བདག་གཞན་མཉམ་བརྗེའི་སེམས་སྐྱེད་ཚུལ།

མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་མྱ་ངན་ལས་མ་འདས་པའི་ཟླ་བ་གཉིས་ཀྱི་སྔོན་ལ། ཁོང་གིས་འབུམ་རམས་པ་བྷར་ཛིན་ལ་བདག་གཞན་མཉམ་བརྗེའི་ཆོས་ཁྲིད་འདི་བཀའ་བཀོད་གནང་ནས་གང་གསུངས་པ་ནང་བཞིན་ཡིག་ཐོག་ཏུ་འགོད་དགོས་པ་དང་། འདི་ནི་ཁོང་གི་ཆོས་རྩ་ཆེ་ཤོས་སུ་རྒྱུན་འཛིན་བྱེད་དགོས་པར་གསུངས་ཡོད། འདིས་ང་ཚོའི་སྡུག་བསྔལ་དང་དཀའ་ངལ་གྱི་འབྱུང་ཁུངས་གཙོ་བོ་རང་གཅེས་འཛིན་གྱི་བསམ་ཕྱོགས་དེ་ལས་ཐར་བ་དང་། དེའི་ཚབ་ལ་བདེ་བ་ཐམས་ཅད་ཀྱི་འབྱུང་ཁུངས་ལྷག་བསམ་རྣམ་པར་དག་པའི་གཞན་གཅེས་འཛིན་གྱི་བསམ་ཕྱོགས་སྐྱེད་པའི་ཆེད་སྒོམ་གྱི་རིམ་པ་རྣམས་ཞིབ་ཚགས་པོའི་སྒོ་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད།

གཞན་སེམས་ཅན་གྱི་ཆེད་དུ་མཐའ་གཅིག་ཏུ་བསྔོ་བ་དང་དེ་དག་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་འདོགས་ཆེད་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བརྩོན་པའི་བྱང་ཆུབ་ཀྱི་སེམས་སྐྱེད་པའི་སྲོལ་རྒྱུན་གཉིས་ཡོད་པ་ནི། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་སྐྱེད་ཚུལ་དང་བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་སྐྱེད་ཚུལ་གཉིས་ཡིན། དེ་གཉིས་ཀ་ལ་སྔོན་འགྲོའི་ཚུལ་དུ་བཏང་སྙོམས་ཀྱི་བློ་སྐྱེད་ཚུལ་ཐ་དད་ཡོད། དེ་གཉིས་ཀ་ལ་བཏང་སྙོམས་ཞེས་པའི་མིང་གཅིག་པ་ཡིན་ཀྱང་། གང་བསྐྱེད་པའི་བཏང་སྙོམས་ཀྱི་རིགས་གཉིས་མི་འདྲ་བ་ཡིན།

༡༽ རྒྱུ་འབྲས་མན་ངག་བདུན་གྱི་བློ་སྦྱོང་ཚུལ་ནང་སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་ཡོད་པ་ངོས་འཛིན་བྱེད་པའི་སྔོན་དུ་སྐྱེད་དགོས་པའི་བཏང་སྙོམས་ནང་རང་གི་མཉེན་དང་། དགྲ། བར་མའམ་ཆ་རྒྱུས་མེད་པའི་སེམས་ཅན་དམིགས་རྣམ་དུ་བྱེད་པ་ཚུད་ཡོད་པ་དང་། བཏང་སྙོམས་དེ་ལ་བརྟེན་ནས་ང་ཚོས་ཆགས་ཞེན་དང་འཁོན་འཛིན་གྱི་ཚོར་བ་མཚམས་འཇོག་བྱེད་ཀྱི་ཡོད། དེའི་མིང་གཅིག་ནི་དོན་ངོ་མར་ “བཏང་སྙོམས་ཙམ་ཞེས་ཟེར་ཞིང་། རང་གི་གཉེན་དང་། དགྲ། བར་མའི་སེམས་ཅན་ལ་ཆགས་པ་དང་སྡང་བ་ཟློག་པར་བྱེད་ཀྱི་ཡོད།” འདིར་ཙམ་སྒྲས་སེམས་བསྐྱེད་ཀྱི་ཐབས་གཉིས་པ་དེའི་ནང་འགྲེལ་བཤད་མུ་མཐུད་ནས་ཡོད་པར་སྟོན་གྱི་ཡོད།

གཞན་ཡང་བཏང་སྙོམས་དང་པོའི་མིང་གཞན་ཞིག་ནི། “ཉན་རང་དང་ཐུན་མོང་བའི་བཏང་སྙོམས་སྦྱོང་བའི་ཚུལ་ལ་བརྟེན་ནས་བསྐྱེད་པའི་བཏང་སྙོམས་ཙམ་” ཞེས་ཟེར་བ་ཡིན། ཉན་ཐོས་ ༼ཉན་པ་པོ་༽ དང་རང་སངས་རྒྱས་ ༼རང་གྲོལ་༽ ནི་སངས་རྒྱས་ཀྱི་ཆོས་ནས་གསུང་པའི་ཐེག་པ་ཆུང་ངུའི་ ༼བག་ཡོད་ཀྱི་ཐེག་པ་༽ ཉམས་ལེན་པ་རིགས་གཉིས་ཡིན། འདིར་ཙམ་སྒྲས་ང་ཚོར་མེད་པ་དང་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་བཏང་སྙོམས་ཤིག་སྟོན་གི་ཡོད།

༢༽ བདག་གཞན་མཉམ་བརྗེའི་སྔོན་འགྲོར་སྦྱོང་བའི་བཏང་སྙོམས་དེ་ནི་བཏང་སྙོམས་གོང་ན་མེད་པ་ཙམ་མ་ཟད། དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་དང་དེ་དག་གི་དཀའ་ངལ་སེལ་བའི་རང་གི་ཡིད་དམ་ངག་གི་བྱ་སྤྱོད་ཀྱི་ཐོག་ནས་ཉེ་རིང་གི་ཚོར་བ་གང་ཡང་མེད་པའི་བཏང་སྙོམས་ཤིག་ཡིན། དེ་ནི་ཁྱད་དུ་འཕགས་པ་ཞིག་དང་། ཐེག་ཆེན་ ༼རྒྱ་ཆེན་ཐེག་པ་༽ ཐུན་མོང་མ་ཡིན་པའི་བཏང་སྙོམས་སྐྱེད་ཚུལ་ཞིག་ཡིན།

བཏང་སྙོམས་ཙམ།

རྒྱུ་འབྲས་མན་ངག་བདུན་གྱི་བློ་སྦྱོང་ཚུལ་ནང་སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་ཡོད་པ་ངོས་འཛིན་བྱེད་པའི་སྔོན་དུ་སྐྱེད་དགོས་པའི་བཏང་སྙོམས་དེ་སྦྱོང་ཚུལ་གང་རེད་ཅེས་དྲིས་ན། དེའི་ནང་གཤམ་གྱི་རིམ་པ་ཁག་ཚུད་ཡོད།

གང་ཟག་མི་འདྲ་གསུམ་སྒོམ་པ།

དང་པོ། ང་ཚོས་གང་ཟག་མི་འདྲ་བ་གསུམ་དམིགས་རྣམ་དུ་བྱེད་དགོས་པ་ནི། ང་ཚོས་མི་དགའ་བའམ་དགྲར་བརྩི་བའི་གང་ཟག་སྡུག་ཅག་དང་མདོག་ཉེས་པོ་དང་གཅིག ཧ་ཅང་ཆགས་ཞེན་ཆེན་པོས་གཅེས་སྐྱོང་བྱེད་སའམ་གྲོགས་པོ་ལྟ་བུའི་གང་ཟག་དང་གཉིས། དེ་ནས་སྡང་འཛིན་དང་ཆགས་ཞེན་གཉིས་ཀ་མེད་པའི་གང་ཟག་ཆ་རྒྱུས་མེད་པའམ་བར་མའི་རིགས་བཅས་གསུམ་ཡིན། ང་ཚོས་གང་ཟག་དེ་གསུམ་ཀ་མཉམ་དུ་དམིགས་རྣམ་དུ་བྱེད་དགོས།

དེ་དག་སོ་སོར་དམིགས་པ་གཏད་པའི་རྗེས་དེ་མ་ཐག་རང་འགུལ་གྱི་བློའི་འཁྱེར་སོ་གང་འདྲ་ཞིག་ཡོང་གི་ཡོད་དམ་ཞེ་ན། ང་ཚོས་མི་དགའ་སའི་གང་ཟག་དེ་དང་འབྲེལ་ནས་མི་བདེ་བ་དང་། སྡང་འཛིན། མི་དགའ་བའི་ཚོར་བ་སྐྱེད་ཡོང་གི་ཡོད། དེ་ནས་རང་གིས་གཅེས་པར་འཛིན་པའི་གྲོགས་པོ་དེ་དང་འབྲེལ་ནས་ཡིད་དུ་འོང་བ་དང་ཆགས་ཞེན་སྐྱེད་ཡོང་གི་ཡོད། མཐར་བར་མའི་གང་ཟག་དེ་དང་འབྲེལ་ནས་དོ་སྣང་མེད་པ་དང་ཕན་གནོད་ཀྱི་བསམ་བློ་གང་ཡང་འཁོར་གྱི་མེད། དེ་གང་ཡིན་ཟེར་ན། ང་ཚོས་ངོ་རྩ་ནས་མི་ཤེས་པ་དེ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་གང་ཡང་མཐོང་གི་མེད་པས་རེད།

རང་གིས་མི་དགའ་སའི་གང་ཟག་ལ་སྡང་འཛིན་སྤོང་བ།

དབྱིན་སྐད་ནང་གོ་བསྡུར་བྱེད་སླ་བའི་ཆེད། ང་ཚོས་དམིགས་རྣམ་དུ་བྱེད་པའི་གང་ཟག་གསུམ་ཀ་བུད་མེད་ཡིན་པའི་དབང་དུ་བཏང་ནས་དང་པོ་ང་ཚོས་སོ་སོས་མི་དགའ་ཞིང་། ད་དུང་དགྲ་བོར་ཡང་བརྩི་སྲིད་པའི་གང་ཟག་གི་སྐོར་བཤད་པ་ལ།

༡༽ བུད་མེད་དེ་ཡིད་དུ་མི་འོང་བ་དང་སྣང་བ་མི་འགྲོ་བ་གསལ་པོར་མཐོང་ཟིན་པའི་སྐབས་ང་ཚོས་ཚོར་སྣང་དེ་ཡོང་འཇུག་པ།

༢༽ དེ་ནས་ཚོར་སྣང་དེའི་ཐོག་ནས་ཁོ་མོར་སྡུག་ཅག་ཅིག་འབྱུང་ན་བསམ་པའམ་མོ་རང་གིས་མི་འདོད་པའི་གནས་སྟངས་ཤིག་དང་འཕྲད་ན་བསམ་པའི་ཚོར་བ་ད་དུང་ཡོང་གི་ཡོད་པ་ལ་དོ་སྣང་བྱེད་པ།

༣༽ དེ་ལྟ་བུའི་ཚོར་བ་དང་འདོད་པ་ངན་པ་བྱུང་བའི་རྒྱུ་མཚན་ལ་བརྟག་ཞིབ་བྱེད་པ། སྤྱིར་བཏང་རྒྱུ་མཚན་ནི། ཁོ་མོས་ང་ལ་གནོད་པ་བྱེད་ཀྱི་འདུག ང་ལ་གནོད་པ་བྱས་བྱུང་། ཡང་ན་ངའམ་ངའི་གྲོཌ་པོར་ཚིག་ངན་པ་སྨྲས་བྱུང་ཟེར་བ་དེ་དག་ཡིན། དེར་བརྟེན་ང་ཚོས་ཁོ་མོར་སྡུག་ཅག་ཅིག་འབྱུང་ན་བསམ་པ་དང་མོ་རང་གིས་འདོད་པའི་དོན་མ་སྒྲུབ་པར་ཤོག་ཅེས་བསམ་གྱི་ཡོད།

༤༽ དེ་ནས་སོ་སོས་རྩ་ནས་མི་དགའ་སའི་བུད་མེད་དེར་སྡུག་ཅག་ཅིག་འབྱུང་ན་བསམ་པའི་རྒྱུ་མཚན་དེར་བསམ་བློ་བཏང་ནས་རྒྱུ་མཚན་དེ་ཡང་དག་པ་ཞིག་ཡིན་མིན་བལྟ་དགོས། དེའང་ང་ཚོས་གཤམ་གསལ་ལྟར་བསམ་བློ་གཏོང་དགོས།

  • འདས་པའི་སྐྱེ་བ་སྔོན་མའི་དུས་སུ། ད་ལྟ་ང་ཚོས་དགྲར་བརྩི་བའི་བུད་མེད་དེས་ལན་མང་པོ་རང་གི་ཕ་མ་བྱས་མྱོང་བ་མ་ཟད། རང་གི་གཉེན་དང་གྲོགས་ཀྱང་བྱས་མྱོང་ཡོད། སྐབས་དེ་དུས་ཁོ་མོས་ང་ལ་ཕན་གྲངས་མེད་བཏགས་ཡོད།
  • ཚེ་འདིར། ཕྱིས་སུ་ག་རེ་ཡོང་གི་ཡོད་མེད་མི་ཤེས་པ་ཡིན། ཚེ་མཇུག་ཏུ་ཁོ་མོ་རང་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱེད་མཁན་ཞིག་དང་རང་གི་གྲོགས་མོ་ཞིག་ཏུ་འགྱུར་སྲིད་པ་ཡིན། དེ་ལྟར་འབྱུང་བ་སྲིད་པ་ཡིན།
  • གང་ལྟར་ཡང་། ང་དང་ཁོ་མོར་མ་འོངས་པའི་སྐྱེ་བ་གྲངས་མེད་ཡོད་པ་དང་དུས་ནམ་ཞིག་ལ་ཁོ་མོ་ངའི་ཕའམ་མར་འགྱུར་རྒྱུ་ནི་ངེས་པ་རེད། དེ་འདྲའི་གནས་སྐབས་སུ་ཁོ་མོས་རང་ལ་ཕན་ཐོགས་རླབས་ཆེན་བྱེད་རྒྱུ་ཡིན་ཞིང་། རང་གི་རེ་བ་བཅོལ་ས་ཁོ་མོ་ཉིད་ཡིན། དེར་བརྟེན་འདས་པའི་དུས་དང་། ད་ལྟ། མ་འོངས་པའི་ནང་ཐབས་ལམ་གྲངས་མེད་པའི་སྒོ་ནས་ཁོ་མོས་རང་ལ་ཕན་བཏགས་ཡོད་པ་དང་། ཕན་འདོགས་བཞིན་པ། ཕན་ཐོགས་ངེས་ཡིན་པས། མཐར་རང་གི་གྲོགས་བཟང་པོ་ཞིག་ཏུ་འགྱུར་རྒྱུ་ཐག་ཆོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས། དཔེར་ན་ཁོ་མོས་ཚེ་འདིར་ང་ལ་གནོད་པ་ཏོག་ཙམ་སྐྱེལ་བྱུང་ཞེས་པའི་རྒྱུ་མཚན་ཆུང་ཆུང་ཞིག་གིས་རྐྱེན་པས། རང་གིས་ཁོ་མོ་སོ་སོའི་དགྲར་བལྟ་བ་དང་ན་བ་དང་ཚ་བ་སོགས་འབྱུང་ན་བསམ་པའི་ངན་སེམས་བཅངས་པས་ཕན་ཐོགས་རྩ་བ་ནས་མེད།

༥༽ ང་ཚོས་དཔེ་ཁ་ཤས་ལ་བསམས་ན། དཔེར་ན། རང་ལ་དངུལ་མང་པོ་སྦྱིན་ཐུབ་མཁན་དང་། ནུས་པ་ཡོད་པ་བཞིན་སྦྱིན་འདོད་ཡོད་མཁན། སྔོན་ཆད་དེས་རང་ལ་དངུལ་ཕྲན་བུ་བྱིན་ཡོད་པའི་མི་དངུལ་ཁང་གི་ལས་སྣེ་པ་ཞིག་གམ་མི་ཕྱུག་པོ་དེ། ཉིན་གཅིག་ཁོང་ཁྲོ་ཟ་ནས་རང་ལ་འགྲམ་ལྕག་ཅིག་གཞུས་སྐབས། རང་ཉིད་ཁོང་ཁྲོ་ཟ་ནས་རླུང་ལངས་པའི་རྣམ་འགྱུར་འདྲ་བསྟན་ན། ཁོང་གི་དངུལ་སྦྱིན་རྒྱུའི་ཀུན་སློང་དང་འདོད་པ་དེ་བརླག་འགྲོ་ཉེན་ཡོད་པ་མ་ཟད། མི་དེའི་བསམ་བློ་གྱུར་ནས་དངུལ་དེ་མི་གཞན་ཞིག་ལ་སྦྱིན་རྒྱུའི་ཉེན་ཁའང་ཡོད། ཕྱོགས་གཞན་ཞིག་ནས། གལ་སྲིད་འགྲམ་ལྕག་གཞུས་པར་རང་གིས་བཟོད་སྒོམ་བྱས་ཏེ། སྤྲོ་ལངས་པ་སོགས་རྣམ་འགྱུར་གང་ཡང་མ་བསྟན་པར་ཁ་བཙུམས་ནས་བསྡད་པ་ཡིན་ན། མི་དེ་དགའ་པོ་བྱུང་ནས་ཕྱིས་སུ་རླུང་ལང་གི་མེད། གཅིག་བྱས་ན་མི་དེས་ཐོག་མའི་བསམ་བློའི་ནང་གི་སྤྲོད་འདོད་ལས་ལྷག་རང་ཉིད་ལ་དངུལ་མང་བ་སྦྱིན་སྲིད་པ་ཡིན། གང་ལྟར་གལ་ཏེ་རང་ཉིད་རླུང་ལངས་བ་དང་རྙོག་དྲ་ཆེན་པོ་བཟོ་བ་ཡིན་ན། དེ་ནི་བོད་པའི་ཁ་རྒྱུན་དུ། “ཟས་ཁ་ནང་དུ་ཡོད་དུས། ལྕེས་ཕྱིར་འབུད་གཏོང་བ་” ཟེར་བའི་དཔེ་ལྟར་འགྱུར་ངེས་ཡིན།

༦༽ དེར་བརྟེན་རང་གིས་མི་དགའ་སའི་མི་དེར་ཕུགས་རྒྱང་རིང་པོའི་ཐོག་ནས་བསམ་བློ་གཏོང་དགོས། དེ་ག་ནང་བཞིན་སེམས་ཅན་ཐམས་ཅད་ལའང་གཅིག་པ་ཡིན། ཕུགས་རྒྱང་རིང་པོའི་ཐོག་ནས་ཁོང་ཚོའི་རང་ལ་ཕན་ཐོགས་ཡོད་པ་ནི་བརྒྱ་ཆ་བརྒྱ་ཐམ་པ་ངེས་པ་ཡིན། སོང་ཙང་། གནོད་པ་ཕྲན་བུ་དང་ཆུང་ཙག་ཅིག་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་མི་དེར་ཁོང་ཁྲོའི་ཡུལ་དུ་འཛིན་པ་ནི་རྦད་དེ་མི་འོས་པ་ཡིན།

༧༽ དེ་རྗེས་ང་ཚོས་སྡིག་པ་ར་ཙ་དང་། བདག་མེད་སྲོག་ཆགས། ཡང་ན་གདོན་འདྲེ་ཞིག་ལ་ཁོང་ཁྲོ་ཏོག་ཙམ་བསླངས་པའི་རྐྱེན་གྱིས་ལམ་སང་ཚུར་རྒོལ་ལན་ཇི་ལྟར་སློག་གི་ཡོད་པར་བསམ་བློ་ཐོངས་དང་། དེ་ནས་ང་ཚོ་རང་ཉིད་ལ་བསམ་བློ་བཏང་ནས། སྲོག་ཆགས་དེ་དག་ནང་བཞིན་བྱེད་པ་ནི་དངོས་གནས་མི་འོས་པ་ཞིག་ཡིན་ཚུལ་མཐོང་ཐུབ། དེ་ལྟར་ང་ཚོས་སོ་སོའི་ཁོང་ཁྲོ་ཞི་བར་བྱེད་ཐུབ། མི་ཆེ་གེ་མོ་ཞིག་གིས་རང་ལ་གནོད་པ་ག་ཚོད་བྱས་ཀྱང་། རང་ངོས་ནས་ཁོང་ཁྲོ་ནམ་ཡང་བཟའ་རྒྱུ་མེད། དེ་མིན་རང་ཉིད་སྡིག་པ་ར་ཙ་དང་བདག་མེད་དུད་འགྲོ་སེམས་ཅན་རྣམས་དང་ཁྱད་པར་གང་ཡང་མི་འདུག་ཅེས་བསམ་བློ་གཏོང་དགོས།

༨༽ མཐའ་དོན་ང་ཚོས་དེ་དག་ཚང་མར་རྒྱུ་མཚན་རིགས་པ་ ༼སྒྲུབ་ངག་༽ བཀོད་དེ། གཞན་གྱིས་རང་ལ་གནོད་པ་ཆུང་ཙག་ཅིག་བྱས་པ་རྒྱུ་མཚན་དུ་བྱས་ཏེ། ཁོང་ཁྲོ་བཟའ་གི་མིན་ཞེས་ཐག་གཅོད་དགོས། གང་ཡིན་ཟེར་ན།

  • སྐྱེ་བ་སྔ་མའི་དུས་སུ་ཁོང་ཚོ་རང་གི་ཕ་མ་བྱས་མྱོང་ཡོད།
  • ཚེ་འདིའི་མཇུག་ཏུའང་ཁོང་ཚོ་རང་གི་མཛའ་གྲོགས་སུ་འགྱུར་མིན་ངེས་པ་མེད།
  • མ་འོངས་པར་སྐབས་ཤིག་ཁོང་ཚོ་རང་གི་ཕ་མར་གྱུར་ནས་རང་ལ་ཕན་ཆེན་པོ་འདོགས་སྲིད་པས། འདས་ད་ལྟ་མ་འོངས་ཀྱི་དུས་གསུམ་ཀའི་ནང་ཁོང་ཚོ་རང་ལ་དྲིན་ཆེན་པོ་ཡིན།
  • གལ་ཏེ་ངས་ཕར་ཁོང་ཁྲོ་བྱས་ན། ང་རང་བདག་མེད་དུད་འགྲོ་དང་ཁྱད་མེད་པས། ཚེ་འདིར་ཁོང་ཚོས་རང་ལ་གནོད་པ་ཆུང་ཆུང་ཞིག་བྱས་པར་ངས་ཁོང་ཁྲོ་བཟའ་རིན་མི་འདུག་ཅེས་རྒྱུ་མཚན་རིགས་པ་བཀོད་ནས་བསམ་བློ་གཏོང་དགོས།

རང་གིས་དགའ་སའི་གང་ཟག་ལ་ཆགས་པ་སྤོང་བ།

༡༽ ང་ཚོས་ཐོག་མར་དམིགས་རྣམ་དུ་བྱས་ཟིན་པའི་གང་ཟག་རིགས་དགྲ་གཉེན་བར་མ་གསུམ་གྱི་ཁྲོད་ནས་སོ་སོའི་གྲོགས་པོའམ་དགའ་ས་དེ་ཡིད་ལ་བྱེད་དགོས།

༢༽ ང་ཚོས་མི་དེར་ཡིད་དུ་འོང་བ་དང་ཆགས་ཞེན་གྱི་ཚོར་བ་སྐྱེ་འཇུག་དགོས།

༣༽ ང་ཚོས་མི་དེར་བཅངས་པའི་ཚོར་བ་སྔར་བས་ཤུགས་ཆེ་རུ་སྐྱེ་འཇུག་པ་དང་། དེ་དང་དུས་རྟག་དུ་འགྲོགས་འདོད་ཀྱི་བློ་སྐྱེད་དགོས། དེ་ནས་ང་ཚོས།

༤༽ དེ་ལྟ་བུའི་ཡིད་མྱོས་སུ་འཇུག་པའི་བྱ་སྤྱོད་དང་ཆགས་ཞེན་ཡོད་པའི་རྒྱུ་མཚན་གང་ཡིན་པ་ལ་བརྟག་དཔྱད་བྱེད་དགོས། དེའི་རྒྱུ་མཚན་ནི་ཁོ་མོས་རང་ལ་ཚེ་འདིར་ཕན་ཐོགས་ཕྲན་བུ་བྱས་པ་དང་། རང་ལ་ཡག་པོ་བྱས་པ། རང་ལ་ཚོར་སྣང་ཡག་པོ་སྟེར་བ། ཡང་ན་དེ་དང་འདྲ་བའི་ཆ་ནས་ཡིན། བྱས་ཙང་། རང་ཉིད་ཁོ་མོར་ཡིད་དབང་འཕྲོག་པ་དང་ཆགས་ཞེན་སྐྱེ་གི་ཡོད།

༥༽ དེ་རྗེས་ཚོར་བ་དེ་འདྲ་ཡོད་པའི་རྒྱུ་མཚན་འདི་དག་ཡང་དག་པ་ཡིན་མིན་ལ་བརྟག་དགོས། དེ་ཡང་རྒྱུ་མཚན་ཡང་དག་པ་ཞིག་མ་རེད། གང་ཡིན་ཟེར་ན།

  • སྐྱེ་བ་སྔོན་མ་རྣམས་ཀྱི་སྐབས་སུ་ཁོ་མོ་རང་གི་དགྲ་བྱས་ཏེ། རང་ལ་གནོད་པ་དང་། ཐ་ན་རང་གི་ཤ་ཟས་པ་དང་ཁྲག་ཀྱང་བཏུང་ཡོད་པར་ཐེ་ཚོམ་མེད།
  • ཚེ་འདིའི་མཇུག་ཏུའང་ཁོ་མོ་རང་གི་དགྲ་བོ་སྡུག་ཤོས་ཤིག་ཏུ་འགྱུར་མི་སྲིད་པ་མ་རེད།
  • སྐྱེ་བ་ཕྱི་མར་ཡང་དུས་ནམ་ཞིག་གི་ཚེ་ཁོ་མོས་རང་ལ་གནོད་པའི་ལས་བྱེད་ངེས་པ་ཡིན།

༦༽ ཁོ་མོས་ཚེ་འདིར་རང་ལ་ཕན་ཐོགས་ཆུང་ཙག་ཅིག་བྱས་པའི་རྒྱུ་མཚན་ལ་བརྟེན་ནས། གལ་ཏེ་རང་ཉིད་ཁོ་མོར་རྦད་དེ་ཆགས་ཞེན་གྱིས་མྱོས་པ་ཡིན་ན། དེ་ནས་གླུ་ལ་མཁས་པའི་ཤ་ཟ་སྲིན་མོའི་༼མི་ཤ་ཟ་མཁན་གྱི་བུད་མེད་གླུ་མ་༽གཞས་ཀྱིས་བསླུ་བྲིད་བཏང་བའི་སྐྱེས་པ་དེ་དག་དང་ཁྱད་པར་གང་ཡང་མེད། གླུ་མ་དེ་དག་གི་བྱད་བཞིན་ནི་ཧ་ཅང་མཛེས་པ་དང་། ཁོ་ཚོས་རྣམ་འགྱུར་སྟོན་སྟངས་ཀྱིས་སྐྱེས་པ་ཚོ་བསླུ་བྲིད་བྱས་ཏེ། ཕྱིས་སུ་ཁོང་ཚོས་ཧབ་ཟ་བྱེད་ཀྱི་ཡོད།

༧༽ དེ་ལྟར་ཚེ་འདིར་རང་ལ་ཕན་ཐོགས་ཕྲན་བུ་བྱས་པའི་རྒྱུ་མཚན་གྱིས་མི་དེར་ནམ་ཡང་ཆགས་ཞེན་བྱེད་རྒྱུ་མེད་པ་ཐག་གཅོད་དགོས།

བར་མའི་གང་ཟག་ལ་སྣང་མེད་སྤོང་བ།

གསུམ་པ། རང་གི་དགྲ་དང་གཉེན་གང་ཡང་མིན་པའི་བར་མའི་མི་དང་བརྒྱུད་རིམ་གཅིག་མཚུངས་ལག་བསྟར་བྱེད་དགོས།

༡༽ ང་ཚོ་དམིགས་རྣམ་བྱེད་པ་ལས་མི་དེར་དོ་སྣང་བྱེད་དགོས།

༢༽ མི་དེར་གནོད་སེམས་དང་ཕན་སེམས་གང་ཡང་མི་ཚོར་བ། མི་དེ་མེད་པ་བཟོ་རྒྱུ་དང་མཉམ་དུ་འགྲོགས་རྒྱུའི་བསམ་བློ་གང་ཡང་འཁོར་འཇུག་རྒྱུ་མེད་པ་དང་།

༣༽ སྔར་བས་སྣང་མེད་གཏོང་བའི་ཚོར་ཤུགས་སྐྱེད་འཇུག་དགོས།

༤༽ དེ་ལྟ་བུའི་རང་གི་ཚོར་སྣང་གི་རྒྱུ་མཚན་ལ་བརྟག་དཔྱད་བྱེད་དགོས། རྒྱུ་མཚན་ནི་ཁོ་མོས་རང་ལ་ཕན་བཏགས་མེད་ལ་གནོད་པའང་སྐྱེལ་མེད་པས། རང་ཉིད་མོ་དང་འབྲེལ་བའང་གང་ཡང་མེད་པ་རེད།

༥༽ དེ་ནས་ང་ཚོས་ཚོར་སྣང་དེར་རྒྱུ་མཚན་ཡང་དག་པ་ཞིག་འདུག་མི་འདུག་མུ་མཐུད་ནས་དཔྱད་པའི་སྐབས་སུ། ང་ཚོས་ཁོ་མོ་ནི་མཐའ་གཅིག་ཏུ་ངོ་མི་ཤེས་པའམ་བར་མའི་གང་ཟག་ཅིག་མ་ཡིན་པ་ཤེས་ཐུབ། གང་ཡིན་ཟེར་ན། སྐྱེ་བ་སྔོན་མ་གྲངས་མེད་པ་དང་། ཚེ་འདིའི་ཚེ་མཇུག དེ་བཞིན་སྐྱེ་བ་ཕྱི་མར་ཁོ་མོ་རང་གི་གཉེན་ཉེ་དང་། གྲོགས་པོ་སོགས་ཆགས་ཀྱི་ཡོད་པས་ཡིན།

དེ་ལྟར་བྱས་ན་ང་ཚོས་དགྲ་དང་། གཉེན། བར་མའི་སེམས་ཅན་ལ་དམིགས་པའི་ཁོང་ཁྲོ་དང་། འདོད་ཆགས། སྣང་མེད་བྱེད་པའི་བསམ་པ་ཚང་མ་སྤོང་ཐུབ་པ་ཡོང་གི་ཡོད། འདི་ནི་ཉན་རང་ཐུན་མོང་དུ་ཡོད་པའི་བཏང་སྙོམས་སྐྱེད་པའི་ཐབས་ཡིན་པ་དང་། དེ་ནི་བྱང་ཆུབ་སེམས་སྐྱེད་པའི་ཐབས་རྒྱུ་འབྲས་མན་ངག་བདུན་གྱི་ནང་གསུང་པ་བཞིན་སེམས་ཅན་ཐམས་ཅད་རང་གི་ཕ་མ་བྱས་མྱོང་བར་ངོས་འཛིན་པའི་སྔོན་འགྲོ་དེ་ཡིན།

བདག་གཞན་མཉམ་བརྗེའི་སྔོན་འགྲོའི་ཚུལ་དུ་ཐེག་ཆེན་ཐུན་མོང་མ་ཡིན་པའི་བཏང་སྙོམས།

བདག་གཞན་མཉམ་བརྗེའི་སྔོན་འགྲོའི་ཚུལ་དུ་ཐེག་ཆེན་ཐུན་མོང་མ་ཡིན་པའི་བཏང་སྙོམས་སྐྱེདཚུལ་ལ་དབྱེ་བ་གཉིས་ཡོད་པ་ནི།

༡༽ ལྟོས་བཅས་ཀུན་རྫོབ་པའི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱེད་ཚུལ་དང་།

༢༽ མཐར་ཐུག་དོམ་དམ་པའི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱེད་ཚུལ་གཉིས་ཡིན།

དེ་གཉིས་ལས་ལྟོས་བཅསཀུན་རྫོབ་པའི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱེད་ཚུལ་ལ་གནང་གསེས་ཀྱི་དབྱེ་བ་གཉིས་ཡོད་པ་ནི།

༡༽ རང་གི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱེད་ཚུལ་དང་།

༢༽ གཞན་གྱི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱེད་ཚུལ་གཉིས་ཡིན།

དེ་བཞིན་རང་གི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱེད་ཚུལ་ནང་དུ་གནད་དོན་གསུམ་ཚུད་ཡོད་པ་ནི།

༡༽ སྐྱེ་བ་གྲངས་མེད་པའི་ནང་སེམས་ཅན་གྲངས་མེད་པ་ལ་རང་རང་སོ་སོའི་ཕ་མ་དང་། གཉེན། གྲོགས་པོ་བྱས་ཡོད་སྟབས། ང་ཚོས་ཁ་ཤས་ལ་ཉེ་པོ་ཚོར་བ་དང་ཁ་ཤས་ལ་རྒྱང་ཐག་རིང་པོ་ཚོར་བ་ནི་ཚུལ་མཐུན་མ་རེད། འདི་གྲོགས་རེད་ཅེས་དང་འདི་དགྲ་རེད་ཅེས་ཁ་ཤས་ལ་བསུ་བ་བྱེད་པ་དང་ཁ་ཤས་འདོར་བ་ནི་ཡག་པོ་མ་ཡིན། གལ་སྲིད་ངས་སྐར་མ་བཅུ་དང་། ལོ་བཅུ། སྐྱེ་བ་བཅུའི་ནང་རང་གི་ཨ་མ་མཐོང་མེད་ན། ཁོ་མོ་ནི་ད་དུང་རང་གི་ཨ་མ་ཡིན་པར་ང་ཚོས་བསམ་བློ་གཏོང་དགོས།

༢༽ གང་ལྟར་སེམས་ཅན་འདི་དག་གིས་རང་ལ་ཕན་བཏགས་པ་བཞིན། སྐབས་ཤིག་ལ་དེ་དག་གིས་རང་ལ་གནོད་པའང་བྱས་ཡོད་སྲིད་པ་རེད། ཁོང་ཚོས་རང་ལ་ཕན་བཏགས་པའི་དུས་ཀྱི་གྲངས་ཚད་དང་ཕན་མང་ཉུང་ག་ཚོད་བཏགས་པ་དང་བསྡུར་ན། གནོད་པ་བྱས་པ་ནི་ཧ་ཅང་ཆུང་ཆུང་ཡིན། དེར་བརྟེན་གཅིག་ལ་བསུ་བ་ཞུ་བ་དང་གཅིག་ལ་རྒྱང་རིང་དུ་འདོར་བ་ནི་ཏག་ཏག་སྡོད་ཀྱི་མེད།

༣༽ ང་ཚོ་ཚང་མ་ནམ་ཞིག་འཆི་རྒྱུ་ངེས་པ་རེད། འོན་ཀྱང་འཆི་བའི་དུས་དེ་ངེས་པ་མེད། དཔེར་ན། ང་ཚོ་སང་ཉིན་སྲོག་ཐོག་གཏོང་རྒྱུར་ཁྲིམས་ཐག་བཅད་པར་ཆ་ཞོག སོ་སོའི་ཉིན་མཐའ་མ་དེ་གཞན་ལ་ཁོང་ཁྲོ་ཟ་བ་དང་གནོད་པ་སྐྱེལ་རྒྱུར་བཏང་ན། ཆོ་མེད་པ་རང་རེད། རྒྱུ་མཚན་ཆུང་ཙག་ཅིག་ལ་བསམས་ནས། ང་ཚོས་སོ་སོའི་མི་ཚེའི་མཐའ་མཇུག་དེ་དོན་དང་ལྡན་པ་ཞིག་དང་དགེ་བའི་བྱ་བ་རླབས་ཆེན་ཞིག་གསོག་ཐུབ་རྒྱུའི་གོ་སྐབས་འཕྲོ་བརླག་གཏོང་གི་ཡོད། དཔེར་ན། ཐེངས་གཅིག་དཔོན་པོ་ཞིག་ཡོད་པ་དེ་མི་གཞན་ཞིག་ལ་ཁོང་ཁྲོ་དྲག་པོ་ལངས་ཏེ་ཕྱི་ཉིན་དེར་མི་དེར་ཉེས་ཆད་ལྗིད་པོ་ཞིག་གཅོད་རྒྱུའི་བསམ་བློ་འཁོར་བ་རེད། ཉིན་དེ་ཆ་ཚང་ཉེས་ཆད་གང་ཞིག་གཅོད་དགོས་མིན་ཐད་འཆར་གཞི་བསྒྲིགས་པ་དང་ཕྱི་ཉིན་ཞོགས་པ་དེར། ཉེས་ཆད་མ་བཅད་སྔོན་གློ་བུར་དུ་ཁོ་རང་ཤི་བ་རེད། བྱས་ཙང་། ཁོའི་ཁོང་ཁྲོ་ནི་རྦད་དེ་ཆོ་མེད་པ་ཞིག་ཡིན། དེ་ནི་སང་ཉིན་འཆི་རྒྱུར་ཁྲིམས་ཐག་བཅད་པའི་མི་ཞིག་ལའང་གཅིག་པ་ཡིན། དེ་རིང་ཁོ་ལ་གནོད་པ་བྱེད་པ་དེར་སྙིང་པོ་ཅི་ཡང་མེད།

གཞན་གྱི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱེད་ཚུལ་དེའང་གནད་དོན་གསུམ་གྱི་ནང་དབྱེ་ཡོད་པ་ནི།

༡༽ རང་གིས་ཐ་ན་རྨི་ལམ་ཚུན་ཆད་ནང་སྡུག་བསྔལ་མི་འདོད་པ་དང་། བདེ་བ་ཇི་ཙམ་ཡོད་ཀྱང་། འདོད་པ་ནམ་ཡང་ཁེངས་ཀྱི་མེད་ཅེས་རང་ལ་སྦྱར་ནས་བསམ་བློ་གཏོང་དགོས། དེ་ག་ནང་བཞིན་གཞན་ལའང་གཅིག་པ་ཡིན། ཐ་ན་འབུ་སྲིན་ཕྲ་མོ་ཡན་ཆད་ཀྱི་སེམས་ཅན་གྲངས་ལས་འདས་པ་རྣམས་ཀྱིས་བདེ་བ་འདོད་པ་ལས་སྡུག་བསྔལ་ནམ་ཡང་མི་འདོད། དེར་བརྟེན་འགའ་ཞིག་ལ་བསུ་བ་བྱེད་པ་དང་འགའ་ཞིག་ལ་སྣང་མེད་བྱེད་པ་ནི་ཚུལ་མཐུན་ཞིག་མ་རེད།

༢༽ སྤྲང་པོ་སློང་མོ་བ་དེ་འདྲ་བཅུ་རང་གི་སྒོ་འགྲམ་དུ་བསླེབས་པར་ཆ་ཞོག སྐབས་དེར་ཁ་ཤས་ལ་ཟས་བྱིན་ནས་ཁ་ཤས་ལ་མ་བྱིན་པ་ནི་ཚུལ་དང་མཐུན་པ་ཞིག་རྩ་ནས་མ་རེད། ཁོང་ཚོ་ཚང་མ་ལྟོགས་ནས་ཁ་ལག་དགོས་པ་གཅིག་པ་ཡིན། དེ་ག་ནང་བཞིན་རྨོངས་པའི་སྐྱོན་གྱིས་མ་འགོས་པའི་བདེ་སྐྱིད་ལ་མཚོན་ན། དེ་སུ་ལ་ཡོད་དམ། འོན་ཀྱང་རྨོངས་པའི་སྐྱོན་གྱིས་འགོས་པའི་བདེ་སྐྱིད་དེ་ཡང་སེམས་ཅན་གྲངས་མེད་པ་ལ་འདང་ངེས་ཤིག་མེད་པ་དང། བདེ་བ་དེ་ནི་ཚང་མས་དོན་དུ་གཉེར་གྱི་ཡོད། དེར་བརྟེན་ཁ་ཤས་ལ་སྣང་མེད་བྱེད་པ་དང་ཁ་ཤས་ལ་དགའ་པོ་བྱེད་པ་ནི་ཚུལ་མཐུན་ཞིག་མ་རེད།

༣༽ དཔེ་གཞན་ཞིག་ནི། ནད་པ་བཅུ་ཡོད་པ་ཆ་ཞོག ཁོང་ཚོ་ཚང་མར་ཡ་ང་བ་དང་ཐབས་སྐྱོ་བའི་གནས་སྟངས་གཅིག་པ་ཡོད། དེར་བརྟེན་ཁ་ཤས་ལ་སྨན་བཅོས་སོགས་ཡག་པོ་བྱེད་པ་དང་ཁ་ཤས་ལ་ཡག་པོ་མི་བྱེད་པ་ནི་དྲང་པོ་མིན། དེ་ག་ནང་བཞིན་སེམས་ཅན་ཐམས་ཅད་ལ་དབང་མེད་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་སྤྱིའི་སྡུག་བསྔལ་དང་ཡང་སྒོས་སོ་སོ་སྒེར་གྱི་སྡུག་བསྔལ་ཡོད་པ་གཅིག་མཚུངས་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་འགའ་ཞིག་ལ་སྣང་ཆུང་བྱེད་པ་དང་འགའ་ཞིག་ལ་དགའ་པོ་བྱེད་པ་ནི་དྲང་པོ་དང་ཚུལ་མཐུན་མ་ཡིན།

མཐར་ཐུག་དོམ་དམ་པའི་ལྟ་ཚུལ་ལ་བརྟེན་ནས་བཏང་སྙོམས་མངོན་དུ་བྱེད་ཚུལ་ལ་བསམ་བློ་སྐོར་གསུམ་ཡོད་པ་ནི།

༡༽ ང་ཚོའི་རྨོངས་པའི་རྐྱེན་གྱིས་སོ་སོར་རོགས་རམ་དང་ཡག་པོ་བྱེད་མཁན་དེ་གྲོགས་པོ་ངོ་མ་དང། སོ་སོར་སྡུག་ཅག་བྱེད་མཁན་དེ་རང་གི་དགྲ་བོ་ངོ་མ་ཡིན་པར་སྒྲོ་འདོགས་བྱེད་ཚུལ་ལ་ང་ཚོས་བསམ་བློ་གཏོང་དགོས། གལ་སྲིད་དེ་དག་ང་ཚོས་རྟོག་པས་སྒྲོ་བཏགས་པ་བཞིན་བདེན་པར་གྲུབ་ཡོད་ན། དེ་བཞིན་གཤེགས་པ་སངས་རྒྱས་ཀྱིས་ཀྱང་དེ་ལྟར་གཟིགས་དགོས་ཀྱི་ཡོད་ཀྱང་། ཁོང་གིས་དེ་ལྟར་ནམ་ཡང་གཟིགས་མེད། སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བའི་ནང་། “སངས་རྒྱས་ཀྱི་སྐུའི་ཟུར་གཅིག་ལ་དྲི་ཆབ་སྒྲོན་མཁན་དང་ཟུར་གཞན་ལ་རལ་གྲིས་དུམ་བུར་གཏུབ་མཁན་གཉིས་ལ་སངས་རྒྱས་ཀྱིས་ཉེ་རིང་མེད་པར་གཅིག་པ་གཅིག་རྐྱང་གནང་གི་ཡོད་”ཅེས་གསུངས་པ་ནང་བཞིན་རེད།

ང་ཚོས་ཉེ་རིང་མེད་པའི་དཔེ་མཚོན་གཞན་ཞིག་ནི་སངས་རྒྱས་ཀྱིས་གང་གི་སྤུན་མཆེད་ལྷས་བྱིན་ལ་གནང་ལུགས་ཐོག་ནས་ཤེས་ཐུབ། ལྷས་བྱིན་ནི་རྟག་ཏུ་ཕྲག་དོག་དང་བཅས་སངས་རྒྱས་ལ་གནོད་པ་སྐྱེལ་ཐབས་བྱེད་མཁན་ཞིག་ཡིན་ནའང། སངས་རྒྱས་ཀྱིས་ཁོང་ལ་ཉེ་རིང་རྩ་ནས་གནང་མེད། དེར་བརྟེན་ང་ཚོས་ཉེ་རིང་ཕྱོགས་ཞེན་དེ་སྤོང་དགོས་ཤིང་། རྨོངས་པའི་གཞན་དབང་དུ་སོང་ནས་གཞན་རྣམས་བདེན་པར་གྲུབ་པར་སྒྲོ་བཏགས་ནས་དེ་དག་གི་ཕྱོགས་འཛིན་རྒྱུ་མེད། བདེན་པར་གྲུབ་པ་སུ་གཅིག་ཀྱང་མེད། ང་ཚོས་རང་རྒྱུད་ཀྱི་བདེན་འཛིན་སྤོང་དགོས་པ་ཡིན། འཛིན་པ་དེ་ནི་ཆོས་རྣམས་བདེན་པར་མ་གྲུབ་ཀྱང་བདེན་པར་གྲུབ་པ་ལྟ་བུར་སྣང་བའི་རྨོངས་པའམ་མ་རིག་པ་ལས་བྱུང་བ་ཡིན།

༢༽ དེར་མ་ཟད། ང་ཚོས་འཛིན་པ་ལྟར། གལ་སྲིད་སེམས་ཅན་དེ་དག་རང་གི་གཉེན་དང་དགྲ་ཞེས་པའི་སྡེ་ཚན་ནང་དུ་བདེན་པར་གྲུབ་ཡོད་ན། ང་ཚོས་བདེན་པར་འཛིན་པ་ནང་བཞིན་དུས་རྟག་ཏུ་དེ་ལྟར་གནས་དགོས་ཀྱི་ཡོད། དཔེར་ན། དུས་ཚོད་ཏག་ཏག་སྟོན་མཁན་གྱི་ཆུ་ཚོད་ཅིག་ལ་བསམ་བློ་གཏོང་དང་། དེ་སྐབས་རེ་རྐྱེན་ཞིག་ལ་བརྟེན་ནས་ཏག་ཏག་འགྲོ་གི་ཡོད་ཀྱང་སྐབས་རེ་རྐྱེན་གཞན་ཞིག་ལ་བརྟེན་ནས་རྗེས་ལུས་ཐེབས་པ་དེ་འདྲ་ཡོང་སྲིད་པ་ལྟར། གཞན་གྱི་གནས་སྟངས་ཀྱང་རྟག་པར་རང་འཇགས་ནམ་ཡང་མི་གནས་པར་འགྱུར་བ་འགྲོ་གི་ཡོད། གལ་སྲིད་ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་གནས་སྟངས་འདི་ལ་ངེས་གཏན་མེད་པའི་དོན་དངོས་དང་འབྲེལ་བའི་དམ་ཆོས་ཤིག་ལ་བསམ་བློ་བཏང་ན། བུ་ཞིག་གིས་རང་གི་ཕའི་ཤ་བཟའ་བ་དང་། རང་གི་མ་ལ་བརྡུང་བ། དགྲ་ལ་བྱམས་སྐྱོང་བྱེད་པའི་དཔེ་དེ་སྐབས་འདིར་ཕན་ཐོགས་ཡོད། དཔེ་དེ་ནི་ལམ་རིམ་གྱི་སྐྱེས་བུ་འབྲིང་གི་སྐབས་སུ་ཀུན་སློང་སྐྱེད་པ་ལ་གདམས་པའི་བསླབ་བྱ་ལས་བྱུང་བ་ཞིག་ཡིན། དེ་ཡང་ཐེངས་གཅིག་རྟོགས་པ་ཚད་མཐོན་པོར་སོན་པའི་སངས་རྒྱས་ཀྱི་སློབ་མ་འཕགས་པ་ཀཱ་ཏྱཱ་ཡ་ན་ཁྱིམ་ཞིག་ཏུ་ཕེབས་པ་དང་། དེར་ཕ་ཞིག་གྲོངས་ནས་རྫིང་བུ་ཞིག་གི་ནང་ཉའི་སྐྱེ་བ་བླངས་པ་དང་ཁོ་རང་གི་བུས་ཉ་དེ་བཟའ་བཞིན་ཡོད་པ་རེད། ཡང་བུ་དེས་རང་གི་མའི་སྐྱེ་བ་ཡིན་པའི་ཁྱི་ཞིག་ལ་ཉ་དེའི་རུས་པས་གཞུས་ཤིང་རྡེག་པ་དང་། རང་གི་དགྲ་བོ་ཡིན་པའི་ཕྲུ་གུ་ཞིག་པང་དུ་བླངས་ནས་གཅེས་ཉར་བྱེད་བཞིན་པ་འཕགས་པ་ཀཱ་ཏྱཱ་ཡ་ནས་གཟིགས་པ་དང་འཁོར་བར་འཁྱམས་པའི་སེམས་ཅན་རྣམས་ཀྱི་ཆོ་མེད་པའི་རང་བཞིན་གྱི་གནས་སྟངས་ལ་བཞད་གད་ཤོར་མཛད་པ་ལྟ་བུ་རེད། དེ་འདྲ་ཡིན་པ་སོང་ཙང་། ང་ཚོས་རང་གི་དགྲ་དང་གཉེན་ཞེས་རྟག་པ་དང་རང་ཚུགས་ཀྱིས་སྡེ་ཚན་ནང་བདེན་པར་གྲུབ་པར་འཛིན་པ་དེ་སྤོང་དགོས་ཤིང་། དགྲ་ལ་མཐའ་གཅིག་ཏུ་སྡང་འཛིན་གྱིས་འདོར་བ་དང་། གཉེན་ལ་མཐའ་གཅིག་ཏུ་ཞེན་འཛིན་གྱིས་བསུ་མི་རུང་བ་ཡིན།

༣༽ བསླབ་པ་ཀུན་བཏུས་ཀྱི་ནང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། རང་དང་གཞན་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པའི་ཚུལ་འགྲེལ་བརྗོད་མཛད་ཡོད། རི་བོ་ཐག་ཉེ་པོ་དང་རིང་པོ་ཞེས་པའི་དཔེ་ལྟར། རང་གཞན་ཚང་མ་ཕན་ཚུན་བརྟེན་པའམ་ལྟོས་བཅས་ཀྱི་གནས་ནས་ཡོད། ང་ཚོ་རི་ཐག་ཉེ་པོ་ཞིག་གི་སྟེང་ལ་ཡོད་སྐབས། རི་གཞན་དེ་ཐག་རིང་པོར་ཚོར་བ་དང་འདི་ཉེ་པོ་ཚོར་གྱི་ཡོད། དེ་ནས་ཕྱོགས་གཞན་དེའི་སྟེང་ཕྱིན་ནས་བལྟས་ན། འདི་ཐག་རིང་པོ་དང་དེ་ཉེ་པོ་ཚོར་གྱི་ཡོད། དེ་ག་ནང་བཞིན་ང་ཚོ་རང་ཉིད་སོ་སོའི་ངོས་ནས་“རང་”ཞེས་ཚུགས་ཐུབ་ཏུ་གནས་མེད། གང་ཡིན་ཟེར་ན། མི་གཞན་གྱི་ཕྱོགས་དེ་ནས་བལྟས་ན་རང་ཉིད་“གཞན་”ཆགས་ཀྱི་ཡོད། དེ་མཚུངས་དགྲ་དང་གཉེན་ཞེས་པ་མི་ཞིག་གི་ངོས་ནས་ལྟ་སྟངས་མི་འདྲ་བའམ་བརྩི་སྟངས་མི་འདྲ་བ་ཙམ་ཡིན། མི་གཅིག་དེ་ག་རང་རང་གི་གྲོགས་དང་གཞན་ཞིག་གི་དགྲ་ཡོང་ཆོག་པ་ཡིན། རི་ཐག་ཉེ་པོ་དང་རིང་པོ་ལྟ་བུ། དེ་ཚོ་ཚང་མ་ང་ཚོའི་ལྟ་སྟངས་ཀྱིས་ཁྱད་པར་བཟོ་གི་ཡོད།

ཐག་གཅོད་ལྔ།

གོང་གི་གནད་དོན་རྣམས་ཀྱི་ཐོག་བསམ་བློ་འདི་འདྲའི་ཐོག་ནས་ང་ཆོས་ཐག་གཅོད་ལྔ་བྱེད་དགོས།

ངས་ཕྱོགས་ཞེན་ཅན་བྱེད་ཀྱི་མིན།

ང་ཚོས་ལྟོས་བཅས་ཀུན་རྫོབ་དང་མཐར་ཐུག་དོན་དམ་པའི་ལྟ་ཚུལ་གང་གི་ཐོག་ནས་བལྟས་ཀྱང་། མི་འགའ་ཞིག་རང་གི་གཉེན་ལྟར་ཉེ་བ་དང་འགའ་ཞིག་དགྲ་ལྟར་རིང་བར་བརྩི་བའི་རྒྱུ་མཚན་གང་ཡང་མེད། དེར་བརྟེན་ངས་ཕྱོགས་ཞེན་ཅན་བྱེད་ཀྱི་མིན་ཞེས་ཐག་གཅོད་བརྟན་པོ་ཞིག་བྱེད་དགོས། ངས་མི་ཁ་ཤས་འདོར་བ་དང་ཁ་ཤས་ལ་བསུ་བ་བྱེད་པའི་ཕྱོགས་ཞེན་གྱི་ཚོར་བ་རྣམས་སྤོང་གི་ཡིན།གང་ཡིན་ཟེར་ན། སྡང་འཛིན་དང་ཆགས་ཞེན་གྱིས་འདི་ཕྱི་གཉིས་ཀ་དང་། འཕྲལ་ཕུགས་གཉིས་ཀ། དེ་བཞིན་དུས་ཡུན་རིང་ཐུང་གང་ཡིན་ནའང་རང་ལ་གནོད་པ་ལས་ཁེ་ཕན་གངཡང་མེད། དེ་དག་ནི་སྡུག་བསྔལ་གྱི་རིགས་བརྒྱ་ཕྲག་མང་པོའི་རྩ་བ་ཡིན། དེ་དག་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་བཙོན་རའི་སྒོ་སྲུང་བ་ཞིག་གིས་རང་ཉིད་དེའི་ནང་བཅུག་ནས་ཉར་བ་ལྟ་བུ་ཡིན།

ཕྱི་ལོ་༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་བྱུང་བའི་རྗེས་ཀྱི་བོད་ནང་བཞུགས་པའི་བོད་མི་ཚོར་བསམ་བློ་ཐོངས་དང་། སོ་སོའི་དགོན་པ་དང་། རྒྱུ་ནོར། བདག་དངོས། ཁྱིམ་ཚང་། སྤུན་མཆེད། གྲོགས་པོ་སོགས་ལ་ཆགས་ཞེན་ཡོད་པ་རྣམས་དེ་དག་རྒྱབ་ཏུ་གཡུག་རྒྱུར་བཟོད་ཐུབ་མེད། དེའི་འབྲས་བུར་ཆགས་ཞེན་གྱིས་རྐྱེན་པས་མི་ལོ་ཉི་ཤུ་ལྷག་ཙམ་རིང་ཁོང་ཚོ་བཙོན་ཁང་ངམ་བཙོན་པའི་གསོག་སྒར་ནང་སྦེད་འཇོག་བྱས་ཡོད། དེ་ལྟ་བུའི་ཆགས་ཞེན་གྱིས་རྐྱེན་པས་ཕྱོགས་ལྷུང་གི་ཚོར་བ་ནི་ང་ཚོ་བདེ་མེད་དམྱལ་ཁམས་ཀྱི་མེ་དཔུང་ནང་ལྷུང་འཇུག་མཁན་གྱི་ཤན་པ་ལྟ་བུ་རེད། དེ་དག་ནི་མཚན་མོར་ང་ཚོ་གཉིད་ཡག་པོ་ཁུག་མི་འཇུག་མཁན་གྱི་གཉན་ཁའི་བདུད་དང་འདྲ་བའི་རང་རྒྱུད་ཀྱི་སྡང་སེམས་ཡིན། ང་ཚོས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་དེ་དག་ངེས་པར་དུ་རྩ་མེད་གཏོང་དགོས།

ཕྱོགས་གཞན་ཞིག་ནས་མི་ཚང་མར་བདེ་བ་དང་ལྡན་ཅིང་སྡུག་བསྔལ་དང་འབྲལ་བར་ཤོག་ཅེས་པའི་བློའི་འཁྱེར་སོ་དང་བཅས་ཚང་མར་ཉེ་རིང་མེད་པར་བལྟ་བའི་སྤྱོད་ཚུལ་ནི་འཕྲལ་ཕུགས་གང་ནས་བལྟས་ཀྱང་ཧ་ཅང་གལ་ཆེན་པོ་ཡིན། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་དུ་བགྲོད་པའི་ལམ་ཆེན་གཙོ་བོ་དེ་ཡིན། དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་ཐུགས་གཏིང་གི་འདོད་པ་དེ་ཡིན། དེར་བརྟེན་ང་ཚོས་གང་ཟག་སུ་འདྲ་ཞིག་གིས་རང་ལ་གནོད་འཚེ་དང་ཕན་པ་གང་བྱས་ཀྱང་། རང་ངོས་ནས་ཕར་ལན་གང་ཡང་སློག་གི་མིན་ཞེས་བསམ་དགོས། ངས་ཁོང་ཁྲོ་དང་ཆགས་ཞེན་བྱེད་ཀྱི་མིན་ཞེས་པ་དང་། ངས་མི་ཁ་ཤས་ལ་དགའ་པོ་དང་ཁ་ཤས་ལ་སྡང་འཛིན་བྱེད་ཀྱི་མིན་ཞེས་པ་དེ་ལས་ལྷག་པའི་དཀའ་ངལ་ལ་གདོང་ལེན་བྱེད་པའི་ཐབས་ལམ་གཞན་ཞིག་མེད། དེ་ལྟར་རང་ངོས་ནས་ཐག་གཅོད་དགོས། རང་གིས་ཇི་ལྟར་འདོད་པ་དང་བྱེད་པ་ནང་བཞིན་གཞན་སེམས་ཅན་ལའང་སྤྱོད་ཚུལ་གཅིག་མཚུངས་སུ་འཛིན་དགོས། གང་ཡིན་ཟེར་ན། མི་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་རེད། དེ་ནི་རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱ་རྒྱུའི་གནད་ཅིག་ཡིན། “ཨོ། བླ་མ་དགེ་བའི་བཤེས་གཉེན་མཁྱེན། གཞན་ཕན་གང་ཐུབ་སྒྲུབ་པའི་བློ་སྟོབས་ང་ལ་གནང་རོགས།” ཞེས་ང་ཚོས་ཉམས་ལེན་འདི་དང་འབྲེལ་བའི་བླ་མ་མཆོད་པའི་ཚིགས་བཅད་ལྔ་ལས་དང་པོ་དེ་ཁ་འདོན་བྱེད་པའི་སྐབས་སུ་ཀུན་སློང་འདི་དག་ཡིད་ལ་བཟུང་དགོས་ཀྱི་ཡོད།

སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་།། བདེ་ལ་ནམ་ཡང་ཆོག་ཤེས་མེད་པ་ནི།། བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས།། གཞན་བདེ་དགའ་བ་བསྐྱེད་པར་བྱིན་གྱིས་རློབས།།

ཞེས་གསུངས་ཡོད། དེ་འདྲ་སོང་ཙང་། ཚིགས་སུ་བཅད་པ་དང་པོ་འདི་ལ་བརྟེན་ནས་ང་ཚོས་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་གྱི་བདེ་བ་སྐྲུན་པ་དང་སྡུག་བསྔལ་མེད་པ་བཟོ་རྒྱུའི་ཀུན་སློང་གི་ཐོག་ནས་རང་གི་བསམ་བློ་དང་བྱ་བ་གཉིས་ཀར་གཞན་ལ་དམིགས་པའི་ཉེ་རིང་གི་བསམ་པ་མེད་པའི་བསམ་ཕྱོགས་ཤིག་སྐྱེད་པར་སྨོན་ལམ་རྒྱག་གི་ཡོད། དེ་ལྟ་བུའི་བསམ་ཕྱོགས་དེས་ང་ཚོས་གཙིགས་སུ་འཛིན་པའི་བཏང་སྙོམས་ཀྱི་བསམ་ཕྱོགས་ཀྱི་དོན་སྒྲུབ་པར་བྱེད་ཀྱི་ཡོད། དཔེ་ཆ་བཞག་ན། ང་ཚོས་ཚོང་ཁང་ཞིག་ནས་དངོས་ཆས་ཤིག་ཧ་ཅང་ཡིད་དུ་འོང་བ་མཐོང་ན། དེ་ཉོ་རྒྱུ་ཐག་གཅོད་པ་ནང་བཞིན་དེ་ལྟ་བུའི་བསམ་ཕྱོགས་རང་རྒྱུད་ལ་སྐྱེད་རྒྱུ་དང་། དེ་འཐོབ་པ་ལ་ཐག་གཅོད་བརྟན་པོ་བྱེད་དགོས་ཀྱི་ཡོད།

ངས་རང་རྒྱུད་ཀྱི་རང་གཅེས་འཛིན་སྤོང་གི་ཡིན།

དེ་རྗེས་རང་གཅེས་འཛིན་གྱི་བསམ་ཕྱོགས་ཤིག་ཡོད་པའི་ཉེས་དམིགས་ལ་བསམ་བློ་གཏོང་དགོས། གང་ཡིན་ཞེ་ན། རང་འདོད་དོན་དུ་གཉེར་བའི་རང་གཅེས་འཛིན་གྱི་བློ་ལ་བརྟེན་ནས་ང་ཚོས་གནོད་བྱེད་མི་དགེ་བའི་ལས་བཅུ་བྱེད་ཀྱི་ཡོད། དེའི་མཇུག་འབྲས་སུ་རང་ཉིད་ངན་འགྲོ་དམྱལ་བའི་གནས་སུ་སྐྱེ་བ་ལེན་གྱི་ཡོད། དེ་ནས་དགྲ་བཅོམ་པའི་ ༼ཐར་པ་ཐོབ་མཁན་༽ གོ་འཕང་དང་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་རང་འདོད་དོན་དུ་གཉེར་བའི་གཅེས་འཛིན་གྱི་བློ་དེས་རང་གི་ཞི་བདེ་ཡོངས་སུ་འཕྲོག་གི་ཡོད། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་ཐག་ཉེ་པོ་ཡོད་ཀྱང་། ཁག་ཅིག་གཞན་ལས་ཐག་ཉེ་བའང་ཡོད། ཁོ་ཚོའི་དབར་གྱི་ཁྱད་པར་ནི་རང་རྒྱུད་ལ་ཡོད་པའི་རང་གཅེས་འཛིན་ཤུགས་ཆེ་ཆུང་ལ་བརྟེན་ནས་ཡོང་གི་ཡོད། རྒྱལ་ཁབ་ནང་ཕན་ཚུན་གྱི་རྩོད་རྙོག་དང་། དགེ་བའི་བཤེས་གཉེན་དང་སློབ་མའི་དབར་གྱི་མི་མཐུན་པ། ནང་མིའི་དབར་གྱི་མི་མཐུན་པ། གྲོགས་པོའི་དབར་མི་མཐུན་པ་གང་བྱུང་བ་དེ་དག་ཐམས་ཅད་རང་འདོད་དོན་དུ་གཉེར་བའི་རང་གཅེས་འཛིན་ལ་བརྟེན་ནས་བྱུང་བ་ཡིན། དེར་བརྟེན་རང་འདོད་དོན་དུ་གཉེར་བའི་གཅེས་འཛིན་གྱི་བློ་ངན་པ་དེ་མ་སྤངས་ན་གཏན་གྱི་བདེ་བ་ལ་རོལ་བའི་ཐབས་གཞན་མི་འདུག་ཅེས་ང་ཚོས་བསམ་བློ་གཏོང་དགོས། དེ་ལྟར་རང་གཅེས་འཛིན་གྱི་དབང་འོག་ཏུ་ནམ་ཡང་མི་འགྲོ་བ་བྱ་དགོས། “ཨོ། བླ་མ་དགེ་བའི་གཤེས་གཉེན་མཁྱེན། རང་འདོད་དོན་དུ་གཉེར་བའི་གཅེས་འཛིན་གྱི་བློ་ཡོངས་སུ་རྫོགས་པ་སྤོང་ཆེད་བདག་ལ་བློ་སྟོབས་དང་བྱིན་རླབས་གནང་རོགས།” ཞེས་པ་འདི་དག་ནི་ཚིགས་སུ་བཅད་པ་གཉིས་པའི་སྐབས་སུ་འབྱུང་བ་ཡིན་སྟེ།

རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི།། མི་འདོད་སྡུག་བསྔལ་སྐྱེད་པའི་རྒྱུར་མཐོང་ནས།། ལེ་ལན་འདས་ལ་འཁོན་དུ་བཟུང་བྱས་ཏེ།། བདག་འཛིན་གདོན་ཆེན་འཇོམས་པར་བྱིན་གྱིས་རློབས།། 

ཞེས་གསུངས་ཡོད། དེ་འདྲ་སོང་ཙང་། ཤོ་ལོ་ཀ་གཉིས་པ་ལ་བརྟེན་ནས་ང་ཚོས་རང་རྒྱུད་ཀྱི་རང་འདོད་དོན་དུ་གཉེར་བའི་གཅེས་འཛིན་གྱི་བློ་སྤོང་གི་ཡིན་ཞེས་ཐག་གཅོད་བརྟན་པོ་བྱེད་དགོས།

ངས་གཞན་གཅེས་འཛིན་དེ་རང་གི་ཉམས་ལེན་གྱི་གཙོ་བོ་བྱེད་ཀྱི་ཡིན།

དེ་ནས་ང་ཚོས་གཞན་གཅེས་འཛིན་ལས་བྱུང་བའི་ཕན་ཡོན་དང་ཡོན་ཏན་ལ་བསམ་བློ་གཏོང་དགོས། ཚེ་འདིར་བདེ་བ་དང་ཐམས་ཅད་ཚགས་ཚུད་ཡོང་བཞིན་པ་དང་། མ་འོངས་པར་མིའམ་ལྷ་རུ་སྐྱེ་བ། སྤྱིར་བཏང་ནས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་གྱི་བདེ་སྐྱིད་ཡོངས་རྫོགས་ནི་གཞན་གཅེས་པར་འཛིན་པ་ལས་འབྱུང་གི་ཡོད། དེ་ཡང་ང་ཚོས་དཔེ་མཚོན་མང་པོ་ཞིག་གི་ཐོག་ནས་འདིའི་སྐོར་ལ་བསམ་བློ་རྒྱ་ཆེན་པོ་གཏོང་དགོས། དཔེར་ན། ཀུན་གྱི་དགའ་སའི་ལས་བྱེད་པ་ཞིག་གི་སྙན་གྲགས་ནི་གཞན་གཅེས་པར་འཛིན་པ་དང་གཞན་གྱི་བདེ་དོན་ལ་སེམས་ཁུར་བྱས་པའི་འབྲས་བུ་ཡིན། དེ་བཞིན་གཞན་གྱི་སྲོག་མི་གཅོད་པ་དང་མ་བྱིན་པར་ལེན་པ་སྤོང་བའི་བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་དེ་གཞན་གཅེས་པར་འཛིན་པ་ལས་འབྱུང་གི་ཡོད་པ་དང་། འདི་ལ་བརྟེན་ནས་སྐྱེ་བ་ཕྱི་མ་མིའི་སྐྱེ་བ་ལེན་ཐུབ་པ་ཡོང་གི་ཡོད།

དཔེར་ན། ༸གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་གཞན་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ལ་ཐུགས་ཁུར་མཛད་པ་དང་། ཁོང་གི་ཁྱད་དུ་འཕགས་པའི་ཡོན་ཏན་དེ་དག་ཚང་མ་གཞན་གཅེས་འཛིན་ལས་བྱུང་བ་ཡིན། བྱང་ཆུབ་སེམས་དཔའ་ཐོགས་མེད་བཟང་པོར་འདོད་ལྷའམ་ཀཱམ་དེ་ཝས་བར་ཆད་ག་ཚོད་བྱས་ཀྱང་གནོད་ཐུབ་ཀྱི་མེད། བོད་ཀྱི་རྣལ་འབྱོར་པ་ཆེན་པོ་འདི་རིགས་ཀྱིས་ཐ་ན་འབུ་སྲིན་ཞིག་མེའི་ནང་མཆོང་བ་གཟིགས་ཀྱང་སྤྱན་ཆབ་ཤོར་གྱི་ཡོད། ཁོང་གིས་གཞན་སེམས་ཅད་ཐམས་ཅད་ལ་བཅོས་མིན་གྱི་དོ་ཁུར་བྱེད་པས། ཐ་ན་གདོན་འདྲེ་དང་བར་ཆད་བྱེད་མཁན་དེ་རིཌ་ཀྱིས་ཁོང་ལ་རྩ་བ་ནས་གནོད་ཐུབ་ཀྱི་མེད། གང་ཡིན་ཞེ་ན། གཟུགས་མེད་ཀྱི་སྲིན་པོ་དེ་ཚོས་ཀྱང་ཁོང་གིས་ང་ཚོ་ལ་གཅེས་འཛིན་དང་གཞན་ཕན་གྱི་བསམ་བློ་འབའ་ཞིག་འདུག་ཅེས་བརྗོད་ཀྱི་ཡོད།

སྔོན་སྟོན་པ་སངས་རྒྱས་ཀྱི་སྐུ་ཚེ་གཅིག་གི་རིང་ལ་ཁོང་གིས་ལྷའི་དབང་པོ་བརྒྱ་བྱིན་གྱི་སྐྱེ་བ་བཞེས་པ་རེད། སྐབས་དེ་དུས་ལྷ་དང་ལྷ་མ་ཡིན་གཉིས་ཀྱི་དབར་འཁྲུགས་རྩོད་ཤོར་ཏེ། ལྷ་མ་ཡིན་རྣམས་རྒྱལ་ཁ་ཐོབ་པ་དང་བརྒྱ་བྱིན་དེ་ཤིང་རྟ་འཁོར་ལོའི་ནང་བྲོས་ཕྱིན་པ་དང། ཁོང་བྲོས་འགྲོ་བའི་སྐབས་ཕུག་རོན་མང་པོ་འཛོམས་པའི་ས་ཆ་ཞིག་ལ་སླེབས་པ་དང་། ཕུག་རོན་བརྫི་དྭོགས་ཀྱིས་ཤིང་རྟ་འཁོར་ལོ་བཀག་པ་རེད། དེ་མཐོང་བ་དང་ལྷ་མ་ཡིན་ཚོས་བརྒྱ་བྱིན་གྱིས་ཤིང་རྟ་འཁོར་ལོ་བཀག་ནས་སླར་ཡང་ཁོང་ཚོར་ཁ་གཏད་གཅོག་པར་ཡོང་གི་འདུག་བསམས་ནས་ལྷ་མ་ཡིན་རྣམས་བྲོས་ཕྱིན་པ་རེད། གལ་ཏེ་ང་ཚོས་དེ་ལ་བརྟག་དཔྱད་བྱས་ན། ལྷ་མ་ཡིན་རྣམས་བྲོས་དགོས་པའི་རྒྱུ་མཚན་ནི་བརྒྱ་བྱིན་གྱིས་གཞན་གཅེས་འཛིན་བྱས་པའི་དབང་གིས་ཡིན། དེ་ལྟར་ལྟ་ཕྱོགས་མང་པོ་ཞིག་ནས་ང་ཚོས་གཞན་གཅེས་འཛིན་གྱི་ཁེ་ཕན་ལ་བསམ་ཞིབ་བྱེད་དགོས།

རྫོང་དཔོན་ཞིག་གམ་དཔོན་རིགས་སུ་འདྲ་ཞིག་ཡིན་རུང་རང་གི་ལས་ཁུངས་ནང་བརྗིད་ཉམས་དང་ཡིན་མདོག་ཁ་པོ་སྡོད་པའི་སྐབས། དེ་ལྟར་ཁོང་གི་གོ་གནས་ལ་སོགས་པ་ཐམས་ཅད་གཞན་ཡོད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དཔེ་འདིའི་ནང་གཞན་གནས་པ་ཙམ་གྱི་རང་ལ་དྲིན་ཆེན་པོ་ཡིན། གལ་ཏེ་ཁོ་རང་མ་གཏོགས་གཞན་སུ་གཅིག་ཀྱང་མེད་ན། མི་དེ་རྫོང་དཔོན་ཆགས་མི་ཐུབ་ཅིང་། གང་ཡང་བྱེད་མི་ཐུབ། དེར་མ་ཟད་། གལ་སྲིད་མི་གཞན་གནས་ཀྱང་སུ་གཅིག་ཀྱང་ཁོ་པའི་དྲུང་དུ་མ་ཡོང་ཚེ། རྫོང་དཔོན་དེ་ད་ག་སེ་སྡོད་རྒྱུ་ལས་གཞན་གང་ཡང་བྱེད་མི་ཐུབ། ཕྱོགས་གཞན་ཞིག་ནས་གལ་སྲིད་མི་མང་པོ་ཁོ་པའི་དྲུང་དུ་སླེབས་ནས། ཁོང་ཚོའི་གནད་དོན་རྣམས་སེལ་རོགས་ཞེས་ཞུས་ན། དེ་དག་ལ་བརྟེན་ནས་ཁོ་གིས་ཡག་པོ་བྱས་ནས་བསྡད་དེ་ཞབས་ཞུ་སྒྲུབ་ཀྱི་ཡོད། དེ་ག་ནང་བཞིན་བླ་མ་ཞིག་ལའང་གཅིག་མཚུངས་ཡིན། གཞན་ལ་བརྟེན་ནས་ཁོང་བཞུགས་ཁྲིའི་སྟེང་བཞུགས་ནས་ཆོས་གསུང་གི་ཡོད། ཁོང་གི་གནས་སྟངས་ཚང་མ་གཞན་ཡོད་པ་དང་གཞན་གྱིས་རོགས་རམ་ལ་བརྟེན་ནས་བྱུང་ཞིང་། བླ་མ་དེས་གཞན་ལ་ཕན་འདོགས་ཕྱིར་ཁོང་ཚོར་ཆོས་བཤད་བྱེད་ཀྱི་ཡོད། བྱས་ཙང་། གཞན་ལ་བརྟེན་ནས་དེ་ལྟར་ཡོང་གི་ཡོད། ཕན་པ་དེ་སྒྲུབ་པར་གཞན་མེད་ན་ཇི་ལྟར་སྒྲུབ། དེར་བརྟེན་ཁོང་གིས་གཞན་གྱི་བཀའ་དྲིན་དྲན་པའི་ཐོག་ནས་ཆོས་གསུང་གནང་གི་ཡོད་པ་ལྟ་བུ་རེད།

དེ་དང་ཕྱོགས་མཚུངས་བྱམས་པ་དང་སྙིང་རྗེ། དེ་བཞིན་གཞན་གཅེས་འཛིན་ལ་བརྟེན་ནས་ང་ཚོར་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་ཐུབ་ཀྱི་ཡོད། དཔེར་ན། དགྲ་བོ་ཞིག་གིས་རང་ལ་གནོད་ནའང་། རང་ངོས་ནས་བཟོད་པ་བསྒོམས་ན། སངས་རྒྱས་ཀྱི་གོ་འཕང་དང་ཐག་ཉེ་རུ་འགྲོ་གི་ཡོད། དེའང་གཞན་གཅེས་འཛིན་ལས་བྱུང་བ་ཞིག་ཡིན། དེ་འདྲ་སོང་ཙང་། ཚད་མེད་པའི་སེམས་ཅན་རྣམས་བདེ་བ་དང་བདེ་དོན་གྱི་གཞི་རྟེན་དང་རྩ་བ་ཡིན་པས། དེ་དག་གིས་རང་ལ་གནོད་པ་ག་རེ་བྱེད་མིན་དང་ཇི་ལྟར་བྱེད་མིན་ལ་མ་ལྟོས་པར། རང་ངོས་ནས་དུས་རྟག་ཏུ་གཞན་གཅེས་པར་འཛིན་རྒྱུ་ཐག་གཅོད་བྱེད་དགོས། དེ་བཞིན་གཞན་སེམས་ཅན་རྣམས་རང་གི་དགེ་བའི་བཤེས་གཉེན་དང་། སངས་རྒྱས། དཀོན་མཆོག་གསུམ་ལྟ་བུའི་གང་ཟག་ལ་རང་གིས་གཅེས་པར་འཛིན་པའི་སྒོ་ནས་གལ་ཏེ་དེ་དག་ལ་རྐྱེན་ངན་འདྲ་བྱུང་ཚེ་བློ་ཕམ་བྱེད་པ་དང་། རང་གིས་དེ་དག་གི་བཀའ་དྲིན་ཚོར་ནས་སེམས་པ་བཟང་པོ་བྱེད་དགོས་པ་ལས། དེ་དག་ནམ་ཡང་འདོར་རྒྱུ་མེད། “ཐུགས་རྗེ་གཟིགས། སློབ་དཔོན་མཆོག་ང་ལ་བློ་སྟོབས་འཕེལ་བར་བྱིན་གྱིས་རློབས་” ཞེས་གསོལ་བ་འདེབས་དགོས། གཞན་གཅེས་པར་འཛིན་པའི་བློ་དང་སྐད་ཅིག་ཙམ་ཡང་འབྲལ་རྒྱུ་མེད། དེ་ནི་ཚིགས་སུ་བཅད་པ་གསུམ་པའི་དོན་ཡིན།

མ་རྣམས་གཅེས་བཟུང་བདེ་ལ་འགོད་པའི་བློ།། མཐའ་ཡས་ཡོན་ཏན་འབྱུང་བའི་སྒོར་མཐོང་ནས།། འགྲོ་བ་འདི་དག་བདག་གི་དགྲར་ལངས་ཀྱང་།། སྲོག་ལས་གཅེས་པར་འཛིན་པ་བྱིན་གྱིས་རློབས།།

ཤེས་གསུངས་ཡོད། འདི་ལྟར་ང་ཚོས་གཞན་གཅེས་འཛིན་གྱི་ཉམས་ལེན་འདི་དམིགས་དོན་གྱི་སྙིང་པོར་བརྩི་དགོས།

ང་ལ་བདག་དང་གཞན་མཉམ་བརྗེ་བྱེད་པའི་ནུས་པ་ངེས་པར་དུ་ཡོད།

རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཡོན་ཏན་ལ་སྒོ་ཀུན་ནས་བསམ་བློ་བཏང་བ་བརྒྱུད་ང་ཚོས་སོ་སོའི་ཡོན་ཏན་རྣམས་རང་གིས་གཅེས་པར་འཛིན་སའི་མི་དེར་བརྗེ་པོ་རྒྱག་དགོས་བསམ་པ་དང་། དེ་ནས་ང་ཚོས་དེ་ལྟར་དངོས་གནས་བརྗེ་པོ་རྒྱག་ཐུབ་ན་བསམ་གྱི་ཡོད། ང་ཚོས་གཏན་གཏན་ཐུབ་ཀྱི་རེད། ང་ཚོས་བརྗེ་པོ་རྒྱག་ཐུབ། རྒྱུ་མཚན་ནི་སངས་རྒྱས་ཉིད་ཀྱང་སྔོན་སངས་མ་རྒྱས་པའི་གོང་ང་ཚོ་དང་འདྲ་བར་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་དང་དཀའ་ངལ་གྱི་འཁོར་བའི་ནང་སྐྱེ་བ་རྒྱུན་མར་བླངས་ཏེ་བཞུགས་ཡོད། གང་ལྟར་ཡང། ཐུབ་པ་སངས་རྒྱས་ཀྱིས་གཞན་གཅེས་འཛིན་གྱི་ཐོག་ནས་བདག་གཞན་མཉམ་བརྗེའི་ཉམས་ལེན་མཛད་དེ། རང་གཞན་གཉིས་ཀའི་འདོད་པ་སྐོང་ཐུབ་པའི་གོ་འཕང་མཐོ་ཤོས་དེ་ཐོབ་པ་རེད།

དེ་ལས་ལྡོག་སྟེ་ང་ཚོས་རང་གཅེས་པར་བཟུང་ནས་གཞན་ཡལ་བར་དོར་ཡོད་ན། གཞན་ལ་ཕན་ཐོཌ་སྒྲུབ་པའི་བྱ་བ་གང་ཡིན་རུང་ཕར་ཞོག སོ་སོ་རང་ཉིད་ལའང་ཕན་ཐོགས་སྤུ་ཙམ་སྒྲུབ་མེད་པ་རེད། རང་གཅེས་པར་འཛིན་པ་དང་གཞན་ཡལ་བར་དོར་བས་ང་ཚོ་རྦད་དེ་ཅི་བྱ་གཏོལ་མེད་ཆགས་པ་དང་།དོན་ངོ་མའི་བྱ་བ་གལ་ཆེན་གང་ཡང་ལེགས་གྲུབ་མི་ཐུབ་པ་ཡོང་གི་ཡོད། དེ་བཞིན་སོ་སོའི་སྡུག་བསྔལ་ལས་ཐར་བར་འདོད་པའི་ངེས་འབྱུང་གི་བསམ་པའམ་ཆོད་སེམས་ངོ་མ་ཞིག་སྐྱེད་མི་ཐུབ། ཐ་ན་ང་ཚོས་རང་ཉིད་སྐྱེ་བ་ཕྱི་མ་ངན་འགྲོའི་གནས་སུ་མི་ལྷུང་བའི་སྔོན་འགོག་ཀྱང་བྱེད་མི་ཐུབ་པ་ཡིན། དེ་ལྟར་རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཡོན་ཏན་ལ་བསམ་བློ་གཏོང་དགོས། གལ་ཏེ་སངས་རྒྱས་ཀྱིས་སྔོན་རང་གི་བསམ་ཕྱོགས་ལ་འགྱུར་བཅོས་བཏང་ཐུབ་པ་བྱུང་ནས་ང་ཚོ་ནང་བཞིན་ཡོད་པའི་སྐབས་ནས་ཉམས་ལེན་འགོ་བཙུགས་གནང་ཡིན་ན། ང་ཚོས་ཀྱང་རང་གི་སྤྱོད་པ་དང་བསམ་ཕྱོགས་འགྱུར་བཅོས་གཏོང་ཐུབ་པ་ཡིན།

དེར་མ་ཟད། གོམས་འདྲིས་འདང་ངེས་ལ་བསྟེན་ནས་ང་ཚོས་རང་གི་ལུས་ལ་གཅེས་པར་འཛིན་པ་ནང་བཞིན་གཞན་གྱི་ལུས་ལའང་གཅེས་པར་འཛིན་ཐུབ་སྲིད་པ་ཡིན། མཐར་ང་ཚོས་རང་གི་ཕའི་ས་བོན་དང་མའི་སྒོ་ང་ལྟ་བུ་གང་ཟག་གཞན་གྱི་ལུས་ལས་ཁམས་དཀར་དམར་བླངས་ཏེ། ད་ལྟ་ང་ཚོས་དེ་དག་སོ་སོའི་ལུས་ནང་བཞིན་གཅེས་འཛིན་བྱེད་ཀྱི་ཡོད། དེ་དག་ནི་ཐོག་མ་ནས་ང་ཚོའི་མ་རེད། དེར་བརྟེན་རང་གི་སྤྱོད་ཚུལ་དང་བས་མ་ཕྱོགས་འགྱུར་བཅོས་གཏོང་རྒྱུ་དེ་མི་སྲིད་པ་ཞིག་མ་ཡིན་པར་བསམ་དགོས། རང་དང་གཞན་ལ་བཅངས་པའི་སྤྱོད་ཚུལ་དེ་ངས་འགྱུར་བ་གཏོང་ཐུབ། སོང་ཙང་། རང་ཉིད་ཀྱིས་སྤྱོད་ལམ་ལ་ལེགས་བཅོས་མ་བཏང་བར་དེ་ལྟར་མི་ཡོང་བ་ཡིན། དེ་ནི་ངས་བྱེད་ཐུབ་པ་ཞིག་ཡིན་པ་ལས་མི་ཐུབ་པ་ཞིག་མིན། རྒྱུ་མཚན་དེར་བརྟེན། “སློབ་དཔོན་མཆོག དེ་ལྟར་ཐུབ་པའི་བྱིན་རླབས་བདག་ལ་གནང་རོགས་མཛོད་” ཅེས་པ་འདི་ནི་ཚིགས་སུ་བཅད་པ་བཞི་པའི་བསྟན་དོན་གཙོ་བོ་དེཡིན།

མདོར་ན་བྱིས་པ་རང་དོན་ཁོ་ན་དང་།། ཐུབ་དབང་གཞན་དོན་འབའ་ཞིག་མཛད་པ་ཡི །།སྐྱོན་དང་ཡོན་ཏན་དབྱེ་བ་རྟོགས་པའི་བློས།། བདག་གཞན་མཉམ་བརྗེ་ནུས་པ་བྱིན་གྱིས་རློབས།། 

ཤེས་གསུངས་ཡོད། དེ་འདྲ་སོང་ཙང་། སྐབས་འདིར་ང་ཚོས་ཐག་གཅོད་བྱེད་རྒྱུ་ནི། ང་ཚོས་བདག་གཞན་མཉམ་བརྗེའི་སེམས་ངེས་པར་དུ་སྐྱེད་ཐུབ་ཅེས་པ་དེ་ཡིན།

ངས་ངེས་པར་དུ་བདག་གཞན་མཉམ་པར་བརྗེ་གི་ཡིན།

འདིར་བསྐྱར་དུ་ང་ཚོས་རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཡོན་ཏན་ལ་བསམ་དགོས། འོན་ཀྱང་ང་ཚོས་བྱེད་སྟངས་གཞན་ཞིག་སྟེ། དེ་གཉིས་ཟུང་དུ་འབྲེལ་ནས་བྱེད་དགོས། ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོས་མི་དགེ་བ་བཅུ་དང་དགེ་བའི་ལས་བཅུ་པོ་རེ་རེ་བྱས་བསམ་བློ་བཏང་ནས། རང་གཅེས་འཛིན་དང་གཞན་གཅེས་འཛིན་དང་འབྲེལ་བའི་ཐོག་ནས་དེ་དག་གི་མཇུག་འབྲས་ལ་བསམ་བློ་གཏོང་དགོས། དཔེར་ན། གལ་སྲིད་ངས་རང་ཉིད་གཅེས་པར་བཟུང་ན། གཞན་གྱི་སྲོག་གཅོད་པར་ཐེ་ཚོམ་མེད་པ་དང་། དེའི་འབྲས་བུ་ནི་བདེ་མེད་ངན་འགྲོའི་དམྱལ་བའི་གནས་སུ་ལྷུང་བ་དང་ཐ་ན་ཕྱིས་སུ་མིར་སྐྱེས་ནའང་ཚེ་ཐུང་བ་དང་ནད་མང་བ་ཡོང་གི་ཡོད། ཕྱོགས་གཞན་ཞིག་ནས་གཞན་གཅེས་པར་བཟུང་ན། གཞན་སྲོག་གཅོད་པ་སྤོང་ཞིང་། དེའི་འབྲས་བུ་ནི་ཕྱི་མ་སྐྱེ་བ་བཟང་པོ་ཞིག་ཏུ་ལེན་ཐུབ་སྟེ། ཚེ་རིང་བ་སོགས་ཡོང་གི་ཡོད། དེ་རྗེས་ང་ཚོས་མ་བྱིན་པར་ལེན་པ་དང་དེ་སྤོང་བ། ལོག་གཡེམ་དང་དེ་སྤོང་བ་སོགས་ཀྱི་ཐོག་ལ་འགྲོ་སྟངས་གཅིག་མཚུངས་སུ་ཡང་ནས་ཡང་དུ་བྱེད་དགོས། མདོར་ན། ཚིགས་སུ་བཅད་པ་ལྔ་པའི་ནང་གསུངས་པའི་ནང་།

རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།། དེ་ཕྱིར་བདག་གཞན་བརྗེ་བའི་རྣལ་འབྱོར་ལ།། ཉམས་ལེན་སྙིང་པོར་བྱེད་པར་བྱིན་གྱིས་རློབས།།

ཤེས་གསུངས་ཡོད།

ང་ཚོའི་ཐག་གཅོད་ལྔ་པ་ནི། ངས་ངེས་པར་དུ་བདག་གཞན་མཉམ་པར་བརྗེ་གི་ཡིན་ཞེས་པ་དེ་ཡིན། དེའི་དོན་ནི་ “ད་ང་ཁྱེད་དང་ཁྱེད་ང་བྱེད་དགོས་” ཟེར་གྱི་མེད་པར། དེས་རང་གིས་གཅེས་འཛིན་བྱེད་སའི་གང་ཟག་ལ་རང་གི་ལྟ་སྟངས་འགྱུར་བཅོས་གཏོང་དགོས་པ་ལ་ཟེར་གྱི་ཡོད། རང་གཅེས་པར་བཟུང་ནས་གཞན་ཡལ་བར་དོར་རྒྱུའི་ཚབ་ཏུ་ང་ཚོས་རང་འདོད་དོན་གཉེར་དེ་ཡལ་བར་དོར་ནས་གཞན་གཅེས་པར་འཛིན་དགོས། གལ་སྲིད་དེ་ལྟར་བྱེད་མ་ཐུབ་ན། བྱ་བ་གང་ཡང་སྒྲུབ་མི་ཐུབ། འོན་ཀྱང་གལ་སྲིད་ང་ཚོས་བསམ་ཕྱོགས་ལ་འགྱུར་བ་དེ་འདྲ་བཏང་བ་ཡིན་ན། དེའི་ཐོག་ནས་བཅོས་མིན་གྱི་བྱམས་བརྩེ་དང་ཤ་ཚ་སྙིང་རྗེ་སྐྱེད་བའི་ཆེད་དུ། ང་ཚོས་སོ་སོའི་བདེ་བ་རྣམས་གཞན་ལ་བསྔོ་བ་དང་གཞན་གྱི་སྡུག་བསྔལ་རྣམས་རང་གིས་དང་ལེན་བྱེད་པའི་དམིགས་རྣམ་དུ་བྱས་ཏེ་སྦྱོང་བརྡར་བྱེད་ཐུབ། དེའི་སྟེང་གཞི་བཞག་སྟེ་གཞན་གྱི་སྡུག་བསྔལ་དང་དཀའ་ངལ་རྣམས་ཚབས་ཆུང་དུ་བཏང་ནས་བདེ་སྐྱིད་བསྐྲུན་ཆེད་ལྷག་པའི་བསམ་པ་ཞིག་སྐྱེད་ཐུབ་པ་དང་བྱང་ཆུབ་ཀྱི་སེམས་གོང་འཕེལ་གཏོང་ཐུབ་པ་ཡོང་གི་ཡོད། དེ་གཉིས་ལ་བརྟེན་ནས་ང་ཚོས་ཇི་ལྟར་འདོད་པ་ལྟར་གཞན་ཕན་གང་ཐུབ་ཅི་ཐུབ་བྱེད་ཐུབ་པའི་ཆེད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བརྩོན་གྱི་ཡོད།

བརྙན་པར། མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་ ༢། “མི་ཚེའི་དོན་སྙིང་།”

ཕྱོགས་བསྡོམས།

ཆོས་འདི་དག་གི་འབྱུང་ཁུངས་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ ༼ཡོངས་གྲགས་སུ་སྤྱོད་འཇུག༽ དང་། བཀའ་གདམས་པའི་དགེ་བཤེས་རྣམས་ཀྱི་གསུང་། དེ་ནས་བཤད་མི་དགོས་པ་ལྟར། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པས་མཛད་པའི་བླ་མ་མཆོད་པ་བཅས་ཡིན། དེ་དག་ཀྱང་༧གོང་ས་མཆོག་གི་ཡོངས་འཛིན་དམ་པ་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གི་གསུང་འབུམ་ནང་གྲངས་ཀྱི་སྡེ་ཚན་བྱས་ཐོན་གྱི་ཡོད། འོན་ཀྱང་ས་བཅད་དང་གྲངས་སོགས་ལ་དགའ་མོས་དང་དོ་དབྱིངས་ཧ་ཅང་ཆེན་པོ་བྱེད་པ་ཙམ་ནི། ང་ཚོའི་མདུན་དུ་སྡེར་མ་གཅིག་གི་ནང་མོག་མོག་བདུན་ཡོད་ན། མོག་མོག་མི་བཟའ་བར་འགྲམ་ཆུ་ལྡང་བཞིན་དུ་མོག་མོག་ག་ཚོད་ཡོད་པ་དང་། དེ་དག་གི་བཟོ་དབྱིབས་ག་ནས་བྱུང་བ་སོགས་ར་སྤྲོད་བྱེད་མཁན་ཞིག་ང་ཚོར་མི་དགོས་པར། མར་བསྡད་ནས་བཟའ་དགོས་པ་ལྟ་བུ་རེད།།

Top