ཨེ་ལེག་ཛན་ཌར་བྷར་ཛིན་ཁོང་སུ་རེད།

ཨེ་ལེག་ཛན་ཌར་བྷར་ཛིན་ (༡༩༤༤ ལོར་འཁྲུངས་) ཁོང་ཨ་རིའི་གྲོང་ཁྱེར་ནེའུ་ཇར་སི་ (New Jersey) ནང་འཚར་ལོངས་བྱུང་བ་དང་། ཕྱི་ལོ་ ༡༩༦༢ ལོ་ནས་ཐོག་མར་རཏ་གྷར་སི་ (Rutgers) དང་དེ་ནས་པྲཱིན་སི་ཊོན་ (Princeton) གཙུག་ལག་སློབ་ཁང་ཆེན་མོར་ནང་ཆོས་ཀྱི་སློབ་གཉེར་འགོ་ཚུགས་གནང་། ཕྱི་ལོ་ ༡༩༧༢ ལོར་ཧར་ཝརྡ་ (Harvard) གཙུག་ལག་སློབ་ཁང་ཆེན་མོའི་ལེགས་སྦྱར་སྐད་དང་རྒྱ་གར་རིག་གནས། དེ་བཞིན་ཐག་རིང་ཤར་ཨེ་ཤ་ཡའི་སྐད་ཡིག་ (རྒྱ་ནག་གི་སྐད་ཡིག) བཅས་སྡེ་ཚན་གཉིས་ནས་མཉམ་དུ་གནང་བའི་འབུམ་རམས་པའི་ཕྱག་འཁྱེར་བཞེས། ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་ཨེ་ཤ་ཡའི་སྲིད་པའི་དཔལ་ཡོན་འཕེལ་རིམ་གཅིག་ནས་གཞན་ཞིག་ལ་དར་ཁྱབ་ཀྱི་བརྒྱུད་རིམ་དང་། དེ་གང་འདྲ་བྱས་ནས་ཡིག་སྒྱུར་དང་རང་ལུགས་སུ་བསྟེན་ཚུལ་གྱིས་ཁོང་ལ་སེམས་སྐུལ་དང་བློ་སྟོབས་སྤེལ་ཡོད་པ་དང། དེ་ནས་བཟུང་ཁོང་གི་དོ་སྣང་གནང་ཡུལ་གཙོ་བོ་ནི། སྲོལ་རྒྱུན་གྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་དེང་དུས་ནུབ་ཕྱོགས་ཀྱི་རིག་གཞུང་གཉིས་སྦྲེལ་མཐུད་བཟོ་རྒྱུའི་ཐད་ཡིན་པ་རེད།

འབུམ་རམས་པ་བྷར་ཛིན་ཁོང་རྒྱ་གར་ནང་ཁྱོན་ལོ་ ༢༩ བཞུགས་གནང་ཡོད་པ་དང། ཐོག་མར་ཧྥུལ་བྷ་ར་ཡེ་ཊིའི་ (Fulbright) སློབ་ཡོན་བརྒྱུད་སློབ་གཉེར་བ་ཞིག་དང་། དེ་ནས་དྷ་སར་བོད་ཀྱི་དཔེ་མཛོད་ཁང་ལ་ཁོང་གིས་རོགས་རམ་བྱས་ནས་གསར་འཛུགས་བྱས་པའི་ཡིག་སྒྱུར་གཞུང་ལས་ཁང་ལ་ཕྱག་ལས་གནང་། རྒྱ་གར་ནང་དུ་བཞུགས་པའི་རིང་ལ་ཁོང་གིས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བླ་མ་དང་སློབ་དཔོན་མང་པོའི་དྲུང་དུ་སློབ་གཉེར་གནང་སྟེ། རང་གིས་སློབ་གཉེར་བྱས་པ་ཁག་སྔར་ལས་གཏིང་ཟབ་ཏུ་བཏང་། འོན་ཀྱང་ཁོང་གི་དགེ་བའི་བཤེས་གཉེན་གཙོ་བོ་ནི་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། མཚན་ཞབས་སེར་ཀོང་རིན་པོ་ཆེ། དགེ་བཤེས་ངག་དབང་དར་རྒྱས་བཅས་ཡིན་པ་རེད། ཁོང་རྣམ་པའི་གཟིགས་རྟོག་འོག་དམ་ཆོས་ཉམས་ལེན་གནང་ཞིང་། དགེ་ལུགས་པའི་སྲོལ་རྒྱུན་གྱི་སྒོམ་གྱི་བསྙེན་མཚམས་གཙོ་གནད་ཆེ་བ་ཁག་མཐར་ཕྱིན་པ་གནང་ཡོད།

ལོ་དགུའི་རིང་ལ་ཁོང་མཚན་ཞབས་སེར་ཀོང་རིན་པོ་ཆེའི་གསུང་སྒྱུར་བ་གཙོ་བོ་ཡིན་པ་དང་། རིན་པོ་ཆེ་ཕྱི་རྒྱལ་ཡུལ་གྲུར་སྐོར་སྐྱོད་གནང་སྐབས་མཉམ་དུ་ཕེབས་ཤིང་། ཁོང་གི་གཟིགས་རྟོག་འོག་ཁོང་རང་རང་ངོས་ནས་ནང་ཆོས་སློབ་སྟོན་པ་ཞིག་ཆགས་ཆེད་སྦྱོང་བརྡར་གནང་། སྐབས་སྐབས་སུ་ཁོང་ནས་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་སྒྱུར་བའི་ཕྱག་ལས་གནང་བ་མ་ཟད། ༧གོང་ས་མཚོག་གི་ཆེད་དུ་རྒྱལ་སྤྱིའི་ལས་འཆར་འགའ་ཤས་ཀྱང་གོ་སྒྲིག་ཞུས་ཡོད། ལས་འཆར་དེ་དག་གི་ཁོངས་སུ། ཟེར་དུག་ ༼འགྱེད་འཕྲོའི་འོད་ཟེར་ཚད་ལས་བརྒལ་བ་ཐོག་པའི་ནད།༽ ཆེར་ནོ་བྷིལ་ (Chernobyl) གི་རྐྱེན་ངན་ནང་གནོད་སྐྱོན་ཕོག་པའི་མི་ཚོར་བོད་ཀྱི་གསོ་རིག་སྨན་བཅོས་ཀྱི་རོགས་རམ་དང་། སོག་ཡུལ་ནང་དུ་ནང་ཆོས་སླར་གསོ་ཡོང་བའི་ཆེད་དུ་ནང་ཆོས་ཀྱི་རྨང་གཞིའི་སློབ་དེབ་སོག་པོའི་ཡུལ་སྐད་ནང་གྲ་སྒྲིག །དེ་ག་ནང་བཞིན་ཁ་ཆེའི་རྒྱལ་ཁབ་ནང་དུ་ཡོད་པའི་གཙུག་ལག་སློབ་ཁང་ཆེན་མོ་ཁག་ལ་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་དབར་གྱི་གྲོས་མོལ་འགོ་འཛུགས་གནང་བ་བཅས་ཚུད་ཡོད།
 
ཕྱི་ལོ་ ༡༩༨༠ ནས་བཟུང་འབུམ་རམས་པ་བྷར་ཛིན་ལགས་ཀྱིས་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་ནས་རྒྱལ་ཁབ་ཁག་ ༧༠ ལྷག་གི་ནང་ཡོད་པའི་གཙུག་ལག་སློབ་ཆེན་ཁག་དང་ནང་ཆོས་ཀྱི་ལྟེ་གནས་ཁང་མང་པོར་ནང་ཆོས་སྐོར་གསུང་བཤད་གནང་ཡོད། ཁོང་ནི་ལ་ཊིན་ཨ་མེ་རི་ཀའི་ས་གནས་འདྲ་མིན་དང་ཨ་ཧྥ་རི་ཀའི་ས་ཆ་མང་པོ་ནང་གི་དམར་ཤོག་རྒྱལ་ཁབ་མང་ཆེ་བའི་ནང་ནང་ཆོས་སློབ་འཁྲིད་གནང་མཁན་ཐོག་མའི་གྲས་ཤིག་ཡིན་པ་རེད། འགྲུལ་བཞུད་དེ་ཚོའི་རིང་ལ། ཁོང་གིས་རྒྱུན་མ་ཆད་པར་ནང་ཆོས་ཀྱི་གོ་དོན་དཀའ་གནད་ཅན་རྣམས་ཁ་གསལ་པོ་དང་གོ་བདེ་པོར་བཟོ་ཐབས་གནང་བ་དང་། དེ་དག་ཉིན་རེའི་མི་ཚེའི་ནང་དངོས་སུ་ལག་བསྟར་བྱེད་དགོས་པའི་ལམ་སྟོན་གནང་ཡོད།

གསར་གཏོད་ཀྱི་རང་བཞིན་དང་ལྡན་པའི་རྩོམ་པ་པོ་དང་ལོ་ཙཱ་བ་འབུམ་རམས་པ་བྷར་ཛིན་ལགས་ཀྱིས། བླ་སློབ་དབར་འབྲེལ་ལམ་བྱེད་ཚུལ། (Relating to a Spiritual Teacher) དང་། དུས་ཀྱི་འཁོར་ལོའི་དབང་ལེན་ཚུལ། (Taking the Kalachakra Initiation) ཆ་སྙོམ་པའི་ཚོར་བ་སྐྱེན་པོ་གོང་འཕེལ་གཏོང་ཚུལ། (Developing Balanced Sensitivity) དེ་བཞིན་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ལྗགས་རྩོམ་གནང་བའི་དགེ་ལུགས་བཀའ་བརྒྱུད་ལུགས་ཀྱི་ཕྱག་རྒྱ་ཆེན་པོ། (The Gelug-Kagyu Tradition of Mahamudra) སོགས་ཁྱོན་དེབ་གྲངས་བཅུ་བདུན་ལྗགས་རྩོམ་གནང་ཡོད།

ཕྱི་ལོ་ ༡༩༩༨ ལོ་འཇུག་ལ། ཁོང་གིས་པར་སྐྲུན་མ་བྱས་པའི་དཔེ་དེབ་བྲིས་མ་དང་། རྩོམ་ཡིག། །ཡིག་སྒྱུར་བྱས་པའི་རིགས། མཁས་པ་ཆེན་པོ་མང་པོའི་གསུང་ཆོས་ཡིག་འབེབས་བྱས་པ་རྣམས་ཁོང་གིས་སྐད་སྒྱུར་བྱས་པ་ཁག །དེ་བཞིན་ཁོང་རྣམ་པའི་དྲུང་ནས་རང་ཉིད་ལ་ཐོབ་པའི་ཆོས་ཚང་མའི་ཟིན་བྲིས་སོགས་བྲིས་མ་ཁྱོན་བསྡོམས་ཤོག་གྲངས་སྟོང་ཕྲག་སུམ་ཅུ་ ༣༠༠༠༠ ལྷག་ཙམ་བསྣམས་ནས་ནུབ་ཕྱོགས་སུ་ཕྱིར་ལོག་གནང་། རྒྱུ་ཆ་དེ་དག་གིས་གཞན་ལ་ཕན་ཐོགས་ཡོད་པའི་ཡིད་ཆེས་བརྟན་པོ་རྙེད་ཅིང་། དེ་དག་བོར་བརླགས་སུ་མི་འགྲོ་བའི་ཆེད། ཁོང་གིས་དེ་ལ་ “བྷར་ཛིན་བཤད་མཛོད་” ཅེས་མིང་བཏགས་ནས་འཇར་མི་ནིའི་རྒྱལ་ས་བྷར་ལིན་ནང་གནས་སྡོད་གནང་། ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སེམས་སྐུལ་དང་བློ་སྟོབས་སྤེལ་གནང་བ་ལྟར། ཁོང་གིས་རྒྱུ་ཆ་ཕོན་ཆེན་པོ་དེ་དག་འཛམ་གླིང་ཁྱོན་ཡོངས་ལ་རིན་མེད་དྲྭ་རྒྱའི་ཐོག་ཏུ་བཞག་ནས་དེ་དག་སྐད་ཡིག་གང་མང་ནང་ལྟ་ཀློག་ཐུབ་པ་བཟོ་རྒྱུའི་དམིགས་ཡུལ་དེ་སྒྲུབ་ཆེད་འབད་འབུངས་གནང་འགོ་ཚུགས་པ་རེད།

དེ་འདྲ་སོང་ཙང། ཕྱི་ལོ་ ༢༠༠༡ ལོའི་ཟླ་བ་བཅུ་གཉིས་པའི་ནང་བྷར་ཛིན་བཤད་མཛོད་དྲྭ་ལྗོངས་དེ་དངོས་སུ་དྲྭ་ཐོག་ཏུ་བརྒྱུད་སྤེལ་བྱུང། དེ་རྒྱ་སྐྱེད་དུ་སོང་ནས་དེའི་ནང་དུ་འབུམ་རམས་པ་བྷར་ཛིན་ཁོང་ཉིད་ཀྱིས་མུ་མཐུད་ནས་གཏམ་བཤད་གནང་བ་ཁག་བཅུག་པ་དང། ད་ལྟའི་ཆར་བཤད་མཛོད་དེ་༼ཕྱི་ལོ་ ༢༠༡༥ ལོའི་ནང་༽སྐད་ཡིག་མི་འདྲ་བ་ཉི་ཤུ་རྩ་གཅིག་ ༢༡ ནང་ལྟ་ཀློག་བྱེད་ཐུབ་པ་ཡོད། སྐད་ཡིག་འདྲ་མིན་དེ་འདྲ་དང་། ལྷག་པར་དུ་ཁ་ཆེ་འཛམ་གླིང་གི་སྐད་ཡིག་མི་འདྲ་བ་དྲུག་ནང་དུ་ཡོད་པ་སོང་ཙང། དེ་ནི་གསར་གཏོད་ཀྱི་ཕྱག་ལས་ཤིག་ཆགས་ཡོད་པ་རེད། ད་ཡོད་དྲྭ་ལྗོངས་ཀྱི་ཐོན་འདི་ནི་༼ཕྱི་ལོ་ ༢༠༢༡ ལོའི་ནང་སྐད་ཡིག་མི་འདྲ་བ་སུམ་བཅུ་སོ་གཉིས་ ༣༢ ནང་༽འབུམ་རམས་པ་བྷར་ཛིན་ལགས་ཀྱི་སྐུ་ཚེ་ཧྲིལ་པོའི་དམ་བཅའ་ཞིག་སྟེ། སྲོལ་རྒྱུན་གྱི་ནང་པའི་འཛམ་གླིང་དང་དེང་དུས་ཀྱི་འཛམ་གླིང་དེ་གཉིས་དབར་ལ་ཟམ་པ་ཞིག་འཛུགས་རྒྱུ་དང་། ཆོས་ཀྱི་བསླབ་བྱ་དེ་དག་ཟམ་པ་དེ་བརྒྱུད་དེང་དུས་ཀྱི་མི་ཚེར་གལ་གནད་དང་ཕན་ཐོགས་ཡོད་པ་ལམ་སྟོན་བྱས་ནས། དེ་དག་གིས་འཛམ་གླིང་ནང་སེམས་ཚོར་གྱི་ཆ་སྙོམ་ཞིག་སྐྲུན་ཐུབ་པ་བྱེད་རྒྱུ་དེ་ནི་ཁོང་གི་དམིགས་འདུན་དེ་ཡིན་པ་རེད།།                                                                                   

Top