སེར་ཀོང་རིན་པོ་ཆེ་༧གོང་ས་མཆོག་གི་ཡོངས་འཛིན་ཕྱག་རོགས་ཡིན་པའི་ཆ་ནས་ལས་འགན།
སེར་ཀོང་རིན་པོ་ཆེ་ནི་སྐུ་སྟོབས་ཆེན་པོ་ཡོད་པ་དང། དབུ་སྐྲ་གཞར་ཡོད་པའི་རབ་བྱུང་གཟན་དང་ཤམ་ཐབས་མནབས་པ། ཞལ་རས་ལ་གཉེར་ཐིག་གིས་ཁེངས་ནས་ཡོད་པས། ཁོང་ཉིད་ཀྱི་དགུང་ལོའི་ཚད་ལས་སྐུ་ན་བགྲེས་པ་ལྟ་བུར་སྣང་དུ་གཅུག་གི་རེད། ཁོང་གི་སྙེམ་ཆུང་དང་རྣམ་དཔྱོད་ལྡན་པའི་སྤྱོད་ཚུལ། དེ་བཞིན་ཞི་ཞིང་དུལ་བའི་བག་ཡངས་ཀྱི་དགོད་བྲོ་བཅས་ཀྱིས་ཁོང་ནི་རྟོག་སྒྲུང་ཁྲོད་ཀྱི་དྲང་སྲོང་ཞིག་དང་གཅིག་པ་འདྲ་པོ་མཐོང་བཅུག་གི་རེད། དེ་ལྟ་བུའི་ཁྱད་རྣམ་ལ་བརྟེན་ནས་ཁོང་མཇལ་མཁན་ནུབ་ཕྱོགས་པ་རྣམས་ཀྱི་ཡིད་དབང་མེད་དུ་འཕྲོག་པར་བྱེད་ཀྱི་ཡོད། དཔེར་ན། སྐར་མའི་དམག་འཁྲུག་ (Star Wars) ཅེས་པའི་གློག་བརྙན་གྲགས་ཅན་དེ་བཟོ་སྐྲུན་གནང་མཁན་ཚོས་ཁོང་དྷ་སར་མཇལ་བ་དང། ཁོང་ཡོ་ཌ་ (Yoda) སྟེ་སྒྲུང་གཏམ་དེའི་ཆོས་ཕྱོགས་ཀྱི་ལམ་སྟོན་གནང་མཁན་གྱི་གཟུགས་སུ་བེད་སྤྱོད་བྱེད་རྒྱུ་ཐག་གཅོད་ཀྱང་བྱས་པ་རེད། རིན་པོ་ཆེ་མཆོག་ནས་གློག་བརྙན་དེ་རྩ་བ་ནས་གཟིགས་མྱོང་མེད། འོན་ཀྱང་ཐུགས་དོགས་མེད་པར་སྒྲོ་བཏགས་རི་མོ་ (caricature) ལ་དགའ་མགུ་གནང་གི་རེད། གང་ལྟར་ཡང་། རིན་པོ་ཆེའི་གཟེངས་སུ་ཐོན་པའི་ཁྱད་ཆོས་ནི། ༸གོང་ས་མཆོག་དང་འབྲེལ་ལམ་དམིགས་བསལ་ཞིག་ཡོད་པ་དེ་ཡིན།
༸གོང་ས་མཆོག་ནི་བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་ཞིང་། ཁོང་གི་ཤུལ་འཛིན་གྱི་རིམ་པ་ནི་སྐུ་ཕྲེང་ན་རིམ་བཞིན་ཡང་སྲིད་འཁྲུངས་པ་བརྒྱུད་མུ་མཐུད་ཕེབས་ཀྱི་ཡོད། ༧གོང་ས་མཆོག་གཅིག་དགོངས་པ་རྫོགས་པའི་སྐབས་སུ། ཁོང་དང་ཉེ་བའི་འབྲེལ་ཡོད་སྐུ་འཁོར་རྣམས་ཀྱིས་ཡང་སྲིད་ཕྲུ་གུ་ཞིག་ངོས་འཛིན་དང་སྐུ་གང་དུ་བལྟམ་མིན་ཐད་དམིགས་བསལ་རྒྱུད་རིམ་སྣ་ཚོགས་པ་བརྒྱུད་འཚོལ་ཞིབ་གནང་གི་ཡོད། དེ་རྗེས་ཚད་ལྡན་གྱི་ཡོངས་འཛིན་རྣམས་ཀྱི་དྲུང་ནས་༸ཏཱ་ལའི་བླ་མ་སྐུ་ཕྲེང་རེ་རེ་ལ་ཤེས་ཡོན་སློབ་སྦྱོང་མཐར་ཕྱིན་པ་ཐོབ་ཀྱི་ཡོད། དེ་ལྟ་བུའི་ཡོངས་འཛིན་དགེ་བའི་བཤེས་གཉེན་ནང་སྐུ་བགྲེས་གཞོན་གཉིས་དང། ཡོངས་གྲགས་སུ་ཕྱག་སྦྲེལ་ཡོངས་འཛིན་ནམ་ཡོངས་འཛིན་ཕྱག་རོགས་ (Assistant Tutor) ཞེས་མཚན་བཏགས་པའི་མཚན་ཞབས་བདུན་ཡོད།
རྒྱ་གར་འཕགས་པའི་ཡུལ་ནས་བརྒྱུད་པ་མི་འདྲ་བ་རེར་བརྒྱུད་དེ་དར་བའི་བོད་རྒྱུད་ནང་བསྟན་ལ་ཆོས་རྒྱུད་ཆེ་ཁག་བཞི་ཡོད་ཀྱང་། དེ་དག་གི་རྩ་བའི་ལྟ་གྲུབ་ཐད་འགལ་བ་ཆེན་པོ་དེ་འདྲ་གང་ཡང་མེད། ༸གོང་ས་མཆོག་གི་ཡོངས་འཛིན་གཙོ་བོ་དགུ་ནི་ཆོས་རྒྱུད་ཆེན་པོ་བཞི་ལས་ཆེ་ཤོས་དགེ་ལུགས་ཀྱི་ཁོངས་ནས་བྱུང་ཡོད། སྐུ་ཉིད་ཀྱི་གཞི་རིམ་སློབ་གཉེར་གྲུབ་རྗེས་རྙིང་མ་དང། བཀའ་རྒྱུད། ས་སྐྱ་བཅས་རྒྱུད་པ་གཞན་གསུམ་གྱི་སློབ་དཔོན་རྣམས་དགེ་རྒན་དུ་བསྟེན་ནས་ཆོས་ཀྱི་གདམས་པ་མང་པོ་གསན་བསམ་མཛད། མཚན་ཞབས་བདུན་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁོར་དུ་ཆགས་པའི་དགེ་ལུགས་ཀྱི་དགོན་པ་ཆེ་ཁག་བདུན་ནས་ཡིན་ཞིང། རང་རང་གི་མཁྱེན་པ་དང་སྒྲུབ་པའི་ཡོན་ཏན། དེ་ག་ནང་བཞིན་གཙོ་བོ་གཤིས་སྤྱོད་སྨིན་ཚད་ལོངས་པ་ལ་བརྟེན་ནས་མཚན་གནས་སུ་འདེམ་སྒྲུག་དང་བསྐོ་བཞག་བྱེད་ཀྱི་ཡོད། སེར་ཀོང་རིན་པོ་ཆེ་ནི་རི་བོ་དགེ་ལྡན་པའི་ལུགས་སྲོལ་གཏོད་མཁན་རྗེ་ཙོང་ཁ་པ་ཆེན་པོ་རང་ཉིད་ཀྱིས་གསར་བཞེངས་མཛད་པའི་དགའ་ལྡན་བྱང་རྩེ་ནས་བསྐོ་བཞག་གནང་བའི་མཚན་ཞབས་ཤིག་ཡིན། ཕྱི་ལོ་ ༡༩༤༨ ལོར་མཚན་གནས་འགན་འཁུར་བཞེས་པའི་སྐབས་༸གོང་ས་མཆོག་དགུང་གྲངས་ ༡༣ དང་ཁོང་རང་ཉིད་དགུང་ལོ་ ༣༤ ཡིན། མཚན་ཞབས་བདུན་ལས་ཁོང་ནི་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་སྐབས་སྐུ་འཁོར་དུ་ཕེབས་ཐུབ་མཁན་གཅིག་པུ་དེ་ཡིན།
སེར་ཀོང་རིན་པོ་ཆེའི་མཁས་རྩལ་གྱི་གནས།
ཕྱི་ལོ་ ༡༩༨༣ ཟླ་བརྒྱད་པའི་ནང་སྐུ་མ་བཤེགས་བར་འཚོ་བཞུགས་སྐབས་ཐོག་མར་རྒྱལ་ས་ལྷ་ས་དང་ཕྱིས་སུ་བཞུགས་སྒར་དྷ་སར་ཕེབས་ནས་༸གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པའི་ཐོག་ནས་ཞབས་ཕྱི་ཧུར་ཐག་ཞུས་གནང་ཡོད། ཁོང་གི་ཐུགས་འགན་གཙོ་བ་ནི་༸གོང་ས་མཆོག་ནས་དཔེ་ཁྲིད་སློབ་ཚན་གསན་པ་ཚང་མར་བཅར་གནང་བ་དང་། དེ་རྗེས་༸གོང་ས་མཆོག་གི་ཡང་དག་པའི་མཁྱེན་རྟོགས་ལ་བརྟན་ཆ་བཟོ་བའི་ཆེད་ཁོང་དང་ལྷན་དུ་མཚན་ཉིད་ཀྱི་ལམ་ནས་ཆོས་ཀྱི་བགྲོ་གླེང་གནང་རྒྱུ་དེ་ཡིན། མདོར་ན། ༸གོང་ས་མཆོག་སྐུ་ཉིད་ནས་ཀྱང་དཔེ་ཁྲིད་གང་དང་གང་ཐོབ་པ་ཚང་མ་མཉམ་དུ་སེར་ཀོང་རིན་པོ་ཆེ་ཕེབས་དགོས་པར་བཀའ་ནན་པོར་གནང་བ་དང་། དེ་ལ་བརྟེན་ནས་མ་མཐར་བླ་མའམ་སློབ་དཔོན་གཞན་གཅིག་གིས་སོ་སོའི་རྒྱ་ཆེ་བའི་ཤེས་ཡོན་དང་སྦྱོང་བརྡར་མཉམ་སྤྱོད་ཐུབ་པའི་ཐུགས་རེ་བཅངས་གནང་མཛད། དེ་འདྲ་སོང་ཙང་། ༸གོང་ས་མཆོག་ནང་བཞིན་སེར་ཀོང་རིན་པོ་ཆེའང་བོད་ཀྱི་ཆོས་བརྒྱུད་བཞི་ཀར་མཁས་པ་ཞིག་ཡིན་པ་དང་། ཁོང་གི་མཁས་རྩལ་དེ་ནང་ཆོས་ཀྱི་སྡེ་ཚན་ཆེ་ཁག་གཉིས་ཏེ་མདོ་སྔགས་གཉིས་ཀར་བྱང་ཆུབ་པར་གནང་ཡོད། གཞི་རྩའི་ནང་ཆོས་ཀྱི་རིམ་པ་རྣམས་མདོ་ཕྱོགས་ནས་ཁྱབ་སྤེལ་བྱེད་པ་དང་ཆབས་ཅིག །གསང་སྔགས་ནང་གང་ཟག་རང་སོ་སོ་བསྒྱུར་བཅོས་སམ་རང་རྒྱུད་སྨིན་བྱེད་ཀྱི་ཐབས་ཟབ་མོ་རྣམས་ཚུད་ཡོད།
དེར་མ་ཟད། རིན་པོ་ཆེ་སྲོལ་རྒྱུན་གྱི་ནང་པའི་སྒྱུ་རྩལ་དང་ཚན་རིག་ལ་མཁས་པ་ཞིག་ཡིན། དཔེར་ན། སྔགས་ཀྱི་ཆོ་གའི་ནང་བེད་སྤྱོད་བྱེད་པའི་འཇིག་རྟེན་ཆགས་ལུགས་ཀྱི་བརྡ་མཚོན་ཆ་ཚད་གཉིས་སམ་གསུམ་དང་ལྡན་པའི་དཀྱིལ་འཁོར་དང་། རྩ་ཆེན་གྱི་རིང་བསྲེལ་གསོག་འཇོག་བྱེད་སའི་གདུང་རྟེན་ནམ་མཆོད་རྟེན་གྱི་རིགས་འདྲ་མིན་བཞེང་རྒྱུར་མཁས་རྩལ་ཆེ་བ་ཞིག་ཡིན། གཞན་ཡང་སྙན་ངག་དང་། རྩོམ་བྲིས། བོད་ཀྱི་བརྡ་སྤྲོད་སོགས་ལ་ཧ་ཅང་མཁས་ཤིང། ཁོང་གི་ཆོས་ཁྲིད་གནང་སྟངས་ལ་བརྗིད་ཉམས་དང་ཚོར་བ་སྐྱེན་པོའི་རང་བཞིན་ཞིག་ཡོད་པས། དཀའ་གནད་ཁག་ལ་ལྷག་པར་དུ་ནན་གྱིས་གོ་བདེ་པོ་དང་ཞིབ་ཚགས་པོ་འགྲེལ་བ་གནང་བའི་ཁྱད་ཆོས་ལྡན་ཡོད།
སེར་ཀོང་རིན་པོ་ཆེ་མཆོག་ད་དུང་བོད་ཀྱི་སྲོལ་ལུགས་ཁྲོད་སྤྱོད་པའི་ཕྱག་མོ་ལ་མཁས་པ་ཞིག་ཀྱང་ཡིན། ཕྱག་མོ་བསྐྱོན་སྐབས་རྩེ་གཅིག་པའི་སྒོམ་གྱི་གནས་བབས་ལ་ཞུགས་ཏེ་ཤོ་གསུམ་ཐེངས་འགའ་གཡུགས་རྗེས་ཤོ་གང་བབས་པར་འགྲེལ་པ་གནང་སྟེ་མི་རྣམས་ལ་ཧ་ཅང་དཀའ་བའི་གནད་དོན་ལ་ཐག་གཅོད་བྱ་རྒྱུ་རོགས་རམ་བྱེད་ཀྱི་ཡོད། དེར་མ་ཟད། ཁོང་གིས་བོད་ཀྱི་སྐར་རྩིས་རིག་པ་སྟེ། རྒྱུ་སྐར་གྱི་གནས་སྟངས་ལ་བརྟག་པའི་རྙོག་འཛིངས་ཅན་གྱི་རྩིས་རིག་ཀྱང་ལེགས་པར་མཁྱེན་ཞིང། དེ་ལྟ་བུའི་ཐུན་མིན་གྱི་གསང་བའི་སློབ་གཞི་ཁག་ལ་ཁོང་གི་འཇུག་སྒོ་ནི་རྒྱུན་དུ་ཁ་ཡོད་ལག་ཡོད་དང་དངོས་ཡོད་གནས་ཚུལ་ཞིག་ཡིན། དེ་དག་ལ་གྲོས་འདྲི་བ་ནི་ཁ་སྐོང་བྱེད་པ་ཞིག་ལས་སྤྱིར་བཏང་བསམ་ཤེས་ཀྱི་རྣམ་དཔྱོད་བེད་སྤྱོད་བྱེད་པར་བརྗེ་ཚབ་བྱེད་པའི་ཆེད་མ་ཡིན།
༧གོང་ས་མཆོག་གི་ཡོངས་འཛིན་ཞིག་ཡིན་པའི་ཆ་ནས་རིན་པོ་ཆེའི་སྙེམ་ཆུང་གི་རང་བཞིན།
རིན་པོ་ཆེའི་གཞུང་འབྲེལ་གོ་གནས་ཀྱི་གལ་གནད་དང་མཁྱེན་རྒྱ་དེ་ལྟར་ཆེ་ནའང། དུས་རྟག་ཏུ་སྙེམ་ཆུང་ངང་བཞུགས་ཀྱི་ཡོད། མདོར་ན། ཁོང་༸གོང་ས་མཆོག་གི་ཡོངས་འཛིན་ཆེ་གྲས་ཤིག་དང་ཁྱད་པར་དུ་སྔགས་ཀྱི་ལུགས་སུ་རྙོག་འཛིངས་ཆེ་ཤོས་དཔལ་དུས་ཀྱི་འཁོར་ལོ་གསན་ས་ཞིག་དང། རང་གི་དགེ་ཕྲུག་གཙོ་བོ་རྣམས་ལ་དབང་ལུང་མན་ངག་མང་པོ་བསྩལ་གནང་ཡོད་ཀྱང། ཁོང་གི་རང་ཉིད་ལ་དབྱིན་སྐད་ནང་ཡོངས་འཛིན་ཕྱག་རོགས་ (Assistant Tutor) ཞེས་འབོད་པར་ཐུགས་དགའ་པོ་རྩ་ནས་གནང་གི་མརེད། ཚིག་དོན་ལྟར་མཚན་ཞབས་ཞེས་པ་དབྱིན་སྐད་ནང་མཚན་ཉིད་ཞབས་ཕྱི་ (Debate Servant) ཞེས་བསྒྱུར་ན་དགོངས་པའི་ཐུགས་རེ་བཅངས་ཡོད། འོན་ཀྱང་མཐར་ཁོང་གིས་དེའི་སྐད་དོད་ཀྱི་འགྱུར་ལ་རྩོད་ཟླའི་སློབ་དཔོན་ (Master Debate Partner) ཞེས་ཞལ་བཞེས་གནང་བ་རེད།
སེར་ཀོང་རིན་པོ་ཆེས་རྒྱུན་སྲོལ་དང་རྒྱུན་སྲོལ་མིན་པ་གཉིས་ཀའི་ཐོག་ནས་༸གོང་ས་མཆོག་ལ་ཞབས་ཕྱི་ཞུས་གནང་ཡོད། དཔེར་ན། ༸གོང་ས་མཆོག་གིས་ཡང་ནས་ཡང་དུ་སྤྱིར་འཛམ་གླིང་ཡོངས་དང་ཡང་སྒོས་རང་གི་མི་རིགས་ཀྱི་བདེ་དོན་སླད་དམིགས་བསལ་སྒོམ་གྱི་ཉམས་ལེན་དང་རིམ་འགྲོ་གནང་གི་ཡོད་པ་ལས། འགའ་ཞིག་སྐུ་སྒེར་གྱིས་གནང་བ་དང་འགའ་ཞིག་དྲག་འདེམ་བྱས་པའི་དགེ་འདུན་པ་ཉུང་ཤས་ལ་གནང་བ། གཞན་རྣམས་འདུས་ཚོགས་ཆེན་པོའི་དབུས་སུ་གནང་སྲོལ་ཡོད། དེ་འདྲའི་གནང་སྒོ་ཁག་གི་ནང་རིན་པོ་ཆེ་མཉམ་ཞུགས་གནང་དགོས་ཞེས་༧གོང་ས་མཆོག་ནས་རྒྱུན་དུ་འབོད་སྐུལ་ཞུ་བའམ། གལ་ཏེ་༸གོང་ས་མཆོག་མཛད་འཕྲིན་གཞན་ལ་མཛད་བྲེལ་ཧ་ཅང་ཆེན་པོ་ཡོད་ན། སེར་ཀོང་རིན་པོ་ཆེས་ཁོང་གི་ཚབ་ཏུ་རིམ་འགྲོ་གནང་བའམ། གཙོ་སྐྱོང་དགོས་པའི་བཀའ་ཕེབས་ཀྱི་ཡོད། དེར་མ་ཟད། ༸གོང་ས་མཆོག་གིས་ཆོས་ཁྲིད་གནང་སྐབས་རིན་པོ་ཆེ་ཁོང་གི་ཕྱག་གཡས་ཕྱོགས་སུ་བཞུགས་ཏེ། དགོས་ངེས་ཅན་གྱི་ཐ་སྙད་དང་ཚིག་འབུལ་བའམ། ཡང་ན་༧གོང་ས་མཆོག་ནས་བཀའ་ཕེབས་ན། དྲི་བའམ་ཐུགས་དྭོགས་བྱུང་བ་ཁག་ལ་ལན་འབུལ་དགོས་ཀྱི་ཡོད། གཞན་རྣམས་ཀྱིས་༸གོང་ས་མཆོག་ལ་ཐད་ཀར་སློབ་ཁྲིད་དམ། ཁྲིད་རྒྱུན་འབུལ་བར་མཚེར་སྣང་ཆེན་པོ་བྱུང་སྐབས། ཁོང་ཚོས་སེར་ཀོང་རིན་པོ་ཆེ་བརྒྱུད་ནས་གནང་གི་ཡོད། དེ་ཡང་རིན་པོ་ཆེས་ཆོས་ཕྱོགས་ཀྱི་གྲུ་ལམ་ལྟ་བུར་༸གོང་ས་མཆོག་ལ་དེ་དག་འབུལ་གྱི་ཡོད།
སེར་ཀོང་རིན་པོ་ཆེའི་ཕྱི་འབྲེལ་སྐུ་ཚབ་ཀྱི་ཐབས་རྩལ།
༸གོང་ས་མཆོག་གིས་རྒྱུན་དུ་སེར་ཀོང་རིན་པོ་ཆེ་ནི་སྐུ་ཉིད་ཀྱི་དགོངས་གཞི་དང་སྲིད་བྱུས་རྣམས་དགོན་སྡེ་ཁག་དང་མི་མང་ལ་སྤེལ་མཁན་གྱི་སློབ་སྟོན་པ་དང་ལས་འཛིན་པ་གཙོ་བོ་དེ་ཡིན་པར་ངོས་འཛིན་གནང་གི་ཡོད། གང་ཡིན་ཞེ་ན། ཁོང་ནི་ཆོས་ཕྱོགས་དང་སྲིད་ཕྱོགས་གཉིས་ཀའི་སྐུ་ཚབ་གནང་མཁན་དེ་ཡིན་པས་རེད། ཁོང་གིས་རྒྱུན་དུ་ས་གནས་ཀྱི་རྩོད་རྙོག་ལ་བར་སྡུམ་གནང་བ་དང་རང་གི་མཁྱེན་རྟོགས་ཡོད་པའི་ཁྱབ་ཁོངས་སུ་༸སྐུ་སྒེར་ཡིག་ཚང་གི་ས་གནས་གྲོས་མཐུན་ཐད་ལམ་སྟོན་གནང་གི་ཡོད།
དེ་བཞིན་རིན་པོ་ཆེའི་བག་ཡངས་བརྩེ་སེམས་ཀྱི་དགོད་བྲོ་དེས་ཕྱི་ཕྱོགས་འབྲེལ་ལམ་གྱི་ཐབས་རྩལ་ལ་ཡར་རྒྱས་རྒྱ་ཆེན་པོ་བཏང་ཡོད། མི་རྣམས་ཀྱིས་ཡང་ནས་ཡང་དུ་ཁོང་ལ་ཆོབ་སླངས་པ་དང་སྒྲུང་དགོད་བྲོ་པོ་དེ་འདྲ་ཤོད་པར་ཡོང་གི་ཡོད། རྒྱུ་མཚན་ནི་ཁོང་གིས་མི་དེ་དག་ལ་བཞད་མོ་བཞད་པ་དང་ཡི་རངས་གནང་བ་ཙམ་མིན་པར། ཁོང་ཚོར་ཕར་སྒྲུང་སྙན་པོ་དེ་འདྲའང་གསུངས་ཀྱི་ཡོད། བཞད་མོ་བཞད་པ་དང་རིན་པོ་ཆེའི་སྐུ་གཟུགས་ཡོངས་རྫོགས་འདར་སིག་སིག་གནང་བས་གཡས་གཡོན་དུ་མི་ཡོད་ཚད་ལ་དེ་ཁྱབ་ཀྱི་ཡོད། དེ་ལྟ་བུའི་ཁ་ཡོད་ལག་ཡོད་ཀྱི་བློ་གྲོས་དང་བྱམས་བརྩེའི་བཞད་གད་ལ་བརྟེན་ནས་སུས་ཁོང་མཇལ་ཀྱང་རང་ཤུགས་ཀྱིས་དགའ་མོས་དང་བརྩི་བཀུར་ཡོང་བར་བཟོ་གི་ཡོད།
དགོན་སྡེ་བསྐྱར་བཞེངས་དང་གཞུང་བསྟེན་སྲུང་མའི་སྐུ་རྟེན་ལ་སྦྱོང་བརྡར་གནང་བ།
རྒྱ་དམར་གྱིས་བོད་ནང་དགོན་པ་མང་པོ་གཏོར་བཤིག་བཏང་བའི་རྗེས་རྒྱ་གར་ནང་དགོན་པ་མང་པོ་བསྐྱར་བཞེངས་གནང་སྐབས་རིན་པོ་ཆེ་མཆོག་མི་སྣ་གཙོ་བོ་ཞིག་ཡིན། དེ་དག་ཀྱང་དབང་ལུང་མན་ངག་དང་སློབ་ཁྲིད་རྣམས་གང་ལ་གང་དགོས་ཀྱི་ཚུལ་དུ་གནང་བའི་ཐོག་སྲོལ་རྒྱུན་གྱི་ཆོ་གའི་རྒྱུན་སླར་མུ་མཐུད་ཐུབ་པ་བྱུང། ཁོང་གི་སྐུ་ཚེ་ཧྲིལ་པོའི་ནང་གཞུང་བསྟེན་སྲུང་མ་གཉིས་ཡོད་པའི་དགོན་པ་གནས་ཆུང་དང་དགའ་གདོང་ལྷན་དུ་འབྲེལ་བ་དམ་ཟབ་གནང་ཡོད་པ་ནི་དམིགས་བསལ་བདེན་པའི་གནད་དོན་ཞིག་ཡིན། རིན་པོ་ཆེ་ནི་མིའི་ཤ་ཚུགས་ཅན་གྱི་༸གོང་ས་མཆོག་གི་བཀའ་བསྡུར་ཞུ་ས་གཙོ་བོ་ཞིག་ཡིན་པ་ལྟར། གཞུང་བསྟེན་སྲུང་མ་རྣམས་༸གོང་ས་མཆོག་གི་སྲོལ་རྒྱུན་གྱི་མིའི་རང་བཞིན་ལས་འདས་པའི་བཀའ་བསྡུར་གནང་ས་ཞིག་ཡིན། ལྷ་ཕེབས་པའི་གནས་སྐབས་སུ་སྐུ་རྟེན་བརྒྱུད་ཁོང་ལ་བཀའ་ལུང་གནང་བ་དང་། རིན་པོ་ཆེས་སྐུ་རྟེན་རྣམས་ལ་ཆོས་ཕྱོགས་ཀྱི་སྦྱོང་བརྡར་ལམ་སྟོན་གནང་སྟེ། ཁོང་ཚོ་ལྷག་པའི་ཤེས་རབ་ཆེད་དུ་འབྲེལ་ལམ་གཙང་མར་འགྱུར་ཐུབ་ཀྱི་ཡོད།
སངས་རྒྱས་ཀྱི་ཆོས་གཞན་ལས་གསན་པ་དང་གཞན་ལ་འཆད་པའི་དཀའ་སྡུག་ལ་རིན་པོ་ཆེས་ནམ་ཡང་འཛེམས་ཟོན་གནང་གི་མེད། དཔེར་ན། ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་འཐོབ་ཕྱིར་རྡོ་རྗེ་གདན་དུ་དབྱར་དུས་གཅིག་རིང་ཚ་གདུང་དྲག་པོའི་ཁྲོད་བཟོད་སྲན་དཔག་མེད་གནང། ཁུ་ནུ་རིན་པོ་ཆེ་ནི་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་འདབས་སུ་ཆགས་པའི་ཁུ་ནུ་ཕྱོགས་ནས་ཡིན་ཞིང། དེང་གི་དུས་སུ་མཁས་གྲུབ་བྱེ་བའི་གཙུག་རྒྱན་དུ་གྱུར་བའི་རྣལ་འབྱོར་བ་ཆེན་པོ་ཞིག་སྟེ། བོད་མི་རྣམས་ཀྱིས་བྱང་ཆུབ་སེམས་དཔར་ངོས་འཛིན་བྱེད་ཀྱི་ཡོད། བྱང་ཆུབ་སེམས་དཔའ་ཞེས་པ་ནི་རང་གཅེས་འཛིན་དང་ཡོངས་སུ་བྲལ་ཏེ་གཞན་དོན་ཆེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་རྩེ་གཅིག་ཏུ་དམིགས་ནས་འབད་བརྩོན་བྱེད་མཁན་གྱི་གང་ཟག་ཅིག་ཡིན། རྡོ་རྗེ་གདན་ནི་བྱང་ཆུབ་ཤིང་དྲུང་དུ་བདག་ཅག་གྱི་སྟོན་པ་ཤཀྱཱ་ཐུབ་པ་སངས་རྒྱས་སའི་གནས་ཁྱད་པ་ཅན་ཞིག་དང་། རྒྱ་གར་ནང་གི་ཆེས་དབུལ་ཕོངས་དང་ཚ་བ་ཆེ་ཤོས་ཀྱི་ས་ཁུལ་ནང་ཆགས་ཏེ། རྒྱུན་གཏན་དབྱར་དུས་སུ་ཚ་ཚད་ཧྥེ་རེན་ཧ་ཡེཊ་ (Fahrenheit) ༡༢༠ འཕར་བ་དང་། སེ་དྲོད་ (Centigrade) ཚ་ཚད་ ༥༠ ལ་ཉེ་བར་སླེབས་ཀྱི་ཡོད། དེ་ག་ནང་བཞིན་ཡང་ནས་ཡང་དུ་གློག་མེད་པ་ཆགས་པ་དང་། ཆུ་འདང་ངེས་མེད་པ། གྲང་གློག་སོགས་མེད་པས། དེར་གནས་པ་ནི་དཀའ་ངལ་ཅན་ཞིག་རེད། ཁུ་ནུ་བླ་མ་མཆོག་ཡང་ནས་ཡང་དུ་དེ་གར་སྒེའུ་ཁུང་མེད་པ་ཙམ་མ་ཟད་རླུང་འཁོར་ཡང་མེད་པའི་ཁང་ཆུང་ཞིག་གི་ནང་བཞུགས་ཀྱི་ཡོད།
ཧི་མ་ལ་ཡའི་ལུང་གཤོངས་སྤི་ཏི་ལ་ནང་ཆོས་སླར་གསོ་མཛད་པ།
རིན་པོ་ཆེ་རྒྱ་གར་དང་བལ་ཡུལ་ནང་གང་སར་ནང་ཆོས་བཀའ་ཁྲིད་གནང་བར་ཕེབས་པ་དང་། ནུབ་ཡུ་རོབ་དང་བྱང་ཨ་རིའི་ཁུལ་དུ་ཐེངས་གཉིས་ཙམ་ཕེབས་གནང་ཡོད། མ་གཞི་ཁོང་གིས་ཆོས་ཚོགས་ཆེ་ཁག་ནང་ཆིབས་སྒྱུར་གནང་མྱོང་ཡོད་ཀྱང་། དགེ་རྒན་དཀོན་པ་དང་མི་གཞན་འགྲོ་འདོད་མེད་སའི་རྒྱང་རིང་གི་ས་ཁུལ་ཆུང་ཆུང་ཁག་ཏུ་ཕེབས་རྒྱུར་ཐུགས་མཉེས་པོ་གནང་གི་ཡོད། དཔེར་ན། སྐབས་རེ་ཁོང་གིས་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་རྒྱ་གར་གྱི་དམག་སྒར་ནང་བོད་དམག་དཔུང་སྡེ་ཁག་ལ་བཀའ་ཁྲིད་གནང་བར་གཡག་བཅིབས་ནས་ཕེབས་ཏེ། བཟོད་དཀའི་གནས་སྟངས་ལ་ནམ་ཡང་ཐུགས་བསུན་མེད་པར་མཐོ་སྒང་དུ་གུར་གྱི་ནང་བཞུགས་པའམ་གཟིམ་གྱི་ཡོད།
རྒྱང་རིང་གི་མཐའ་མཚམས་ས་ཁུལ་དེ་དག་ལས་རིན་པོ་ཆེ་དང་སྤི་ཏི་དབར་དམིགས་བསལ་འབྲེལ་བ་དམ་ཟབ་ཚུགས་ཏེ། སྤི་ཏི་ནི་ཁུ་ནུའི་ཉེ་འགྲམ་སྟེ་རྒྱ་གར་ཧི་མ་ལ་ཡའི་ལུང་གཤོངས་ཀྱི་མཐོ་སར་ཆགས་ཡོད། དེར་སྐུ་གོང་མ་མྱ་ངན་ལས་འདས་པ་དང་ཡང་སྲིད་རིན་པོ་ཆེ་འཁྲུངས་པ་རེད། མི་ལོ་སྟོང་ཕྲག་གཅིག་གི་སྔོན་དུ་ས་ཆ་སྐམ་པོ་དང་ཐལ་བས་ཁེངས་པའི་རྫོང་འདི་བོད་ཀྱི་ས་ཁོངས་སུ་གཏོགས་པ་དང་། ནང་པ་སངས་རྒྱས་པའི་ཆོས་བསྐྱར་དར་བྱེད་ས་ལྟེ་བ་ཞིག་ཡིན། འོན་ཀྱང་ཉེ་བའི་དུས་སུ་ལོ་ངོ་སྟོང་ཚོ་གཅིག་གི་སྔོན་དུ་བྱུང་བའི་ཚད་ལྡན་གྱི་ཁྱད་ཆོས་རྣམས་ཉམས་རྒུད་ཕྱིན་ཡོད། དགེ་འདུན་པ་རྣམས་ཀྱིས་ཚངས་སྤྱོད་ཀྱི་སྡོམ་པར་སྣང་ཆུང་བཏང་ནས་ཆང་རག་སོགས་བག་མེད་དུ་སྤྱད་པ་དང་། ཁོང་ཚོས་སངས་རྒྱས་ཀྱི་ཆོས་ངོ་མར་སློབ་སྦྱོང་དང་ཉམས་ལེན་ཏོག་ཙམ་ལས་བྱས་མེད།
ཡུལ་ལུང་དེར་རིན་པོ་ཆེས་གཟིགས་སྐོར་ཐེངས་ལྔ་གནང་བའི་ནང་སྤི་ཏིའི་ཡུལ་གྱི་དགོན་པ་རྙིང་ཤོས་རྟ་ཕོ་དགོན་པའི་དགེ་འདུན་པ་རྣམས་ལ་སྲོལ་རྒྱུན་གྱི་ཆོ་གའི་དབང་དང་ལྗགས་ལུང་བསྩལ་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྐྱར་དར་ཐེངས་གཉིས་པ་གནང། གཞན་ཡང་དགེ་བའི་བཤེས་གཉེན་ཚད་ལྡན་མང་པོ་སྤི་ཏི་ཡུལ་དུ་གདན་འདྲེན་ཞུས་ཏེ་ས་གནས་བྱིས་པ་རྣམས་ཀྱི་ཆེད་སློབ་གཉེར་ཁང་གསར་འཛུགས་གནང་ཡོད། མཐར་ཕྱི་ལོ་ ༡༩༨༣ ལོའི་ཟླ་བ་བདུན་པའི་ནང་རྟ་ཕོ་དགོན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་སྩོལ་ཕྱིར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུས། ཕྱི་ལོ་ ༡༠༢༧ ལོར་རྒྱ་གར་འཕགས་པའི་ཡུལ་ནས་བོད་གངས་ཅན་ལྗོངས་སུ་དཔལ་དུས་ཀྱི་འཁོར་ལོའི་ཆོས་དེ་ཐོག་མར་གསར་གཏོད་དར་སྤེལ་བྱུང་བ་དང་། དུས་ཡུན་རིང་པོ་ཞིག་རྨོངས་པའི་ངང་ལུས་རྗེས་ཡུལ་དེར་ནང་བསྟན་རིན་པོ་ཆེ་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་མཚམས་རྟགས་ཁ་ཚོན་ཆོད་པ་ཞིག་བྱུང། དེའི་སྐབས་སུ་གནང་བཞིན་པའི་དབང་བསྐུར་དེས་དམིགས་ཡུལ་དང་དགོས་པ་དེ་དང་གཅིག་པ་གྲུབ་པའི་ཐུགས་རེ་བཅངས་ཡོད།
དགོན་སྡེ་ཁག་ལ་འབུལ་བ་རྒྱ་ཆེར་ཕུལ་བ།
སེར་ཀོང་རིན་པོ་ཆེ་ནི་བསྟན་པའི་སྦྱིན་བདག་ཆེན་པོ་ཞིག་ཀྱང་ཡིན། དཔེར་ན། སྤི་ཏིའི་ཡུལ་ནས་མཆོད་ཡོན་གྱི་འབུལ་བ་གང་ཕུལ་བ་རྣམས་ཕྱིར་དགོན་པ་དེར་ཞལ་འདེབས་གནང་བ་དང། དེ་ལ་བརྟེན་ནས་རྟ་ཕོ་དགོན་པས་ལོ་འཁོར་སྨོན་ལམ་དུས་ཆེན་འགོ་འཛུགས་ཐུབ་པ་བྱུང་སྟེ་སྐབས་དེར་ས་གནས་མི་མང་འཛོམས་ནས་ཉིན་གསུམ་རིང་མ་ཎི་ཡིག་དྲུག་ཁ་འདོན་བྱེད་ཀྱི་ཡོད། དེ་ལྟ་བུའི་རྩ་ཆེའི་ཡིག་དྲུག་ནི་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིན་ཞིང། བོད་རྒྱུད་ནང་བསྟན་གྱི་རྗེས་འཇུག་ཀུན་ལ་དམིགས་བཀར་གྱི་འབྲེལ་ཐག་ཉེ་བ་ཞིག་ཡིན། གཟུངས་སྔགས་འདི་འདོན་པས་སེམས་ཅན་ཐམས་ཅད་ལ་བྱམས་བརྩེའི་ངང་རྩེ་གཅིག་ཏུ་བལྟ་བར་ཕན་ཐོགས་ཡོད།
ནུབ་ཕྱོགས་སུ་ཆིབས་སྒྱུར་ཐེངས་དང་པོ་དེ་བསྐྱངས་སྐབས་ཕུལ་བའི་འབུལ་བ་རྣམས་རིན་པོ་ཆེས་དཔལ་དུས་ཀྱི་འཁོར་ལོའི་ཡི་དམ་གྱི་འདྲ་རིས་གོས་དྲུབ་ཞལ་ཐང་ཆེན་པོ་ཞིག་བཞེང་རྒྱུར་བེད་སྤྱོད་གནང་བ་དང་། ཁོང་གིས་ཞལ་ཐང་དེ་༸གོང་ས་མཆོག་འཛམ་གླིང་ཡུལ་གྲུ་གང་སར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་བར་ཕེབས་སྐབས་བེད་སྤྱོད་གནང་ཕྱིར་ཕུལ། ད་དུང་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚེའི་མཛད་རྣམ་གྱི་ཞལ་ཐང་ཆ་ཚང་གཅིག་བཞེངས་གནང་བ་དེ་རང་དགོན་དགའ་ལྡན་བྱང་རྩེ་གྲྭ་ཚང་ལ་ཕུལ། ལོ་ཤས་སྔོན་ནས་ཁོང་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་དགོན་པ་དེ་བསྐྱར་བཞེངས་གནང་བར་རོགས་མགོན་གནང་ཡོད། ནུབ་ཕྱོགས་སུ་ཆིབས་སྒྱུར་ཐེངས་གཉིས་པའི་སྐབས་ཕུལ་བའི་འབུལ་བ་རྣམས། ཕྱི་ལོ་ ༡༩༨༣ ལོའི་ཟླ་བ་གསུམ་པར་རྒྱ་གར་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐེངས་དང་པོའི་སྐབས། མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་དགོན་དུ་གྲྭ་བཙུན་ ༤༠༠༠ ལྷག་ཙམ་ལ་གཏོང་སྒོ་རྒྱ་ཆེར་ཕུལ། སྨོན་ལམ་དེ་ནི་སྤྱི་མཐུན་གྱི་བསོད་ནམས་གསོག་ཕྱིར་དགེ་འདུན་པ་ཚང་མ་འདུས་ནས་ལྷ་སར་ཟླ་བ་གཅིག་གི་རིང་འཚོགས་པའི་སྲོལ་རྒྱུན་གྱི་ཆོས་ཕྱོགས་དུས་ཆེན་ཞིག་ཡིན།
ཆོ་གའི་ལམ་སྲོལ་ལ་ཐུགས་མི་མཉེས་པ་དང་། སྤྲོས་མེད་ཀྱི་ཉམས་ལེན།
མ་གཞི་རིན་པོ་ཆེ་ཆོ་ག་ཕྱག་ལེན་དང་གྲོས་མཐུན་གནང་ཕྱོགས་ཐད་མཁས་པ་ཞིག་ཡིན་ཀྱང། རློམ་སེམས་མེད་པར་བཞུགས་ཏེ་ཆོ་གའི་ལམ་སྲོལ་ལ་ཐུགས་མཉེས་པོ་གནང་གི་མེད། དཔེར་ན། ནུབ་ཕྱོགས་སུ་ཕེབས་སྐབས། ཆོ་གའི་ཡོ་བྱད་མཆོར་པོའམ། འདྲ་རིས་ཞལ་ཐང་སོགས་རྩ་བ་ནས་མ་བསྣམས་པར་ག་དུས་དབང་གནང་ཀྱང་སྐུ་ཉིད་ནས་དགོས་མཁོའི་རི་མོ་བྲིས་གནང་བ་དང། གཏོར་མའི་ཚབ་ལ་ཁ་ཟས་དང་འཁུར་ར་དང། བུམ་པའི་དོད་ལ་མེ་ཏོག་ཁོག་མའམ། འོ་མའི་ཤེལ་དམ་ཡང་བེད་སྤྱོད་གནང་གི་ཡོད། ཕན་ཚུན་ཆིབས་སྒྱུར་སྐབས་བྱིན་གྱིས་བརླབས་པའི་ཆང་དང་ཤ། གཏོར་མ། ཤིང་ཏོག །མངར་ཆའི་རིགས་སོགས་འབུལ་བའི་ཟླ་བ་གཉིས་རེའི་ནང་གི་ཚོགས་མཆོད་འཁེལ་སྐབས་དམིགས་བསལ་གྲ་སྒྲིག་མེད་སར། ཁོང་གིས་ཁུ་སིམ་པོའི་ངང་སྐུ་ཉིད་ལ་གང་ཡོད་པའི་ཁ་ཟས་དེ་ཉིད་འབུལ་གྱི་ཡོད།
མ་ཟད་རིན་པོ་ཆེས་རྟག་ཏུ་རང་གི་གདུལ་བྱ་དང་འཚམ་པའི་སངས་རྒྱས་ཀྱི་ཆོས་གསུངས་ཤིང། ཐེངས་གཅིག་ནེའུ་ཡོག་ (New York) ནང་གི་ཝཱུཌ་སི་ཊོག་ (Woodstock) ཉེ་འགྲམ་དུ་གནས་པའི་མའོཎྚ་ཊྲེམ་པར་ཛེན་བསམ་གཏན་པའི་ཆོས་ཚོགས་ (Mount Tremper Zen Center) སུ་རིན་པོ་ཆེ་གདན་འདྲེན་ཞུས། ཚོགས་མི་རྣམས་ཀྱིས་ཁོང་ལ་ཤེས་རབ་ཀྱི་ཡི་དམ་ལྷ་འཕགས་པ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་གནང་རྒྱུར་གསོལ་བ་བཏབ་པར་བརྟེན། ཛེན་ (Zen,བསམ་གཏན་པའི་) སྲོལ་རྒྱུན་གྱི་སྤྲོས་མེད་ངང་ཚུལ་དང་བསྟུན་ནས་རིན་པོ་ཆེས་ཞ་ལའི་སྟེང་བཞུགས་ཁྲི་མེད་པར་བཞུགས་ཏེ། ཆོ་གའི་ཡོ་བྱད་དང་རྒྱན་ཆ་སོགས་མེད་པར་རྗེས་གནང་བསྩལ་གནང་བ་ལྟ་བུ་རེད།
རློམ་སེམས་མེད་པ་དང་ཟོལ་མེད་ཀྱི་སྙེམ་ཆུང།
༸གོང་ས་མཆོག་གིས་ཡང་ནས་ཡང་དུ་སེར་ཀོང་རིན་པོ་ཆེ་ནི་བཀའ་གདམས་པའི་དགེ་བཤེས་ངོ་མ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་གི་ཡོད། བཀའ་གདམས་པའི་དགེ་བཤེས་ནི་དུས་རབས་བཅུ་གཅིག་པ་ནས་བཅུ་གཉིས་པའི་བར་བྱོན་པའི་ལྷག་བསམ་དང་། ཡང་དག་པའི་ཉམས་ལེན། སྙེམ་ཆུང་གི་རང་བཞིན་ལ་སྙན་པར་གྲགས་པའི་བོད་ཀྱི་ནང་པའི་སློབ་དཔོན་རྣམས་ལ་གོ་བ་ཡིན། གསུང་ཆོས་ཤིག་གི་སྐབས། དཔེར་ན། ༸གོང་ས་མཆོག་གིས་རིན་པོ་ཆེར་དགོངས་ཏེ། འདིར་སྙེམ་ཆུང་དང་དམའ་ས་བཟུང་ནས་བཞུགས་མཁན་གཅིག་པུ་དེ་ནི་གང་ཡང་མི་དགོས་མཁན་དེ་ཡིན། གཞན་ཚང་མ་ཁེངས་དྲེགས་ངང་བཞུགས་ཡོད་ཅེས་བཀའ་གནང་སོང། ཐེངས་གཅིག་བཀའ་སློབ་གཙོ་བོ་དེ་གང་ཡིན་ཞུས་པའི་བཀའ་ལན་དུ་རིན་པོ་ཆེས། རྟག་ཏུ་དམའ་ས་བཟུང་དགོས་པ་དང། རློམ་སེམས་མེད་པ། བརྩེ་སེམས་དགོས་པ། ཚང་མར་དོ་འཁུར་དང་གལ་ཆེན་དུ་འཛིན་དགོས་ཞེས་གསུངས་གནང་སོང་།
རིན་པོ་ཆེའི་སྐུ་ཚེ་ཧྲིལ་པོར་ཁོང་ཉིད་ཀྱི་བསླབ་བྱ་གང་གནང་བ་དང་མཐུན་པར་འཚོ་བཞུགས་གནང་ཡོད། ཐེངས་མ་གཅིག་རིན་པོ་ཆེ་ཨི་ཊ་ལིའི་ (Italy) ནང་གི་མི་ལན་ (Milan) དུ་ཁྱིམ་ཚང་བཟང་པོ་ཞིག་གི་གཡར་ཁང་ཆེན་པོ་ཞིག་གི་ནང་བཞུགས་གནང་སོང། གྲོང་ཁྱེར་དེར་ཕེབས་མཁན་བླ་མ་ཆེ་ཁག་མང་ཆེ་བ་ཁྱིམ་ཚང་དེའི་ནང་བཞུགས་ཀྱི་ཡོད། ཁྱིམ་ཚང་དེའི་རྨོ་མོས། བླ་མ་དེ་དག་གི་ནང་ནས་སེར་ཀོང་རིན་པོ་ཆེ་མོ་རང་གི་དགའ་ཤོས་ཡིན་ཞེས་བརྗོད་ཀྱི་འདུག །གཞན་རྣམས་ཀྱིས་འགྲོ་ལུགས་ལྟར་རང་རང་སོ་སོའི་གཟིམ་ཁང་ནང་བཞུགས་ཏེ་སོ་སོས་ཞལ་ལག་མཆོད་ཀྱི་ཡོད། དེ་ལས་ལྡོག་སྟེ། སེར་ཀོང་རིན་པོ་ཆེས་སྨད་གཡོག་དང་རྔུལ་ལེན་མནབས་ནས་ཞོགས་པ་སྔ་པོ་གསོལ་ཐབ་ནང་ཕེབས་ཏེ་རློམ་སེམས་མེད་པར་གསོལ་ཐབ་ནང་གི་ཅོག་ཙེའི་སྟེང་གསོལ་ཇ་བཞེས་གནང་པ་དང་ཆབས་ཅིག་ཁོང་གི་ཕྱག་ཕྲེང་བཟུང་ནས་སྔགས་བགྲང་པ་དང་། རྨོ་མོ་དེས་ཞོགས་ཟས་གྲ་སྒྲིག་བྱེད་སྐབས་ཁོང་ལྷོད་ཡངས་དང་བག་ཕེབས་ངང་འཛུམ་མདངས་སྟོན་བཞིན་བཞུགས་ཀྱི་ཡོད།
གཞན་ལ་སྙེམ་ཆུང་དང་ཚང་མར་དོ་གལ་དུ་བརྩི་དགོས་པའི་སློབ་ཁྲིད་ཀྱི་རྩལ།
གཞན་ལའང་རིན་པོ་ཆེས་ཟོག་རྫུ་སྤོང་དགོས་སྐོར་གསུངས་ཀྱི་ཡོད། ཐེངས་ཤིག་ཧྥ་རན་སི་ (France) ནང་གི་ལཱ་ཝོར་ (Lavaur) དུ་ནཱ་ལནྜ་ (Nalanda) དགོན་པའི་ནུབ་ཕྱོགས་ཀྱི་དགེ་འདུན་པ་རྣམས་ཀྱིས་རིན་པོ་ཆེ་མཆོག་ཉིན་གསུམ་རིང་གསུང་ཆོས་གནང་བར་གདན་དྲངས་ཏེ། དུས་རབས་བརྒྱད་པའི་ནང་བྱོན་པའི་རྒྱ་གར་གྱི་མཁས་པ་ཆེན་པོ་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལེའུ་ནང་ནས་ཧ་ཅང་དཀའ་ལས་ཁག་པོ་ཡོད་པའི་ཤེས་རབ་ཀྱི་ལེའུ་འགྲེལ་བ་གནང་རོགས་ཞེས་གསོལ་བ་བཏབ་པ་དང། རིན་པོ་ཆེས་སྟོང་པ་ཉིད་ཀྱི་སྐོར་འགྲེལ་བཤད་དཔྱིས་ཕྱིན་པ་དང་རྙོག་འཛིངས་ཅན་ཞིག་གནང་བའི་སྒོ་ནས་བཀའ་ཁྲིད་དབུ་བཙུགས་གནང་བས། སུས་ཀྱང་མགོ་ཚོད་མ་ཐུབ་པ་སོང་ཙང། བཀའ་ཁྲིད་མཚམས་འཇོག་གནང་སྟེ་དགེ་འདུན་པ་རྣམས་ཀྱིས་རློམ་སེམས་ཆེན་པོ་བྱས་པར་བཀའ་བཀྱོན་གནང་སོང། ཁོང་གིས་གལ་སྲིད་རྗེ་ཙོང་ཁ་པ་ཆེན་པོས་སྟོང་ཉིད་ཀྱི་དོན་ཚུལ་བཞིན་དུ་མཁྱེན་པ་དང་ཡང་དག་པའི་གོ་བ་རྙེད་ཐབས་སུ་སྐུ་ལས་ཆེན་པོ་བྱུང་ནས་སྔོན་འགྲོའི་ཉམས་ལེན་ཐོག་འབད་བརྩོན་ཤུགས་ཆེན་གནང་ཡོད་པ་ཡིན་ན། ཁོང་ཚོས་དེ་ལས་སླ་པོ་ཡིན་པ་དང་ཉིན་གསུམ་ནང་ལེའུ་ཆ་ཚང་རྟོགས་ཐུབ་པ་ག་འདྲ་བྱས་ནས་བསམ་བློ་འཁོར་བ་ཡིན་ནམ་ཞེས་གསུངས། དེ་ནས་རིན་པོ་ཆེས་དགེ་འདུན་པ་རྣམས་ཀྱི་བློ་དང་འཚམ་པའི་བཀའ་ཁྲིད་ལས་སླ་བ་ཞིག་གི་ཐོག་ནས་མུ་མཐུད་གསུངས་གནང་སོང།
ཐེངས་གཅིག་ཁོང་གིས། སངས་རྒྱས་ཀྱི་ཆོས་ལ་མི་མང་པོས་བཅོས་མིན་གྱིས་དགའ་མོས་བྱེད་པ་དེ་མ་གཏོགས། གཞན་ནུབ་ཕྱོགས་པའི་ཁྱད་ཆོས་གང་གིས་ཀྱང་ང་རང་བློ་ལ་འཐད་པ་ཞིག་བཟོས་མ་སོང་ཞེས་གསུངས། དེར་བརྟེན་མི་སུ་འདྲ་ཞིག་གིས་བཀའ་ཁྲིད་གནང་རོགས་ཞེས་གསོལ་བ་བཏབ་ཀྱང་། ཁོང་གིས་དེ་དག་གི་དོ་དབྱིངས་ལ་བརྩི་བཀུར་ཞུ་གི་ཡོད། མི་ཞིག་ལ་ཁོང་གིས་ཁོང་ཚོའི་བློ་དང་འཚམ་པའི་རིམ་པའི་ཐོག་བཀའ་ཁྲིད་གནང་ཡང། ཁོང་ཚོས་ཚོད་དཔག་བྱེད་པའི་རང་གི་ནུས་ཚད་ལས་ཅུང་ཟད་བརྒལ་ནས་ཤེས་སུ་བཅུག་གནང་གི་ཡོད། རིན་པོ་ཆེ་སྒྱུ་རྩལ་འཁྲབ་སྟོན་ལ་ཐུགས་མཉེས་པོ་གནང་གི་ཡོད་པས། ཁོང་གིས་གལ་སྲིད་དོམ་ལ་རྐང་འཁོར་ཞོན་རྒྱུ་སློབ་ཐུབ་ན། ཐབས་ཤེས་དང་བཟོད་སྲན་ཆེན་པོས་མི་ཞིག་ལ་ག་རེ་ཡིན་ནའང་སློབ་ཐུབ་ཅེས་གསུངས་གནང་གི་རེད།
ཉིན་ཞིག་ནང་ཆོས་ལ་རྒྱུས་མངའ་མེད་མཁན། མྱོས་རྫས་ཀྱིས་བཟི་བའི་ཧི་པཱི་ (hippy) འདྲ་བའི་ནུབ་ཕྱོགས་པ་ཞིག་གིས་རིན་པོ་ཆེར་ནཱ་རོ་ཆོས་དྲུག་བཀའ་ཁྲིད་གནང་རོགས་ཞེས་ཞུས་པ་རེད། སྤྱིར་བཏང་ལོ་མང་པོའི་རིང་གཟབ་ནན་གྱི་སྒོམ་གྲུབ་ཉམས་ལེན་གནང་བའི་རྗེས་སུ་གཞི་ནས་ཧ་ཅང་ཚད་མཐོ་བའི་དེ་ལྟ་བུའི་ཆོས་ཀྱི་བརྗོད་གཞི་ཐོག་སློབ་སྦྱོང་གནང་སྲོལ་ཡོད་པ་རེད། འོན་ཀྱང་སྤྱིར་བཏང་ལམ་ལུགས་དང་མི་མཐུན་པའི་ཁེངས་དྲེགས་ཅན་གྱི་གཞོན་ནུ་དེ་ཕྱིར་སློག་གཏོང་གནང་རྒྱུའི་ཚབ་ལ། རིན་པོ་ཆེས་ཞལ་བཞེས་གནང་སྟེ། ཁོ་རང་ལ་དབྱིངས་དེ་འདྲ་ཡོད་པ་ཧ་ཅང་ཡག་པོ་རེད་ཅེས་གསུངས། གང་ལྟར་ཡང། དང་པོ་ཁོ་རང་རང་ངོས་ནས་གྲ་སྒྲིག་ངེས་ཅན་ཞིག་བྱེད་དགོས་ཀྱི་ཡོད་པས། རིན་པོ་ཆེས་སྔོན་འགྲོའི་ཆོས་རྣམས་གསུངས་གནང་སོང། དོ་བདག་རང་ཉིད་ཡར་རྒྱས་འོང་རེར་དམིགས་ཏེ་མི་རྣམས་ཀྱི་དོ་དབྱིངས་ལ་གཙིགས་སུ་འཛིན་ནས། རིན་པོ་ཆེས་སོ་སོར་དོ་སྣང་རྣལ་མ་ཞིག་དགོས་སྐོར་ཐད་ནུབ་ཕྱོགས་པ་མང་པོར་སེམས་སྐུལ་དང་བློ་སྟོབས་སྤེལ་གནང་ཡོད། དེ་ལ་བརྟེན་ནས་ཆོས་ཀྱི་ལམ་དུ་ཞུགས་རྒྱུར་ཁོང་ཚོར་ཕན་ཐོགས་ཆེན་པོ་བྱུངཡོད་པ་རེད།
མི་ཚང་མར་གཅིག་མཚུངས་ཀྱི་བརྩི་བཀུར།
ཡེ་ཤུའི་བླ་ཆེན་པཽབ་མཆོག་གམ། སྲང་ལམ་ཁྲོད་ཀྱི་ར་བཟི་ཞིག་གམ། ཡང་ན་ཕྲུ་གུ་ཚོ་ཁག་ཅིག་སོགས་སུ་ཞིག་དང་འཕྲད་ཀྱང་ཁྱད་པར་མེད་པར། རིན་པོ་ཆེས་ཚང་མར་གཅིག་མཚུངས་ཀྱི་བརྩི་བཀུར་དང་བཏང་སྙོམས་ཀྱི་གཟིགས་སྟངས་གནང་ཞིང། གཞན་གྱི་གུས་བརྩི་འཐོབ་པའི་ཆེད་དང་གཞན་རང་ཉིད་ལ་སྣང་བར་འགྲོ་བའི་ཆེད་སུ་ལའང་ཉེ་དགའ་ཕྱོགས་ཞེན་གནང་གི་མེད། ཉིན་ཞིག་ནེའུ་ཡོག་ཏུ་ཨི་ཐ་ཁ་ (Ithaca) ནང་གི་ཝི་སི་ཌམ་གྷོལ་ཌན་རོཌི་ཆོས་ཚོགས་ (Wisdom’s Golden Rod Center) ཀྱི་ཚོགས་མི་རྣམས་ནས་ཁོང་ཚོའི་ཕྲུ་གུ་ཚོར་བཀའ་སློབ་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར། ཕྲུ་གུ་རྣམས་ན་ཚོད་ཕྲ་བ་དང་ཁ་གསལ་གཏིང་གསལ་དང་བསམ་བློ་གུ་ཡངས་ཡོད་པས། ཁོང་གིས་ན་གཞོན་རྣམས་ལ་བརྩི་བཀུར་ཇི་ཙམ་གནང་སྐོར་གསུངས་པ་དང་། ཁོང་ཚོར་རང་གི་ཕ་མ་ལས་ལྷག་པའི་ལས་དོན་སྒྲུབ་ཐུབ་པའི་ནུས་པ་ཡོད་སོགས་དེ་ལྟར་ཁོང་གིས་ཕྲུ་གུ་རྣམས་ལ་རང་གིས་རང་ལ་བརྩི་བཀུར་དགོས་སྐོར་བློ་སྟོབས་སྤེལ་གནང་སོང།
ལས་ཀྱི་འབྲེལ་བ་དམིགས་བསལ་རྣམས་ངོས་འཛིན་གནང་ཐུབ་པ།
མ་གཞི་སེར་ཀོང་རིན་པོ་ཆེས་རྒྱུན་དུ་སྐུ་ཉིད་དང་མཇལ་འཕྲད་བྱུང་བའི་མི་རྣམས་དང་ལས་ཀྱི་འབྲེལ་བ་ཡོད་པ་མཁྱེན་རྟོགས་ཐུབ་ནའང། སྐུ་ཉིད་ཀྱི་ནུས་པ་ལས་བརྒལ་ཏེ་གཞན་ལ་རོགས་རམ་ཐུབ་ཀྱི་ཡོད་མདོག་མདོག་རྩ་བ་ནས་གནང་གི་མེད། ཐེངས་མ་གཅིག་སུད་སི་ནས་མི་ཞིག་དྷ་སར་ཁོང་གི་དྲུང་དུ་བཅར་ཏེ། ཁོ་རང་ལ་གདོན་འདྲེའི་གནོད་པ་ཕོག་ནས་ནད་ཡམས་བྱུང་སྐོར་འགྲེལ་བརྗོད་ཞུས་པས། རིན་པོ་ཆེས་དཀའ་ངལ་དེ་སེལ་བར་སྐུ་ཉིད་དང་མི་དེའི་དབར་ལས་ཀྱི་འབྲེལ་མ་མི་འདུག་ཅེས་གསུངས་ཏེ། རང་དང་ལས་འབྲེལ་ཡོད་པའི་བླ་མ་གཞན་ཞིག་འཚོལ་དགོས་པའི་ལམ་སྟོན་གནང་སོང། གཞན་པ་སུ་ཡིན་རུང་རིན་པོ་ཆེས་དེ་མ་ཐག་མཁྱེན་ནས་ཐེངས་དང་པོ་མཇལ་འཕྲད་བྱུང་སྐབས། སྐུ་ཉིད་ཀྱི་ཞབས་ཕྱིར་ཁོང་ཚོའི་ཁ་བྱང་མར་འབྲི་དགོས་པའི་བཀའ་གནང་བ་དང་། འབྲེལ་ལམ་གཏིང་ཟབ་པོ་ཞིག་ཚུགས་པ་ནི་བཟློག་ཏུ་མེད་པ་རེད། རིན་པོ་ཆེར་ངའི་ཁ་བྱང་དགོས་དོན་མེད་པར་གཟིགས་ནའང་། དེ་ལྟ་བུའི་བསོད་ནམས་ཆེ་བའི་མི་རྣམས་ཀྱི་ཁྲོད་ང་རང་ཡང་ཚུད་ཡོད་པས། རིན་པོ་ཆེ་མཇལ་དུ་ཡང་བསྐྱར་ཕྱིར་ལོག་བྱེད་ངེས་པ་རེད།།