Study buddhism nagarjuna 400

མགོན་པོ་ཀླུ་སྒྲུབ།

མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ནི་ཐེག་པ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམ་གཉིས་ཡིན། མགོན་པོ་ཀླུ་སྒྲུབ་ཀྱིས་རྗེ་བཙུན་འཇམ་དཔལ་དབྱངས་ལས་སྟོང་པ་ཉིད་ཀྱི་ཟབ་མོ་ལྟ་བའི་རྒྱུད་དང་། འཕགས་པ་ཐོགས་མེད་ཀྱིས་རྒྱལ་བ་བྱམས་པ་ལས་བྱང་ཆུབ་སེམས་དཔའི་ཉམས་ལེན་རྒྱ་ཆེན་སྤྱོད་རྒྱུད་ཞུས་ནས་ཁྱབ་སྤེལ་མཛད།

མགོན་ཀླུ་སྒྲུབ་ནི་དུས་རབས་དང་པོའི་དཀྱིལ་ལམ་དུས་རབས་གཉིས་པའི་འགོ་སྟོད་ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཁུལ་བཻ་དརྦྷ་ (Vidarbha) ཞེས་པ་དེང་སང་མ་ཧཱ་རཱཥྚྲ་ (Maharashtra) དང་ཨནྡྷ་ར་པྲ་དེ་ཤ་ (Andrapradesh) ནང་འཁེལ་བ་དེར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། མགོན་པོ་ཀླུ་སྒྲུབ་ནི་ལང་ཀར་གཤེགས་པའི་མདོ་ལ་སོགས་པ་མང་པོའི་ནང་ལུང་བསྟན་གནང་ཡོད། ཁོང་འཁྲུངས་པའི་རྗེས་སུ་མཚན་མཁན་ལ་བསྟན་པས་ཞག་བདུན་གྱི་ཚེ་ཚད་ལས་མེད་ཀྱང་། གལ་ཏེ་ཕ་མ་གཉིས་ནས་དགེ་འདུན་བརྒྱ་ལ་མཆོད་པ་བྱས་ན་ལོ་བདུན་གྱི་བར་བཞུགས་ཐུབ་པར་ལུང་བསྟན་གནང། ལོ་བདུན་སོན་སྐབས་ཕ་མ་གཉིས་ཀྱིས་ཁོང་གི་སྐུ་ཚེ་མི་བརྟན་པར་འཇིགས་ཏེ། རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ནཱ་ལེནྜའི་གཙུག་ལག་སློབ་གཉེར་ཁང་དུ་བཏང་བ་དང་། དེར་ནང་པའི་སློབ་དཔོན་ཆེན་པོ་བྲམ་ཟེ་ས་ར་ཧ་དང་མཇལ་འཕྲད་བྱུང་བ་རེད། ས་ར་ཧས་འཁོར་བ་བློས་བཏང་བ་དང་འོད་དཔག་མེད་ཀྱི་སྔགས་བཟླས་ན། ཚེ་རིང་པོ་བཞུགས་ཚུལ་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་དེ་ལྟར་གནང་སྟེ་དགོན་པར་ཞུགས་པས། ཤྲཱི་མནྟའམ་དགེ་སློང་དཔལ་ལྡན་ཞེས་པའི་མཚན་ཐོབ།

ནཱ་ལནྜར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་རཏྣ་མ་ཏི་ལྷན་དུ་མདོ་བསྟན་བཅོས་རྣམས་སློབ་གཉེར་གནང་བ་དང་། ལྷག་པར་དུ་བྲམ་ཟེ་ས་ར་ཧ་དང་ལྷན་དུ་དཔལ་གསང་བ་འདུས་པའི་རྒྱུད་སློབ་གཉེར་གནང། ད་དུང་ཁོང་ནས་བྲམ་ཟེ་ཞིག་གི་དྲུང་ནས་གསེར་འགྱུར་རྩིའི་སྒྲུབ་ཐབས་སྦྱངས་ཏེ་ལྕགས་གསེར་དུ་བསྒྱུར་བའི་ནུས་པ་ཐོབ་ནས་ཡུལ་དེར་མུ་གེ་བྱུང་བའི་སྐབས་ནུས་པ་དེ་དག་བེད་སྤྱོད་གནང་ནས་ནཱ་ལནྜའི་དགེ་འདུན་པ་རྣམས་ལ་འཚོ་བའི་ཆ་རྐྱེན་སྦྱོར་ཐུབ་པ་བྱུང། རིམ་གྱིས་མགོན་པོ་ཀླུ་སྒྲུབ་དཔལ་ནཱ་ལནྜའི་གཙུག་ལག་ཁང་གི་མཁན་པོར་གྱུར། དེར་ཁོང་ནས་འདུལ་ཁྲིམས་ཏག་ཏག་མི་སྲུང་མཁན་གྱི་དགེ་འདུན་པ་བརྒྱད་སྟོང་ཕྱིར་འབུད་བཏང་མཛད་པ་དང་། དེ་བཞིན་ཕྱི་རོལ་མུ་སྟེགས་པ་ལྔ་བརྒྱ་ཙམ་རྩོད་པས་ཕམ་པར་མཛད།

ཀླུའི་རྒྱལ་པོའི་བུ་ཡིན་པའི་བྱིས་པ་གཉིས་ནཱ་ལནྜར་ཕེབས། བྱིས་པ་གཉིས་པོར་རང་བཞིན་དུ་ཙན་དན་གྱི་དྲི་ཞིམ་ལྡན་པར་མགོན་པོ་ཀླུ་སྒྲུབ་ཀྱིས་དེ་ལྟར་ལྡན་ཚུལ་དྲིས་པར། ཁོང་གཉིས་སུ་ཡིན་མིན་ངོས་ལེན་ཞུས། དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་སྒྲོལ་མའི་སྐུ་ཞིག་གི་ཆེད་དུ་ཙན་དན་གྱི་དྲི་ཞིམ་དང་དགོན་པ་རྒྱག་པར་ཀླུ་རྣམས་ཀྱིས་རོགས་སྐྱོར་དགོས་ཚུལ་གསུངས། ཁོང་གཉིས་ཀླུ་ཡུལ་དུ་ལོག་སྟེ་ཡབ་ལ་ཞུས། ཡབ་ཀྱིས་གལ་ཏེ་མགོན་པོ་ཀླུ་སྒྲུབ་ཀླུ་ཡུལ་དུ་ཆོས་གསུང་བར་ཕེབས་ན། ང་ཚོས་རོགས་བྱེད་ཀྱི་ཡིན་ཞེས་ཞུས། དེ་ནས་མགོན་པོ་ཀླུ་སྒྲུབ་ཀླུ་ཡུལ་དུ་ཕེབས་ཏེ་མཆོད་པ་རྒྱ་ཆེར་ཕུལ་བ་དང་ཀླུ་རྣམས་ལ་ཆོས་གསུངས་པ་རེད།

མགོན་པོ་ཀླུ་སྒྲུབ་ཀྱིས་ཀླུ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ ༼འབུམ་༽ ཡོད་པ་མཁྱེན་ནས་པར་བཤུས་ཤིག་གནང་བར་རེ་སྐུལ་ཞུས། སྟོན་པ་བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་གསུངས་པའི་རྗེས་སུ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་འགྱུར་གཅིག་ཀླུ་རྣམས་ཀྱིས་སྲུང་སྐྱོབ་ཆེད་ཀླུ་ཡུལ་དུ་གདན་དྲངས་པ་དང་། དེ་ག་ནང་བཞིན་ལྷ་རྣམས་དང་གནོད་སྦྱིན་ནོར་ལྟ་རྣམས་ནས་སོ་སོའི་ཁམས་སུ་གདན་དྲངས་པ་རེད། མགོན་པོ་ཀླུ་སྒྲུབ་ཀྱི་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཀླུ་ཡུལ་ནས་མི་ཡུལ་དུ་གདན་འདྲེན་ཞུས་ཀྱང་། ཀླུ་རྣམས་ཀྱིས་སློབ་དཔོན་སླར་ཀླུ་ཡུལ་དུ་འབྱོན་ཏེ་ཆོས་མང་དུ་གསུངས་པར་ངེས་བརྟན་བཟོ་ཆེད་ལེའུ་མཐའ་མ་གཉིས་མ་བསྐུར་བར་རང་འཇགས་ཉར་འཚག་བྱས་པ་རེད། དུས་ཕྱིས་སུ་ལེའུ་མཐའ་མ་གཉིས་དེ་ཤེར་ཕྱིན་བརྒྱད་སྟོང་པའི་ལེའུ་མཐའ་མ་གཉིས་ཀྱི་ནང་ཁ་སྐོང་གནང་ཡོད། དེར་བརྟེན་ཤེར་ཕྱིན་གྱི་གཞུང་བསྐྱར་བཅོས་ཟིན་པའི་མ་དཔེ་འདི་གཉིས་ཀའི་ལེའུ་མཐའ་མ་གཉིས་གཅིག་པ་ཡིན། མགོན་པོ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་ཀླུའི་འདམ་ ༼འཇིམ་པ་༽ བསྣམས་པ་དེས་དགོན་པ་དང་མཆོད་རྟེན་མང་པོ་བཞེངས་གནང་བ་རེད།

ཉིན་ཞིག་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་གསུངས་པའི་སྐབས་ཀླུ་ཡུལ་ནས་ཀླུ་དྲུག་ཕེབས་ཏེ་ཉི་མ་ལས་སྐྱོབ་པའི་ཆེད་དུ་ཁོང་གི་དབུ་ཐོག་ཏུ་ཉི་གདུགས་ཕུབ་པ་ལྟར་གནས་པར་བརྟེན་ཀླུ་སྒྲུབ་ཀྱི་སྐུ་རྟེན་མཚོན་དོན་དུ་དབུའི་ཐོག་སྦྲུལ་དྲུག་ཡོད་པ་རེད། འདི་ནས་བཟུང་ཀླུ་ཞེས་པའི་མཚན་དེ་ཐོབ། ཁོང་གི་ཆོས་ཁྲིད་གནང་བའི་ཐབས་རྩལ་ནི་གྲགས་ཅན་གྱི་མདའ་མཁན་ཨཱརྗུན་ནམ་སྲིད་སྒྲུབ་ ༼ཧིན་དུའི་ཆོས་ལུགས་ཀྱི་གཞུང་བྷཱག་ཝད་གཱི་ཏཱ་ (Bhagavadgita) ནང་གི་དཔའ་བོའི་མིང་ཡིན།༽ ཀྱི་མདའ་ལྟ་བུ་གནད་ལ་འཁེལ་བ་ཡོད་སྟབས། ཁོང་གི་མཚན་ལ་ཨཱརྗུན་ཞེས་ཐོབ་སྟེ་ཁོང་ལ་ཀླུ་སྒྲུབ་ཅེས་གྲགས་པ་ཡིན།

ཕྱིས་སུ་སློབ་དཔོན་ཀླུ་སྒྲུབ་བྱང་ཕྱོགས་ཀྱི་གླིང་ཕྲན་དུ་ཆོས་གསུང་བར་ཕེབས། ལམ་དུ་ཕེབས་བཞིན་པའི་སྐབས་ཁོང་ལ་བྱིས་པ་འགའ་ཞིག་རྩེད་མོ་རྩེ་བར་ཐུག་པ་ལས། དེ་དག་ལས་ཇེ་ཏ་ཀ་ (Jetaka) ཞེས་པའི་བྱིས་པ་དེ་རྒྱལ་པོ་ཆགས་རྒྱུར་ལུང་བསྟན་གནང། ཁོང་བྱང་ཕྱོགས་ཀྱི་གླིང་ཕྲན་ནས་ཕྱིར་ལོག་ཕེབས་པའི་སྐབས་བྱིས་པ་དེ་ན་ཚོད་ལོན་ཏེ། ལྷོ་ཕྱོགས་ཀྱི་རྒྱལ་ཕྲན་ཆེན་པོ་ཞིག་གི་རྒྱལ་པོ་གྱུར་ཡོད། དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཁོང་ལ་ཆོས་གསུངས་ཏེ་ལོ་གསུམ་བཞུགས་པ་དང་སྐུ་ཚེ་སྨད་ལ་ཁོང་གི་རྒྱལ་ཕྲན་གཞན་ཤྲཱི་པརྦཏའམ་ (Shri Parvata) དཔལ་གྱི་རི་ལ་བཞུགས། དེ་ནི་དེང་སང་གི་གནས་རྩ་ཆེན་ནཱགཱརྗུན་ཀཽནྜ་ (Nagarjunakonda) ཞེས་པའི་མགོན་པོ་ཀླུ་སྒྲུབ་ཀྱི་གནས་དེའི་སྟེང་དུ་ཡོད་པ་རེད། མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱལ་པོའི་ཆེད་དུ་དབུ་མ་རིན་ཆེན་ཕྲེང་བ་ལྗགས་རྩོམ་གནང། རྒྱལ་པོ་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་བཤེས་པའི་སྤྲིངས་ཡིག་ལྗགས་རྩོམ་གནང་སའི་རྒྱལ་པོ་ཨུ་ད་ཡི་བྷདྲའམ་ (Udayibhadra) བདེ་སྤྱོད་བཟང་པོ་དང་གཅིག་པ་རེད།

ནུབ་ཕྱོགས་པའི་མཁས་པ་འགའ་ཞིག་གིས་རྒྱལ་པོ་བདེ་སྤྱོད་བཟང་པོ་ནི་དེང་སང་ཨནྡྲ་པྲ་དེ་ཤའི་ནང་ཡོད་པའི་ཤ་ཏ་ཝ་ཧ་ནའི་ (Shatvahana) རྒྱལ་རྒྱུད་(ཡེ་ཤུ་མ་འཁྲུངས་གོང་གི་ལོ་ ༢༣༠ - ༡༩༩) ཀྱི་རྒྱལ་པོ་གྷོ་ཏ་མི་པུཏྲ་ཤ་ཏ་ཀརྣི་ (Gautamiputra Shatakarni) (༡༠༦-༡༣༠) ཡིན་པར་ངོས་འཛིན་གྱི་ཡོད། ཡང་འགའ་ཞིག་ནས་དེ་རྗེས་ཀྱི་རྒྱལ་པོ་ཝ་ཤིཥྠི་པུཏྲ་པུ་ལུ་མ་ཡི་ (Vashishtiputra Pulumayi) (༡༣༠ - ༡༥༨) ལ་ངོས་འཛིན་གནང་གི་ཡོད་སྟབས་ཁོང་ངོ་མ་སུ་ཞིག་ཡིན་པར་ཏག་ཏག་ངོས་འཛིན་བྱ་རྒྱུ་ཁག་པོ་ཡོད། ཤ་ཏ་ཝ་ཧ་ནའི་རྒྱལ་པོ་རྣམས་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་དུས་འཁོར་རྒྱུད་ཐོག་མར་གསུངས་པའི་ཡུལ། ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བའི་ཨམྲ་ཝ་ཏིར་ (Amaravati) མཆོད་རྟེན་བཞེངས་པའི་སྦྱིན་བདག་ཡིན་པ་རེད།

རྒྱལ་པོ་བདེ་སྤྱོད་བཟང་པོར་ཀུ་མཱར་ཤཀྟི་མན་ (Kumara Shaktima) ཟེར་བའི་སྲས་གཅིག་ཡོད་པ་དེ་རྒྱལ་པོ་བྱེད་འདོད་ཆེན་པོ་ཡོད། ཁོང་གི་ཨ་མས་མགོན་པོ་ཀླུ་སྒྲུབ་དང་ཡབ་རྒྱལ་པོ་གཉིས་ཀྱི་ཚེ་ཚད་གཅིག་པ་ཡིན་པ་སོང་ཙང་། ཀླུ་སྒྲུབ་སྐུ་མྱ་ངན་ལས་མ་འདས་བར་རྒྱལ་པོ་ཆགས་མི་ཐུབ་པའི་ཚུལ་དང་། མགོན་པོ་ཀླུ་སྒྲུབ་ནི་སྙིང་རྗེའི་བདག་ཉིད་ཅན་ཞིག་ཡིན་སྟབས་ཁོང་གི་དབུ་དེ་ཁྱོད་ཀྱིས་སློང་ན་ཐེ་ཚོམ་མེད་པར་གནང་གི་རེད། ཅེས་ཨ་མས་བུ་དེ་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་བསླང་དགོས་པར་བཤད། དེ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་ཁས་ལེན་གནང་ནའང་། ཀུ་མཱ་རའི་གྲིས་ཁོང་གི་དབུ་གཅོད་ཐུབ་ཀྱི་མེད། དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱིས། སྐྱེ་བ་སྔོན་མར་ངས་རྩྭ་བྲེགས་པའི་སྐབས་འབུ་གྲོག་མ་ཞིག་བསད་པ་ཡིན། དེའི་ལས་ཀྱི་འབྲས་བུ་ལ་བརྟེན་ནས་ཁོང་གི་དབུ་དེ་རྩྭ་ཀུ་ཤའི་ཉག་མ་གཅིག་གིས་གཅོད་ཐུབ། ཅེས་གསུངས་པ་ལྟར། ཀུ་མཱ་རས་དེ་ལྟར་བྱས་ཏེ་མགོན་པོ་ཀླུ་སྒྲུབ་སྐུ་མྱ་ངན་ལས་འདས། དབུ་བཅད་པའི་ཁྲག་དེ་འོ་མར་གྱུར་པ་དང་དབུ་དེའི་ཞལ་ནས། “ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། ཕྱིས་ནས་ལུས་འདི་ལ་ནི་འཇུག་པར་འགྱུར།” ཞེས་གསུངས་པ་རེད། ཀུ་མཱ་རས་དབུ་དེ་སྐུ་ལུས་དང་རྒྱང་ཐག་རིང་པོར་བཞག་ཀྱང་། ལོ་རེར་བཞིན་དབུ་དང་སྐུ་ལུས་གཉིས་པོ་ཐག་ཇེ་ཉེར་འགྲོ་ཚུལ་ཤོད་ཀྱི་ཡོད། དབུ་སླར་ཡང་སྐུ་ལུས་ལ་འབྱར་སྐབས་མགོན་པོ་ཀླུ་སྒྲུབ་སླར་ཡང་ཕེབས་ཏེ་བསྟན་འགྲོའི་དོན་དུ་ཆོས་རྒྱ་ཆེར་གསུངས། མདོར་ན། མགོན་པོ་ཀླུ་སྒྲུབ་ཁྱོན་བསྡོམས་དགུང་ལོ་དྲུག་བརྒྱར་བཞུགས།

ཁོང་གིས་མདོའི་གཞུང་མང་པོ་ལྗགས་རྩོམ་གནང་བ་རྣམས་ནི། རིགས་པའི་ཚོགས་དང། བསྟོད་པའི་ཚོགས། གཏམ་པའི་ཚོགས་བཅས་ཡོད་པ་ལས།

རིགས་ཚོགས་དྲུག་ནི།

  • དབུ་མ་རྩ་བ་ཤེས་རབ།
  • རིན་ཆེན་ཕྲེང་བ།
  • རྩོད་པ་ཟློག་པ།
  • སྟོང་ཉིད་བདུན་བཅུ་པ།
  • ཞིབ་མོ་རྣམ་འཐག་ཅེས་བྱ་བའི་མདོ།
  • རིགས་པ་དྲུག་ཅུ་པ་བཅས་ཡིན།

བསྟོད་ཚོགས་ནི།

  • ཆོས་དབྱིངས་བསྟོད་པ།
  • དོན་དམ་པར་བསྟོད་པ།
  • འཇིག་རྟེན་ལས་འདས་པར་བསྟོད་པ་བཅས་ཡིན།

གཏམ་ཚོགས་ནི།

  • བྱང་ཆུབ་སེམས་ཀྱི་འགྲེལ་བ།
  • མདོ་ཀུན་ལས་བཏུས་པ།
  • བཤེས་པའི་སྤྲིངས་ཡིག་བཅས་ཡིན།

མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུད་གསང་བ་འདུས་པའི་འགྲེལ་བ་ཁག་གཅིག་ནི།

  • སྒྲུབ་ཐབས་མདོར་བྱས།
  • རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་པའི་རིམ་པའི་བསྒོམ་པའི་ཐབས་མདོ་དང་བསྲེས་པ། ༼མདོ་བསྲེས།༽
  • རིམ་པ་ལྔ་པ། ༼རིམ་ལྔ།༽

མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་མཚན་སྙན་ཆེ་ཤོས་ནི་སློན་དཔོན་ཨཱརྱ་དེ་ཝའམ་འཕགས་པ་ལྷ་ཡིན་པ་དང་། ཁོང་གིས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པ་དང་། གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་བ་འགའ་ཤས་མཛད་གནང་ཡོད།།

འདྲ་པར་འབྱུང་ཁུངས། himalayanart.org
འབྲེལ་ཡོད་རྩོམ་ཡིག་ཁག
Top