ངས་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་ཐོག་མར་ ༡༩༧༠ ཟླ་བ་ ༡ ལ་གནས་མཆོག་རྡོ་རྗེ་གདན་དུ་མཇལ་འཕྲད་བྱུང་། ཁོང་འཆར་ཅན་དགུན་ཁའི་ཟླ་བ་རྣམས་གནས་དེར་བཞུགས་ནས། དེར་ཡོད་པའི་བོད་པའི་ལྷ་ཁང་ཞིག་གི་ནང་ལོ་རེའི་ཆོས་ཁྲིད་གནང་གི་ཡོད། སྐབས་དེ་དུས་རྡོ་རྗེ་གདན་དེང་སང་ནང་བཞིན་ཡར་རྒྱས་ཕྱིན་མེད་པས། གནས་སྟངས་ཧ་ཅང་སྐྱོ་པོ་ཡོད་པ་མ་ཟད། ཁྲིམས་མེད་ལུང་མེད་ཀྱི་མཛེ་ནད་ཅན་གྱི་སློང་མོ་འཚང་གའི་ངང་མཆོད་རྟེན་གྱི་མདུན་གྱི་ཐལ་བའི་ལམ་གྱི་ཐོག་ཏུ་གྲལ་སྒྲིག་ནས་བསྡད་པ་དང། ལུས་ཀྱི་རྐང་ལག་བཅད་ཤུལ་གྱི་རྨ་ཁ་རུལ་པ་རྣམས་གནས་སྐོར་བ་རྣམས་ལ་བསྟན་ཏེ། སྒྲ་གདངས་གཅིག་ལྡན་གྱི་ངུ་འབོད་དང་བཅས་སློང་མོ་སློང་གི་ཡོད། རང་ཉིད་དེར་ཡོད་པའི་ཕྱི་རྒྱལ་བ་ཉུང་ཤས་ལས་མེད་པའི་ནང་གི་གཅིག་ཡིན་པས། ང་རང་གང་དུ་ཕྱིན་ཀྱང་། གོས་ཧྲུལ་གྱོན་པའི་ཕྲུ་གུ་ཁྱུ་ཚོགས་ཤིག་དྲུག་སྦྲང་ཁྱུ་ཚོགས་འཁོར་བ་ནང་བཞིན་ངས་གྱོན་པའི་དུག་ལོག་ནས་འཐེན་ཏེ་ཊམ་ཀ་འགའ་སློང་བ་དང་། སྐད་ཤུགས་མཐོ་པོའི་ཐོག་སྐད་གདངས་གཅིག་ལྡན་གྱི་ངུ་འབོད་ཡང་ཡང་བྱས་ནས་ “དངུལ། སྐུ་ཞབས་ལགས།” ཟེར་བཞིན་དུ་རྗེས་འདེད་བྱེད་ཀྱི་རེད། ཆོས་དད་ཆེ་བའི་གནས་སྐོར་བས་མཆོད་རྟེན་ཆེན་མོའི་མཐའ་བསྐོར་དུ་སྐོར་བ་དང་ཕྱག་འཚལ་བ། བདག་མེད་ཀྱི་ཁྱི་དང་གདོད་མའི་སེམས་ཅན་འདྲ་བའི་ཕག་པ་རྣམས་རང་དབང་ངང་དེའི་རྒྱབ་ཀྱི་ཞིང་ཁའི་ནང་དུ་ཟས་འཚོལ་ཉུལ་བྱེད་ཀྱི་རེད། དེ་ནི་ཕྱི་རོལ་གྱི་གསང་སྤྱོད་ལ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། དེ་དུས་གང་མཐོང་ཐོས་བྱུང་བའི་ལྗོངས་བཀོད་དེ་ངས་ནམ་ཡང་བརྗེད་ཀྱི་མི་འདུག
སྐབས་དེ་དུས། ཕྲན་ལ་ཡོངས་འཛིན་གླིང་རིན་པོ་ཆེའི་མདུན་ནས་སྤྱན་རས་གཟིགས་ཀྱི་བཀའ་དབང་ཐོག་མ་དེ་ཐོབ་པ་དང་། བྱང་ཆུབ་སེམས་ཀྱི་སྡོམ་པ་ཐོག་མ་དེ་ཡང་བླངས་པ་ཡིན། ཡོངས་འཛིན་གླིང་རིན་པོ་ཆེ་བཞུགས་པའི་ཐུན་མོང་མ་ཡིན་པའི་སྐུའི་གཟི་བརྗིད་དང་ནུས་མཐུ་ནི། དགོན་པའི་རྒྱལ་སྒོའི་ཕྱི་རོལ་གྱི་མཐའ་བསྐོར་དུ་ཡོད་པའི་མི་སྡུག་པའི་གནས་སྟངས་སྐྱོ་པོ་དང་ཟང་ཟིང་ལས་རྦད་དེ་ལྡོག་ཟླ་རེད། ལྷག་པར་དུ་ཡོངས་འཛིན་གླིང་རིན་པོ་ཆེས་ཆོས་གསུངས་པའི་སྐབས། ཁོང་གི་གསུང་སྐད་ནི་རྩོལ་མེད་ངང་། སྙན་ཆ་ལྡན་པའི་ཆུ་བོའི་རྒྱུན་བརྟན་པ་ནང་བཞིན་སེམས་ལ་འཇུག་པོ་ཡོད་པས། ཧ་ལམ་བར་མཚམས་བཞག་ནས་དབུཌ་ཀྱང་ལེན་གྱི་མེད་པ་འདྲ་པོ་ཡོད།
དེ་ནས་ཡོངས་འཛིན་གླིང་རིན་པོ་ཆེ་དང་མཇལ་འཕྲད་རྗེས་མ་དེ་རྡ་རམ་ས་ལར་ཕྱི་ལོ་ ༡༩༧༡ ཟླ་བ་ ༩ ནང་བྱུང་། ངའི་དགེ་བའི་བཤེས་གཉེན་དགེ་བཤེས་ངག་དབང་དར་རྒྱས་ལགས་ནས་ཕྲན་ཤར་པ་དང་ཁམ་ལུང་རིན་པོ་ཆེ་གཉིས་དང་མཉམ་དུ་ཌལ་ཧོར་ནས་རྡ་སར་མཛད་སྒོ་ཆེན་པོ་ཞིག་ལ་བཅར་དུ་འཁྲིད་གནང་བ་རེད།
ྋགོང་ས་མཆོག་གི་ཡོངས་འཛིན་རྣམ་པ་གཉིས་ཀྱིས་ཁོང་དང་དེར་འདུས་པའི་རྒྱུད་གྲྭ་ཁག་ལ་དགེ་ལུགས་པའི་ལུགས་ཀྱི་གསང་སྔགས་བླ་ན་མེད་པའི་དབང་གཙོ་བོ་གསུམ་བསྩལ་གནང་བཞིན་ཡོད། ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཀའ་དབང་གནང་བཞིན་པ་དང་། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ལུ་ཧི་པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་གི་བཀའ་དབང་གནང་བཞིན་ཡོད། ང་རང་གི་ཤེས་ཚོད་ལྟར་ན། འདི་ནི་ཕལ་ཆེར་ྋགོང་ས་མཆོག་ནས་ཁོང་གི་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ནས་མི་མང་གི་མདུན་དུ་བཀའ་དབང་ཐོབ་པ་མཐའ་མ་དེ་རེད།ཁོང་སློབ་མའི་གཙོ་བོ་ཞིག་ཡིན་པ་སོང་ཙང། ྋགོང་ས་མཆོག་ཡོངས་འཛིན་རྣམ་གཉིས་ཀྱི་མདུན་དུ་ཏོག་ཙམ་ཁྲི་དམའ་བའི་གདན་གྱི་སྟེང་དུ་བཞུགས། ཕྲན་ནུབ་ཕྱོགས་པ་གཅིག་པུ་བཅར་མཁན་ཡིན་པའི་ཆ་ནས། ང་དེང་སང་གུ་རུ་རིན་པོ་ཆེ་དང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་ཡོད་སའི་ཁྲིའི་ཟུར་གྱི་སྦུག་ལ་བསྡད་ཡོད།དེ་ནས་ངས་ཐམས་ཅད་གསལ་པོར་མཇལ་ཐུབ་ཀྱི་འདུག།།ྋགོང་ས་མཆོག་གི་ཐུགས་སྒམ་པོའི་རང་བཞིན་དང་། སྙེམ་ཆུང་གི་རང་བཞིན། གུས་ཞབས་ཀྱི་རྣམ་པའི་ཐོག་རང་གི་ཡོངས་འཛིན་རྣམ་གཉིས་ལ་གུས་པ་གནང་ཚུལ་དེ་ནི། རང་གི་དགེ་བའི་བཤེས་གཉེན་དང་། སྔགས་ཀྱི་སློབ་དཔོན་ལ་ཚུལ་མཐུན་གྱི་འབྲེལ་བ་བྱེད་སྟངས་ཀྱི་མིག་དཔེ་ཡུན་གནས་ཐུབ་པ་ཞིག་བསྟན་གནང་ཡོད།
རྗེས་ཀྱི་ལོ་འགའ་ཤས་ནང་། ཕྲན་ལ་ད་དུང་ཡོངས་འཛིན་གླིང་རིན་པོ་ཆེའི་མདུན་ནས་གསུང་ཆོས་དང་བཀའ་དབང་འགའ་ཤིག་ཐོབ་སོང་། དེ་དག་གི་ནང་ནས་དྲན་པའི་ནང་གསལ་ཤོས་ཡོད་པ་ནི་སླར་ཡང་གནས་མཆོག་རྡོ་རྗེ་གདན་གྱི་ལྷ་ཁང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་བསྩལ་གནང་བ་དེ་རེད། དེའི་རིང་། ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དཀྱིལ་འཁོར་གྱི་ཕོ་བྲང་ཁོང་གི་མཐའ་འཁོར་དུ་ཡོད་པའི་བར་སྣང་གི་ཁྱད་ཆོས་འདྲ་མིན་ལ་ཕྱག་མཛུབ་བཙུགས་གནང་ནས་འགྲེལ་བཤད་མཛད་སོང། ཁོང་རང་ཉིད་ཀྱི་དེའི་ཐོག་དམིགས་རྣམ་ཧ་ཅང་གསལ་པོ་ཡོད་པར་བརྟེན། ང་ཚོ་ཆོས་ཞུ་བ་ཚོའི་སེམས་ནང་ལའང་དེ་མངོན་གསུམ་དུ་གསོན་པོར་ཡོད་པ་ཞིག་བཟོས་གནང་ཡོད།
དེ་ལྟ་བུའི་ཁོང་གི་ཉེ་འཁོར་དུ་ཡོད་པའི་མིའི་ནུས་པ་ཤུགས་ཆེ་རུ་གཏོང་ཐུབ་པའི་ཁྱད་ཆོས་དེ་ནི། ཡོངས་འཛིན་གླིང་རིན་པོ་ཆེའི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་ནང་ནས་གཅིག་རེད། ངས་རྒྱུན་དུ་འདི་ “འཕེལ་སྐྱེད་ཀྱི་ཕྲིན་ལས་” ཟེར་བའི་དཔེ་མཚོན་དུ་བཞག་གི་ཡོད། ངའི་བོད་སྐད་ཀྱི་ཆུ་ཚད་དེ་རང་གི་བཤེས་གཉེན་ཚོར་གསུང་སྒྱུར་བྱེད་ཐུབ་པའི་ཆུ་ཚད་ལ་མ་སླེབས་བར། ང་རང་གླིང་རིན་པོ་ཆེར་མཇལ་བཅར་སྐབས་ག་དུས་ཡིན་ནའང་ཧ་ལས་ཀྱི་ཡོད། གང་ལྟར་ཁོང་གིས་གསལ་ཆ་དང་སེམས་སྐུལ་ལྡན་པའི་གསུང་ཆོས་ཀྱི་འོད་མདངས་སྤྲོ་བ་ལ་བརྟེན་ནས། སྐབས་དེ་དུས་ཁོང་གིས་བོད་སྐད་ནང་ཕྲན་ལ་གང་གསུངས་པ་དེ་དག་གཞན་གྱིས་བཤད་པ་ལས་ཀྱང་རྦད་དེ་མགོ་ཡག་ག་ཚོད་ཀྱི་ཡོད། དེ་ནི་ཁོང་ཉིད་ཀྱི་སེམས་ཀྱི་གསལ་ཆའི་རང་བཞིན་དེ་ངའི་ཀླད་པའི་ནང་ཐད་ཀར་་འཆར་བར་བྱས་པ་འདྲ་པོ་ཡོད།
ངའི་བོད་སྐད་ཀྱི་གནས་ཚད་གོང་མཐོར་འདང་ངེས་སོང་རྗེས། ཡོངས་འཛིན་གླིང་རིན་པོ་ཆེས་ཕྱི་རྒྱལ་བ་གཞན་ཚོ་ལ་ཁེ་གཙང་དུ་ཆོས་གསུངས་པའི་སྐབས་ངས་འཆར་ཅན་ཁོང་གི་གསུང་སྒྱུར་བྱས་པ་ཡིན། ཁོང་ལ་གཞན་གྱིས་ཆོས་ཀྱི་ཉམས་ལེན་ཁག་འདྲ་མིན་གི་སྐོར་ལ་འགྲེལ་བརྗོད་རེ་སྐུལ་ག་དུས་ཞུས་ཀྱང་། ཐུགས་གཤིས་ཤིན་ཏུ་བཟང་པོའི་ངང་ཞལ་བཞེས་གནང་བ་དང་། ཕྲན་རང་ཉིད་ཀྱི་ཆོས་ཀྱི་སྐོར་དྭོགས་དྲི་ཡོད་ཚེ་ག་དུས་ཡིན་ཀྱང་ལན་འདེབས་གནང་རྒྱུར་བཀའ་འཁྲོལ་གནང་གི་རེད། རང་ཉིད་ཀྱི་ངོས་ནས་ཀྱང་ཤིན་ཏུ་དཀོན་པའི་གོ་སྐབས་རྩ་ཆེན་དེ་འདྲ་བ་ཞིག་ཕྲན་ལ་གནང་བ་དེ་འཕྲོ་བརླག་མ་འགྲོ་བ་བྱས་པ་ཡིན།
ཐེངས་གཅིག་ངས་སྤྱན་རས་གཟིགས་ཀྱི་ཉམས་ལེན་དང་འབྲེལ་བའི་སྐོར་མགོ་རྙོག་ཅན་ཞིག་ཁོང་གིས་འགྲེལ་བརྗོད་གནང་བ་ལ་གསུང་སྒྱུར་བྱེད་པའི་སྐབས། སློབ་ཕྲུག་དེ་གཟིམ་ཤག་ནང་དུ་མ་སླེབས་སྔོན། ཡོངས་འཛིན་གླིང་རིན་པོ་ཆེས་སློབ་ཕྲུག་དེས་ཉམས་ལེན་དེ་དག་དངོས་སུ་ལག་བསྟར་བྱེད་ཐུབ་ཀྱི་ཡོད་ན་མེད་ན་དགོངས་ཀྱི་ཡོད་ཚུལ་དང་། འོན་ཀྱང་ཁོང་གིས་འགྲེལ་བཤད་ཞིག་བྱེད་རྒྱུ་དེ་དགེ་མཚན་ལྡན་པ་ཚོར་གྱི་འདུག་ཅེས་ང་ལ་གསུངས་གནང་སོང། དེ་ནས་ཁོང་གིས་ཐབས་མཁས་པོའི་ངང་འགྲེལ་བཤད་གཏིང་ཟབ་པོ་དང་ཞིབ་ཕྲ་མེད་ཀྱང་། སློབ་ཕྲུག་དེ་ངར་ཤུགས་དང་སེམས་སྐུལ་ཐེབས་ཐུབ་པའི་འགྲེལ་བརྗོད་འདང་ངེས་ཞིག་གནང་ནས། སློབ་མ་དེའི་ངོས་ནས་ཉམས་ལེན་དེའི་ཐོག་གསར་རྟོགས་འཚོལ་ཞིབ་བྱེད་འདོད་པ་ཞིག་བཟོས་གནང་སོང། ཐབས་འདི་ངས་སློབ་ཁྲིད་བྱེད་པའི་སྐབས་ཀྱི་མིག་དཔེ་ལྟ་ས་ཞིག་ཏུ་གྱུར་ཡོད། དེ་ནི་བཅོས་མིན་གཞན་ཕན་ཀུན་སློང་གྱིས་སློབ་ཁྲིད་བྱེད་རྒྱུ་དེ་དགེ་རྒན་ཞིག་ལ་དགོས་པའི་ཆ་རྐྱེན་གལ་ཆེ་ཤོས་ཞིག་རེད། ཀུན་སློང་དེ་འདྲ་ཞིག་ལ་བརྟེན་ནས། རང་བཞིན་ངང་ཁྱེད་ཀྱིས་སློབ་ཕྲུག་གི་དགོས་མཁོ་དང་གནས་རིམ་ལ་བསྟུན་ནས་འགྲེལ་བརྗོད་རན་ཞིང་འཚམ་པ་ཞིག་རྒྱག་རྒྱུའི་ཚད་འཇལ་གྱི་རེད། ཆོས་ཀྱི་བསླབ་བྱ་ཁག་སློབ་ཕྲུག་གི་ངོས་ནས་དངོས་སུ་ལག་ལེན་འཁྱེར་དང་མ་འཁྱེར་སློབ་ཕྲུག་སོ་སོའི་ལས་འགན་རེད། འདི་ལྟ་བུའི་ཚད་གཞི་མཐོ་པོའི་དགེ་རྒན་ཡང་དག་པ་ཞིག་ཆགས་ཚུལདེ་དཀའ་ལས་ཁག་པོ་ཡོད་པ་རེད།
དཔལ་རྡོ་རྗེ་འཇིགས་བྱེད་མིའི་རང་གཟུགས་སུ་ཡོད་པ། སངས་རྒྱས་ཐམས་ཅད་ཀྱི་དྭངས་གསལ་རང་བཞིན་དང་། བློ་གྲོས། ཤེས་རབ་མཐའ་དག་འདུས་པའི་ཡི་དམ་གྱི་ལྷ་འཇམ་དཔལ་དབྱངས་སྐུ་དྲག་པོའི་རྣམ་པ་ལ་རྒྱ་ཁྱབ་ཏུ་ངོས་འཛིན་བྱེད་པ་བཞིན། ཡོངས་འཛིན་གླིང་རིན་པོ་ཆེས་ཉེ་འཁོར་དུ་ཡོད་པའི་ནུས་མཐུ་ལྡན་པའི་དྭངས་གསལ་རང་བཞིན་ཕྱིར་བཏོན་མཛད་པ་དང་ཆབས་ཅིག་ཁོང་སྲ་བརྟན་རྒྱབ་རྟེན་གྱི་བྲག་རྡོ་ལྟ་བུ་བཞུཌ་ཀྱི་ཡོད། དེ་འདྲའི་ནུས་པའི་རིགས་ཡོད་པའི་སྐབས། རང་ཉིད་རྨོངས་པ་དང་སྤྲོ་ལངས་པའི་ཕྲུ་གུ་ཆུང་ཆུང་ནང་བཞིན་བྱ་སྤྱོད་སྤེལ་བ་དང་བསམ་བློ་གཏོང་རྒྱུ་མཚམས་འཇོག་བྱས་ནས་དེའི་ཚབ་ཏུ་དྭངས་གསལ་དང་གྲུང་པོ། དེ་བཞིན་སེམས་དང་སེམས་ཚོར་གཉིས་ཀ་ཞི་དུལ་དང་བརྟན་པོ་ཡོང་བར་བྱེད་ཀྱི་ཡོད།
ཁྱད་ཆོས་འདིའི་དཔེ་མཚོན་ཞིག་བཞག་ན། ངས་དྲན་གསོས་པ་ཞིག་ལ། ཐེངས་གཅིག་ངས་རྡ་རམ་ས་ལར་ཡོད་པའི་ཡོངས་འཛིན་གླིང་རིན་པོ་ཆེའི་ཤག་ལ་བཅར་དུ་ཕྱིན་པ་ཡིན། ཁོང་གཟིམ་ཁང་གི་ཟུར་ཞིག་དུ་ཡོད་པའི་གཟིམ་ཁྲི་དམའ་པོ་ཞིག་གི་ཐོག་ཏུ་བཞུགས་པ་དང་། ཕྲན་ཟུར་གཞན་ཞིག་དུ་ཡོད་པའི་ཉལ་ཁྲི་དམའ་པོ་ཞིག་གི་སྒང་ལ་བསྡད་ཡོད། ཁོང་གིས་ངའི་སྒོམ་ཉམས་ལེན་དང་འབྲེལ་བའི་དྲི་བ་འགའ་ཤས་ལ་ལན་འདེབས་གནང་བའི་སྐབས། གློ་བུར་དུ་སྡིག་པ་ར་ཙ་ཆེན་པོ་ཞིག་ངེད་གཉིས་ཀྱི་བར་དུ་ཡོད་པའི་ཞ་ལའི་སྟེང་སླེབས་སོང། རྟག་ཏུ་གཟི་བརྗིད་དང་ལྡན་པའི་ཡོངས་འཛིན་གླིང་རིན་པོ་ཆེས་ཕྱག་ཡར་བརྐྱངས་ནས་སྤྲོ་སེམས་འཁོལ་ཞིང་། སེམས་ཚོར་དྲག་པོའི་སྐད་གདངས་དང་བཅས་ཏེ། “སྙིང་རྗེ། སྡིག་པ་ར་ཙ་ཞིག་རེད་འདུག”། ཅེས་གསུངས། དེ་ནས་ཁོང་གིས་སྤྱན་གཉིས་ཆེན་པོ་ཕྱེས་ནས་ང་ལ་གཟིགས་ཏེ། “ཁྱེད་རང་ཞེད་ཀྱི་མི་འདུག་གམ།” ཞེས་གསུངས། ངས་ཁོང་གི་སྤྱན་ལ་མིག་བལྟས་ནས། “རྡོ་རྗེ་འཇིགས་བྱེད་སྐུ་ངོ་མའི་འགྲམ་ལ་ཡོད་ན། ཞེད་སྣང་ག་འདྲ་ཡོང་གི་རེད།” ཅེས་ལན་འདེབས་བྱས། ང་ཞེད་སྣང་བྱུང་མེད་པ་དེ་དངོས་འབྲེལ་རེད། ཡོངས་འཛིན་གླིང་རིན་པོ་ཆེས་ཕྲན་གྱི་ལན་འདེབས་དེ་ལ་བཞད་མོ་རྒྱུན་རིང་ཤོར་གནང་སོང། དེ་ནས་ཁོང་གི་ཞབས་ཕྱི་ཞིག་ནང་དུ་དཀར་ཡོལ་དང་ཤོག་བུ་ལག་ཏུ་འཁྱེར་ནས་འཛུལ་ཡོང་སྟེ། ཤོག་བུ་དེ་སྡིག་པ་ར་ཙའི་འོག་ཏུ་དལ་གྱི་བཞག་ནས་དཀར་ཡོལ་གྱི་ཁེབས་གཡོགས་ཏེ། ལམ་ལུགས་ལ་དང་ཞེན་གྱི་སྒོ་ནས་ཁང་པའི་ཕྱི་རོལ་གྱི་ཁྱམས་རའི་ནང་དུ་གློད་གནང་སོང་། གནས་ཚུལ་དེ་ཆ་ཚང་ཡོངས་འཛིན་གླིང་རིན་པོ་ཆེས་ཕྲན་ལ་སློབ་ཚན་ཞིག་བསླབ་པའི་ཆེད་དུ་སྔོན་ཚུད་ནས་བཀོད་སྒྲིག་གནང་བཞག་ཡོད་པ་འདྲ་པོ་ཞིག་བྱུང་།
མི་ཕལ་ཆེ་བ་ཡོངས་འཛིན་གླིང་རིན་པོ་ཆེའི་རྡོ་རྗེ་འཇིགས་བྱེད་ཀྱི་ནུས་མཐུ་ཁྱད་པར་ཅན་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཁོང་ལ་ཞེད་སྣང་དང་འཚེར་སྣང་བྱེད་ཀྱི་རེད། འོན་ཀྱང་ཡོངས་འཛིན་གླིང་རིན་པོ་ཆེ་ཁོང་རང་ཉིད་ཀྱི་ངོས་ནས་དེ་ལྟར་བྱེད་ན་རན་པོ་ཡོད་པ་རྩ་བ་ནས་གཟིགས་གནང་གི་མེད། ཐེངས་གཅིག་ང་རང་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་དགོན་པར་ཁོང་གི་གཟིམ་ཤག་ནང་མཉམ་དུ་ཡོད་དུས། དགེ་འདུན་པ་གཞོན་སྐྱེས་ཞིག་གིས་དགེ་འདུན་པ་རྣམས་ནས་གཟིམ་ཤག་གི་འོག་ཐོག་ཏུ་ཆོ་ག་མཆོད་འབུལ་བྱེད་པ་ལས་ “ཚོགས་” སྡེར་མ་གང་འཁྱེར་ནས་གཟིམ་ཤག་ནང་འཛུལ་ཡོང་དུས། གྲྭ་པ་དེ་བླ་མ་མཁས་པ་ཆེན་པོ་དེ་འདྲ་ཞིག་གི་དྲུང་དུ་བཅར་བར་དངངས་འཚབ་དང་ཞེད་སྣང་བྱུང་ཡོད་པ་གསལ་པོ་རེད། གྲྭ་པ་དེ་ཕྱིར་ཐོན་པའི་རྗེས་སུ་རིན་པོ་ཆེ་བཞད་མོ་ཤོར་བ་དང་སྦྲགས། “ཁོང་ཚོ་ཚང་མ་ང་ལ་ཞེད་སྣང་བྱེད་ཀྱི་འདུག །ཞེད་སྣང་བྱེད་དགོས་དོན་གང་ཡང་མེད། བྱེད་དགོས་དོན་འདུག་གམ།” ཞེས་ང་ལ་གསུངས་སོང་།
ཕྱི་ཚུལ་ལ་རྡོ་རྗེ་འཇིགས་བྱེད་སྐུ་དྲག་པོ་དང་ནང་དུ་འཇམ་དཔལ་དབྱངས་ཀྱི་སྙིང་རྗེའི་ཐུགས་དང་ལྡན་པ་འདྲ་བར། ཡོངས་འཛིན་གླིང་རིན་པ་ཆེ་ནི་ཕྱི་ཚུལ་ལ་ནན་པོ་དང་བཙན་པོ་ཡོད་པའི་སྲ་བརྟན་རང་བཞིན་གྱི་རྒྱབ་རྟེན་གལ་ཆེན་ཞིག་དང་འདྲ་ཡང་། ནང་དུ་ཐུགས་བརྩེ་བ་དང་ལྡན་ཞིང་། སེམས་པ་བཟང་ལ་རྣམ་དཔྱོད་དཔག་ཏུ་མེད་པ་ཞིག་ཡོད། རང་ཉིད་ཁོང་གི་སློབ་མ་དང་སྐབས་རེ་ཁོང་གི་གསུང་སྒྱུར་བ་ཞིག་བྱས་མྱོང་བའི་ཆ་ནས་ཤིན་ཏུ་ནི་བསོད་ནམས་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད།།