སྡུག་བསྔལ་ངོས་འཛིན་པ།
ང་ཚོས་མྱོང་བའི་སྡུག་བསྔལ་ལ་རིགས་གཉིས་ཡོད་པ་ལས། མི་ཡིན་པའི་ཆ་ནས་འཕྲལ་དུ་མཐོང་ཐུབ་པའི་སྡུག་བསྔལ་དང་། མངོན་ཤེས་མེད་པར་ང་ཚོས་མཐོང་མི་ཐུབ་པའི་རིགས་བཅས་གཉིས་ཡོད། དང་པོ་ནི་ང་ཚོ་ཐོག་མར་སྐྱེ་བའི་བརྒྱུད་རིམ་ཁྲོད་ཀྱི་སྡུག་བསྔལ་དང་། སྐབས་སྐབས་སུ་ན་བའི་རྐྱེན་གྱིས་མི་བདེ་བའི་རང་བཞིན། རྒ་བ་དང་རྒས་འཁོགས་ཆགས་པའི་སྐབས་ཀྱི་སྡུག་བསྔལ་མྱོང་བ། དེ་བཞིན་འཆི་བའི་འཇིགས་སྐྲག་བཅས་དེའི་ཁོངས་སུ་གཏོགས་པ་ཡིན།
འཆི་བའི་རྗེས་ཀྱི་སྡུག་བསྔལ་རྣམས་མི་དཀྱུས་མས་མཐོང་མི་ཐུབ། ང་ཚོའི་བསམ་པར། འཆི་བའི་རྗེས་སུ་བསྐྱར་དུ་མིའི་སྐྱེ་བ་ལེན་ཤས་ཆེ་བར་བསམ་གྱི་ཡོད། འོན་ཀྱང་དེ་འདྲ་ཞིག་ཡོང་བའི་ངེས་པ་མེད། དེ་འདྲ་བའི་འཕེལ་འགྱུར་ཞིག་འབྱུང་གི་ཡོད་པར་བདེན་པར་འཛིན་པར་རྒྱུ་མཚན་གྱི་རིག་པ་གང་ཡང་མེད་ལ། འཆི་བའི་རྗེས་ང་ཚོ་སྐྱེ་བ་ནམ་ཡང་ལེན་གྱི་མེད་པའི་དོན་ཡང་མ་ཡིན།
ང་ཚོས་ལེན་པར་ངེས་པའི་ཡང་སྲིད་བྱེ་བྲག་པའི་ཐད་ཤེས་རྟོགས་ཐུབ་རྒྱུ་ནི་ཧ་ཅང་ཁག་པོ་ཡིན་ཅིང་། ང་ཚོའི་ཤེས་བྱའི་ཡུལ་ལས་འདས་པ་ཞིག་ཡིན། གལ་སྲིད་ཚེ་འདིའི་ནང་ང་ཚོས་དགེ་བའི་ལས་གསོག་པ་ཡིན་ན། སྐྱེ་བ་ཕྱི་མར་ལུས་རྟེན་བཟང་པོ་ཞིག་འཐོབ་རྒྱུ་ནི་རང་བཞིན་ཡིན། དེ་ལས་ལྡོག་སྟེ། གལ་ཏེ་ང་ཚོས་མི་དགེ་བའི་ལས་བསགས་པ་ཡིན་ན། བདེ་འགྲོའི་སྐྱེ་བ་མི་ལེན་ཞིང་། ངན་འགྲོའི་གནས་ལ་ལྟུང་ནས་སྡུག་བསྔལ་མང་པོ་མྱོང་དགོས་པ་ནི་ངེས་པ་ཡིན། ཡང་སྲིད་ལེན་ཚུལ་དེ་ལྟར་ཡིན། གལ་སྲིད་ང་ཚོས་གྲོའི་ས་བོན་བཏབ་ན། གྲོ་འབའ་ཞིག་སྐྱེ་བ་དང་། འབྲས་བཏབ་ན་འབྲས་སྐྱེ་གི་ཡོད། དེ་ག་ནང་བཞིན་མི་དགེ་བའི་ལས་བསགས་པ་ལས་ང་ཚོས་དམྱལ་བ་དང་། ཡི་དྭགས། དུད་འགྲོ་བཅས་ངན་སོང་གསུམ་གང་རུང་ནང་དུ་སྐྱེ་བ་ལེན་པའི་ས་བོན་འདེབས་ཀྱི་ཡོད།
དམྱལ་ཁམས་ ༼བདེ་བ་མེད་པའི་ཁམས་༽ མི་འདྲ་བ་བཞི་ཡོད་པ་ནི། ཚ་དམྱལ་དང་། གྲང་དམྱལ། ཉེ་འཁོར་བ། ཉི་ཚེ་བ་བཅས་ཡིན། དེ་དག་གི་ནང་གསེས་ལ་རྒྱས་པར་ཕྱེ་ན། ཚ་དམྱལ་མི་འདྲ་བ་བརྒྱད་ཡོད། དང་པོ་ནི། ཡང་སོས་ཞེས་གྲགས་པ་ཡིན། དེ་ནི་དམྱལ་ཁམས་གཞན་ལ་ལྟོས་ནས་སྡུག་བསྔལ་ཉུང་ཤོས་ཤིག་ཡིན་པ་དང་། འདིར་མྱོང་བའི་སྡུག་བསྔལ་གྱི་ཁྱབ་ཚད་ཤེས་རྟོཌ་ཡོང་བ་ལ། སྐབས་འདིར་མེ་དོང་གི་ནང་ལྷུང་བའི་མི་ཞིག་གི་སྡུག་བསྔལ་དང་ཚ་དམྱལ་གྱི་རིམ་པ་དང་པོའི་ནང་གི་སེམས་ཅན་གྱིས་མྱོང་བའི་སྡུག་བསྔལ་དང་མཚུངས་བསྡུར་བྱས་ན། སྡུག་བསྔལ་ཕྲན་བུ་ཉུང་བ་ཡོད། ཡང་སོས་ཀྱི་འོག་གི་དམྱལ་ཁམས་རེ་རེའི་ནང་རིམ་པ་བཞིན་སྡུག་བསྔལ་གྱི་ཚད་ཤུགས་ཇེ་ཆེ་འགྲོ་གི་ཡོད།
མ་གཞི་དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་རྣམས་ང་ཚོས་མཐོང་མི་ཐུབ་ཀྱང་། དུད་འགྲོའི་སྡུག་བསྔལ་ང་ཚོས་མཐོང་ཐུབ། གལ་སྲིད་ང་ཚོ་དུད་འགྲོའི་སྐྱེ་བ་བླངས་པ་ཡིན་ན། ག་རེ་ཡོང་གི་རེད་ཅེས་བསམ་ན། འདིར་རྒྱ་གར་ནང་སྲང་ལམ་ཁྲོད་ཀྱི་དུད་འགྲོ་དང་སྲོག་ཆགས་རྣམས་ཀྱིས་མྱོང་བཞིན་པའི་དུད་འགྲོའི་ཁལ་མ་ལ་བལྟས་ནས། དུད་འགྲོའི་སྐྱེ་བ་བླངས་ན་ག་རེ་འབྱུང་མིན་ཐད་བསམ་བློ་ཐོངས་དང་། ཆོས་ཀྱིས་འདི་འདྲ་བའི་ངན་འགྲོའི་སྐྱེ་བའི་སྡུག་བསྔལ་མྱོང་བ་ལས་ང་ཚོ་སྐྱོབ་པ་དང་སྲུང་བར་བྱེད་ཀྱི་ཡོད།
དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་ནང་སླར་སྐྱེ་བ་ལེན་པའི་འཁོར་ལོ་ཡོངས་རྫོཌ་སྡུག་བསྔལ་གྱི་རང་བཞིན་ཡིན། ཆོས་ཞེས་པ་ནི། ང་ཚོ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་མཁན་དེ་ཡིན། དེར་མ་ཟད། ཐེག་པ་ཆེན་པོའི་ཆོས་ཀྱིས་ང་ཚོ་ཙམ་མིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པར་བྱེད་ཀྱི་ཡོད།
ཉེན་མེད་ཁ་ཕྱོགས་ལ་སྐྱབས་སུ་འགྲོ་བ།
ནང་ཆོས་ནང་། སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་གྱི་སྐོར་མང་པོ་ཐོས་ཀྱི་ཡོད། དང་པོའི་ནང་ཡོངས་སུ་མངོན་པར་རྫོགས་པའི་གང་ཟག་ཆོས་སྟོན་མཁན་ཐམས་ཅད་ཚུད་ཀྱི་ཡོད། སངས་རྒྱས་ཤཱཀྱ་ཐུབ་པས་བདེན་པ་བཞི་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་དང་པོ་དེ་ཡུལ་ཝཱ་རཱ་ཎ་སཱིར་སྐོར་བ་དེ་ང་ཚོར་གལ་ཆེ་ཤོས་ཆགས་ཀྱི་ཡོད། བདེན་པ་བཞི་ལས་མཐའ་མ་ལམ་གྱི་བདེན་པས་ཐར་པ་འཐོབ་པའི་ཆེད་ཉམས་སུ་ལེན་དགོས་པའི་ཆོས་ཡིན། དེ་ནི་ཉེན་མེད་ཁ་ཕྱོགས་ལ་སྐྱབས་སུ་འགྲོ་བའི་ཡུལ་ཆོས་དཀོན་མཆོག་ཟེར་བ་དེ་ཡིན།
ཆོས་ཀྱི་ཉམས་ལེན་ནང་འཁོར་བའི་རྩ་བ་སྡུག་བསྔལ་ངོས་འཛིན་བྱ་རྒྱུ་དང་། དེ་དག་གི་རྩ་བ་མེད་པ་བཟོ་རྒྱུ་བཅས་གཉིས་འཚུད་ཀྱི་ཡོད། ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་རྩ་བ་ག་རེ་རེད་ཟེར་ན། དེ་ནི་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་བདེན་པར་གྲུབ་པར་འཛིན་པ་དང་གང་ཟག་བདེན་པར་གྲུབ་པར་འཛིན་པ་དེ་ཡིན། དེ་ལྟར་སྡུག་བསྔལ་ཚང་མ་ཡོང་བཅུག་མཁན་གྱི་འཛིན་པ་ལ་ང་ཚོས་ཞེན་ལོག་སྐྱེ་དགོས་ཤིང་། དངོས་པོའི་གནས་ལུགས་ལ་འཛིན་པ་དེའི་མཉེན་པོ་ལ་ང་ཚོས་ཤེས་རྟོགས་བྱེད་དགོས་ངེས་ཡིན། གཉེན་པོ་དེ་ནི། བདག་མེད་རྟོགས་པའམ་ངོ་བོ་ཉིད་ཀྱིས་མེད་པར་རྟོགས་པའི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་དེ་ཡིན། དེ་ལྟར་བདག་མེད་པའི་གནས་ལུགས་རྟོགས་པ་བརྒྱུད་ང་ཚོ་སྡུག་བསྔལ་ལས་ཐར་བ་བྱེད་ཀྱི་ཡོད།
འཁོར་བའི་ནང་ང་ཚོས་མྱོང་བཞིན་པའི་སྡུག་བསྔལ་རྣམས་རྒྱུ་མེད་ལས་སྐྱེས་པ་མ་ཡིན་པར། དེ་དག་ནི་ཉོན་མོངས་དང་ཉོན་མོངས་དེས་སྐྱེན་བྱས་ནས་སྐྱེས་པའི་ལས་ལ་བརྟེན་ནས་བྱུང་བ་ཡིན། ཉོན་མོངས་དང་ལས་ཀུན་གྱི་རྩ་བ་ནི་བདག་ཏུ་འཛིན་པ་ཡིན་ཅིང་། ང་ཚོས་དེ་རྟོགས་པ་ན། དེ་ལྟ་བུའི་བདག་འཛིན་གྱི་མཉེན་པོ་བསྟེན་པ་ལ་མངོན་འདོད་བྱེད་ཀྱི་ཡོད། ང་ཚོས་ད་དུང་རང་རྒྱུད་ལ་མཉེན་པོ་དེ་སྐྱེ་མི་ཐུབ་པའི་རྒྱུ་མཚན་ག་རེ་ཡིན་ནམ། ང་ཚོས་ག་རེ་བྱས་ནས་བདག་མེད་མ་རྟོགས་པ་རེད། དྲི་བ་འདི་དག་གི་རྒྱུ་མཚན་གཅིག་ནི། ང་ཚོས་འཆི་བ་དང་མི་རྟག་པ་ཚུལ་བཞིན་དུ་འདང་ངེས་ཤིག་རྟོགས་མེད་པ་སོང་ཙང་རེད།
འཆི་བ་དང་མི་རྟག་པ།
སྐྱེ་བའི་ངེས་པའི་འབྲས་བུ་གཅིག་པུ་ནི་འཆི་བ་ཡིན། ང་ཚོས་འཆི་བ་ལས་གཡོལ་མི་ཐུབ་པར་འཆི་རྒྱུ་ངེས་པ་རེད། འཆི་བ་ཐོག་ཏུ་མ་འབབ་པའི་སེམས་ཅན་གཅིག་ཀྱང་མེད། མི་རྣམས་ཀྱིས་འཆི་བའི་དོན་རྐྱེན་ཟློག་ཐབས་མང་པོ་བྱེད་ཀྱི་ཡོད། འོན་ཀྱང་དེ་མི་སྲིད་པ་ཡིན། སྨན་གང་འདྲ་ཞིག་གིས་འཆི་བ་ལས་སྐྱོབ་མི་ཐུབ།
“ང་འཆི་རྒྱུ་རེད་” བསམ་པ་ཙམ་ནི། འཆི་བ་སྒོམ་པའི་ཐབས་ལམ་ཡང་དག་པ་ཞིག་མིན། མི་ཚང་མ་འཆི་རྒྱུ་ཡིན་པ་ནི་བཤད་མི་དགོས་པ་རེད། འོན་ཀྱང་དངོས་ཡོད་ཀྱི་གནས་ཚུལ་དེ་རང་ལ་བསམ་བློ་རྐྱང་རྐྱང་གཏོང་བ་ཙམ་གྱིས་ཕན་ཐོགས་ཆེན་པོ་དེ་ཙམ་མེད། དེ་ནི་འོས་ཤིང་འཚམས་པའི་ཐབས་ལམ་ཞིག་མིན། དེ་ག་ནང་བཞིན་ང་ཚོ་འཇིག་འགྲོ་བ་དང་། ཉམས་གུད་འགྲོ་བ། ང་ཚོའི་ལུས་པོ་མཐར་འཇིག་ནས་སོ་སོར་བྲལ་རྒྱུ་ཡིན་པའི་དོན་དངོས་ལ་བསམ་བློ་གཏོང་བ་ཙམ་གྱིས་ཀྱང་ཕན་གྱི་མེད། འོ་ན་ང་ཚོས་ག་རེ་བྱེད་དགོས་ཟེར་ན། ང་ཚོའི་རྒུད་པ་མི་ཡོང་བའི་ཟློག་ཐབས་གང་འདྲ་སེ་བྱེད་རྒྱུའི་ཐད་ལ་བསམ་བློ་གཏོང་དགོས་ཀྱི་ཡོད།
གལ་སྲིད་ང་ཚོས་འཆི་བའི་དུས་ཀྱི་འཇིགས་པ་དང་འཇིགས་པ་དེ་མེད་པ་བཟོ་རྒྱུར་བསམ་བློ་བཏང་བ་ན། འཆི་བ་སྒོམ་པ་གནད་ལ་སྨིན་པོ་ཞིག་ཡོང་རྒྱུ་རེད། སོ་སོ་འཚོ་བཞིན་པའི་སྐབས་མི་དགེ་བའི་ལས་མང་པོ་བསགས་པའི་མི་རྣམས་འཆི་བའི་ཚེ་སེམས་ནང་དངངས་སྐྲག་ཆེན་པོ་ཡོང་གི་ཡོད་ཅིང་། ཁོ་ཚོ་ངུ་སྐད་ཤོར་བ་དང་། མིག་ཆུ་ཤོར་བ། ཁ་ཆུ་འཛར་བ། སོ་སོའི་གྱོན་ཆས་ནང་བཙོག་པ་ཤོར་བ་སོགས་མྱོང་ཚོར་ཧ་ཅང་ཤུགས་དྲག་ཡོང་གི་ཡོད། འཆི་བའི་སྐབས་སུ་སྡུག་བསྔལ་གྱི་རྟཌ་མཚན་གསལ་པོ་ཡོང་གི་ཡོད་པ་ནི། རང་གི་མི་ཚེའི་ནང་མི་དགེ་བའི་ལས་བྱས་པ་ལ་བརྟེན་ནས་འཇིགས་པ་བྱུང་བ་སོང་ཙང་རེད།
ཡང་མིན་ན་གལ་སྲིད་ང་ཚོས་མི་ཚེའི་ནང་མི་དགེ་བའི་ལས་སྤོང་བ་ཡིན་ན། འཆི་བ་ཡོང་བའི་སྐབས་སུ་དེ་ལ་གདོང་ལེན་བྱེད་ཡག་དཔེ་ལས་སླ་པོ་ཡོད། ཕྲུ་གུ་ཞིག་ནང་དུ་ཕ་མའི་འཁྲིས་སུ་ལོག་འགྲོ་བ་ལྟ་བུའི་དགའ་སྤྲོའི་མྱོང་བ་ཞིག་ཡོད། གལ་སྲིད་ང་ཚོས་སོ་སོ་རྒྱུད་ཀྱི་སྡིག་པ་དག་པར་བྱས་ཡོད་ན། བདེ་བའི་ངང་འཆི་ཐུབ་ཀྱི་རེད། མི་དགེ་བ་བཅུ་སྤངས་ཏེ་དེ་དག་གི་ལྡོག་ཕྱོགས་དགེ་བའི་ལས་བཅུ་པོ་རྒྱུད་ལ་བསྐྱེད་པ་ལ་བརྟེན་ནས་འཆི་བ་ཡོང་བའི་སྐབས་ལས་སླ་པོ་དང་། དེའི་འབྲས་བུར། ང་ཚོ་སྐྱེ་བ་ཕྱི་མ་སྡུག་བསྔལ་མྱོང་མི་དགོས་པར། ང་ཚོ་སྐྱེ་བ་བཟང་པོ་བདེ་འགྲོའི་གནས་སུ་སྐྱེ་རྒྱུ་ཡིན་པ་ཐག་གཅོད་ཆོག་པ་ཡིན། སྨན་གྱི་སྡོང་བུའི་ས་བོན་བཏབ་པ་ལས་ང་ཚོར་སྨན་དུ་བཀོལ་རུང་བའི་སྡོང་བུ་འཐོབ་པ་དང་། དུག་ཅན་གྱི་སྡོང་བུའི་ས་བོན་བཏབ་པ་ལས་ང་ཚོར་གནོད་འཚེ་ཅན་གྱི་འབྲས་བུ་ཉིད་སྐྱེ་གི་ཡོད་པ་ནང་བཞིན་གལ་ཏེ་ང་ཚོའི་སེམས་རྒྱུད་ནང་བཟང་ཕྱོགས་དགེ་བའི་ལས་ཀྱི་སྡོང་བུའི་ས་བོན་བཏབ་ན། སྐྱེ་བ་ཕྱི་མར་ང་ཚོར་འབྲས་བུ་བདེ་བ་མྱོང་བ་དང་།ང་ཚོའི་ལུས་སེམས་གཉིས་ཀའི་ཐོག་ནས་བཀྲ་ཤིས་ལ་བསོད་བདེ་ཆེ་བའི་གནས་སྟངས་ཡོང་གི་རེད། ཆོས་ཀྱི་གཞི་རྩའི་བསླབ་བྱ་འདི། མི་དགེ་བའི་ལས་སྤངས་ནས་དགེ་བའི་ལས་གསོག་དགོས་པ་ཡིན། དེ་ཡང་ནང་ཆོས་གཅིག་པུ་ལས་གསུངས་པ་མ་ཡིན་པར། ཡེ་ཤུ་ཚུད་པའི་ཆོས་ལུགས་གཞན་མང་པོའི་ནང་གཅིག་པ་གསུངས་ཡོད།
འཆི་བ་དང་མི་རྟག་པ་ང་ཚོས་ཇི་ལྟར་སྒོམ་དགོས་སམ། གོང་དུ་བརྗོད་པ་ནང་བཞིན་ “ང་འཆི་རྒྱུ་རེད་” བསམ་པ་ཙམ་གྱིས་ཕན་ཐོགས་ཆེན་པོ་དེ་ཙམ་མེད། དེར་བརྟེན། “གལ་ཏེ་ངས་མི་དགེ་བའི་ལས་བཅུ་པོ་གང་རུང་བྱས་ཡོད་པ་ཡིན་ན། འཆི་བའི་སྐབས་སུ་ང་ལ་འཇིགས་སྣང་དང་སྡུག་བསྔལ་ཧ་ཅང་མང་པོ་ཡོང་རྒྱུ་ཡིན་པ་དང་། དེའི་འབྲས་བུར། ང་སྐྱེ་བ་ཕྱི་མར་བཀྲ་མི་ཤིས་པའི་ཚབས་ཆེན་ངན་འགྲོའི་གནས་སུ་ལྷུང་རྒྱུ་རེད། ཅེས་དང་། ཡང་ཕྱོགས་གཞན་ཞིག་ནས། གལ་ཏེ་ང་རང་འཚོ་བའི་སྐབས། ངས་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ལས་བསགས་ཡོད་ན། འཆི་བའི་སྐབས་འཇིགས་སྣང་དང་སྡུག་བསྔལ་མི་མྱོང་ལ། སྐྱེ་བ་ཕྱི་མར་བདེ་འགྲོའི་གནས་སུ་སྐྱེ་བ་ལེན་རྒྱུ་རེད།” ཅེས་ང་ཚོས་བསམ་བློ་དེ་འདྲ་ཞིག་གཏོང་དགོས་ཀྱི་ཡོད། དེ་ནི་འཆི་བ་སྒོམ་པའི་ལམ་ཡང་དག་པ་ཞིག་ཡིན།
“ང་འཆི་རྒྱུ་ཡིན་པ་དང་། དེ་ལ་ངས་གང་ཡང་བྱེད་མི་ཐུབ་” ཅེས་སྒོམ་ནི་ཡི་མུག་ཅན་དང་སྡུག་ས་ནས་ལྟ་བའི་བསལ་བློ་གཅིག་པུ་ཡིན་མི་དགོས། དེ་ལས་ལྡོག་ཏེ། ང་ཚོ་འཆི་བའི་སྐབས་ལ་ག་རེ་འབྱུང་མིན་ཐད་བསམ་བློ་གཏོང་དགོས། དཔེར་ན། “ང་འཆི་བའི་རྗེས་སུ་ག་པར་འགྲོ་གི་ཡོད་པ་དང་། ངས་རྒྱུ་གང་འདྲ་ཞིག་བསགས་ཡོད་པ། རང་གི་འཆི་ལམ་བདེ་པོ་ཞིག་བཟོ་ཐུབ་བམ། ཐུབ་ན་ག་འདྲ་སེ་ཐུབ་བམ། ངས་སྐྱེ་བ་ཕྱི་མ་སྐྱིད་པོ་ཞིག་བཟོ་ཐུབ་བམ། ཐུབ་ན་ག་འདྲ་སེ་ཐུབ་” ཅེས་བསམ་བློ་གཏོང་བ་ལྟ་བུ་རེད།
སྐྱེ་བ་ཕྱི་མ་སྒོམ་པའི་སྐབས། འཁོར་བའི་ནང་ཡིད་རྟོན་འོས་པའི་གནས་ཤིག་མེད་པ་ང་ཚོས་དྲན་དགོས། ལུས་གང་ཞིག་བླངས་ཀྱང་ཁྱད་པར་མེད། མཐར་འཇིག་འགྲོ་གི་ཡོད། ལོ་ངོ་བརྒྱ་ཕྲག་གཅིག་གམ་ཐ་ན་སྟོང་ཕྲག་གཅིག་གི་སྔོན་བསྡད་པའི་མི་ཁ་ཤས་ང་ཚོས་ལོ་རྒྱུས་ལས་ཤེས་ཀྱི་ཡོད། འོན་ཀྱང་ཁོང་ཚོའི་ལོ་རྒྱུས་ཇི་ཙམ་སྙན་གྲགས་ཆེ་ཡང་། མཐར་འཆི་བ་མ་བྱུང་བའི་མི་གཅིག་ཀྱང་མེད། འཁོར་བའི་སྐྱེ་བ་གང་འདྲ་ཞིག་བླངས་ཀྱང་འཆི་རྒྱུ་ཡིན་པ་ངེས་པ་རེད།
དེར་མ་ཟད། ང་ཚོ་འཆི་བ་ལས་གཡོལ་ཐུབ་པའི་གནས་གཅིག་ཀྱང་མེད། ང་ཚོ་གང་དུ་ཡོད་ཀྱང་ཁྱད་པར་མེད། དུས་ཚོད་སླེབས་པའི་སྐབས། ང་ཚོ་འཆི་དགོས་ཀྱི་ཡོད། དེ་ནས་སྨན་དང་གཟུངས་སྔཌ་སམ་ཉམས་ལེན་གང་གིས་ཀྱང་ཕན་ཐོགས་ཀྱི་མ་རེད། བཤག་བཅོས་བྱེད་པ་ལས་ང་ཚོའི་གཟུཌ་པོའི་ནང་གི་ནད་གཞི་ཁག་ཅིག་བཅོས་ཐུབ་ཀྱང་། འཆི་བ་འགོག་ཐུབ་པ་ནི་གཅིག་ཀྱང་མེད།
སྐྱེ་བ་གང་འདྲ་ཞིག་བླངས་ཀྱང་ཁྱད་པར་མེད། འཆི་ཡག་ཡིན་པ་ངེས་པ་ཡིན་ལ་འཆི་བའི་བརྒྱུད་རིམ་དེ་འགྲོ་བཞིན་ཡོད། ང་ཚོའི་ལས་ལ་བརྟེན་པའི་ཕུགས་ཀྱི་འབྲས་བུ་དང་། ང་ཚོའི་སྐྱེ་བ། མི་ཚེ། འཆི་བ། ཡང་སྲིད་བཅས་ཀྱི་བརྒྱུད་རིམ་ཐོག་ལ་བསམ་བློ་གཏོང་བས་ང་ཚོས་བཟང་པོ་དགེ་བའི་ལས་སྒྲུབ་པར་ཕན་ཐོགས་ཀྱི་རེད།
མ་གཞི་ང་ཚོས་མཚམས་རེ་ཆོས་ཉམས་ལེན་བྱ་རྒྱུའི་འཆར་གཞི་སྒྲིག་གི་ཡོད་ཀྱང་། དེ་ཡང་ནམ་རྒྱུན་སང་ཉིན་ནམ་གནངས་ཉིན་བྱ་རྒྱུའི་འཆར་གཞི་བཟོ་ཡི་ཡོད། གང་ལྟར་ཡང་། ང་ཚོ་སུ་གཅིག་གིས་ཀྱང་སོ་སོ་ག་དུས་འཆི་གི་ཡོད་མེད་བཤད་ཐུབ་ཀྱི་མེད། གལ་ཏེ་ང་ཚོས་ལོ་བརྒྱ་ཐམ་པ་འཚོ་གནས་བྱ་རྒྱུའི་གོ་སྐབས་ཡོད་པར་ཁག་ཐེག་བྱེད་ཐུབ་ན། ང་ཚོས་དུས་ཚོད་སྟོང་བ་གང་ཞིག་གི་ཁྲོད་ཉམས་ལེན་བྱ་རྒྱུ་གྲ་སྒྲིག་བྱེད་ཐུབ། འོན་ཀྱང་ང་ཚོ་ག་དུས་འཆི་མིན་ངེས་གཏན་རྩ་བ་ནས་མེད། དེར་བརྟེན་ཉམས་ལེན་བྱ་རྒྱུ་དེ་ཕར་འགྱངས་བྱེད་པ་ནི་གླེན་རྟགས་རང་ཡིན། མི་ཁག་ཅིག་མ་སྐྱེས་གོང་མ་ཡི་མངལ་ནང་འཆི་བ་དང་། ཁག་ཅིག་གོམ་པ་སྤོ་སྟངས་མ་སྦྱངས་གོང་གི་བྱིས་པ་ཆུང་ཆུང་གི་གནས་སྐབས་ནས་འཆི་གི་ཡོད། དེ་འདྲ་སོང་ཙང་། ང་ཚོ་ཚེ་རིང་པོ་སྡོད་ཀྱི་ཡོད་པའི་ངེས་གཏན་ནམ་ཡང་མེད།
ང་ཚོའི་གཟུགས་པོ་ནི་རྒུད་ཆག་ཆོག་ཆོག་ཡིན། གལ་ཏེ་ང་ཚོའི་ལུས་པོ་འདི་རྡོའམ་ལྕགས་ལས་གྲུབ་པ་ཞིག་ཡིན་ན། ཕལ་ཆེར་བརྟན་པའི་རང་བཞིན་གྱི་ཚོར་བ་འགའ་སྟེར་སྲིད། འོན་ཀྱང་གལ་ཏེ་ང་ཚོས་བརྟག་ཞིབ་བྱས་ན། འགྲོ་བ་མིའི་ལུས་པོ་ནི་ཧ་ཅང་གནས་སྟངས་ཞན་པོ་ཡོད་ཅིང་། གོད་ཆག་འབྱུང་ཧ་ཅང་སླ་པོ་ཡོད་པ་དང་། དེ་ནི་ཤིན་ཏུ་ཕྲ་ལ་ཆག་སྐྱོན་ཤོར་ཆོག་ཆོག་གི་ཆ་ཤས་གྲངས་མེད་ལས་བཟོས་པའི་ལག་འདོགས་ཆུ་ཚོད་གཅིག་དང་འདྲ་བར། ཡིད་རྟོན་ཅི་ཡང་མི་རུང་། ང་ཚོར་འཆི་བའི་རྐྱེན་ཧ་ཅང་མང་པོ་ཡོད། དཔེར་ན། ཟས་རིགས་ལ་དུག་ཤོར་བ་དང་། འབུ་སྲིན་གྱིས་སོ་བརྒྱབ་པ། དུག་ཅན་གྱི་ཚེར་མ་སོགས་ཟུག་པ་ལྟ་བུའི་རྐྱེན་ཆུང་ཆུང་གིས་ང་ཚོའི་སྲོག་འཕྲོག་ཐུབ། ཐ་ན་ང་ཚོའི་འཚོ་གནས་ལ་མཐུན་པའི་རྐྱེན་ཟས་རིགས་དང་འཐུང་རིགས་སོགས་ཀྱང་མི་མཐུན་པ་སྲོག་འཕྲོག་པའི་རྐྱེན་དུ་འགྱུར་སྲིད། དེར་བརྟེན་ང་ཚོ་ག་དུས་འཆི་བ་དང་རྐྱེན་ག་རེ་ལ་བརྟེན་ནས་འཆི་གི་ཡོད་པའི་ངེས་གཏན་རྩ་བ་ནས་མེད།
གལ་སྲིད་ང་ཚོས་སོ་སོ་མི་ལོ་བརྒྱ་ཐམ་པ་སྡོད་ངེས་རེད་ཅེས་ཚོར་བ་ཡིན་ནའང་། དེའི་ནང་ནས་ལོ་མང་པོ་ཞིག་འདས་ཟིན་པ་དང་། ང་ཚོར་གྲུབ་འབྲས་མང་པོ་ཐོབ་མེད། ང་ཚོ་ལ་འཆི་བ་ནི་མི་གཅིག་མེ་འཁོར་གྱི་ཁང་མིག་ནང་ཉལ་ནས་ཡོད་པ་དང་། མེ་འཁོར་དེ་འགྲོ་སའི་ཡུལ་ལ་རྒྱུན་ཆད་མེད་པར་ཐག་ཉེ་རུ་ཉེ་རུ་འགྲོ་གི་ཡོད་པ་ནང་བཞིན་རེད། འོན་ཀྱང་ང་ཚོས་ད་དུང་རྒྱུད་རིམ་དེ་ཤེས་རྟོགས་ཐུབ་ཀྱི་མེད། རྒྱུད་རིམ་དེ་འགོག་པར་ང་ཚོས་གང་ཡང་བྱེད་མི་ཐུབ་པར། ང་ཚོ་འཆི་བ་ལ་རྒྱུན་ཆད་མེད་པར་ཐག་ཉེ་རུ་འགྲོ་གི་ཡོད།
ང་ཚོ་འཚོ་གནས་བྱེད་བཞིན་པའི་སྐབས་དངུལ་དང་། རྒྱན་ཆ། ཁང་པའམ་གྱོན་ཆས་ག་ཚོད་བསཌ་ཡོད་ཀྱང་ཁྱད་པར་གང་ཡང་མེད། འཆི་བའི་ཚེ་གང་གིས་ཀྱང་ཕན་མི་ཐོགས། ང་ཚོ་འཆི་བའི་སྐབས། ལག་པ་སྟོང་པར་འགྲོ་དགོས་ཀྱི་ཡོད། ཐ་ན་ཅ་དངོས་ཆུང་ཤོས་ཀྱི་རིགས་གཅིག་ཀྱང་མཉམ་དུ་འཁྱེར་མི་ཐུབ་ལ། ང་རང་ཚོའི་ལུས་པོ་འདི་ཉིད་ཀྱང་བཞག་ནས་འགྲོ་དགོས། ལུས་དང་སེམས་ཁ་བྲལ་ནས་ལུས་འགགས་ཀྱང་སེམས་ཀྱི་རྒྱུན་མུ་མཐུད་འགྲོ་བ་དང་། ང་ཚོའི་རྒྱུ་དང་དངོས་པོ་གཅིག་ཀྱང་མཉམ་དུ་འཁྱེར་མི་ཐུབ་པ་ཙམ་དུ་མ་ཟད། སོ་སོའི་ལུས་པོ་འདིའང་འཁྱེར་མི་ཐུབ་པ་ཡིན།
ལས།
འཆི་བའི་རྗེས་རྣམ་ཤེས་ལ་གང་གིས་རོགས་བྱེད་དམ། གལ་ཏེ་ང་ཚོའི་ལུས་པོ་དང་། ང་ཚོའི་གྲོགས་པོ་གྲོགས་མོ། ང་ཚོའི་རྒྱུ་ཅ་ལག་ཚང་མ་འདོར་དགོས་ན། ང་ཚོའི་རྣམ་ཤེས་སྐྱེ་བ་ཕྱི་མར་འགྲོ་བ་ལ་རོགས་པ་བྱེད་མཁན་ཞིག་ཡོད་དམ་ཞེ་ན། ཡོད། འཆི་བའི་རྗེས་སུ་ཚེ་འདིའི་ནང་ང་ཚོས་བསགས་པའི་ལས་ཀྱི་ཐོབ་སྐལ་ལམ་ས་བོན་དེ་དག་གིས་རྣམ་ཤེས་རྒྱུན་མཐུད་ནས་སྐྱེ་བ་གཞན་དུ་འགྲོ་བ་དང་། གལ་སྲིད་ང་ཚོས་མི་དགེ་བའི་ལས་བཅུ་པོ་གང་ཡང་རུང་བ་གཅིག་བསགས་ཡོད་ན། མི་དགེ་བའི་ལས་ཀྱི་ས་བོན་ནམ་ལན་ཆགས་ཀྱིས་ང་ཚོའི་ཤེས་པའི་རྒྱུན་ལ་རོགས་བྱས་ནས་སྐྱེ་བ་གཞན་དུ་འཕོ་བར་བྱེད་ཀྱི་ཡོད། སེམས་ཅན་གཞན་གྱི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། ཡང་ན་ལོག་གཡེམ་ལ་འཇུག་པའི་དབང་གིས་བསགས་པའི་ལུས་ཀྱི་སྡིག་པ་ང་ཚོའི་སེམས་ཀྱི་རྒྱུན་སྟེང་དུ་འཇོག་ཅིང་། རྫུན་སྨྲ་བ་དང་། གཞན་ལ་ཕྲ་མ་བྱེད་པ། དེ་བཞིན་མི་རྣམས་ཀྱི་དབར་མི་མཐུན་པ་བཟོ་བ། ཚིག་རྩུབ་སྨྲ་བའི་སྒོ་ནས་གཞན་ལ་གནོད་སྐྱེལ་བ། ཡང་ན་དོན་མེད་པའི་གཏམ་ལ་འཇུག་པའི་ངག་འཁྱལ་བཅས་ངག་གི་མི་དགེ་བའི་ལས་ཀྱི་ལན་ཆགས་འཆི་བའི་སྐབས་སུ་ང་ཚོའི་མཉམ་དུ་སླེབས་ཡོང་གི་ཡོད། གལ་ཏེ་ང་ཚོར་རྒྱུན་དུ་གཞན་གྱི་ནོར་རང་ལ་བྱུང་ན་བསམ་པའི་བརྣབ་སེམས་དང་། གཞན་ལ་གནོད་པའམ་སྡུག་ཅག་ཅིག་བྱུང་ན་བསམ་པའི་གནོད་སེམས། ཡང་ན། “སྐྱེ་བ་སྔ་ཕྱི་མེད་” ཅེས་རྒྱབ་འགལ་ཕྱིན་ཅི་ལོག་པའི་བློ་དང་། “ལས་རྒྱུ་འབྲས་ཟེར་བ་མེད་” པར་ལྟ་བ། “ཉེན་མེད་ཀྱི་ཁ་ཕྱོགས་བརྟན་པོ་ལ་སྐྱབས་སུ་འགྲོ་ཟེར་བ་མེད་” པར་ལྟ་བ་བཅས་འདི་ལྟ་བུའི་སེམས་ནང་གི་མི་དགེ་བའི་ལས་ཀྱིས་སྡིག་པའི་ལས་ཀྱི་ལན་ཆགས་བསྐྱེད་པར་བྱེད་ཅིང་། ང་ཚོའི་རྣམ་ཤེས་དང་མཉམ་དུ་བསྐྱོད་ནས་སྐྱེ་བ་གཞན་དུ་འགྲོ་བར་སེམས་ལ་ཁ་ཕྱོགས་སྒྱུར་གྱི་ཡོད།
དེའི་ལྡོག་ཕྱོགས་ཀྱང་བདེན་པ་ཡིན། གལ་ཏེ་ང་ཚོས་མི་དགེ་བའི་ལས་ལ་རྒྱབ་ཀྱིས་ཕྱོགས་ནས་དགེ་བའི་ལས་བྱས་ཡོད་ན། དེ་ལྟ་བུའི་ལས་ཀྱི་དགེ་བའི་ནུས་པ་དེ་ང་ཚོའི་སེམས་ཀྱི་རྒྱུན་དང་འགྲོགས་ནས་སྐྱེ་བ་རྗེས་མར་གནས་སྟངས་ཡག་ག་ཞིག་བསྐྲུན་པའི་རྐྱེན་བྱེད་ཀྱི་ཡོད།
ང་ཚོ་གང་དུ་གནས་པའི་གནས་སྟངས་ལ་བསམ་བློ་ཡག་པོ་བཏང་ན། ལས་བཟང་པོ་གསོག་རྒྱུ་དང་ལས་ངན་པ་སྤོང་རྒྱུར་ང་ཚོས་སྒོ་གང་ས་ནས་ཐབས་ཤེས་བྱ་རྒྱུའི་ཐག་གཅོད་བྱེད་ཀྱི་རེད། ང་ཚོའི་རྒྱུད་ཀྱི་སྡིག་པ་རྣམས་གང་ཐུབ་ཅི་ཐུབ་ཀྱིས་གཙང་སེལ་བྱ་ཐབས་བྱེད་དགོས་ཤིང་། སྐྱེ་བ་ཕྱི་མར་གསབ་རྒྱུའི་ཆེད་ལས་ཀྱི་བུ་ལོན་ཏིལ་འབྲུ་ཙམ་ཡང་འཇོག་རྒྱུ་མེད།
ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཁྲོད་ཡ་ལན་གང་འདྲ་ཞིག་འབྱུང་སྲིད་མིན་ཀྱི་ཐད་ལ་ང་ཚོས་ལྟ་དགོས་ཀྱི་ཡོད། མི་བཟང་པོ་ཁྱད་ཆོས་མང་པོ་དང་ལྡན་པ་ཞིག་གི་ལོ་རྒྱུས་ཤིག་ཡོད་ཀྱང་། ཁོས་སྐད་ཆ་བཤད་སྐབས་ངག་ཧ་ཅང་རྩུབ་པོ་ཡོད། མི་དེས་དཔེར་ན། “ཁྱོད་ཀྱིས་སྐད་ཆ་ཁྱི་འདྲ་པོ་ཤོད་ཀྱི་འདུག་” ཅེས་སོགས་བརྗོད་དེ་གཞན་ལ་ཁ་ངན་ཚིག་རྩུབ་སྨྲ་བའི་འབྲས་བུར། ཁོ་རང་ཐེངས་མ་ལྔ་བརྒྱ་ཐམ་པ་ཁྱིའི་སྐྱེ་བ་བླངས་པ་རེད། དེ་འདྲ་སོང་ཙང་། ལས་ཆུང་ཆུང་གཅིག་གིས་འབྲས་བུ་ཆེན་པོ་དེ་འདྲ་སྦྱིན་ཐུབ་པ་གསལ་པོ་རེད།
དེ་ག་ནང་བཞིན། དགེ་བའི་ལས་ཆུང་ངུ་ཞིག་གིས་འབྲས་བུ་རླབས་ཆེན་སྟེར་བ་དང་། དཔེར་ན། ཕྲུ་གུ་གཅིག་གིས་སངས་རྒྱས་ལ་གུས་པ་ཆེན་པོས་མཆོད་པ་ཕུལ་བའི་ལོ་རྒྱུས་ཤིག་ཡོད་པ་དང་། དེའི་འབྲས་བུར། ཕྲུ་གུ་དེ་སྐྱེ་བ་ཕྱི་མར་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐྱེ་བ་བླངས་ཏེ། ནང་པའི་དྲན་རྟེན་གྱི་ལྷ་ཁང་སོགས་སྟོང་ཕྲག་བཞེངས་པ་དང་རླབས་ཆེན་གྱི་བྱ་བ་མང་པོ་མཛད་གནང་ཡོད།
ངེས་འབྱུང་དང་སྙིང་རྗེ།
ང་ཚོས་བྱས་པའི་མི་དགེ་བའི་ལས་ཀྱི་རིགས་སྣ་ཚོགས་པ་ལ་བསམ་ཞིབ་ནན་པོ་བྱས་པ་དང་། དེ་དག་གི་འབྲས་བུ་ནི། ང་ཚོའི་བདེ་དོན་དང་བདེ་སྐྱིད་ཡོང་ངེས་པར་བཟོ་བ་ལ་ཧ་ཅང་ཕན་ནུས་ལྡན་པའི་ལམ་ཞིག་ཡིན། གལ་ཏེ་ང་ཚོའི་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་བརྟེན་ནས་མྱོང་རྒྱུ་ཡིན་པའི་སྡུག་བསྔལ་ལ་བསམ་བློ་བཏང་ན། དེས་ང་ཚོས་དེ་ལྟ་བུའི་སྡུག་བསྔལ་མྱོང་ཡག་ལ་འདོད་པ་མེད་པའི་འདུན་པ་ཤུགས་དྲག་པོ་ཞིག་སྐྱེད་པ་དང་། དེ་ནས་ང་ཚོས་ངེས་འབྱུང་ཟེར་བ་དེ་བསྐྱེད་པ་ཡིན།
བསམ་བློ་གཏོང་སྟངས་དེ་རིགས་ལ་མྱོང་འདྲིས་བྱེད་པ་ནི་སྒོམ་གྱི་རྣམ་པ་གཅིག་ཡིན། དང་པོ། ང་ཚོས་སོ་སོའི་སྡུག་བསྔལ་ཐོག་དྲན་ཤེས་གོང་འཕེལ་གཏོང་དགོས་པ་དང་། དེ་ནས་དྲན་ཤེས་དེ་སེམས་ཅན་ཐམས་ཅད་ཀྱི་སྟེང་དུ་རྒྱ་སྐྱེད་གཏོང་དགོས། སེམས་ཅན་ཐམས་ཅད་ཀྱིས་ཇི་ལྟར་སྡུག་བསྔལ་ཅུང་ཟད་ཙམ་མི་འདོད་པར་བསམ་མནོ་བཏང་ནའང་། ད་དུང་སྡུག་བསྔལ་གྱི་ནང་དུ་ལྷུང་ཡོད། དེ་ལྟ་བུའི་བསམ་བློ་གཏོང་སྟངས་དེས་ང་ཚོའི་རྒྱུད་ལ་སྙིང་རྗེ་སྐྱེད་པར་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འདུན་པ་ཤུགས་དྲག་ཅིག་གོང་འཕེལ་བཏང་མེད་ན། སེམས་ཅན་གཞན་རྣམས་སྡུག་བསྔལ་ལས་ཐར་བར་ཇི་ལྟར་འདུན་པ་བསྐྱེད་ཐུབ་བམ། ང་ཚོས་སོ་སོ་རང་གི་སྡུག་བསྔལ་རྣམས་མེད་པ་བཟོ་ཐུབ་ནའང་། མཐར་གཏུགས་ན་དེ་ཕན་ཐོགས་གང་ཡང་མེད། དེ་འདྲ་སོང་ཙང་། ང་ཚོས་འདུན་པ་འདི་བདེ་སྐྱིད་འདོད་མཁན་གྱི་སེམས་ཅན་གཞན་ཐམས་ཅད་སྡུག་བསྔལ་ལས་ཐར་བའི་ཆེད་དུ་རྒྱ་སྐྱེད་གཏོང་དགོས། ང་ཚོས་སོ་སོའི་བློ་སྦྱངས་ཏེ་གཞན་རྣམས་སྡུག་བསྔལ་ལས་ཡོངས་སུ་བྲལ་བའི་འདུན་པ་ཤུགས་ཆེན་པོ་ཞིག་སྐྱེད་ཐུབ་པ་ཡིན། འདི་ནི་རྒྱ་ཆེ་ལ་དང་ཕན་ཐོགས་ཆེ་བའི་བསམ་བློ་གཏོང་སྟངས་ཤིག་ཡིན།
ང་ཚོས་གཞན་གྱི་བདེ་དོན་ཆེད་སེམས་འཁུར་བྱེད་དགོས་དོན་གང་ཡིན་ནམ། གང་ཡིན་ཟེར་ན། ང་ཚོར་གཞན་དག་ནས་ཕན་ཐོགས་ཆེན་པོ་འཐོབ་ཀྱི་ཡོད། དཔེར་ན། ང་ཚོས་ནམ་རྒྱུན་འཐུང་པའི་འོ་མ་ལྟ་བུ་ནི། བ་ཕྱུགས་དང་མ་ཧེ་གྱི་དྲིན་ལ་བརྟེན་ནས་ཡོང་གི་ཡོད། གནམ་གཤིས་གྲང་ངར་དང་རླུང་བུ་ལས་སྐྱོབ་པའི་གྱོན་ཆས་དྲོ་པོ་རྣམས་ནི་ལུག་དང་རྭ་སོགས་པའི་བལ་ལ་བརྟེན་ནས་ང་ཚོར་འཐོབ་ཀྱི་ཡོད། དེ་དག་ནི་ང་ཚོས་རྒྱུ་མཚན་ག་རེ་ལ་བརྟེན་ནས་གཞན་གྱི་སྡུག་བསྔལ་སེལ་བའི་ཐབས་ལམ་འཚོལ་གྱི་ཡོད་པའི་དཔེ་མཚོན་ཁ་ཤས་ཙམ་ཞིག་ཡིན།
ང་ཚོས་ཉམས་ལེན་གང་འདྲ་ཞིག་བྱས་ཀྱང་ཁྱད་པར་མེད། གཟུངས་སྔགས་འདོན་པའམ་སྒོམ་གང་ཞིག་རྒྱག་སྐབས། ང་ཚོས་ “སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་ཤོག་” ཅེས་རྟག་ཏུ་ཡིད་ལ་དྲན་པར་བྱེད་དགོས། འདིས་རང་བཞིན་གྱིས་སོ་སོ་རང་ཉིད་ལའང་ཕན་ཐོགས་ཡོང་གི་ཡོད། ང་ཚོའི་མི་ཚེ་དཀྱུས་མའི་གནས་སྟངས་ཀྱིས་དེ་ལྟ་བུའི་ཉམས་ལེན་ལ་རྗེས་སུ་ཡི་རངས་བྱེད་ཐུབ། དཔེར་ན། གལ་སྲིད་མི་གཅིག་རང་གཅེས་འཛིན་ཆེན་པོ་ཡོད་པ་དང་རྒྱུན་དུ་སོ་སོ་གཅིག་པུའི་ཁེ་ཕན་ཆེད་ལས་ཀ་བྱེད་ཀྱི་ཡོད་ན། དོན་དངོས་ཐོག་གཞན་དག་གིས་ཁོ་ལ་དགའ་མོས་བྱེད་ཀྱི་མ་རེད། ཕྱོཌ་གཞན་ཞིག་ནས། མི་སེམས་པ་བཟང་པོ་དང་རྒྱུན་དུ་གཞན་དོན་ལ་དོ་འཁུར་བྱེད་མཁན་དེ་ནི་ནམ་རྒྱུན་མི་ཚང་མས་དགའ་མོས་བྱེད་ཀྱི་རེད།
ང་ཚོའི་སེམས་ཀྱི་རྒྱུད་ལ་ཡར་རྒྱས་གཏོང་དགོས་པ་ཞིག་ནི། “སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང་སྡུག་བསྔལ་མི་ཡོང་བར་ཤོག་” ཅེས་བསམ་བློ་དེ་ཡིན། དེ་ཡང་ང་ཚོས་ཡང་ནས་ཡང་དུ་དྲན་གསོ་བྱས་ཏེ་སོ་སོའི་བསམ་བློ་ཐོག་མཉམ་སྡེབ་བྱེད་དགོས། དེ་ནི་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། སྔོན་ཆད་དེ་ལྟ་བུའི་སེམས་བསྐྱེད་པའི་སེམས་ཅན་རྣམས་ད་ལྟ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་སེམས་མ། ཡང་ན་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། འཛམ་གླིང་ནང་ཡོད་པའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཚང་མ་བསམ་པ་དེ་ལ་གཞིར་བཞག་པ་ཤ་སྟག་ཡིན། གལ་ཏེ་ང་ཚོས་ཀྱང་དེ་ལྟར་སེམས་སྐྱེད་ཐུབ་ན་ཧང་སངས་དགོས་པའི་ཡག་པོ་ཡོད།
ང་ཚོའི་གཉེན་ཉེ་རྣམས་སྲུང་སྐྱོབ་ཆེད་གཞན་ལ་གནོད་པའི་ལས།
དྲི་བ། མི་ཞིག་གིས་ང་ཚོར་གནོད་འཚེ་བྱེད་སྐབས་ང་ཚོས་རང་སྲུང་བྱ་རྒྱུ་མེད་ཅེས་བསླབ་བྱ་བརྒྱབ་ཡོད་དམ།
དྲི་བ་འདིས་བརྗོད་གཞི་རྒྱ་ཆེན་པོ་ཞིག་ངོ་སྤྲོད་བྱེད་ཀྱི་ཡོད། གལ་ཏེ་མི་ཞིག་གིས་དབྱུག་པའམ་རྒྱུག་པས་རང་ཉིད་ཀྱི་མགོ་ལ་གཞུས་པ་ཡིན་ན། དེ་ལ་ཡ་ལན་ཡག་ཤོས་ནི། དེ་རང་གི་སྐྱེ་བ་སྔོན་མའི་མི་དགེ་བའི་ལས་ཀྱི་འབྲས་བུ་ཡིན་པར་བསམ་བློ་བཏང་ནས་སྒོམ་རྒྱུ་དེ་ཡིན། དེ་ལྟ་བུའི་མི་དེས་ལས་བྱེ་བྲག་པ་འདིའི་འབྲས་བུ་མ་འོངས་པར་ག་འདྲ་སེ་སྨིན་མིན་ལ་མི་བསམ་པར། དེའི་འབྲས་བུ་ད་ལྟ་ག་འདྲ་སེ་སྨིན་མིན་ལ་བསམ་བློ་གཏོང་དགོས་ཀྱི་ཡོད། མི་དེས་སོ་སོ་རང་ཉིད་ཀྱི་སེམས་རྒྱུན་ནས་མི་དགེ་བའི་ལས་ཀྱི་བུ་ལོན་དེ་མེད་པ་བཟོས་པས། དེ་ལ་བཀའ་དྲིན་ཚོར་དགོས།
རང་གི་སྲུང་སྐྱོབ་འོག་ཏུ་གནས་པའི་རང་གི་ཆུང་མའམ་ཕྲུ་གུ་ལ་མི་ཞིག་གིས་རྒོལ་རྡུང་བྱས་པ་ཡིན་ན། རང་གིས་དེ་ལ་སྲུང་སྐྱོབ་བྱེད་དམ། དེ་ལྟར་སྲུང་སྐྱོབ་བྱེད་པ་དེ་མི་དགེ་བའི་ལས་ཤིག་ཡིན་ནམ།
རང་གི་ཆུང་མ་དང་ཕྲུ་གུ་སྲུང་སྐྱོབ་བྱ་རྒྱུ་ནི་རང་གི་ལས་འགན་ཡིན། དེར་བརྟེན་ཐབས་མཁས་པོའི་སྒོ་ནས་སྲུང་སྐྱོབ་བྱ་ཐབས་བྱེད་དགོས་ངེས་རེད། ཁྱེད་རང་སྤྱང་གྲུང་ལྡན་པ་དགོས། ཡག་ཤོས་ནི་འཐབ་རྒོལ་པ་དེ་ལ་མི་གནོད་པའི་ཐོག་སྲུང་སྐྱོབ་བྱེད་དགོས། ཕྱོགས་གཞན་ཞིག་ནས་བཤད་ན། མི་གཞན་དེར་མི་གནོད་པའི་ཐོག་ནས་སྲུང་སྐྱོབ་ཐུབ་པའི་ཐབས་ལམ་ཞིག་འཚོལ་དགོས།
ཁོས་ངའི་ཕྲུ་གུ་ལ་གནོད་འཚེ་བྱེད་ཐུབ། འོན་ཀྱང་ངས་ཁོ་ལ་གནོད་འཚེ་བྱེད་མི་ཐུབ། དེ་ལྟ་བུའི་ཀླ་ཀློའི་བྱེད་སྟངས་དང་བྱ་བ་ངན་པ་ལས་ང་ཚོའི་ཕྲུ་གུ་སྐྱོབ་རྒྱུ་དེ་ང་ཚོའི་ལས་འགན་མ་རེད་དམ། ང་ཚོས་སོ་སོའི་མི་ཚེ་བློས་གཏོང་གིས་སྡོད་དགོས་སམ།
གནས་སྟངས་དེ་ལ་ཐབས་མཁས་པོའི་སྒོ་ནས་གདོང་ལེན་བྱེད་པ་ལ་ང་ཚོར་བློ་ཁོག་ཆེན་པོ་དགོས་ཀྱི་ཡོད། སངས་རྒྱས་ཀྱི་སྐུ་སྐྱེ་སྔོན་མའི་ལོ་རྒྱུས་ཤིག་ཡོད། དེའི་ནང་སྐབས་དེར་ཁོང་གྲུའི་དེད་དཔོན་ཞིག་ཡིན་ཅིང་། ཁོང་དང་མཉམ་དུ་མི་གྲངས་ལྔ་བརྒྱ་ལས་གྲུབ་པའི་མི་ཁྱུ་གཅིག་རྒྱ་མཚོའི་ནང་སྦས་པའི་རིན་ཆེན་གྱི་གཏེར་འཚོལ་དུ་ཕེབས་པ་རེད། རུ་ཁག་དེའི་ཁྲོད་མི་འདོད་རྔམ་ཅན་ཞིག་ཡོད། མི་དེས་ནོར་བུ་རྣམས་རང་གི་ཆེད་བརྐུ་འཕྲོག་བྱེད་དགོས་བསམས་ནས་མི་གཞན་ཐབས་ཅད་གསོད་གྲབས་བྱས་པ་རེད། དེའི་སྐབས་བྱང་ཆུབ་སེམས་དཔས་ ༼སྐུ་སྐྱེ་སྔོན་མ་སངས་རྒྱས་བཅོམ་ལྡན་འདས་༽ གནས་ཚུལ་དེ་མཁྱེན་པ་དང་། དེ་ལྟར་མི་གཅིག་གིས་གཞན་མང་པོ་གསོད་འཇུག་པ་ནི་དྲང་བདེན་མིན་པར་གཟིགས་པ་རེད། དེར་བརྟེན། མི་ངན་དེ་གསོད་པའི་ལས་ཀྱི་འགན་ཆ་ཚང་རང་ཉིད་ནས་འཁྱེར་ཏེ་མི་དེ་བསད་ནས་གཞན་རྣམས་སྐྱོབ་རྒྱུའི་དོན་དུ་ཁོང་གིས་བློ་སྟོབས་བསྐྱེད་པ་རེད། གལ་ཏེ་གཞན་རྣམས་སྐྱོབ་རྒྱུའི་ཆེད་རང་ཉིད་དམྱལ་བར་སྐྱེ་བ་ཁས་ལེན་འདོད་ཡོད་ན། རང་ལ་བློ་སྟོབས་ཧ་ཅང་ཆེན་པོ་དགོས་ཀྱི་ཡོད། དེ་ལྟར་སངས་རྒྱས་ཉིད་ཀྱིས་མཛད་པ་ནང་བཞིན་ང་ཚོས་ཀྱང་དེ་ལྟར་བྱེད་ཐུབ་པ་ཡིན།
དེ་ལྟ་བུའི་གནས་སྟངས་འོག་ལ་སྲོག་གཅོད་པའི་བྱ་བ་དེ་ད་དུང་མི་དགེ་བ་ཞིག་རེད་དམ།
བཤེས་པའི་སྤྲིངས་ཡིག་ནང་མགོན་པོ་ཀླུ་སྒྲུབ་ཀྱིས། མི་ཞིག་གིས་རང་གི་ཕ་མ་དང་། ཕྲུ་གུ དམ་པའི་ཆོས་སམ། ཡང་ན་སྐྱབས་གནས་དཀོན་མཆོག་གསུམ་སྐྱོབ་པའི་ཆེད་དུ་མི་དགེ་བའི་ལས་བྱས་ཀྱང་། དེའི་མཇུག་འབྲས་མྱོང་དགོས་པ་གསུངས་ཡོད། ཁྱད་པར་ནི་ལས་ཀྱི་མཇུག་འབྲས་ཤེས་ཀྱི་ཡོད་མེད་དང་། རང་དོན་བློས་བཏང་གི་སྒོ་ནས་རང་གི་ཆུང་མ་དང་ཕྲུ་གུ་སྐྱོབ་པའི་ཆེད་མི་དགེ་བའི་ལས་ཀྱི་འབྲས་བུ་རང་གིས་མྱོང་རྒྱུ་དང་དུ་ལེན་དང་མི་ལེན་དེ་ཡིན། གལ་ཏེ་རང་ཉིད་ཀྱི་དགྲ་ལའང་གནོད་འཚེ་བྱས་ན། སྐྱེ་བ་ཕྱི་མར་སྡུག་བསྔལ་མྱོང་རྒྱུ་རེད། གང་ལྟར་ཡང་། “ངས་སྡུག་བསྔལ་དེ་རང་ཐོག་ཏུ་དང་ལེན་བྱེད་ཀྱི་ཡིན། དེ་འདྲ་བྱས་ན། ངའི་ཆུང་མ་དང་ཕྲུ་གུས་སྡུག་བསྔལ་མྱོང་གི་མ་རེད།” ཅེས་བསམ་བློ་བཏང་བའི་སྒོ་ནས་གནས་སྟངས་དེར་གདོང་ལེན་བྱེད་དགོས།
ནང་ཆོས་ལྟར་བྱེད་ན། དེ་ནི་ད་དུང་མི་དགེ་བ་ཞིག་རེད་དམ།
རང་གི་ཆུང་མ་དང་ཕྲུ་གུ་སྲུང་སྐྱོབ་བྱེད་པ་ནི་དགེ་བའི་བྱ་བ་བཟང་པོ་ཞིག་རེད། འོན་ཀྱང་དགྲ་ལ་གནོད་འཚེ་བྱེད་པ་ནི་མི་དགེ་བའི་བྱ་བ་གནོད་ཚབས་ཅན་ཞིག་ཡིན། དེ་གཉིས་ཀའི་མཇུག་འབྲས་ལ་ཁས་ལེན་བྱ་རྒྱུའི་འདུན་པ་ཡོད་དགོས།
ཁྱེད་ཀྱིས། མི་ཞིག་གིས་མི་དགེ་བའི་ལས་ཤིག་བསགས་ན། དེའི་འབྲས་བུ་རང་གིས་མ་འོངས་པར་མྱོང་དགོས། འོན་ཀྱང་མི་ཞིག་གིས་བྱ་བ་ཡག་པོ་ཞིག་བརྩམས་ཚེ། བདེ་སྐྱིད་ཡོང་གི་ཡོད་ཅེས་གསུངས་སོང་། ལས་བཟང་པོ་དེ་ལ་བརྟེན་ནས། འཁོར་བའི་སྐྱེ་བ་བསྐྱར་དུ་ལེན་མི་དགོས་པར། ཐར་པ་ཆ་ཚང་བ་ཞིག་གི་ས་ལ་འཁྲིད་ཐུབ་བམ།
གལ་ཏེ་རང་གིས་ཐར་པ་འཐོབ་འདོད་ན། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་རྫོགས་གནད་ལ་སྨིན་པའི་ཐོག་ནས་ཉམས་ལེན་བྱེད་དགོས། དཔེར་ན། གལ་སྲིད་རང་ཉིད་ཡེ་ཤུའི་ཆོས་བྱེད་ཀྱི་ཡོད་ན། ཡེ་ཤུ་མ་ཤི་ཀའི་ཆོས་ལ་ཚུལ་བཞིན་དུ་ཉམས་ལེན་བྱེད་དགོས། དེ་ལྟར་བྱས་ན་ཡེ་ཤུའི་ཆོས་ནས་གསུངས་པའི་ཐར་པ་འཐོབ་རུང་བ་ཡིན། ཡེ་ཤུ་མ་ཤི་ཀ་གཅིག་པུས་ང་ཚོ་སྡིག་པ་ལས་སྐྱོབ་མི་ཐུབ་པར། ང་ཚོའི་ངོས་ནས་འབད་བརྩོན་ཞིག་བྱེད་དགོས་ཀྱི་ཡོད། དེ་མིན་ཡེ་ཤུ་མ་ཤི་ཀས་སྡིག་པ་བྱ་རྒྱུ་མེད་ཅེས་གསུང་དགོས་དོན་མེད། གལ་ཏེ་ཡེ་ཤུ་མ་ཤི་ཀས་གང་གསུངས་པའི་ཆོས་དེ་ནང་བཞིན་ང་ཚོས་མ་ནོར་བར་རྗེས་སུ་འབྲངས་ན། ངའི་བསམ་པར། ཡེ་ཤུའི་ཆོས་ནས་གསུངས་པའི་ཐར་པ་འཐོབ་སྲིད་པ་རེད། དེ་ག་ནང་བཞིན་ང་ཚོས་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཚུལ་བཞིན་དུ་མ་ནོར་བར་ཉམས་ལེན་བྱས་ན། ནང་ཆོས་ནས་གསུངས་པའི་ཐར་པ་འཐོབ་སྲིད་པ་རེད།། །།