་བརྗེད་ཐོ་བཀོད་ཀྱི་ཡོད། གང་མཚམས་སོང་རྗེས་སློབ་ཚན་རྗེས་ལ་ཁོང་གིས་ང་ལ་ཟིན་བྲིས་ཀྱང་འབྲི་བཅུག་གནང་གི་མ་རེད། དེའི་ཚབ་ཏུ་ང་ལ་ལས་འགན་གཞན་སྤྲོད་གནང་གི་ཡོད། དེ་ནས་དགོང་མོ་ཕྱི་པོར་ངས་དྲན་གསོས་པ་བྱས་ནས་ཆ་ཚང་མར་བྲིས་ཀྱི་ཡོད།
དགེ་བཤེས་དབང་རྒྱལ་ལགས་ཀྱིས་ཁོང་གི་ཉེ་བའི་སློབ་ཕྲུག་རྣམས་ལ་བཀའ་བཀྱོན་གནང་བ་ནང་བཞིན། སེར་ཀོང་རིན་པོ་ཆེས་རྟག་ཏུ་ང་ལ་བཀའ་བཀྱོན་གནང་གི་རེད། ངས་དྲན་གསོས་ཐུབ་པ་ཞིག་ལ། ཐེངས་མ་གཅིག་ངས་ཁོང་གི་གསུང་སྒྱུར་བྱེད་བཞིན་པའི་སྐབས། ངས་ཁོང་ལ་ཁོང་གིས་གོང་དུ་གསུངས་པའི་ཚིག་གཅིག་གི་དོན་ངས་མི་ཤེས་པ་དེ་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པས། ཁོང་གིས་ཕྲན་ལ་ཁོང་ཁྲོའི་རྣམ་འགྱུར་དང་བཅས་ “ངས་ཚིག་དེ་ཁྱེད་ལ་ལོ་བདུན་གྱི་སྔོན་ལ་འགྲེལ་བཤད་བྱས་པ་ཡིན། ཁྱེད་ཀྱིས་དྲན་གསོ་བྱེད་མི་ཐུབ་པ་གང་རེད་དམ། ངས་དྲན་གསོས་ཀྱི་འདུག” །ཅེས་བཀའ་བཀྱོན་གནང་མྱོང།
ཁོང་གིས་ཕྲན་ལ་མིང་འདོགས་གནང་བའི་ནང་ནས་ཐུགས་མཉེས་ཤོས་ཤིག་ནི་ “ལྐུགས་པ་” ཞེས་པ་དེ་རེད། ངས་ག་དུས་གླེན་རྟགས་འདྲ་བསྟན་ན། ཁོང་གིས་དེ་ཐེར་འདོན་བྱེད་རྒྱུ་ནམ་ཡང་བརྗེད་གནང་གི་མ་རེད། ལྷག་པར་དུ་མི་མང་པོའི་མདུན་ལ་དེ་ལྟར་ཐེར་འདོན་གནང་གི་རེད། དེ་ནི་སྦྱོང་བརྡར་ཤིན་ཏུ་ལེགས་པ་ཞིག་རེད། ངས་དྲན་གསོས་ཐུབ་པ་ཞིག་ལ། ཐེངས་ཤིག་ངས་༸གོང་ས་མཆོག་ལ་གསུང་སྒྱུར་བྱས་པ་ཡིན། སྐབས་དེ་དུས་གསུང་ཆོས་ཉན་མཁན་མི་གྲངས་ཁྲི་གཅིག་ཙམ་འདུག།།༸གོང་ས་མཆོག་གིས་ཕྲན་གྱིས་གསུང་སྒྱུར་བྱེད་སྐབས་དཀྱིལ་ལ་ཕྲན་མཚམས་འཇོག་བྱེད་དུ་བཅུག་ནས་བཞད་མོ་བཞད་དེ་གསུངས་དོན། “ཁོང་གིས་ད་ལྟ་རང་ནོར་འཁྲུལ་ཞིག་བཟོས་སོང་།” ཞེས་གསུངས་གནང་སོང་། རང་ཉིད་སྦྱོང་བརྡར་སྤྲོད་པའི་སྐབས་ལ་ག་དུས་ཡིན་ཀྱང་གླེན་པ་ཞེས་ལབ་པར་བརྟེན། ངས་མུ་མཐུད་ནས་གསུང་སྒྱུར་བྱེད་ཐུབ་པ་བྱུང་བ་ལས་ཡིབ་ནས་བསྡད་པ་ལྟ་བུ་མི་བདེ་བ་གང་ཡང་བྱུང་མ་སོང་། གསུང་སྒྱུར་བྱེད་སྐབས་བློ་རྩེ་གཅིག་སྒྲིམ་གྱི་དོ་སྣང་དགོས་པ་དང་དྲན་པ་ཡང་ཧ་ཅང་ཡག་པོ་དགོས། བྱས་ཙང་། ང་ལ་ནང་བསྟན་རིག་པའི་སྦྱོང་བརྡར་ཐོབ་པ་མ་ཟད། དེ་དང་མཉམ་དུ་བོད་ཀྱི་སྲོལ་རྒྱུན་གྱི་སྦྱོང་བརྡར་ཐོབ་ཐུབ་པ་བྱུང་བ་ནི་ཧ་ཅང་གི་སྐལ་བ་བཟང་པོ་རེད།
སེར་ཀོང་རིན་པོ་ཆེ་མཆོག་གི་དྲུང་ནས་ངས་ལོ་ ༩ རིང་ལ་སྦྱོང་བརྡར་གཟབ་ནན་བྱས་པ་དང། དུས་ཚོད་དེའི་རིང་ལ་ངས་ཁོང་གི་གསུང་སྒྱུར་བ་དང་། ཁོང་གི་འཕྲིན་ཡིག་འབྲི་བསྐུར་དང་འགྲུལ་བཞུད་སོགས་ལ་རོགས་རམ་ཞུས་པ་ཡིན། ཁོང་གིས་ཕྲན་ལ་ “ཐུགས་རྗེ་ཆེ་” ཞེས་ཐེངས་གཉིས་ལས་གསུངས་གནང་མེད། དེ་ཡང་ཕྲན་ལ་ཕན་ཐོགས་ཧ་ཅང་བྱུང་སོང་། གང་ཡིན་ཟེར་ན། ཁོང་གིས། ངས་རེ་བ་གང་བྱེད་དགོས་རེད་དམ། ཁྱི་ཞིག་དང་འདྲ་བར་མགོ་ལ་བྱིལ་བྱིལ་བྱས་པ་ལ་བརྟེན་མཇུག་མ་གཡུག་དགོས་པ་འདྲ་པོ་ངས་བྱེད་དགོས་སམ། གསུང་སྒྱུར་བའི་ཀུན་སློང་དེ་གཞན་ཕན་གྱི་བསམ་བློ་དགོས་པ་ལས་ “ཐུགས་རྗེ་ཆེ་” ཞེས་གཞན་གྱི་བསྟོད་རའི་ཆེད་དུ་མ་རེད་ཅེས་ཡང་སེ་གསུངས་གནང་གི་རེད། བཤད་མི་དགོས་པ་ལྟར། རང་གི་ནང་ཆོས་ཀྱི་སྒོམ་དང་ཉམས་ལེན་ཆ་ཚང་ནི་སྲོལ་རྒྱུན་གྱི་སྦྱོང་བརྡར་དེ་འདྲ་ལ་ཁོང་ཁྲོ་ཟ་བའམ། ཡང་ན་བློས་གཏོང་མི་བྱེད་པར་བརྒྱུད་རིམ་དེའི་ནང་འགྲོ་ཐུབ་རྒྱུར་མེད་དུ་མི་རུང་བ་ཞིག་རེད།
རིག་གཞུང་དབར་ཟམ་པ་ཞིག་འཛུགས་རྒྱུར་རོགས་རམ།
སེར་ཀོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༨༣ ལོར་དགོངས་པ་རྫོགས་པ་དང། དེའི་རྗེས་ལ་འགྲུལ་བསྐྱོད་བྱས་ནས་སློབ་འཁྲིད་ཀྱི་ཆེད་དུ་མགྲོན་བརྡ་མང་པོ་ཞིག་ང་ལ་འཛམ་གླིང་ས་ཕྱོགས་གང་ས་ནས་འབྱོར་ཡག་འགོ་ཚུགས་སོང་། གང་ཡིན་ཟེར་ན། ངས་ས་ཆ་དེ་ཚོ་མང་པོ་ཞིག་ལ་རིན་པོ་ཆེའི་གསུང་སྒྱུར་བ་ཡིན་པའི་ཆ་ནས་སྔར་འགྲོ་མྱོང་ཡོད། དེ་དུས་ངས་སྔ་ས་ནས་མཚམས་རེ་༸གོང་ས་མཆོག་གི་གསུང་སྒྱུར་བྱེད་ཀྱི་ཡོད། སྐད་སྒྱུར་ནི་ཚིག་གཅིག་པུ་བསྒྱུར་བ་མ་ཡིན་པར། དོན་དག་ལ་འགྲེལ་བཤད་དང་དགོངས་གཞི་གང་ཡིན་པ་རྣམས་བསྒྱུར་དགོས་ཀྱི་ཡོད། ༸གོང་ས་མཆོག་གི་ཆེས་སྔ་བའི་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་དང་། ཚན་རིག་པ། ཆོས་ཀྱི་དབུ་ཁྲིད་རྣམ་པ་དང་མཇལ་འཕྲད་གནང་སྐབས། ངའི་གཞི་རྩའི་ལས་འགན་ནི་ཁོང་རྣམ་པ་ཚོའི་བསམ་བློའམ་དགོངས་གཞི་ཁག་གསུང་སྒྱུར་བྱེད་པ་ལས་ཁོང་ཚོས་གསུངས་པའི་ཚིག་དེ་ཚོ་མིན་པས་ (གང་ཡིན་ཟེར་ན། ཐ་སྙད་དེ་ཚོ་མང་པོ་ཞིག་བོད་སྐད་ནང་དུ་མེད།) ངས་རིག་གཞུང་གི་ཟམ་པ་ཞིག་འཛུགས་དགོས་ཀྱི་ཡོད། འདི་ནི་ངས་རྒྱུན་དུ་དོ་སྣང་ཡོད་པ་དེ་རང་རེད། ལོ་གཞོན་པའི་སྐབས་ནས་ངས་ནང་ཆོས་ཀྱི་བསླབ་བྱ་ཁག་དང་རིག་གཞུང་འདྲ་མིན་དབར་ཟམ་པ་ཞིག་ཇི་ལྟར་འཛུགས་དགོས་རྒྱུའི་འདུན་པ་ཡོད། ཟམ་པ་དེ་འདྲ་ཞིག་འཛུགས་སྐྲུན་བྱེད་པ་ལ། རིག་གཞུང་གཉིས་ཀའི་ཐོག་ལ་ཤེས་རྟོགས་གཏིང་ཟབ་དགོས་པ་དང་། ཁོང་ཚོས་བསམ་བློ་གང་འདྲ་གཏོང་ཚུལ་དང་། ཁོང་ཚོའི་མི་ཚེ་གང་འདྲ་ཞིག་ཡིན་པ་གསལ་པོ་ཤེས་དགོས་ཀྱི་ཡོད། དེར་བརྟེན་རང་ཉིད་བོད་མི་དང་མཉམ་དུ་བཤིབས་ནས་ཡུན་རིང་གནས་ཐུབ་པའི་གོ་སྐབས་བཟང་པོ་དང་དཀོན་པོ་ཞིག་ཐོབ་ཡོད་པས། ཁོང་ཚོའི་བསམ་བློ་གཏོང་ཕྱོགས་དང་འཚོ་བ་སྐྱེལ་སྟངས་ལ་སོགས་པ་གང་སྤྱིའི་ཐད་ལ་གོམས་འདྲིས་ཆེན་པོ་ཡོད། འདི་ནི་ནང་ཆོས་བརྒྱུད་སྤེལ་གྱི་ནང་ཁ་ཚ་དགོས་གཏུགས་ཀྱི་མེད་དུ་མི་རུང་བ་ཞིག་རེད།
རང་ཉིད་ངོས་ནས་མགོ་འཛུགས་དང་སྦྲགས་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆེད་དུ་རྒྱལ་སྤྱིའི་ལས་འཆར་སྣ་ཚོགས་ལག་བསྟར་བྱེད་ཆོག་པའི་ཆོག་མཆན་ཞུས་པ་ཡིན། དེའི་དམིགས་ཡུལ་གཙོ་བོ་ནང་གི་གཅིག་ནི་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་ཆེད་དུ་འཛམ་གླིང་གི་སྒོ་མོ་ཕྱེ་རྒྱུ་དེ་རེད། དེའི་སྐབས་ལ་བོད་མི་ཚོར་སྐྱབས་བཅོལ་བའི་ཡིག་ཆ་མ་གཏོགས་ཕྱིར་སྐྱོད་ལག་ཁྱེར་མེད། དེ་འདྲ་སོང་ཙང་། རྒྱལ་ཁབ་གཞན་ནང་དུ་བསྐྱོད་ཆེད་གཞན་གྱིས་མགྲོན་འབོད་བྱས་ན་མ་གཏོགས་ཁོང་ཚོར་མཐོང་མཆན་རག་མི་ཐུབ། ཡིན་ནའང་སྐབས་དེ་དུས་ཁོང་ཚོ་ས་ཆ་འགའ་ཤས་ནང་ལ་མ་གཏོགས་འབྲེལ་བ་མེད། དེ་འདྲའི་སྐབས་ལ་རང་གི་ ཧར་ཝརྜ་་ནས་ཐོབ་པའི་འབུམ་རམས་པའི་ལག་ཁྱེར་དེ་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་སོང་། གང་ཡིན་ཟེར་ན། རང་ཉིད་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་གཙུག་ལག་སློབ་གཉེར་ཁང་དུ་མགྲོན་འབོད་ཐོག་གཏམ་བཤད་བྱེད་ཐུབ་པ་བྱུང་ཡོད། དེ་ལྟར་ངས་འབྲེལ་བ་མང་པོ་ཞིག་བཟོས་ནས་མཐར་མ་འོངས་པར་བོད་པ་ཚོ་དང་། རིམ་བཞིན་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་མགྲོན་འབོད་དང་། ༸གོང་ས་མཆོག་གི་སྐུ་ཚབ་ལས་ཁུངས་ཀྱང་འཛམ་གླིང་ས་གནས་འདྲ་མིན་ལ་གསར་འཛུགས་ཡོང་བ་བྱས་ཡོད། ཕྱི་ལོ་ ༡༩༨༥ ལོ་ནས་ངས་སྔར་དམར་ཤོག་ཡིན་པའི་རྒྱལ་ཁབ་ཚང་མ་དང་། ཕལ་ཆེར་ལེ་ཊིན་ཨ་མེ་རི་ཀའི་རྒྱལ་ཁབ་ཚང་མ། ཨ་ཧྥི་རི་ཀའི་ས་ཆ་མང་པོ་ཞིག་གི་ནང་དུ་སྐྱོད་འགོ་བཙུགས། དེ་ནས་ངས་ནང་པ་དང་ཁ་ཆེའི་དབར་གྲོས་མོལ་གྱི་སྒོ་མོ་ཕྱེ་བའི་ཆེད་དུ་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་དུ་འགྲོ་ཡག་འགོ་འཛུགས་བྱས་པ་ཡིན།
བརྒྱུད་རིམ་དེ་ཚོའི་ནང་། ༸གོང་ས་མཆོག་ལ་སྙན་སེང་ཞུ་བའི་ཆེད་དུ་ངས་སྙན་ཐོ་ཁག་འབྲི་རྒྱུར་དོ་སྣང་གཙོ་བོ་བཞག་ནས་དེ་ལྟར་ཁོང་གིས་ངས་འགྲུལ་བསྐྱོད་བྱས་པའི་རྒྱལ་ཁབ་ཁག་གི་རིག་གཞུང་དང་ལོ་རྒྱུས་སྐོར་ལ་ཕྲན་བུ་མཁྱེན་རྟོགས་ཡོང་བའི་འབད་བརྩོན་བྱས་ཡིན། སླར་ཡང་། རང་གི་ ཧར་ཝརྜ་འི་རྒྱབ་ལྗོངས་ལ་བརྟེན་ནས་རྒྱལ་ཁབ་དེ་དག་གི་ནང་ཡོད་པའི་ཆོས་ཀྱི་དབུ་ཁྲིད་འདྲ་མིན་དང་མཇལ་འཕྲད་བྱེད་ཐུབ་པ་བྱུང་ཡོད་པ་དང་། ཁོང་ཚོའི་ཆོས་ལུགས་ཀྱི་སྐོར་ལ་ཤེས་རྟོགས་དེ་བས་མང་བ་བྱས་ནས། ཕྱིས་སུ་༸གོང་ས་མཆོག་རྒྱལ་ཁབ་དེ་དག་གི་ནང་དུ་ཆིབས་བསྒྱུར་བསྐྱང་བའི་སྐབས། ཁོང་ཚོའི་ཆོས་དད་གང་ཡིན་པའི་སྐོར་ལ་མཁྱེན་རྟོགས་ཡག་པོ་ཡོད་པ་ཡོང་བའི་ཆེད་དུ་འབད་བརྩོན་བྱས་པ་ཡིན། རང་གི་ནང་བསྟན་རིག་པའི་སྦྱོང་བརྡར་དང་ཚན་རིག་གི་སྦྱོང་བརྡར་ཁག་ཚང་མས་རང་གིས་གང་ཞིག་གལ་ཆེན་པོ་ཡིན་པ་མཐོང་ཐུབ་པ་དང་། དེ་གོ་རིམ་བསྒྲིགས་ནས་བེད་སྤྱོད་ཆེན་པོ་ཡོང་བ་བྱེད་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་སོང་།
ང་རང་ལས་འཆར་ཧ་ཅང་མང་པོ་ཞིག་གི་ནང་དུ་ཚུད་ནས་ཡོད། དེ་དག་གི་ནང་ནས་དགའ་པོ་དང་དོ་སྣང་ཆེ་ཤོས་ཀྱི་ལས་གཞི་ཞིག་ནི། ཟེར་དུག་ ༼འགྱེད་འཕྲོའི་འོད་ཟེར་ཚད་ལས་བརྒལ་བ་ཕོག་པའི་ནད་༽ ཆེར་ནོ་བྷིལ་ (Chernobyl) གི་རྐྱེན་ངན་ནང་གནོད་སྐྱོན་ཕོག་པའི་མི་ཚོར་བོད་སྨན་གྱི་རོགས་རམ་བྱས་པ་དེ་རེད། དེ་ནི་ཨུ་རུ་སུ་མཉམ་སྦྲེལ་མཐུན་ཚོགས་ (Soviet Union) ཀྱི་འཕྲོད་བསྟེན་ལྷན་ཁང་གིས་གོ་སྒྲིག་ཞུས་པ་རེད། བོད་སྨན་གྱི་ནུས་པ་ཧ་ཅང་ཡག་པོ་ཐོན་པ་ཁུངས་སྐྱེལ་བྱུང་ཡོད་ཀྱང་། ཨུ་རུ་སུ་མཉམ་སྦྲེལ་མཐུན་ཚོགས་ཁ་ཐོར་བའི་རྗེས་ལ། ཨུ་རུ་སུ་ (Russia) དང་། བེ་ལ་རུ་སུ་ (Belarus) ། ཨུཀ་རཡི་ནི་ (Ukraine) རྒྱལ་ཁབ་གསུམ་ནས་ལས་འཆར་དེ་དང་མུ་མཐུད་མཉམ་ལས་བྱ་རྒྱུར་མོས་མཐུན་བྱས་མེད་པ་དང་། འཆར་གཞི་མི་འདྲ་བ་གསུམ་ལོགས་སུ་དགོས་པའི་དགོས་འདུན་ཤུགས་ཆེར་བཏོན། དེ་ནི་ཕྱིའི་མཐུན་རྐྱེན་དང་དཔལ་འབྱོར་གང་སྤྱིའི་ཐོག་ནས་མི་ཐུབ་པ་ཞིག་རེད། སེམས་སྐྱོ་བ་ཞིག་ལ། ལས་འཆར་དེ་མཇུག་སྒྲིལ་དགོས་བྱུང་ཡོད།
ཡང་སྤྲོ་བ་སྐྱེ་དགོས་པའི་ལས་འཆར་གཞན་ཞིག་ནི། བ་ཀུ་ལ་རིན་པོ་ཆེས་ལྗགས་རྩོམ་གནང་བའི་དེབ་ཁག་དེང་དུས་སོག་པོའི་སྐད་ཡིག་ནང་དུ་ཡིག་སྒྱུར་དང་པར་འགྲེམས་བྱས་ནས་སོག་ཡུལ་ནང་དུ་ནང་ཆོས་སླར་གསོ་ཡོང་བར་རོགས་རམ་བྱ་རྒྱུ་དེ་རེད། བ་ཀུ་ལ་རིན་པོ་ཆེ་ནི་སྐབས་དེ་དུས་སོག་ཡུལ་གྱི་ནང་དུ་མངགས་པའི་རྒྱ་གར་གྱི་གཞུང་ཚབ་པ་ཞིག་རེད།
ནུབ་ཕྱོགས་སུ་ཕྱིར་ལོག་པ།
ཕྱོགས་ཡོངས་ནས་བཤད་ན། ངས་ཕལ་ཆེར་འཛམ་གླིང་གི་རྒྱལ་ཁབ་ ༧༠ ལྷག་ཙམ་གྱི་ནང་དུ་སྐོར་སྐྱོད་དང་སློབ་འཁྲིད་བྱས་པ་ཡིན། བརྒྱུད་རིམ་དེ་དག་གི་ནང་དུ། ངས་ཉིན་རེའི་སྒོམ་ཉམས་ལེན་མུ་མཐུད་བརྩོན་པ་དང། དེས་རང་གི་ལས་དོན་སྒྲུབ་པར་ཕན་ཐོགས་ཆེན་པོ་བྱུང་སོང་། དུས་ཀྱི་འགྱུར་འགྲོས་དང་མཉམ་དུ། ཕྲན་ས་གནས་གང་སར་སློབ་འཁྲིད་དང་གཏམ་བཤད་ཀྱི་ཆེད་དུ་མགྲོན་འབོད་རྒྱུན་མི་ཆད་པར་འབྱོར་བ་དང་སློབ་འཁྲིད་ཀྱི་སྐོར་སྐྱོད་དུས་ཡུན་ཡང་རིམ་པས་རིང་ནས་རིང་དུ་སོང་ཞིང་། དུས་ཡུན་རིང་ཤོས་དེ་ནི་ཟླ་བ་བཅོ་ལྔ་རེད། བདུན་ཕྲག་རེར་གྲོང་ཁྱེར་མི་འདྲ་བ་གཉིས་སམ་གསུམ་ལ་འགྲོ་དགོས་ཀྱི་ཡོད། འགྲུལ་བཞུད་དེ་འདྲ་མང་པོ་ཡོད་དུས། ནང་ཆོས་ཀྱི་སྒོམ་ཉམས་ལེན་གྱིས་སེམས་ལ་བརྟན་ཆའི་རང་བཞིན་གྱི་ཚོར་བ་ཞིག་སྤྲད་ནས་ལས་དོན་དེ་དག་ལེགས་འགྲུབ་ཐུབ་པ་བྱེད་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སོང་། ལྷག་པར་དུ་རང་ཉིད་གཅིག་པུར་འགྲུལ་བཞུད་བྱེད་པའི་སྐབས་ལ་ཕན་ཐོགས་ཆེན་པོ་བྱུང་།
ལོ་དེ་དག་གི་ནང་ལ་ངས་དེབ་འགའ་ཤས་བྲིས་པ་ཡིན། དུས་སྐབས་ངེས་ཅན་ཞིག་ལ་སླེབས་དུས་རྒྱ་གར་ནང་བསྡད་ནས་རང་གི་པར་འགྲེམས་བྱེད་མཁན་གངས་སེང་པར་སྐྲུན་ཁང་ (Snow Lion) དང་ལས་ཀ་བྱེད་རྒྱུ་དེ་ལས་སླ་པོ་མེད་པ་ཚོར་བྱུང་། དེར་མ་ཟད། ངས་དྲྭ་ལམ་བཀོལ་སྤྱོད་ཀྱི་ཕྱོགས་སུ་འགྲོ་རྒྱུའི་བསམ་བློ་གཏོང་གི་ཡོད་པས། དེ་ནི་སྐབས་དེ་དུས་རྒྱ་གར་ནང་ཤིན་ཏུ་ཁག་པོ་ཡོད། དེར་བརྟེན་ཕྱི་ལོ་ ༡༩༩༨ ལོར་ངས་རྒྱ་གར་ནས་ནུབ་ཕྱོགས་སུ་གནས་སྤོ་བྱས་པ་ཡིན། ལོ་གཅིག་ཙམ་རིང་རང་ཉིད་མགྲོན་འབོད་བྱེད་མཁན་གྱི་རྒྱལ་ཁབ་འདྲ་མིན་ལ་ལྟ་ཚོད་བྱས་རྗེས། མཐར་འཇར་མ་ནིའི་རྒྱལ་ས་བྷར་ལིན་གྱི་ནང་དུ་གནས་སྡོད་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། ངས་སྔ་ས་ནས་འཇར་མ་ནི་སྐད་ཡིག་ཤེས་ཀྱི་ཡོད་པས་དཀའ་ངལ་གང་ཡང་མེད་པ་དང་། དེར་ང་ལ་རང་དབང་ཆེ་ཤོས་དེ་ཐོབ་ཀྱི་འདུག།།འདི་རང་གིས་ངོས་ནས་བཤད་ན་ཧ་ཅང་གལ་ཆེན་པོ་རེད། ང་སྒྲིག་འཛུགས་ཤིག་ལ་བསྡམས་བཞག་པ་ལྟ་བུ་ཆགས་འདོད་མེད། བྷར་ལིན་གྱི་ས་གནས་དེ་ཆགས་ཡུལ་གྱི་ཆ་ནས་བཤད་ན་ཧ་ཅང་སྟབས་བདེ་པོ་ཡོད། དེ་ལ་བརྟེན་ནས་ལས་སླ་པོའི་ཐོག་ཡུ་རོབ་ཀྱི་ཤར་ཕྱོགས་རྒྱལ་ཁབ་ཁག་དང་། ཨུ་རུ་སུ། དེ་བཞིན་སྔར་གྱི་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་སོགས་ལ་འགྲོ་སྐྱོད་བདེ་པོ་ཡོད། ཡུལ་གྲུ་དེ་དག་གི་ནང་དུ་ངས་རྒྱུན་དུ་སློབ་འཁྲིད་བྱས་ཡོད་པ་དང་། རང་ཉིད་དམིགས་བསལ་གྱིས་ཡུལ་དེ་ཚོ་དང་སེམས་ཐག་ཉེ་པོ་ཡོད་པ་ཚོར་གྱི་ཡོད།
ངས་ནུབ་ཕྱོགས་ལ་རང་གི་དེ་སྔ་པར་འགྲེམས་མ་བྱས་པའི་རྩོམ་ཡིག་བྲིས་མ་ཤོག་གྲངས་སྟོང་ཕྲག་སུམ་ཅུ་ ༣༠,༠༠༠ ལྷག་ཙམ་དང་། དེའི་ནང་རང་གིས་བྲིས་མ་ཚར་བའི་དཔེ་དེབ་འགའ་ཤས་དང་། དེ་དག་ཆེད་དུ་ཟིན་བྲིས་བཀོད་པ་ཁག །རང་ཉིད་ཀྱིས་སློབ་སྦྱོང་བྱས་པའི་དཔེ་དེབ་ཡིག་སྒྱུར་བྱས་པ། རང་ཉིད་ཀྱིས་གཏམ་བཤད་བྱས་པ་ཁ་ཤས་ཡིག་འབེབས་བྱས་པ། དེ་ག་ནང་བཞིན་རང་གི་དགེ་བའི་བཤེས་གཉེན་གྱིས་གསུང་བཤད་སློབ་འཁྲིད་གནང་བ་ཁག་རང་གིས་ཡིག་སྒྱུར་བྱས་པ་སོགས་ཡོད། ཡང་༸གོང་ས་མཆོག་དང་། ཁོང་གི་ཡོངས་འཛིན་རྣམ་པ། དགེ་བཤེས་དར་རྒྱས་ལགས་ཀྱི་གསུང་ཆོས་ཁག་རང་གིས་ཟིན་བྲིས་ཕུང་གསོག་བྱས་པ་མང་པོ་ཞིག་ཀྱང་ཡོད། རྒྱུ་ཆ་དེ་དག་རང་ཉིད་འཇིག་རྟེན་འདི་ནས་ཁ་བྲལ་དུས་གད་སྙིགས་ནང་དུ་འགྲོ་དྭོགས་ཀྱི་སེམས་ཁྲལ་ཆེན་པོ་བྱུང་སོང།
བྷར་ཛིན་བཤད་མཛོད།
རང་ལ་ཡིད་ཆེས་བྱེད་དཀའ་བའི་གོ་གནས་ཤིག་ཐོབ་ཡོད་པ་དང་། དེ་འདྲའི་གོ་སྐབས་ནི་གང་ལ་གང་འཚམ་གྱི་གཞན་དང་མི་འདྲ་བ་རེད། དེ་ནི་མི་རབས་གོང་མའི་སྐབས་ཀྱི་གྲགས་ཅན་བླ་མ་མཁས་པ་ཆེན་པོའི་ནང་གི་རྩེ་ཕུད་རྣམ་པའི་དྲུང་དུ་དུས་ཡུན་རིང་པོ་ཞིག་གི་རིང་ལ་སློབ་གཉེར་བྱེད་པའི་གོ་སྐབས་བཟང་པོ་ཐོབ་ཡོད། རང་གི་གང་ཤེས་པ་དང་ཐོ་འགོད་བྱས་པ་དེ་དག་ནི་རིན་ཐང་དཔག་ཏུ་མེད་པ་ཞིག་ཡིན་པས། ངས་དེ་ཚོ་འཛམ་གླིང་ཡོངས་ཀྱིས་མཉམ་སྤྱོད་ཐུབ་པ་ངེས་པར་དུ་བཟོ་དགོས། དེབ་བྲིས་ནས་ཉར་ཚགས་བྱས་ན་ཧ་ཅང་ཡག་པོ་ཡོད་པ་དང་མིག་ལའང་མཐོང་སྣང་ཡག་པོ་ཡོད་ཀྱང་། ཁྱེད་ཀྱིས་དེབ་བྲིན་ཤོས་ཤིག་བྲིས་ན་མ་གཏོགས་དེ་དག་མི་མང་པོ་ཞིག་ལ་སྙོབ་མི་ཐུབ། ངས་སྔར་བྲིས་པའི་དེབ་ནང་ནས་གཅིག་ཀྱང་དེ་ལྟར་མེད། སྤྱིར་དེབ་དཔར་སྐྲུན་བྱེད་རྒྱུར་འགྲོ་སོང་ཡང་ཆེན་པོ་ཡོད་པ་དང་། དེ་དག་ཉོས་ན་རིན་གོང་ཡང་ཆེན་པོ་ཡོད། དེབ་བྲིས་ན་དུས་ཚོད་ཧ་ཅང་མང་པོ་ཞིག་གཏོང་དགོས་པ་དང་། པར་གཞི་རྗེས་མ་བར་དུ་མ་གཏོགས་ནོར་བཅོས་བྱེད་མི་ཐུབ། རང་ཉིད་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད་ཀྱང། མ་འོངས་པར་ལྟ་ཕྱོགས་བཟུང་རྒྱུར་ཡང་ཧ་ཅང་དགའ་པོ་ཡོད། མ་འོངས་པ་ནི་དྲྭ་རྒྱའི་རྒྱུད་ལམ་དེ་རེད། དོན་དངོས་སུ་ད་ལྟའང་དྲྭ་རྒྱའི་རྒྱུད་ལམ་གྱི་དུས་ཚོད་ཡིན་པ་རེད། དེ་སེམས་ནང་བཞག་པའི་ཐོག་ངས་རང་གིས་བྱས་པའི་ལས་ཀ་ཚང་མ་དྲྭ་ལྗོངས་སུ་འཇོག་རྒྱུའི་ཐག་གཅོད་བྱས་པ་ཡིན། དེ་འདྲ་སོང་ཙང་། ངས་བྷར་ཛིན་བཤད་མཛོད་ (berzinarchives.com) ཞེས་པའི་དྲྭ་ལྗོངས་དེ་ཕྱི་ལོ་ ༢༠༠༡ ལོའི་ཕྱི་ཟླ་ ༡༡ པའི་ནང་འགོ་འཛུགས་བྱས་པ་ཡིན།
ངས་རྟག་ཏུ་རྗེས་སུ་འབྲངས་པའི་རྩ་འཛིན་གཙོ་བོ་དེ་ནི། དྲྭ་ལྗོངས་དེའི་ཐོག་ཏུ་ཡོད་པའི་རྒྱུ་ཆ་ཚང་མ་རིན་མེད་ཐོག་ཚང་མའི་སྤྱན་ལམ་དུ་འབུལ་རྒྱུ་དང་། དྲིལ་བསྒྲགས་དང་ཚོང་འགྲེམས་མེད་པ་ཞིག་བཟོ་རྒྱུ་དེ་རེད། དྲྭ་ལྗོངས་ནང་དུ་གསལ་བའི་རྒྱུ་ཆ་ཁག་གི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་རྣམ་པ་འདྲ་མིན་སྐོར་དང། དེ་ཡང་གཙོ་བོ་དགེ་ལྡན་པའི་ལུགས་ཡིན་ཀྱང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཡང་ཚུད་ཡོད། དེ་བཞིན་ཕན་ཚུན་མཚུངས་བསྡུར་ཐོག་དཔྱད་ཞིབ་བྱས་པའི་རྒྱུ་ཆ་མང་པོ་དང་། བོད་ཀྱི་གསོ་བ་རིག་པ། སྐར་རྩིས། ནང་ཆོས་ཀྱི་ལོ་རྒྱུས། ཨེ་ཤ་ཡའི་ལོ་རྒྱུས། བོད་ཀྱི་རྒྱལ་རབས། ད་དུང་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་གཉིས་དབར་གྱི་འབྲེལ་ལམ་སྐོར་སོགས་ཀྱི་རྒྱུ་ཆ་ཕོན་ཆེན་པོ་ཡོད། རང་ཉིད་ལ་མཚོན་ན། དེ་དག་ཡིག་སྒྱུར་བྱས་ཏེ་སྐད་ཡིག་མང་པོའི་ནང་རག་ཐུབ་པ་བཟོ་རྒྱུར་ཡིད་ཆེས་ཧ་ཅང་ཤུགས་ཆེན་བྱེད་མཁན་ཞིག་ཡིན།
ཁ་ཆེའི་སྡེ་ཚན་ནང་ཡོད་པའི་ལས་གཞི་དེ་ཚོ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པ་རང་ཉིད་ཀྱིས་ངོས་འཛིན་བྱེད་པ་མ་ཟད། ལྷག་པར་དུ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་གི་ཡོད། ངས་ཁ་ཆེའི་འཛམ་གླིང་ནང་དུ་འགྲུལ་བཞུད་བྱས་པ་ཁག་དང་། དེ་དག་ནང་དུ་ཡོད་པའི་གཙུག་ལག་སློབ་ཁང་ཁག་གི་ནང་དུ་སློབ་འཁྲིད་བྱས་པ་དེ་དག་གི་ཉམས་མྱོང་ལ་གཞིགས་ན། དེར་ཡོད་པའི་མི་མང་ཚོས་འཛམ་གླིང་སྐོར་གྱི་ཤེས་བྱའི་གནས་ལ་སྐོམ་པ་ཆུ་འདོད་ཀྱི་རེ་བ་བྱེད་ཀྱི་ཡོད་པ་གསལ་པོ་རེད་འདུག།།གོ་ལ་ཡོངས་ལ་མཐུན་སྒྲིལ་དགོས་ན། ཁོང་ཚོ་ཟུར་འདོན་སྣང་མེད་བྱ་མི་རུང་བ་དང་ཁོང་ཚོ་ནང་ཆོས་སུ་བློ་ཁ་བརྗེ་སྒྱུར་གྱི་ཀུན་སློང་སྤུ་ཙམ་ཡང་མེད་པའི་ཐོག་བོད་ཀྱི་བསླབ་བྱ་ཁག་ཁོང་ཚོས་ཀྱང་སྙོབ་ཐུབ་པ་བཟོ་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཀྱི་འདུག
འཇུག་བསྡུའི་གཏམ།
ཕྱི་ལོ་ ༢༠༡༥ མཚམས་ལ་སླེབས་དུས། བྷར་ཛིན་བཤད་མཛོད་ཀྱི་དྲྭ་ལྗོངས་དེ་སྐད་ཡིག་མི་འདྲ་བ་ ༢༡ ནང་དུ་ཡོད་པ་དང་། ལོ་རེར་མི་ས་ཡ་གཉིས་ཙམ་གྱིས་བལྟ་ཀློག་བྱེད་ཀྱི་ཡོད། དེ་ནི་གླ་ཡོད་ལས་བྱེད་པ་དང་དྭང་བླངས་པ་མི་གྲངས་བརྒྱ་ལྷག་ཙམ་གྱིས་འབད་བརྩོན་བྱས་པ་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཞིག་རེད། ཉེ་དུས་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་ཆོས་བྱེད་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་གནང་གི་ཡོད། དེས་སེམས་ལ་སྐུལ་མ་ཐེབས་པར་བརྟེན། ངས་སྟོང་ཚོ་གསར་པའི་ནང་ནས་ཡིན་པ་འགའ་ཤས་འདུ་སྐོང་གིས་ཐག་གཅོད་བྱས་པ་དང་། ཁོང་ཚོའི་རོགས་རམ་ལ་བརྟེན་ནས་དྲྭ་ལྗོངས་ཤིག་སླར་ཡང་གསར་གཏོད་བྱས་ཏེ། མ་འོངས་པར་མི་དེ་བས་མང་བ་ཞིག་གིས་སྙོབ་ཐུབ་པ་བཟོ་ཡི་ཡོད། དེའི་འབྲས་བུ་ནི་དྲྭ་ལྗོངས་གསར་པ་ “studybuddhism.com” ཟེར་བ་འདི་རེད།
དྲྭ་ལྗོངས་གསར་པ་དེ་ནི་མཐའ་གཅིག་ཏུ་སྟབས་བསྟུན་བདེ་བའི་བཟོ་བཀོད་དང་ལྡན་པ་ཞིག་ཡོད་པས། གློག་ཀླད་ཀྱི་ཅོག་ངོས་དང་ལག་ཐོགས་མཁོ་བྱད་ཚང་མའི་ནང་གསལ་པོར་ཤར་ཐུབ་ཀྱི་ཡོད། སྤྱོད་པ་པོའི་ཚོད་ལྟ་དང་བརྟག་དཔྱད་བྱས་པ་ལ་གཞི་བཞག་ནས་ང་ཚོས་ཁོང་ཚོའི་དགོས་མཁོ་ཁག་སྐོང་ཐུབ་པའི་དྲྭ་ལྗོངས་ཤིག་བཟོ་སྐྲུན་བྱས་ཡོད། ད་དུང་ང་ཚོས་སྒྲ་དང་བརྙན་ཐུང་སོགས་མང་པོ་ཁ་སྣོན་བྱས་ནས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་གི་ནང་རྒྱ་སྐྱེད་བཏང་ཡོད། དེའི་དམིགས་ཡུལ་ནི་སྙོབ་བདེ་པོ་ཡོད་པ་དང་གོ་སླ་བའི་ཤེས་བྱའི་རིམ་པ་དམའ་ས་ནས་གནས་ཚད་མཐོ་བའི་རིམ་པའི་བར་ཤེས་རྟོགས་ཐུབ་པ་ཞིག་བོད་བརྒྱུད་ནང་བསྟན་སྐོར་ལ་དོ་སྣང་ཡོད་མཁན་ཚོའི་ཆེད་དུ་སྡུད་ཡུལ་གཙོ་བོ་ཞིག་བསྐྲུན་རྒྱུ་དེ་རེད། ང་ཚོས་མཉམ་དུ་སློབ་སྦྱོང་བྱེད་ཐུབ་པའི་སྤྱོད་པ་པོའི་སྡེ་ཞིག་གསར་འཛུགས་བྱ་རྒྱུ་དང་། ཆོས་ཀྱི་བསླབ་བྱ་ལེགས་ཤོས་རྣམས་མི་ཚང་མས་འཐོབ་པའི་སྡིངས་ཆ་ཞིག་མཁོ་སྤྲོད་ཐུབ་པ་བྱེད་རྒྱུ་དེ་རེད།
ད་ལྟའི་ཆར་ང་ཚོས་སྐད་ཡིག་ཉུང་ཤས་དང་སྔར་ཡོད་པའི་ནང་དོན་འགའ་ནས་འགོ་འཛུགས་བྱེད་བཞིན་ཡོད། དམིགས་བསལ་གསར་བུ་བ་ཚོའི་ཆེད་དུ་རྩོམ་ཡིག་གསར་པ་མང་པོ་ཞིག་ཁ་སྣོན་བྱས་ཡོད་པ་དང་། དྲྭ་ལྗོངས་ཀྱི་ནང་དོན་དང་རྒྱུ་ཆ་གང་ཡོད་པ་ཆ་ཚང་ཁ་གསབ་བྱས་པའི་ཐོན་གསར་པའི་ནང་འཕོ་འགྱུར་བཏང་མ་ཚར་བར་དུ་དྲྭ་ལྗོངས་རྙིང་པ་དེ་མུ་མཐུད་དྲྭ་ལྗོངས་གསར་པ་བརྒྱུད་ཚང་མས་ལྟ་ཀློག་བྱེད་ཐུབ།
མཇུག་བསྡོམས།
དེ་འདྲ་སོང་ཙང་། དེ་ནི་ངའི་ལོ་རྒྱུས་ཐུང་ཐུང་ཞིག་རེད། བརྒྱུད་རིམ་དེ་དག་ཆ་ཚང་གི་ནང་དུ་ངས་ནང་ཆོས་ཀྱི་ཉམས་ལེན་གཏིང་ཟབ་མུ་མཐུད་ནས་རྒྱུན་སྲིང་བྱས་པ་ཡིན། དཔེར་ན། ལོ་དེ་དག་ཕལ་ཆེ་བའི་ནང་ངས་ཉིན་ལྟར་ཆུ་ཚོད་གཉིས་ཙམ་གྱི་རིང་སྒོམ་རྒྱག་པ་དང་། ཡང་སྐབས་རེ་ཡུན་རིང་པོར་བསྙེན་མཚམས་ལ་ཡང་བསྡད་པ་ཡིན། ཉེ་བའི་དུས་ལ་ངས་སྒོམ་གྱི་ཐུན་དེ་ཐུང་དུ་བཏང་ཡོད་ཀྱང་། ཉིན་ལྟར་ཉུང་མཐར་ཡང་སྐར་མ་ ༣༠ རིང་སྒོམ་རྒྱག་གི་ཡོད་པ་དང་། དེ་ཡང་གཙོ་བོ་སྙིང་རྗེའི་བསླབ་བྱ་ཁག་དང་། ཀུན་སློང་རྣམ་དག །རང་མཐོང་མེད་པ་བཟོ་རྒྱུ་སོགས་ཀྱི་སྐོར་ལ་སྒོམ་གྱི་ཡོད། དེ་དག་ནི་རང་གིས་རྟག་ཏུ་དོ་གལ་བྱེད་ས་རེད། དགེ་བཤེས་དབང་རྒྱལ་ལགས་ནས་རྩིས་པའི་རང་གི་དགེ་བའི་བཤེས་གཉེན་རྣམས་ཀྱི་སེམས་སྐུལ་དང་། དགེ་བཤེས་དབང་རྒྱལ་ལགས་བརྒྱུད་ནས་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། དེ་ནས་༸གོང་ས་མཆོག་གི་ཡོངས་འཛིན་རྣམ་པའི་སེམས་སྐུལ་འོག །རང་གིས་ནང་ཆོས་ཀྱི་ཉམས་མྱོང་དང་སྒྲུབ་དོན་གྱི་ཕྱོགས་གཉིས་ལྡན་ཐོག་ཆོས་ཀྱི་ཉམས་ལེན་དང་ནང་བསྟན་རིག་པ་ཟུང་འབྲེལ་བྱས་ནས་རང་གི་མི་ཚེ་དེ་དོན་དང་ལྡན་པ་ཞིག་བྱུང་སོང་། དེས་སྐྱེ་བོ་གཞན་ལའང་བེད་སྤྱོད་དང་ཕན་ཐོགས་བྱུང་ཡོད་པ་ངས་རེ་བ་བྱེད་ཀྱི་ཡོད། ང་རང་གི་མི་ཚེའི་ལོ་རྒྱུས་ཀྱིས་ཁྱེད་རང་ཚོ་འགའ་ཤས་ལ་སེམས་སྐུལ་ཐེབས་ནས་དེ་ལྟར་བྱེད་མཁན་ཡོང་སྲིད།།