མཚན་ཞབས་སེར་ཀོང་རིན་པོ་ཆེ། དོན་དམ་གྱི་བླ་མ།

ཇར་མན་ལ་མ་སྤོས་གོང་༧གོང་ས་མཆོག་དང་མཇལ་འཕྲད།

སོག་ཡུལ་དང་ནུབ་ཕྱོགས་སུ་འགྲིམ་འགྲུལ་གཏམ་བཤད་ཡུན་རིང་དང་རྩོམ་བྲིས་གཟབ་ནན་གྱི་དུས་ཚོད་བཏང་བའི་རྗེས་ཀྱི་ཕྱི་ལོ་ ༡༩༩༨ ལོའི་ཟླ་བ་༤ པའི་ནང་ང་རང་རྒྱ་གར་དྷ་སར་ཕྱིར་ལོག་བྱས་པ་ཡིན། ཕྱི་ལོ་ ༡༩༦༩ ནས་བཟུང་༸སྤྱི་ནོར་༸གོང་ས་མཆོག་གི་སྐུ་དྲུང་དུ་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ཁྲོད་སློབ་གཉེར་དང་ལས་དོན་བསྒྲུབས་ནས་ཧི་མ་ལ་ཡའི་རི་འདབས་སུ་གནས་པ་ཡིན། ད་ལྟ་ང་རང་ཇར་མན་ (Germany) ནང་གི་མུ་ནིག་ (Munich) གྲོང་ཁྱེར་ལ་གནས་སྤོས་བྱས་པས། དེ་གར་དཔེ་དེབ་འབྲི་རྒྱུ་དང་འཆར་ཅན་ནང་ཆོས་སློབ་ཁྲིད་བྱེད་རྒྱུའི་ཐོག་ནུས་པ་ཆེ་བ་འདོན་ཐུབ་ཀྱི་འདུག །༸གོང་ས་མཆོག་ལ་རང་ཉིད་ཀྱི་ཐག་གཅོད་སྙན་གསེང་ཞུ་རྒྱུ་དང་ཁོང་གི་བཀའ་སློབ་ལམ་སྟོན་ཕེབས་རྒྱུའི་རེ་བ་བྱས་པ་ཡིན། རང་གི་ཆོས་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཡིན་པའི་ཆ་ནས་༸གོང་ས་མཆོག་གིས་གཞན་ལ་དོན་དང་ལྡན་པའི་ཕན་ཐོགས་བསྐྲུན་ཕྱིར་ང་རང་གི་དུས་ཚོད་བེད་སྤྱོད་ཇི་ལྟར་གཏོང་བ་དང་གང་དུ་གཏོང་ཕྱོགས་ཐད་རང་ངོས་ནས་ཐག་གཅོད་དགོས་པའི་ལམ་སྟོན་གནང་བ་དང་། དེ་ལ་ཉམས་མྱོང་ནི་ཁྱེད་རང་གི་ཡིད་རྟོན་རུང་བའི་ལམ་སྟོན་དེ་ཆགས་ཀྱི་རེད་ཅེས་བཀའ་ཕེབས་བྱུང།

ཕལ་ཆེར་ལོ་ངོ་ཉི་ཤུ་རྩ་དགུའི་སྔོན་ལ་༸གོང་ས་མཆོག་ཐོག་མར་མཇལ་བའི་སྐབས། ཧར་ཝརྡ་ (Harvard) གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤི་ཡའི་སྐད་ཡིག་དང། ལེགས་སྦྱར་་གྱི་སྐད། རྒྱ་གར་རིག་པའི་སྡེ་ཚན་ནས་ཧྥུལ་བྷ་ར་ཡེ་ཊའི་ (Fulbright) སློབ་ཡོན་བརྒྱུད་སློབ་གཉེར་བ་ཞིག་གི་མིང་ཐོག་ནས་ང་རང་རྒྱ་གར་དུ་རང་གི་འབུམ་རམས་པའམ་རིག་པའི་ཆུ་གཏེར་གྱི་དཔྱད་རྩོམ་འབྲི་བར་ཡོང་བ་ཡིན། སྐབས་དེ་དུས་མནའ་སྔ་མོའི་ཨི་ཇིབ་རིག་པ་ (Egyptology) དང་ཏོག་ཙམ་འདྲ་བར། བོད་རྒྱུད་ནང་བསྟན་དེ་ཡང་བེད་མེད་ཀྱི་སློབ་ཚན་ཞིག་ཏུ་ཤེས་ཡོན་གྱི་འདུ་ཤེས་ཐོག་ནས་འཆད་ཉན་བྱེད་བཞིན་འདུག །དེ་ལྟ་བུའི་ལྟ་ཚུལ་ལ་ངས་ཁས་ལེན་བྱེད་མ་ཐུབ་པར་ནང་པ་ཞིག་ལྟ་བུར་གནས་པ་དང་བསམ་བློ་བཏང་ན། གང་ཡོང་མིན་ཐད་ལོ་མང་རིང་བསམ་ཞིབ་བྱས་པ་ཡིན། ༸གོང་ས་མཆོག་མཇལ་བ་ལ་བརྟེན་ནས་གནའ་བོའི་སྲོལ་རྒྱུན་འདི་ད་དུང་གསོན་པོར་གནས་ཤིང་། དེ་ཆ་ཚང་ལེགས་པར་མཁྱེན་པ་དང་དེའི་རྣམ་པར་རོལ་པའི་སློབ་དཔོན་ཞིག་འདིར་དངོས་སུ་བཞུགས་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་དང་ང་རང་ལ་དགའ་བདེའི་ཚོར་བ་ཤུགས་ཆེན་བྱུང་སོང་།

ཟླ་བ་ཁ་ཤས་རྗེས་རང་གི་ལུས་ངག་ཡིད་གསུམ་༸གོང་ས་མཆོག་ལ་ཕུལ་ནས་ཚད་ལྡན་གྱི་ནང་པའི་གསུང་རབ་ཁག་ལ་ཐོས་བསམ་སྒོམ་གསུམ་བྱ་རྒྱུའི་གོ་སྐབས་གནང་སྐྱོང་ཡོང་བར་སྐྱབས་འཇུག་ཞུས་པ་ཡིན། ང་རང་ཁོང་ལ་ཞབས་ཕྱི་ཞུ་རྒྱུར་འདོད་པ་ཆེ་བ་དང་ངའི་ངོས་ནས་འབད་བརྩོན་ཧ་ཅང་ཆེན་པོ་གཅིག་པུ་ལ་བརྟེན་ནས་དེ་ལྟར་ལས་དོན་བསྒྲུབ་ཐུབ་པ་ཤེས་རྟོགས་བྱུང་། ༸གོང་ས་མཆོག་གིས་བརྩེ་བ་ཆེན་པོས་ཞལ་བཞེས་གནང་བ་དང་། མཐར་ཁོང་གི་སྐབས་སྐབས་ཀྱི་གསུང་སྒྱུར་བ་ཞིག་བྱ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་ནས་སྲི་ཞུ་སྒྲུབ་ཐུབ་པ་དང་། འཛམ་གླིང་ས་ཕྱོགས་གང་སའི་ཆོས་ཕྱོགས་དབུ་ཁྲིད་རྣམས་དང་ཤེས་ཡོན་བསྟི་གནས་ཁང་དབར་འབྲེལ་ལམ་རྩ་འཛུགས་བྱེད་པར་ཕྱགས་རོགས་ཞུས་ཐུབ་པ་བྱུང་།

ང་རང་གི་སྡོད་སའམ་རྟེན་གཞི་དེ་ཡུ་རོབ་ནང་གནས་སྤོས་བྱ་རྒྱུའི་ཐག་གཅོད་ལ་༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་དང་བཅས་རང་ངོས་ནས་འབྲི་བར་ངེས་པའི་དཔེ་དེབ་རྗེས་མ་དེའི་སྐོར་ལ་བཀའ་འདྲི་གནང་བྱུང་། དེ་ལ་ངས་ཆོས་ཕྱོགས་ཀྱི་དགེ་རྒན་ནམ་དགེ་བའི་བཤེས་གཉེན་དང་མཉམ་དུ་འབྲེལ་ལམ་ཞེས་པའི་སྐོར་འབྲི་རྒྱུའི་འདོད་པ་ཡོད་སྐོར་ཁོང་ལ་སྙན་སྒྲོན་ཞུས་པ་ཡིན། ༸གོང་ས་མཆོག་དང་ནུབ་ཕྱོགས་ཀྱི་ནང་པའི་སློབ་དཔོན་དབར་གྱི་འབྲེལ་ལམ་སྐོར་དྷ་སར་བཞུགས་མོལ་ཚོགས་འདུ་གསུམ་ལ་བཅར་བ་ལ་བརྟེན་ནས། སྐབས་བབ་ཀྱི་བརྗོད་བྱའི་ཐོག་ནུབ་ཕྱོགས་པ་ཚོར་འཕྲད་བཞིན་པའི་དཀའ་ངལ་ཐད་ལ་ངས་༸གོང་ས་མཆོག་གི་དགོངས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་པ་བྱུང་། ད་ལྟ་༸གོང་ས་མཆོག་གིས་འགྲེལ་བརྗོད་གཅིག་རང་ཁ་སྣོན་གནང་བ་ནི། དེ་ལྟ་བུའི་དཀའ་ངལ་གྱི་འབྱུང་ཁུངས་གཙོ་བོ་ནི་དོན་དངོས་ཐོག་ཚད་ལྡན་གྱི་དགེ་རྒན་ཉུང་ཤས་ལས་མེད་པའི་རྐྱེན་གྱིས་ཡིན་པར་གསུངས་སོང།

ནང་པའི་དགེ་རྒན་ཞིག་ཆགས་ཚུལ་སྐོར་སེར་ཀོང་རིན་པོ་ཆེའི་བསླབ་བྱར་བསམ་ཞིབ།

ང་རང་མཇལ་བཅར་ཁང་ནས་ཕྱིར་ཐོན་པ་དང་། ཐོག་མར་ངས་སོ་སོ་རང་ཉིད་དགེ་རྒན་ཞིག་བྱ་རྒྱུའི་ཁྱད་ཆོས་དང་ཡོན་ཏན་ལ་དྲི་བ་གཏོང་འགོ་ཚུགས་པ་ཡིན། འདས་པའི་མི་ལོ་དེ་དག་གི་རིང་། རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པའི་ཚད་ལྡན་གྱི་བླ་མ་དང་སློབ་དཔོན་འགའ་ཞིག་གི་དྲུང་ནས་རང་ཉིད་ལ་སློབ་གཉེར་བྱེད་རྒྱུའི་རྩ་ཆེའི་གོ་སྐབས་ཐོབ་བྱུང་། དེའི་ཁྲོད་༸གོང་ས་མཆོག་གཙོ་བོར་གྱུར་པའི་ཁོང་གི་ཡོངས་འཛིན་སྐུ་གཤེགས་རྣམ་པ་གསུམ་དང་བོད་ཀྱི་ཆོས་རྒྱུད་གཞན་ཁ་ཤས་ཀྱི་དབུ་ཁྲིད་རྣམས་ཡོད། ཁོང་རྣམས་དང་བསྡུར་ན་རང་ཉིད་ལ་ཤེས་ཚད་ཀྱི་ཆ་རྐྱེན་གང་ཡང་མེད་པ་འདྲ་པོ་རེད། འོན་ཀྱང་༸གོང་ས་མཆོག་གི་མཚན་ཞབས། ང་རང་གི་དགེ་བའི་བཤེས་གཉེན་གཙོ་བོ་མཚན་ཞབས་སེར་ཀོང་རིན་པོ་ཆེས། ཕྱི་ལོ་ ༡༩༨༣ ལོར་གནང་བའི་བཀའ་སློབ་དུམ་བུ་དེ་དྲན་གསོ་བྱས་པ་ཡིན།

རྒྱལ་སྤྱིའི་ནང་རིན་པོ་ཆེའི་གཟིགས་སྐོར་ཐེངས་གཉིས་པའི་སྐབས་ང་རང་ཁོང་གི་གསུང་སྒྱུར་བ་དང་དྲུང་ཡིག་གཅིག་ལྕོགས་ཐོག་རིན་པོ་ཆེ་དང་ལྷན་དུ་འགྲུལ་བཞུད་བྱས་དང་བྱེད་མུས་དང་ཝེ་ནེ་ཟུའེ་ལ (Venezuela) ནང་གི་ཁ་ར་ཁ་སེ་ (Caracas) ནས་འགྲུལ་བཞུད་ཐུང་ངུ་བྱས་ནས་ཕྱིར་ལོག་ཙམ་ཡིན། རིན་པོ་ཆེས་ང་རང་ལ་སེམས་སྐུལ་དང་བློ་སྐྱེད་གནང་བ་ལ་བརྟེན་ནས། གསར་དུ་ཚུགས་པའི་ནང་པའི་ཆོས་ཚོགས་ཞིག་ལ་སློབ་ཁྲིད་བྱ་རྒྱུར་མངགས་པ་བཞིན་ངས་ཁས་ལེན་བྱས་པ་ཡིན། དེ་ལྟ་བུའི་ལས་དོན་ལ་འཇུག་པ་དེ་ང་རང་ལ་ཐེངས་མ་དང་པོ་ཡིན། ཉིན་ཤས་རིང་ངལ་གསོའི་ཆེད་རིན་པོ་ཆེ་མཆོག་ནེའུ་ཇར་སི་ (New Jersey) རུ་དགེ་བཤེས་དབང་རྒྱལ་ལགས་ཀྱི་དགོན་པར་ལྷོད་ཞུགས་མཛད། དགེ་བཤེས་ལགས་ནི་བོད་རྒྱུད་ནང་བསྟན་ལ་མཁས་པའི་ཨུ་རུ་སུའི་ནང་གི་ཁལ་མུག་སོག་པོ་ (Kalmyk Mongol) དང་པོ་དེ་ཆགས་ཡོད། ངས་ཁོང་ཕྱི་ལོ་ ༡༩༦༧ སྔོན་དུ་མཇལ་བྱུང། འོན་ཀྱང་ཁོང་གི་དྲུང་ནས་སློབ་གཉེར་ཆ་ཚང་བ་ཞིག་བྱེད་རྒྱུའི་གོ་སྐབས་རྩ་བ་ནས་ཐོབ་མ་སོང་།

ང་རང་ཕྱིར་ལོག་པ་དང་། ངས་གང་འདྲ་བྱས་ཡོད་མེད་ཐོག་རིན་པོ་ཆེས་བཀའ་འདྲི་གང་ཡང་གནང་མ་སོང་། དེ་ནི་ཁོང་གི་རྒྱུན་གཏན་གྱི་གནང་སྟངས་ཤིག་ཡིན་པས་ང་རང་ཧང་སངས་མ་སོང་། གཟའ་འཁོར་གཅིག་གི་རྗེས་སུ་ལོན་ཌོན་ (London) དུ་ཉིན་ཞིག་དགོང་ཟས་གྲུབ་པ་དང་ཐབ་ཚང་ནང་གི་ཅོག་ཙེའི་མཐའ་སྐོར་ནས་བསྡད་པའི་སྐབས། རིན་པོ་ཆེས་གསུངས་དོན། “མ་འོངས་པར་ཁྱེད་རང་དགེ་རྒན་སྐད་གྲགས་ཆེན་པོ་ཞིག་ཆགས་སྐབས་རང་གི་སློབ་ཕྲུག་ཚོས་རང་ཉིད་སངས་རྒྱས་ལྟ་བུར་བལྟ་བ་དང། ཁྱེད་རང་གིས་རང་ཉིད་སངས་རྒྱས་མིན་པ་ཤེས་གསལ་ཡིན་ན་ཡང་། དེས་རང་ཉིདཀྱི་དགེ་རྒན་ཁོ་རང་སངས་རྒྱས་ཡིན་པའི་ཡིད་ཆེས་དེ་བརླག་ཏུ་འཇུག་རྒྱུ་མེད།” ཅེས་དེ་ལྟར་གསུངས་པ་དང་ཡུད་ཙམ་རིང་ངེད་གཉིས་ཀ་ཁུ་སིམ་མེར་ལུས། དེ་ལྟ་བུའི་གཏིང་ཟབ་པའི་གསུང་གི་ནང་དོན་རྟོགས་པར་ལོ་མང་པོ་འགོར་ངེས་ཡིན།

སེར་ཀོང་རིན་པོ་ཆེ་དོན་དམ་གྱི་བླ་མ་ཞིག་ཡིན་པའི་ཐད་བླ་མ་བཟོད་པ་རིན་པོ་ཆེའི་བདེན་དཔང་གི་ཚིག་ཐོ།

ནུབ་ཕྱོགས་སུ་བོད་ཀྱི་ནང་པའི་སློབ་དཔོན་གྲགས་ཅན་བླ་མ་བཟོད་པ་རིན་པོ་ཆེས། གལ་སྲིད་རང་ལ་བླ་མ་ཚད་ལྡན་ཞིག་མཇལ་འདོད་ན། དེའི་དཔེ་མཚོན་ལེགས་ཤོས་ནི་མཚན་ཞབས་སེར་ཀོང་རིན་པོ་ཆེ་ཡིན་ངེས་རེད་ཅེས་འགྲེལ་བརྗོད་གནང་སོང། བཟོད་པ་རིན་པོ་ཆེས་བླ་མ་ཞེས་པའི་བོད་པའི་ཚིག་དེའི་སྒྲ་ཡངས་པའི་དོན་ལ་གྲྭ་པ་ཙམ་མམ། ཡང་ན་ལོ་གསུམ་གྱི་རིང་གཟབ་ནན་གྱི་བསྙེན་མཚམས་བསྒྲུབས་ཟིན་པའི་ཆོ་ག་ཕྱག་ལེན་བྱེད་མཁན་ཙམ་ཞིག་ལ་བེད་སྤྱོད་བཏང་གནང་མེད་ལ། གཞན་ཡང་རང་གི་སྐྱེ་བ་སྔ་ཕྱིར་རང་དབང་སྤྱོད་མཁན་གྱི་སྤྲུལ་སྐུ་དང་རིན་པོ་ཆེའི་མཚན་གནས་འཛིན་མཁན་ཙམ་ལའང་བེད་སྤྱོད་གནང་མེད། ཁོང་གིས་བླ་མ་ཞེས་པའི་ཐ་སྙད་ཀྱི་དོན་ངོ་མ་སྟེ། ཡོན་ཏན་དང་མཚན་ཉིད་ཡོངས་སུ་ཚང་བའི་དགེ་བའི་བཤེས་གཉེན་ལ་གོ་བར་གསུངས་ཡོད་པ་རེད།

དེར་བརྟེན། དེ་འདྲ་བའི་བཤེས་གཉེན་གྱི་གནང་ལུགས་དང་སློབ་མ་ཞིག་ཡིན་པའི་ཆ་ནས་འབྲེལ་བ་བྱེད་ལུགས་ཐད་འགྲེལ་བཤད་འགོ་འཛུགས་བྱེད་སྟངས་ཕན་ནུས་ལྡན་པ་ཞིག་ནི། ཕལ་ཆེར་སེར་ཀོང་རིན་པོ་ཆེའི་རྣམ་ཐར་དང་། ཁོང་དང་ངའི་དབར་གྱི་འབྲེལ་ལམ་ཚིག་གི་ལམ་ནས་འཆར་སྣང་འགོད་རྒྱུ་དེ་རེད་བསམ་གྱི་འདུག །དེ་ཡང་ཁོང་གི་མཛད་རྗེས་ཀྱི་སྣང་བརྙན་དང་དྲན་གསོ་སྣ་ཚོགས་པ་གཅིག་ཏུ་བསྡུས་པའི་སྒོ་ནས་འགོད་རྒྱུ་ཡིན།།

Top