ནང་ཆོས་རང་ལ་སྤྱིར་བཏང་གི་གོ་ནོར་ཐེབས་པ་ཁག
ནང་ཆོས་ནི་སྡུག་ས་རང་ནས་བལྟ་དགོས་པ་ཞིག་རེད་བསམ་པའི་གོ་ནོར།
སངས་རྒྱས་ཀྱིས་གསུངས་པའི་ཆོས་དང་པོ་ནི་བདེན་པ་བཞིའི་སྐོར་ཡིན་པ་དང་། དེ་དག་གི་ནང་ནས་དང་པོ་དེ་ནི་ “སྡུག་བསྔལ་བདེན་པ་” རེད། ང་ཚོས་སྡུག་བསྔལ་གྱི་སྐོར་དང་། ང་ཚོའི་འཆར་ཅན་བདེ་བ་ཉི་ཚེ་བ་ཁག་གི་སྐོར། ཡང་ན་ཀུན་ལ་ཁྱབ་པའི་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པའི་མྱོང་བའི་སྐོར་ལ་སྐད་ཆ་བཤད་ན། དེ་དག་ཚང་མ་སྡུག་བསྔལ་གྱི་རང་བཞིན་རེད། “སྡུག་བསྔལ་” ཟེར་བའི་ཐ་སྙད་དེ་དབྱིན་ཇིའི་སྐད་ཡིག་ནང་མིང་ཚིག་རྩུབ་པོ་ཞིག་རེད། འདིར་ཐ་སྙད་དེའི་གོ་དོན་ནི་གནས་སྟངས་དེ་དག་ཚང་མ་འདོད་བློ་ཁེངས་རྒྱུ་མེད་པ་དང་དཀའ་ངལ་གྱི་རང་བཞིན་ཞིག་ཡིན་ཞིང་། མི་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་པ་སོང་ཙང་། ང་ཚོས་རང་གི་མི་ཚེའི་ནང་གི་དཀའ་ངལ་དེ་དག་ལས་ཐར་བ་བྱེད་དགོས་ཀྱི་ཡོད།
ནང་ཆོས་ནས་བདེ་སྐྱིད་དང་ལྡན་པ་དེ་ནོར་འཁྲུལ་ཡིན་པ་བཤད་ཡོད་པར་ངོས་འཛིན་བྱས་ན་ནང་ཆོས་ལ་གོ་ནོར་ཐེབས་ཡོད། འོན་ཀྱང་ང་ཚོའི་འཆར་ཅན་གྱི་བདེ་བ་ཉི་ཚེ་བ་རྣམས་ལ་སྐྱོན་མང་པོ་ཡོད། བདེ་བ་དེ་དག་ནམ་ཡང་རྒྱུན་རིང་པོར་གནས་ཀྱི་མེད། དེ་དག་གིས་འདོད་པ་ནམ་ཡང་སྐོང་མི་ཐུབ། དེ་དག་ཟད་པའི་རྗེས་ལ་ང་ཚོས་རྟག་ཏུ་དེ་ལས་མང་བ་འདོད་ཀྱི་ཡོད། གལ་སྲིད་ང་ཚོར་རང་གིས་དགའ་པོ་བྱེད་སའི་རིགས། དཔེར་ན། ང་ཚོའི་ཟས་དགའ་ཤོས་ལྟ་བུ་ཚད་ལས་བརྒལ་བ་ཟས་ན། ང་ཚོས་དེ་ལ་ཐང་ཆད་པ་དང་ཟ་འདོད་མེད་པ་ཆགས་ཀྱི་རེད། བྱས་ཙང་། ནང་ཆོས་ནས་ལམ་སྟོན་གང་བྱེད་ཀྱི་ཡོད་དམ་ཟེར་ན། འདོད་བློ་ཁེངས་རྒྱུ་མེད་པའི་གནས་སྟངས་འདི་དག་ཚང་མ་ལས་ཐར་ནས་རང་ཉིད་ལ་བྱུང་བའི་བདེ་བ་ལ་འབད་བརྩོན་བྱེད་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད། འདིའི་དོན་ནི་དམིགས་ཡུལ་མཐོ་ཤོས་དེ་གང་ཡང་ཚོར་རྒྱུ་མེད་པ་ཞིག་རེད་ཟེར་གྱི་མེད་པར། བདེ་སྐྱིད་ལ་རིགས་མང་པོ་ཡོད་པ་དང་། ང་ཚོས་ནམ་རྒྱུན་དུ་གང་མྱོང་བའི་བདེ་སྐྱིད་ཀྱི་དེ་སྤྱིར་སྡུག་བསྔལ་ལས་ཀྱང་བཟང་བ་ཡོད་ཀྱང་། དེ་ང་ཚོས་མྱོང་ཐུབ་པའི་བདེ་སྐྱིད་ཀྱི་རིམ་པ་མཐོ་ཤོས་དེ་མ་རེད།
མི་རྟག་པ་ལ་ངན་ཕྱོགས་ཀྱི་གོ་དོན་ཁོ་ན་ལས་མེད་བསམ་པའི་གོ་ནོར།
མི་རྟག་པ་དེ་ང་ཚོའི་འཆར་ཅན་གྱི་བདེ་བ་ཉི་ཚེ་བ་ཁོ་ནར་བེད་སྤྱོད་བྱས་ནས་བསམ་བློ་བཏང་ན་གོ་ནོར་ཐེབས་པ་ཞིག་རེད། དེ་ལྟར་བྱས་ན་བདེ་བ་དེ་ཟད་ནས་བློ་མ་ཁེངས་པ་དང་སེམས་མ་སྐྱིད་པ་འགྱུར་གྱི་རེད། མི་རྟག་པ་ནི་ང་ཚོའི་མི་ཚེའི་ནང་གི་མ་སྐྱིད་པའི་དུས་ཡུན་ངེས་ཅན་ག་འདྲ་ཞིག་ཡིན་ནའང་མཇུག་རྫོགས་ཀྱི་ཡོད་པ་དེ་ཡང་ཤུགས་ཀྱིས་སྟོན་གྱི་ཡོད། དེས་ང་ཚོར་སེམས་གསོ་ཐུབ་པ་དང་གོ་སྐབས་གསར་པ་ཁག་ལས་ཁེ་ཕན་བླངས་ཏེ་ང་ཚོའི་གནས་སྟངས་ཇེ་ལེགས་སུ་གཏོང་ཐུབ་པ་བཟོ་གི་ཡོད། དེ་འདྲ་སོང་ཙང་། ནང་ཆོས་ནས་ང་ཚོའི་བློའི་འཁྱེར་སོ་དང་མི་ཚེའི་ལྟ་ཕྱོགས་ལ་འགྱུར་ལྡོག་གཏོང་ཆེད་དུ་ཐབས་ལམ་ཧ་ཅང་མང་པོ་མཁོ་སྤྲོད་བྱེད་པ་དང་། མཐར་ཐུག་ལ་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་བྱེད་ཀྱི་ཡོད། འགྱུར་ལྡོག་དེ་དག་ཚང་མ་ཡང་མི་རྟག་པའི་གཞི་རྩའི་རྣམ་གཞག་ལ་གཞི་བཞག་ཡོད།
ནང་ཆོས་དེ་ཆད་ལྟའི་རིང་ལུགས་ཀྱི་རྣམ་པ་ཞིག་རེད་བསམ་པའི་གོ་ནོར།
སངས་རྒྱས་ཀྱིས་ང་ཚོ་ཚང་མའི་མི་ཚེའི་ནང་གི་དཀའ་ངལ་ཐམས་ཅད་ཀྱི་རྒྱུ་ངོ་མ་ནི། དངོས་པོའི་གནས་ལུགས་མི་ཤེས་པའི་ (མི་རིག་པ་) དབང་གིས་རེད་ཅེས་གསུངས་ཡོད། དེ་ནི་ང་ཚོ་དང་། གཞན་དག དེ་བཞིན་དངོས་པོ་ཐམས་ཅད་ཇི་ལྟར་གནས་པའམ་གྲུབ་པའི་ཚུལ་མི་ཤེས་པ་དེ་རེད། ཁོང་གིས་སྟོང་པའི་རང་བཞིན་ (སྟོང་ཉིད་) ནི་རྨོངས་པ་འདིའི་གཉེན་པོར་གསུངས་ཡོད། གལ་སྲིད་སྟོང་པའི་རང་བཞིན་དེ་དོན་སྟོང་རིང་ལུགས་སམ་གང་ཡང་མེད་པའི་ཆད་ལྟའི་རིང་ལུགས་ཀྱི་རྣམ་པ་ཞིག་ཡིན་པ་དང་། སངས་རྒྱས་ཀྱིས་ཅི་ཡང་མེད་པ་རེད་ཅེས་གསུངས་ནས། ཁྱེད་རང་མེད་པ་དང་། གཞན་མེད་པ། ཁྱེད་ཀྱི་དཀའ་ངལ་རྣམས་ཀྱང་མེད་པས། ཁྱེད་རང་གི་དཀའ་ངལ་སེལ་ཐབས་ལ་ཅི་ཡང་མེད་པ་དེ་རྟོགས་དགོས་ཤེས་དེ་ལྟར་བསམ་པ་ཡིན་ན། དེ་ནི་ནང་ཆོས་ལ་གོ་ནོར་ཐེབས་པ་ཞིག་རེད།
སྟོང་པའི་རང་བཞིན་ནམ་སྟོང་ཉིད་ཀྱི་གོ་དོན་ནི་དེ་འདྲ་རྩ་བ་ནས་མ་རེད། ང་ཚོས་དངོས་ཡོད་གནས་སྟངས་ལ་ཡིན་པ་མི་སྲིད་པའི་རྣམ་པ་འདྲ་མིན་གྱི་སྒོ་ནས་དངོས་པོ་དེ་དག་གྲུབ་པའི་འཆར་ཚུལ་འཛིན་གྱི་ཡོད། དཔེ་ཆ་བཞག་ན། དངོས་པོ་དེ་དག་གཞན་ལས་ལོགས་སུ་ཡོད་པའི་ཁྱེར་རྐྱང་དང་གཞན་ལ་བརྟེན་མི་དགོས་པའི་རང་དབང་ངང་ཡོད་པ་ལྟ་བུར་སྣང་གི་ཡོད། ང་ཚོས་ཕྱོགས་ཡོངས་ནས་རང་བཞིན་གྱི་ཚུལ་དུ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བ་དང་ཕན་ཚུན་གཅིག་གིས་གཅིག་ལ་ལྟོས་ནས་ཡོད་པའི་གནས་ལུགས་དེ་ཤེས་ཀྱི་མེད། ང་ཚོ་འདིའི་ཐད་ལ་གོམས་པའི་རྨོངས་པ་ལ་བརྟེན་ནས་ང་སེམས་ནང་དངོས་པོའི་གནས་ལུགས་ཐོག་ལ་རྣམ་རྟོག་གི་འཆར་སྣང་ཡིན་པ་མི་སྲིད་པ་མང་པོ་ཞིག་ཤར་གྱི་ཡོད། དཔེར་ན། དྲྭ་ལྗོངས་འདི་འདྲ་པོ། མི་བརྒྱ་ཕྲག་ལྷག་ཙམ་གྱིས་ཆུ་ཚོད་སྟོང་ཕྲག་མང་པོའི་དུས་ཚོད་བཏང་སྟེ་ལས་ཀ་བྱས་ནས་བཟོས་པའི་འབྲས་བུ་དེ་དང་འབྲེལ་བ་གང་ཡང་མེད་པར་དྲྭ་ལྗོངས་འདི་རང་དབང་གིས་ཡོད་པ་སྣང་གི་ཡོད། འདི་འདྲའི་ཡིན་པ་མི་སྲིད་པའི་གྲུབ་སྟངས་དེ་དངོས་པོའི་གནས་ལུགས་གང་དང་ཡང་མཐུན་གྱི་མེད། སྟོང་པ་ཉིད་ནི་ང་ཚོའི་རྣམ་རྟོག་གི་འཆར་སྣང་ལ་བརྟེན་ནས་ཡིན་པ་མི་སྲིད་པའི་གནས་ལུགས་དང་མཐུན་པའི་མཛུབ་མོ་འཛུགས་ས་ཞིག་དངོས་སུ་གང་ཡང་མེད་པ་ཞིག་རེད། དངོས་པོ་གང་ཞིག་རང་ངོས་ནས་གྲུབ་མེད་ན། དེས་གང་ཡང་མེད་པའི་དོན་མ་ཡིན།
བཟང་སྤྱོད་ཀྱི་རྣམ་གཞག་དང་སྡོམ་པའི་སྐོར་ལ་གོ་ནོར་ཐེབས་པ་ཁག
ནང་ཆོས་ཀྱི་བཟང་སྤྱོད་རྣམ་གཞག་ཁག་བཟང་ངན་གྱི་དཔྱད་ཁྲ་ལ་གཞིར་བྱས་པ་རེད་བསམ་པའི་གོ་ནོར།
བཟང་སྤྱོད་ཀྱི་རྣམ་གཞག་དང་། དེ་མིན་གྱི་གནད་དོན་འདྲ་མིན་ནང་དུའང་། གོ་ནོར་མང་པོ་ཐེབས་སྲིད་པ་ཞིག་ནི་ཡིག་སྒྱུར་གྱི་ཐ་སྙད་རྣམས་ལོག་པར་སྒྱུར་བ་ལ་བརྟེན་ནས་ཡོང་གི་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་ནང་ཆོས་ཀྱི་ལྟ་ཚུལ་མ་ཡིན་པ་མང་པོ་ཞིག་ནང་ཆོས་ཀྱི་བསླབ་བྱ་ཁག་གི་ནང་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། ང་ཚོས་སྟོན་པ་ཡེ་ཤུའི་གསུང་རབ་ནང་གོ་དོན་ཁྱད་པར་བ་ཡོད་པའི་རྒྱུན་སྲོལ་གྱི་ཐ་སྙད་རིགས་དཔེ་ཆ་བཞག་ན། དགེ་བ་ལ་ “virtuous” དང་། མི་དགེ་བ་ལ་ “non-virtuous” བསོད་ནམས་ལ་ “merit” སྡིག་པ་ལ་ “sin” ལྟ་བུ་ནང་ཆོས་ཀྱི་གོ་དོན་དེ་ཡིན་པར་བརྩི་གི་ཡོད། ཐ་སྙད་འདི་འདྲའི་རིགས་ནང་ཆོས་ཀྱི་བཟང་སྤྱོད་རྣམ་གཞག་དེ་དག་ཀུན་སྤྱོད་ལ་དཔྱད་ཁྲ་གཏོང་བའི་བསམ་ཚུལ་དང་ཉེས་པ་ཡིན་པར་བརྩིས་ནས། འགའ་ཤས་དགེ་བ་ཡིན་པའི་དོན་ནི་བཟང་པོ་དང་ཡང་དག་པ་ཡིན་པར་བསམ་གྱི་ཡོད། གལ་ཏེ་ང་ཚོས་དེ་ཚོ་བྱས་པ་ཡིན་ན། ང་ཚོ་མི་ཡག་པོ་ཡིན་པ་དང་། དེ་ལྟར་བྱས་པ་ལ་བརྟེན་ནས་ང་ཚོས་བསོད་ནམས་གསོག་གི་ཡོད་པ་སྟེ། དཔེར་ན། གང་བྱས་པ་དེ་ལ་ཚུར་བྱ་དགའ་རག་པ་འདྲ་པོ་བརྩི་གི་ཡོད། འོན་ཀྱང་གལ་སྲིད་ང་ཚོས་མི་དགེ་བའི་ལས་བྱེད་པའམ། ཡང་ན་“ཆོས་མིན་གྱི་”ལས་བྱས་ན། ང་ཚོ་སྡུག་ཅག་དང་ང་ཚོས་སྡིག་པ་གསོག་གི་ཡོད་དང། དེ་ལ་བརྟེན་ནས་ང་ཚོས་ངེས་པར་དུ་སྡུག་བསྔལ་མྱོང་དགོས་པ་ལྟ་བུའི་བསམ་ཚུལ་ཞིག་ཡོད། འདི་ནི་ཡེ་ཤུའི་གསུང་རབ་ནང་གི་སྐྱོན་ཡོན་བསླབ་ཁྲིམས་ཀྱི་ལྟ་ཚུལ་དེ་ནང་ཆོས་ཀྱི་བཟང་སྤྱོད་རྣམ་གཞག་ནང་སླེབས་པ་གསལ་པོ་རེད།
ནང་ཆོས་ནས་བཤད་པའི་བཟང་སྤྱོད་ཀྱི་རྣམ་གཞག་ནི། ལེགས་ཉེས་བླང་འདོར་འབྱེད་པའི་རིག་སྟོབས་སམ་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཡར་རྒྱས་གཏོང་ཕྱོགས་ཁོ་ནའི་ཐོག་གཞི་བཞག་ཡོད། ང་ཚོས་གང་ཞིག་ཕན་བྱེད་དགེ་བའི་ལས་དང་གང་ཞིག་གནོད་བྱེད་མི་དགེ་བའི་ལས་ཡིན་པ། གང་ཞིག་གིས་ཕན་ཐོགས་ཀྱི་ཡོད་པ་དང་གང་ཞིག་གིས་གནོད་ཀྱི་ཡོད་མེད་སྐོར་རྣམ་པར་འབྱེད་ཚུལ་དེ་སྦྱོང་དགོས་ཀྱི་ཡོད། དེ་ནས་གོ་རྟོགས་ལྡན་པའི་ཐོག་ནས་གནོད་འཚེ་ལས་དང་མི་དགེ་བའི་སྤྱོད་ལམ་སྤོང་དགོས།
ནང་ཆོས་ཀྱི་བཟང་སྤྱོད་རྣམ་གཞག་དེ་ཁྲིམས་ལ་བཀའ་བརྩི་དང་ལེན་བྱེད་རྒྱུར་གཞིར་བྱས་ཡོད་བསམ་པའི་གོ་ནོར།
དེ་ནས་ནང་ཆོས་ཀྱི་བཟང་སྤྱོད་རྣམ་གཞག་དེ་ཁྲིམས་ལ་བཀའ་བརྩི་དང་ལེན་བྱེད་རྒྱུར་གཞིར་བྱས་པ་ལས་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ལ་གཞིར་བྱས་མེད་པར་ངོས་འཛིན་བྱས་ན། དེ་ནི་ནང་ཆོས་ལ་གོ་ནོར་ཐེབས་པ་རེད། རིག་གཞུང་འགའ་རེའི་ནང་མི་ཚོས་ཁྲིམས་ལ་ཛ་དྲག་གིས་གཙིགས་ཆེན་བྱས་ནས་མགོ་མཁྲེགས་པོ་དང་གུ་དོག་པོ་ཆགས་པ་དང་། ཁོང་ཚོས་ཁྲིམས་ལས་བརྒལ་འདོད་མེད་པ་རེད། འོན་ཀྱང་། བཟང་སྤྱོད་ཀྱི་རྩ་འཛིན་ལམ་སྟོན་ཁག་གི་ཐོག་ནས་བཤད་ན། བོད་པ་ཚོ་ཏོག་ཙམ་བསམ་བློ་གུ་ཡངས་པོ་ཡོད། དེས་ཁོང་ཚོ་ར་ལང་ཆ་ལང་ཡོད་པ་རེད་ཟེར་གྱི་མེད། དེས་གནས་སྟངས་འགའ་ཤས་ནང་། ཁྱེད་ཀྱིས་ལམ་སྟོན་ཞིག་ལག་བསྟར་གང་འདྲ་བྱེད་ཕྱོགས་ལ་རང་གི་རྣམ་དཔྱོད་དང་རྣམ་པར་འབྱེད་པའི་ཤེས་རབ་བེད་སྤྱོད་བྱེད་དགོས་ཟེར་གྱི་ཡོད། འདིར་ང་ཚོས་གང་དབྱེ་འབྱེད་བྱེད་ཀྱི་ཡོད་དམ་ཟེར་ན། དེ་ནི་ང་ཚོས་ཉོན་མོངས་ཀྱི་ཤུགས་རྐྱེན་འོག་བྱ་སྤྱོད་སྤེལ་བའམ། ཡང་ན་ང་ཚོའི་བྱ་སྤྱོད་སྤེལ་ཚུལ་ལ་དགེ་མཚན་ལྡན་པའི་རྒྱུ་མཚན་ཡོད་མེད་དབྱེ་བ་འབྱེད་ཐབས་བྱེད་ཀྱི་ཡོད།
སྡོམ་པ་ནི་ཁྲིམས་དང་འདྲ་བར་སྐྱོན་ཡོད་སྲིད་པ་རེད་བསམ་པའི་གོ་ནོར།
མཐའ་གཞན་ཞིག་ལ། ང་ཚོས་སྡོམ་པ་ཁག་ལ་ཁྲིམས་རྩོད་པ་ཞིག་ཡིན་པའི་ལྟ་ཚུལ་བཟུང་ན་འགྲིག །དེ་ལྟར་ང་ཚོས་ལས་འབྲས་ཀྱི་རྣམ་གཞག་ལ་སྐྱོན་བཙལ་ནས་མི་དགེ་བའི་ལས་བྱེད་པའམ། ཡང་ན་སྡོམ་པ་ཞིག་འགྲིག་འཇགས་བཟོ་བ་དང་། དེའི་ནུས་ཤུགས་ཆུང་དུ་བཏང་ནས་སྙད་འདོགས་ས་ཞིག་འཚོལ་གྱི་ཡོད། ངས་དཔེ་མཚོན་ཞིག་བཞག་གི་ཡིན། ངས་སྡོམ་པ་ཞིག་བླངས་ནས་ཚུལ་མིན་གྱི་འཁྲིག་སྤྱོད་སྤངས་བ་ཡིན་ནའང་། ཁའི་འཁྲིག་སྦྱོར་བྱས་ན་འགྲིག་གི་རེད། གང་ཡིན་ཟེར་ན། དེ་ནི་བརྩེ་དུང་མཚོན་བྱེད་རེད་ཅེས་ཁས་ལེན་བྱེད་སྲིད། ང་རང་ཚོས་སོ་སོ་ལ་སྙད་འདོགས་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོ་དེ་ལྟ་བུའི་ཁའི་འཁྲིག་སྦྱོར་གྱི་རྣམ་པ་དེར་དགའ་པོ་བྱེད་ཀྱི་ཡོད། ཡང་ཆང་རག་སྤོང་བའི་སྡོམ་པ་ཞིག་བླངས་པའི་རྗེས། ང་ཚོས་ཕ་མ་དང་མཉམ་དུ་ཟ་མ་ཟ་བའི་སྐབས། ཁོང་ཚོར་ཕོག་ཐུག་མི་ཡོང་བའི་ཆེད་དུ་རྒུན་ཆང་འཐུང་ན་འགྲིག་གི་རེད་བསམ་པའམ། ཡང་ན་ང་ཚོས་རྭ་མ་བཟི་བ་བྱས་ནས་སྐབས་སྐབས་ཆང་རག་འཐུང་ན་འགྲིག་བསམ་པ་ལྟ་བུ་རེད། ང་ཚོས་སྙད་འདོགས་བྱེད་ས་དེ་འདྲའི་རིགས་བཙལ་ནས་སྡོམ་པའི་བཅས་ཁྲིམས་ཁག་ལས་གཡོལ་ཐབས་བྱེད་ཀྱི་ཡོད།
དོན་ངོ་མ་གང་རེད་ཟེར་ན། གལ་སྲིད་ཁྱེད་ཀྱིས་སྡོམ་པ་ཞིག་ལེན་པ་ཡིན་ན། ཁྱེད་ཀྱིས་དེ་ཆ་ཚང་ལེན་གྱི་ཡོད་པ་མ་གཏོགས། སྡོམ་པ་དེའི་ཆ་ཤས་ཤིག་ལེན་གྱི་མེད། འདི་ནི་སྡོམ་པ་གསལ་པོར་འགྲེལ་བརྗོད་བྱེད་སྟངས་དེ་རེད། གལ་སྲིད་ཁྱེད་ཀྱིས་སྡོམ་པ་ཁག་གི་ཞིབ་ཕྲའི་གནད་དོན་རྣམས་སྲུང་མི་ཐུབ་པའམ། ཡང་ན་གཞུང་ནས་ཁ གསལ་ངེས་བཤད་བྱས་པའི་སྡོམ་པ་བྱེ་བྲག་པ་ཞིག་སྲུང་ཐུབ་ཀྱི་མི་འདུག་ན། དེ་ནས་སྡོམ་པ་དེ་ལེན་རྒྱུ་མེད། སྡོམ་པ་ངེས་པར་དུ་ལེན་དགོས་པའི་འགན་འཁྲི་གང་ཡང་མེད།
འདིར་གདམ་ཀ་ཞིག་ཡོད། ཆོས་མངོན་པའི་ནང་སྡོམ་པ་ལ་དབྱེ་བ་གསུམ་གྱི་སྒོ་ནས་གསུངས་ཡོད། སྡོམ་པ་གཅིག་ནི། ཁྱེད་ཀྱིས་གཞི་རྩའི་མི་དགེ་བའི་ལས་སྤོང་བའི་ཁས་ལེན་དམ་བཅའ་འཇོག་པ་དང་། དེ་ནས་གཞན་ཞིག་ཡོད་པ་དེ་ནི་ཡིག་སྒྱུར་བྱེད་ཁག་པོ་ཞེ་དྲག་ཡོད། སྒྲ་བཤད་བྱས་ན་དེ་ནི་སྡོམ་པའི་འགལ་ཟླ་རེད། སྡོམ་པ་དེ་ནི་མི་དགེ་བའི་ལས། དཔེར་ན། སྲོག་གསོད་ལྟ་བུ་མི་སྤོང་བ་དེ་རེད། གལ་སྲིད་ཁྱེད་རང་དམག་མིར་འཛུལ་ཞུགས་བྱེད་པ་ཡིན་ན། དགྲ་བོས་ཚུར་རྒོལ་བྱེད་དུས་ཁྱེད་ཀྱིས་ཕར་མེ་མདའ་བརྒྱག་རྒྱུར་སྤོང་གི་མིན་ཞེས་ཁས་ལེན་དམ་བཅའ་བཞག་པ་ལྟ་བུ་རེད། དེ་གཉིས་ཀྱི་བར་ལ་གནས་པ་ཞིག་ཡོད། དེ་ནི་སྡོམ་པ་ཞིག་གི་ནང་གང་ངེས་བཤད་བྱས་པ་དེའི་ཆ་ཤས་ཙམ་སྤོང་བ་དེ་རེད།
དེ་གཉིས་བར་ལ་གནས་པའི་དབྱེ་བ་འདི་ང་ཚོས་འདིར་ལག་བསྟར་བྱེད་ཆོག །དཔེ་ཆ་བཞག་ན། ལོག་གཡེམ་སྤོང་བའི་དགེ་བསྙེན་གྱི་སྡོམ་པ་ལྟ་བུ་ལ། གལ་སྲིད་ང་ཚོས་སྡོམ་པ་དེའི་ཆ་ཤས་ཤིག་ང་ཚོས་སྲུང་བརྩི་བྱེད་མི་ཐུབ་བསམ་ན། ང་ཚོས་གཞན་གྱི་བདག་ཏུ་བཟུང་བའི་ཟླ་བོ་དང་འཁྲིག་སྦྱོར་མི་བྱེད་པ་དང་། གཞན་ལ་བཙན་གཡེམ་ཡང་ན་བཙན་སྐུལ་འོག་གཞན་ལ་རང་དང་འཁྲིག་སྦྱོར་བྱེད་དུ་འཇུག་པ་ལྟ་བུ་འཚེ་བ་མི་བྱེད་པའི་ཁས་ལེན་ཁོ་ན་བྱས་ན་འགྲིག །ཁས་ལེན་དེ་འདྲ་བྱེད་ཚུལ་དེ་གཞུང་ནང་གསལ་སྟོན་བྱས་པའི་སྡོམ་པ་མིན་ནའང་། དེ་ནི་ཧ་ཅང་བཟང་བ་དང་། དགེ་བའི་ནུས་པ་མང་བ་གསོག་ཐུབ། ངས་ “merit” (བསོད་ནམས་) བེད་སྤྱོད་མི་བྱེད་པར། “positive force” (དགེ་བའི་ནུས་པའམ་བཟང་ཕྱོགས་ཀྱི་ནུས་པ་) དང། “sin” (སྡིག་པ་) ལས་ “negative force” (ངན་ཕྱོགས་ཀྱི་ནུས་པའམ་མི་དགེ་བའི་ནུས་པ་) ཞེས་གདམ་ཀ་བྱེད་ཀྱི་ཡོད། བྱས་ཙང་། སྤྱོད་ལམ་དེའི་རིགས་སྤོང་བ་ཙམ་མིན་པར། དེས་ང་ཚོའི་སེམས་རྒྱུན་ལ་བཟང་ཕྱོགས་ཀྱི་ནུས་པ་གསོག་གི་ཡོད། འདིས་སྡོམ་པ་ཞིག་ལ་འགྲིག་འཇགས་མི་བྱེད་པར། དེ་ལས་ལྡོག་ཏེ། བཟང་སྤྱོད་ཀྱི་ཉམས་ལེན་ལ་ནུས་པ་དང་ལྡན་པ་ཞིག་ཆགས་ཀྱི་ཡོད།
ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་ནི་འགྲོ་བ་མིའི་བདེ་སྡུག་དང་འབྲེལ་བ་ཡོད་པས། གཞན་ལ་གནོད་མི་སྐྱེལ་བ་ཙམ་རེད་བསམ་པའི་གོ་ནོར།
བཟང་སྤྱོད་ཀྱི་རྣམ་གཞག་ཐད་ལ་གོ་ནོར་ཐེབས་པ་གཞན་ཞིག་ནི། ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་དེ་འགྲོ་བ་མིའི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཙམ་རེད་བསམ་པ་དེ་རེད། “འགྲོ་བ་མིའི་བདེ་སྡུག་” ཟེར་དུས་ང་ཚོས་གཞན་ལ་གནོད་བྱའི་ལས་སྤོང་བ་ཁོ་ན་ལ་གོ་དགོས། གང་ཟག་གང་རུང་ཞིག་ལ་གནོད་མི་སྐྱེལ་བའི་བར་དུ་དེ་འགྲིག་པ་རེད་བསམ་ན། འདི་ནི་འགྲོ་བ་མིའི་བདེ་སྡུག་གི་བཟང་སྤྱོད་རེད། ཡང་ན། མ་མཐར་ཡང་དེ་ནི་ངས་མགོ་ཚོད་པའི་འགྲོ་བ་མིའི་བདེ་སྡུག་གི་བཟང་སྤྱོད་རྣམ་གཞག་དེ་རེད། དེ་ཤིན་ཏུ་བཟང་པོ་ཡིན་པ་དང་། ཤིན་ཏུ་ལེགས་ན་ཡང་། དེ་ནི་ནང་པའི་བཟང་སྤྱོད་རྣམ་གཞག་གི་གཞི་རྟེན་མ་རེད། ནང་པའི་བཟང་སྤྱོད་རྣམ་གཞག་གི་གཞི་རྟེན་ནི། རང་ཉིད་ཕུང་བར་བྱེད་པའམ་རང་གིས་རང་ལ་གནོད་པའི་ལས་སྤོང་རྒྱུར་ནན་བཤད་བྱེད་པ་དེ་ཡིན། གང་ཡིན་ཟེར་ན། ང་ཚོས་གང་གིས་གཞན་ལ་གནོད་ཀྱི་ཡོད་པ་དངོས་སུ་ཤེས་ཀྱི་མེད། ཁྱེད་ཀྱིས་མི་ཚོ་ལ་ཡུ་རོབ་ཀྱི་སྒོར་ས་ཡ་གཅིག་སྤྲད་ནས་ཁོང་ཚོར་ཕན་ཐོགས་བྱས་ཡོད་བསམས་ཀྱང་། དེའི་ཉིན་རྗེས་མར་ཁོང་ཚོར་དངུལ་དེ་འདྲ་ཡོད་པ་ལ་བརྟེན་ནས་གཞན་གྱིས་འཕྲོག་བཅོམ་བྱས་ཏེ་ཚེ་སྲོག་ཤོར་བ་འདྲ་པོ་ཡོང་སྲིད། ང་ཚོས་མ་འོངས་པ་གང་ཡོང་ཤེས་མི་ཐུབ་པ་སོང་ཙང་། གང་ཟག་གཞན་ལ་དངོས་གནས་ཕན་ཐོགས་ཀྱི་ཡོད་མེད་ཀྱང་ཤེས་མི་ཐུབ། ནང་ཆོས་ནང་ངེས་བཤད་གང་གནང་ཡོད་ཅེ་ན། གལ་སྲིད་ང་ཚོས་ཁོང་ཁྲོ་དང་། འདོད་རྔམ། ཕྲག་དོག །ཆགས་སེམས། གཏི་མུག་ལ་སོགས་པ་ཉོན་མོངས་གཞི་རྟེན་དུ་བྱས་ནས་མི་དགེ་བའི་ལས་བསགས་ན། དེ་ནི་རང་ཉིད་ཕུང་བྱེད་དམ་གནོད་བྱེད་ཆགས་ཀྱི་ཡོད། སྤྱོད་ལམ་ཡང་ནས་ཡང་དུ་བྱེད་པའི་གོམས་གཤིས་ངན་པ་གསོག་འཇོག་བྱེད་པ་དང་། དེས་ང་ཚོ་རང་ཉིད་ལ་སྡུག་བསྔལ་མྱོང་དགོས་པ་བཟོ་གི་ཡོད། འདི་ནི་ནང་པའི་བཟང་སྤྱོད་རྣམ་གཞག་གི་གཞི་རྟེན་རེད།
སྐྱེ་བ་སྔ་ཕྱིའི་སྐོར་གོ་ནོར་ཐེབས་པ་ཁག
སྐྱེ་བ་སྔ་ཕྱིར་སྣང་མེད་བཏང་བར་བརྟེན། རང་རྒྱུད་ཀྱི་ཉོན་མོངས་དང་མི་དགེ་བའི་སྤྱོད་ལམ་བསྒྱུར་བཅོས་མི་གཏོང་བ།
གཞན་ལ་གནོད་མི་སྐྱེལ་བ་ཙམ་གྱི་ནང་པའི་འགྲོ་བ་མིའི་བདེ་སྡུག་གི་བཟང་སྤྱོད་ལ་གོ་ནོར་ཐེབས་པ་འདི་ཐེག་ཆེན་གྱི་ཉམས་ལེན་ལ་ནན་བཤད་སྔ་དྲགས་པ་ལ་བརྟེན་ནས་ཡོང་གི་ཡོད་པ་འདྲ་པོ་འདུག །དེ་ནི་ང་ཚོས་ལམ་རིམ་གྱི་ཐོག་མ་དང་བར་མའི་ཀུན་སློང་གི་རིམ་པ་རྣམས་ལ་སྣང་མེད་བཏང་ནས་མཆོང་རྒྱག་རྒྱག་ན་འགྲིག་གི་ཡོད་སྙམ་པ་དེ་རེད། “ལམ་རིམ་” ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱེད་པའི་ལམ་གྱི་རིམ་པ་ལ་གོ་དགོས། ཐོག་མའི་ཀུན་སློང་གི་རིམ་པ་ནི་ངན་སོང་དུ་མི་སྐྱེ་བ་བྱེད་རྒྱུ་དེ་རེད། རེད། ང་ཚོས་ཐ་ན་སྐྱེ་བ་ཕྱི་མར་ཡིད་ཆེས་མེད། དེ་ནས་ཀུན་སློང་གི་རིམ་པ་བར་མ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་སྤོང་རྒྱུ་དེ་རེད། རེད། ད་དུང་ང་ཚོས་སྐྱེ་བ་ཕྱི་མར་ཡིད་ཆེས་མེད་པས། དེ་ཚོའི་ནང་གི་གང་ཞིག་ཀྱང་གལ་གནད་ཆེན་པོ་ཡིན་པ་བློ་ངོར་འཆར་ཐུབ་ཀྱི་མེད། ང་ཚོས་ “དེ་མཆོང་རྒྱག་རྒྱག་གི་ཡིན་” ཞེས་བསམ་བློ་འཁོར་གྱི་ཡོད། འོན་ཀྱང་། ང་ཚོ་ཐེག་ཆེན་གྱི་ཆོས་ལ་ཡིད་དབང་འཕྲོག་དགོས་པའི་རྒྱུ་མཚན་ནི། དེའི་ཆ་ཤས་མང་པོ་ཞིག་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ང་ཚོ་ནུབ་ཕྱོགས་པའི་སྲོལ་རྒྱུན་འགའ་རེའི་ནང་ཡོད་པའི་བརྩེ་བ་དང་། སྙིང་རྗེ། བཟོད་སྲན། གཏོང་ཕོད། དགེ་རྩ་ལ་སོགས་པ་དང་འདྲ་པོ་ཡོད་པས་རེད། འདི་ལ་མཐོང་སྣང་ཡག་པོ་སླེབས་ནས། ཐོག་མའི་སྐྱེས་བུ་གཉིས་ཀྱི་ཀུན་སློང་གི་རིམ་པ་ལ་མཆོང་རྒྱག་བརྒྱབ་པའམ། ཡང་ན་དེའི་གལ་གནད་ཆུང་དུ་བཏང་ནས་ང་ཚོས་ཐེག་པ་ཆེན་པོ་ལ་ཡིད་དབང་འཕྲོག་གི་ཡོད།
དེ་ལྟར་བྱེད་པའི་སྐབས། ང་ཚོས་དེ་དག་གི་ནང་དོན་གལ་ཆེན་ཞིག་ལ་ཡང་མཆོང་རྒྱག་རྒྱག་གི་ཡོད། དེ་ནི་ང་ཚོའི་མི་དགེ་བའི་སྤྱོད་ལམ་དང་ཉོན་མོངས་ཀྱི་རིགས་བསྒྱུར་བཅོས་གཏོང་ཡག་དེ་རེད། དེ་དག་ནི་རང་ཉིད་ཕུང་བ་བྱེད་མཁན་རེད། དེ་ནི་ང་ཚོས་གཞན་ལ་ཕན་ཐོགས་ཐབས་སུ་ཧོབ་མཆོང་རྒྱག་པ་འདྲ་པོ་རེད། དེ་ནི་ནོར་འཁྲུལ་ཞིག་རེད། ཐེག་ཆེན་ལ་ནན་བཤད་བྱེད་རྒྱུ་དེ་གལ་གནད་ཆེན་པོ་ཡིན་ཡང་། དེ་སྐྱེས་བུ་ཆུང་ངུ་དང་འབྲིང་གི་རིམ་པ་ལ་གཞི་བཞག་དགོས། ང་ཚོས་སྔོན་ལ་རང་གི་མི་དགེ་བའི་སྤྱོད་ལམ་དང་ཉོན་མོངས་རྣམས་བསྒྱུར་བཅོས་གཏོང་དགོས། རྒྱུ་མཚན་ནི་དེ་དག་གིས་ང་ཚོས་གཞན་ལ་རོགས་རམ་གྱི་འབད་བརྩོན་བྱེད་པའི་སྐབས་འགོག་རྐྱེན་ཚབས་ཆེན་བྱེད་ཀྱི་ཡོད།
སྐྱེ་བ་སྔ་ཕྱི་ལ་དོ་གལ་ཆེན་པོ་མི་བྱེད་པ།
ང་ཚོ་མང་པོ་ཞིག་གིས་སྐྱེས་བུ་ཆུང་ངུའམ་རིམ་པ་ཐོག་མའི་ཆོས་ཀྱི་ཆ་ཤས་ཁག་མཆོང་རྒྱག་རྒྱག་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། ང་ཚོས་སྐྱེ་བ་སྔ་ཕྱི་མེད་པར་བསམ་གྱི་ཡོད་པས་ཡིན། གང་ལྟར་ཡང་། ཐོག་མའི་ཆོས་ཀྱི་རིམ་པའི་ནང་དུ་ངན་སོང་དུ་སྐྱེ་བ་སྤོང་དགོས་རྒྱུའི་ནན་བཤད་བྱས་ཡོད། དེ་འདྲ་སོང་ཙང་། ང་ཚོས་སྐྱབས་འགྲོ་ཁས་ལེན་ནས་ (མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་འཇོག་པ་) མི་དགེ་བའི་སྤྱོད་ལམ་སྤོང་བའི་ཆེད་ལས་འབྲས་ཀྱི་རྣམ་གཞག་ལ་སྲུང་བརྩི་བྱེད་པ་ཡིན། གང་ཡིན་ཟེར་ན། དེས་ང་ཚོ་ངན་སོང་དུ་སྐྱེ་བ་ལེན་པ་བྱེད་ཀྱི་ཡོད། ང་ཚོས་དེ་ལ་མཆོང་རྒྱག་རྒྱག་པའམ། ཡང་ན་ང་ཚོས་སྐྱེ་བ་ཕྱི་མར་ཡིད་ཆེས་མེད་པའི་རྒྱུ་མཚན་ལ་བརྟེན་ནས་དེ་དོ་གལ་ཆུང་དུ་གཏོང་གི་ཡོད། ལྷག་པར་དུ་ང་ཚོས་དམྱལ་ཁམས་དང་། ཡི་དྭགས། ལྷ་དང་ལྷ་མ་ཡིན་གྱི་ཁམས་ཡོད་པར་ཡིད་ཆེས་མེད་པ་ངེས་པ་རེད། ང་ཚོས་དེ་ཚོ་དངོས་སུ་མེད་པ་དང་། ཆོས་ཀྱི་གཞུང་ལུགས་ཁག་གི་ནང་དེ་དག་གི་སྐོར་འགྲེལ་བརྗོད་བྱས་ཡོད་པ་ནི་འགྲོ་བ་མིའི་སེམས་ཁམས་ཀྱི་གནས་བབས་ལ་གོ་དགོས་པ་རེད་བསམ་གྱི་ཡོད། དེ་ནི་དངོས་གནས་ཆོས་ལ་དྲང་པོ་མི་བྱེད་པ་ཞིག་དང་གོ་ནོར་ཆེན་པོ་ཞིག་རེད།
མི་མ་ཡིན་པ་དང་དུད་འགྲོ་མ་ཡིན་པའི་ལུས་རྟེན་དུ་སྐྱེ་བ་ལེན་སྲིད་པ་ལ་དོ་གལ་ཆེན་པོ་མི་བྱེད་པ།
འདིར་ངས་ཧ་ཅང་ཞིབ་ཚགས་པོ་བཤད་ཀྱི་མིན། འོན་ཀྱང་གལ་སྲིད་ང་ཚོས་རང་གཞན་སུ་འདྲ་ཞིག་གི་སེམས་དང་སེམས་རྒྱུན་ལ་བསམ་བློ་གཏོང་བ་ཡིན་ན། དེས་ང་ཚོའི་འགྲོ་བ་མིའི་ལུས་དང་སེམས་ཀྱི་གྲུབ་ཆ་ལ་བརྟེན་ནས་འགྲེལ་བརྗོད་བྱས་པའི་དགའ་སྐྱོ་དང་བདེ་སྡུག་གི་ཚོར་བའི་ཆ་ཤས་ཙམ་མ་ཡིན་པར། བདེ་སྡུག་ཆ་ཚང་བ་ཞིག་མྱོང་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད། གང་ལྟར་ཡང་། འདི་ནི་དབང་ཤེས་ཀྱི་རིགས་འདྲ་མིན་གྱི་གནད་དོན་ཞིག་རེད། དུད་འགྲོ་སེམས་ཅན་འགའ་ཤས་ཀྱིས་ང་ཚོ་འགྲོ་བ་མི་ལས་ལྷག་པའི་མིག་གིས་རྒྱང་ཐག་རིང་པོར་མཐོང་ཐུབ་པ་དང་། འགའ་ཤས་ཀྱིས་ང་ཚོ་ལས་ཀྱང་ལྷག་པ་རྣ་བས་ཐོས་ཐུབ་པ་ལ་སོགས་པ་ཡོད། བྱས་ཙང་། དེ་འདྲ་ཡིན་ན། ང་ཚོས་མྱོང་ཐུབ་པའི་དགའ་སྐྱོ་དང་བདེ་སྡུག་གི་ས་མཚམས་ཁག་རྒྱ་སྐྱེད་གཏོང་མི་ཐུབ་པའི་རྒྱུ་མཚན་མེད་པ་དང་། དམྱལ་བའི་ལུས་རྟེན་ཡང་ན་ལྷ་ཡི་ལུས་རྟེན་ལྟ་བུ་དེའི་གཞི་རྟེན་དུ་གྱུར་བའི་ལུས་རྟེན་རན་ལ་འཚམས་པ་ཞིག་ཀྱང་ངེས་པར་དུ་ཡོད་དགོས་པ་ཡིན།
སྲོག་ལྡན་གཞན་དག་འགྲོ་བ་མིའི་སེམས་ཁམས་ཀྱི་གནས་བབས་ཙམ་ལ་ངོས་འཛིན་བྱེད་པ།
ང་ཚོས་ལས་འབྲས་ཀྱི་སྐོར་འགྲེལ་བརྗོད་བྱས་པའི་ནང་། འགྲོ་བ་མི་ཞིག་གི་མི་ཚེའི་ནང་སྐྱེ་བ་སྔ་མའི་ཁམས་གཞན་འདི་དག་གི་ནང་བསགས་པའི་ལས་ཀྱི་ལྷག་མའི་འབྲས་བུ་ང་ཚོར་སྨིན་ཆོག་པ་ཡིན། སྐྱེ་བ་དེ་དག་གི་ནང་གང་བྱུང་བའི་ཚོར་བ་དེ་དང་འདྲ་བ་ང་ཚོས་མྱོང་གི་ཡོད་ཀྱང་། དེས་ང་ཚོས་སྐྱེ་བ་གཞན་འདི་དག་གི་སྐོར་ལ་གོ་བསྡུར་ཉུང་དུ་བཏང་ནས་ང་ཚོ་དང་གཞན་དག་ཚང་མས་འགྲོ་བ་མིའི་སེམས་ཁམས་ཀྱི་གནས་བབས་ཙམ་ལ་ངོས་འཛིན་བྱེད་དགོས་ཟེར་གྱི་མེད། དེ་ནི་ཆོས་ལ་གཡོ་ཟོལ་གྱིས་དྲང་པོ་མི་བྱེད་པ་ཞིག་རེད།
སྐྱེ་བ་གཅིག་རང་ལ་ཚད་བཀག་བྱེད་པར་བརྟེན། ལས་འབྲས་ལ་གོ་རྒྱུ་མེད་བསམ་པའི་གོ་ནོར།
སྐྱེ་བ་སྔ་ཕྱི་དང་སྐྱེ་གནས་གཞན་དག་ཡོད་པ་ཁས་ལེན་མ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས། ང་ཚོས་ལས་འབྲས་ལ་འགྲེལ་བརྗོད་བྱེད་དུས་དེ་ནི་ང་ཚོའི་བྱ་སྤྱོད་ཁག་གི་འབྲས་བུ་ཚེ་འདི་རང་ལ་སྨིན་དགོས་པའི་གོ་ནོར་ཐེབས་པ་དང་། ཚེ་གཅིག་ལས་མེད་པའི་ཚད་བཀག་བཞག་པ་དེས་ལས་འབྲས་ཀྱི་རྣམ་གཞག་ཐད་ལ་ཐེ་ཚོམ་མང་པོ་སྐྱེ་བའི་རྒྱུ་བྱེད་ཀྱི་ཡོད། དཔེར་ན། ནག་ཉེས་ཚབས་ཆེན་བྱེད་མཁན་མང་པོ་ཞིག་འཛིན་བཟུང་མི་ཐུབ་པར་ཁོ་རང་ཚོའི་ནག་ཉེས་དང་མཉམ་དུ་ཐར་ཕྱིན་པ་འདྲ་པོ་ཡོད་པ་དང་། ཡང་ང་ཚོར་མི་ཚེའི་ནང་དཀའ་ངལ་ཧ་ལས་པའི་ཆེན་པོ་མང་པོ་འཕྲད་ཀྱི་ཡོད། དཔེར་ན། ང་ཚོའི་ངོས་ནས་ཧ་ཅང་ཚབས་ཆེན་གྱི་མི་དགེ་བའི་ལས་གང་བྱས་མེད་ཀྱང་། འབྲས་ནད་ཕོགས་ཏེ་འཆི་བ་ལྟ་བུ་ཡོང་གི་ཡོད། གལ་སྲིད་ང་ཚོས་ཚེ་འདི་རང་གཅིག་པུར་སྐད་ཆ་བཤད་པའམ་ཚེ་འདི་རང་ལས་མེད་པའི་ལྟ་ཚུལ་བཟུང་ན། ལས་འབྲས་ལ་གོ་རྒྱུ་གང་ཡང་མེད་པ་ལྟ་བུ་སྣང་སྲིད།
ཆོས་ཀྱི་སྐོར་གོ་ནོར་ཐེབས་པ་ཁག།
ང་ཚོས་མི་དགའ་སའི་ནང་ཆོས་ཀྱི་ཆ་ཤས་གཙང་སེལ་བཟོ་བ།
འདི་ཚོ་ཚང་མས་ཆོས་ཀྱི་སྐོར་ལ་དཀའ་རྙོག་ཆེ་བ་ཞིག་དང་། གོ་ནོར་ཆེན་པོ་ཞིག་ཐེབས་ཡོད་པ་ནན་བཤད་བྱེད་ཀྱི་ཡོད། དེ་ནི་ཆོས་ཀྱི་བསླབ་བྱ་ཁག་གི་ནང་ནས་རང་གིས་དགའ་མོས་ཡོད་ས་དེ་ཚོ་འདེམས་སྒྲུག་བྱས་ནས་བླངས་ཏེ། རང་གིས་ཁས་ལེན་བྱེད་མི་ཐུབ་པ་དེ་ཚོ་དོར་བའམ། ཡང་ན་སྣང་མེད་དུ་བཏང་ན་འགྲིག་གི་ཡོད་སྙམ་པའི་བློ་སྟེ། “གཙང་སེལ་བཟོས་པའི་” ནང་ཆོས་ཟེར་བ་དེ་རེད། ང་ཚོས་རང་ཉིད་ལ་དཀའ་ལས་ཁག་པོ་ཡོད་པའི་ནང་ཆོས་ཀྱི་གནད་དོན་ཚང་མ་གཙང་སེལ་བཟོ་གི་ཡོད་པ་དེ་རེད།
ང་ཚོས་ལས་འབྲས་སྐོར་གྱི་སྒྲུང་། དཔེར་ན། གླང་ཆེན་གྱིས་ས་འོག་ཏུ་སོང་ནས་དེར་རིན་ཆེན་གསེར་བཙོག་པ་འདོར་བ་དང་། དེ་མིན་གྱི་སྒྲུང་དེ་འདྲའི་རིགས་གོ་དུས། ང་ཚོས། “བྱབ་ཆུང་མ་བྱེད་ཡ། དེ་ཚོ་ཚང་མ་བྱིས་པའི་ཆེད་དུ་དམིགས་པའི་ལྷ་སྒྲུང་རེད།” ཅེས་བསམ་བློ་དེ་ལྟར་འཁོར་གྱི་ཡོད། ང་ཚོས་དེ་ཚོའི་ནང་སློབ་གསོ་ཡོད་པ་དེ་མཐོང་གི་མེད། བོད་པ་འགའ་ཤས་ཀྱིས་དེ་དག་ཚིག་དོན་ལྟར་གོ་བ་ལེན་གྱི་ཡོད་པ་ནང་བཞིན་ང་ཚོས་དེ་ལྟར་གོ་བ་ལེན་ནའང་འདྲ་མ་ལེན་ནའང་འདྲ་སྟེ། དེ་ནི་གནད་འགག་མ་རེད། གནད་འགག་གཙོ་བོ་ནི་དེ་དག་དོ་གལ་མེད་པར་འཛིན་ནས་ཡལ་བར་འདོར་རྒྱུ་མེད། དེ་དག་ནི་ཆོས་ཀྱི་ཆ་ཤས་རེད། དཔེ་མཚོན་གཞན་ཞིག་ནི། ཐེག་པ་ཆེན་པོའི་མདོའི་ནང་དུ། སངས་རྒྱས་རྣམས་ཀྱིས་འགྲོ་བ་ས་ཡ་བརྒྱ་ཕྲག་མང་པོར་ཆོས་གསུངས་ཤིང། སངས་རྒྱས་ས་ཡ་བརྒྱ་ཕྲག་མང་པོ་མཉམ་ཞུགས་གནང་ནས་ཆོས་ཉན་པ་དང་། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་བུ་ག་རེ་རེའི་ནང་དུ་ཡང་སངས་རྒྱས་ས་ཡ་བརྒྱ་ཕྲག་མང་པོ་ལ་སོགས་པ་ཡོད་པའི་སྐོར་འཁོད་ཡོད། རྒྱུན་དུ་ང་ཚོས་དེའི་སྐོར་ལ་ཁ་སྐྱེངས་པ་ལྟ་བུ་བྱུང་ནས། “དེ་ནི་དངོས་གནས་ཁྱད་མཚར་རེད།” ཅེས་བཤད་ནས། ང་ཚོས་དེ་དག་ཆོས་ཀྱི་ཆ་ཤས་སུ་ངོས་ལེན་བྱེད་ཀྱི་མེད།
འདིར་དཀའ་ངལ་ཡོད་པ་ནི་ང་ཚོས་རང་གི་དགའ་མོས་ཡོད་སའི་ནང་ཆོས་ཀྱི་ཆ་ཤས་ཁག་འདེམས་སྒྲུག་གིས་ལེན་གྱི་ཡོད་པ་དེ་རེད། གསང་སྔགས་དང་བྱང་སེམས་དཔའི་སྡོམ་པ་འགའ་ཤས་ནང་། ནང་ཆོས་ཀྱི་བསླབ་བྱ་ཁ་ཆས་དོར་བའམ། ཡང་ན་དེ་དག་ཚད་ལྡན་མིན་ཚུལ་རྩོད་མི་རུང་བ་གདམས་ཡོད། ཕྱོགས་གཞན་ཞིག་ནས་ཆོས་ཀྱི་ཆ་ཤས་འགའ་ཤས་བླངས་ནས་གཞན་རྣམས་སྣང་མེད་བཏང་བ། དེ་བཞིན་རང་གིས་དགའ་མོས་ཡོད་ས་གཅིག་པུ་དེ་ལེན་པའི་རིགས་བྱེད་མི་རུང་། གལ་སྲིད་ང་ཚོས་ནང་ཆོས་ང་ཚོའི་ཆོས་ཀྱི་ལམ་ལ་ཁས་ལེན་ན། མ་མཐར་ཡང་ང་ཚོས་ “ངས་ཆོས་ཀྱི་བསླབ་བྱ་འདིའི་གོ་དོན་ཤེས་ཀྱི་མི་འདུག” ཅེས་ང་ཚོས་གོ་དུས་ཁྱད་མཚར་ཞིག་ཡོད་ཀྱང་། ཁ་སངས་པོའི་ཐོག་ནས་བཤད་དགོས་པ་དང་། “ངས་དེའི་ཐོག་རང་ལ་འགྲེལ་བརྗོད་དང་གོ་རྟོགས་གཏིང་ཟབ་ཅིག་མ་ཐོབ་བར་ལྟ་ཚུལ་བཤད་ཀྱི་མིན།” ཞེས་དེ་འདྲ་པོ་བྱེད་དགོས། ང་ཚོའི་སེམས་ཀྱི་བློ་སྒོ་ཁ་རྒྱག་ནས་དེ་ཚོ་སྣང་མེད་དུ་ཡལ་བར་མི་འདོར་རྒྱུ་དེ་གལ་ཆེན་པོ་ཡིན།
ཡང་བསྐྱར་མི་ལུས་རིན་ཆེན་འཐོབ་རྒྱུ་དེ་ལས་སླ་པོ་རེད་བསམ་པའི་གོ་ནོར།
གོ་ནོར་ཐེབས་པ་གཞན་ཞིག་ནི། ང་ཚོས་སྐྱེ་བ་སྔ་ཕྱི་ཡོད་པ་ཁས་ལེན་ནའང་། ཡང་བསྐྱར་མི་ལུས་རིན་ཆེན་ཐོབ་རྒྱུ་དེ་དཔེ་ལས་སླ་པོ་རེད་བསམ་པ་དེ་ཡིན། ང་ཚོས་རྒྱུན་དུ། “རེད། རེད། ང་རང་སྐྱེ་བ་ཕྱི་མ་ལ་ཡིད་ཆེས་ཡོད། ངས་སླར་ཡང་མི་ལུས་ལེན་ཐུབ་པ་མ་ཟད། ང་ལ་མུ་མཐུད་ནས་ཆོས་ཉམས་ལེན་བྱ་རྒྱུའི་གོ་སྐབས་ཆ་ཚང་ཐོབ་ཐུབ་པ་བཤད་མི་དགོས་པ་རེད།” ཅེས་པ་ལ་སོགས་པ་བསམ་བློ་དེ་འདྲའི་རིགས་འཁོར་གྱི་ཡོད། དེ་ནི་ཧ་ཅང་ཅོལ་ཆུང་དང་བྱིས་བློའི་རང་བཞིན་ཅན་ཞིག་རེད། ལྷག་པར་དུ་གལ་སྲིད་ང་ཚོས་རང་གི་མི་དགེ་བའི་སྤྱོད་ལམ་ག་ཚོད་བྱས་པ་དང་། ཁོང་ཁྲོ་དང་། འདོད་རྔམ། རང་འདོད་དོན་གཉེར་གྱི་ཉོན་མོངས་པའི་ཤུགས་རྐྱེན་ངན་པའི་འོག་དུས་ཚོད་ག་ཚོད་བཏང་ཡོད་པ་དེ་དག་དང་། ཕྱོགས་གཞན་ཞིག་ནས་ང་ཚོས་བརྩེ་བ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་བྱས་པའི་ལས་དང་བསྡུར་ན། སྐྱེ་བ་ཕྱི་མར་སླར་མི་ལུས་རིན་ཆེན་ཐོབ་རྒྱུ་ཤིན་ཏུ་ཁག་པོ་ཡིན་པ་གསལ་པོ་རེད།
རང་ཉིད་བརྩེ་བ་ཡོད་སའི་མི་དང་མུ་མཐུད་ནས་མཉམ་གནས་ཡོང་ཆེད་མི་ལུས་རིན་ཆེན་ཐོབ་པའི་ཆེད་འབད་བརྩོན་བྱེད་པ།
ང་ཚོ་འཁྲུལ་བའི་སྐྱོན་གཞན་ཞིག་ནི། ང་ཚོས་རང་གི་གྲོགས་པོ་ཚོ་དང་ནང་མི་མཉམ་དུ་མུ་མཐུད་ནས་མཉམ་དུ་གནས་ཐུབ་པའི་ཆེད་དུ། ཁོང་ཚོར་ཆགས་ཞེན་ཡོད་པའི་རྒྱུ་མཚན་གྱིས་སྐྱེ་བ་ཕྱི་མར་མི་ལུས་རིན་ཆེན་སླར་ཡང་ཐོབ་ཐུབ་པའི་འབད་བརྩོན་བྱེད་པ་དེ་རེད། ཐ་ན་རང་ཉིད་ལ་སྐྱེ་བ་ཕྱི་མར་སླར་མི་ལུས་ཐོབ་ཐུབ་པ་ཡིན་ན། ངས་རང་གི་གྲོགས་པོ་ཚང་མ་དང་། སྤུན་མཆེད། བརྩེ་བ་ཡོད་སའི་མི་ཚོ་དང་ཐུག་འཕྲད་ཡོང་གི་རེད། ཅེས་བསམ་པ་ཙམ་དེ་ཡང་གོ་ནོར་ཐེབས་ཀྱི་ཡོད། དེར་སྲོག་ཆགས་དང་སེམས་ཅན་གྱི་རིགས་རྣམ་པ་གྲངས་ལས་འདས་པ་ཡོད། རང་རང་སོ་སོའི་ལས་ཀྱི་ལོ་རྒྱུས་ལྟར་ན། ང་ཚོ་ཚང་མ་གནས་སྟངས་འདྲ་མིན་དང་སྐྱེ་གནས་སྣ་ཚོགས་ཀྱི་ནང་དུ་སྐྱེ་བ་ལེན་གྱི་ཡོད། དེ་འདྲ་སོང་ཙང་། ང་ཚོ་སྐྱེ་བ་གང་ལེན་པ་དང་། ཡང་ན་ང་ཚོས་སྐྱེ་བ་ཕྱི་མར་སུ་ཐུག་འཕྲད་བྱེད་མིན་ཐད་ལ་ཁག་ཐེག་ནམ་ཡང་བྱེད་མི་ཐུབ། དོན་དངོས་ཐོག་ཚེ་འདི་ལ་ང་ཚོས་ཐུག་འཕྲད་བྱུང་བ་ཞིག་དང་མཉམ་དུ་སྐྱེ་བ་ཕྱི་མར་སླར་ཐུག་འཕྲད་བྱུང་སྲིད་ཀྱང་། དེ་ལྟར་ཡོང་བར་དུས་ཡུན་ཆེས་རིང་པོ་ཞིག་འགོར་རྒྱུ་ཡིན་པ་ངེས་པ་ཆེ་བ་ཡོད། དེ་མི་སྲིད་པ་ཞིག་ཀྱང་མ་རེད། འོན་ཀྱང་དེ་ལས་སླ་པོ་ཡོད་པ་དང་ཁག་ཐེག་བྱས་ཟིན་པ་རེད་བསམ་ན་གོ་ནོར་ཐེབས་ཀྱི་ཡོད།
ལས་འབྲས་ཀྱི་སྐོར་གོ་ནོར་ཐེབས་པ་ཁག།
ང་ཚོ་སྡུག་ཅག་ཡིན་དང་ལས་ངན་པའི་འབྲས་བུ་སྨིན་པ་དེ་འོས་བབ་ཡོད་པ་ཞིག་རེད་བསམ་པའི་གོ་ནོར།
ལས་འབྲས་དང་སྐྱེ་བ་སྔ་ཕྱིའི་སྐོར་གྱི་གནད་དོན་གཞན་ཞིག་ནི། ཚེ་འདིའི་ནང་སྡུག་བསྔལ་གང་མྱོང་བ་དེ་སྐྱེ་བ་སྔ་མའི་ནང་བསགས་པའི་ལས་ཀྱི་འབྲས་བུ་སྨིན་གྱི་ཡོད་པ་ཁས་ལེན་བྱས་ནའང་། ང་ཚོའི་ངོས་ནས། “གལ་སྲིད་ངས་སྡུག་བསྔལ་མྱོང་བ་དང་། ང་ལ་སྡུག་ཅག་ཅིག་བྱུང་ན། དེ་ང་ལ་འོས་བབ་ཡོད་པ་ཞིག་རེད།” ཅེས་བསམ་སྲིད་ལ། ཡང་ན། གལ་སྲིད་ཁྱེད་རང་ལ་གནས་ཚུལ་དེ་བྱུང་ན། དེ་ཁྱེད་ལ་འོས་བབ་ཡོད་པ་ཞིག་རེད་ཞེས་བསམ་བློ་འཁོར་སྲིད། འདིར་གོ་ནོར་གང་ཐེབས་ཡོད་དམ་ཟེར་ན། ཁྲིམས་འགལ་བྱེད་མཁན་གྱི་ “ང་” རྡོག་རྡོག་ཅིག་རང་ཚུགས་སུ་གྲུབ་ཡོད་པ་དང་། དེ་ཉེས་ཅན་པ་དང་སྡུག་ཅག་ཡིན་ཞིང། ད་ལྟ་ང་ལ་ཉེས་ཆད་འགེལ་བ་ནི་འོས་བབ་རེད། ཅེས་ང་ཚོས། “ང་” ཞེས་པ་རྡོག་རྡོག་རང་ཚུགས་སུ་གྲུབ་པ་དེ་ལ་སྐྱོན་བརྗོད་ཀྱིས་ཁག་དཀྲི་བྱེད་པ་དང་། དེ་སྡུག་ཅག་ཡིན་པ་དང་ད་ལྟ་ཉེས་ཆས་བཏང་ཡོད། ཅེས་པ་དེ་ནི་ལས་འབྲས་ཀྱི་རྣམ་གཞག་དང་སྤྱོད་ལམ་གྱི་རྒྱུ་རྐྱེན་ལ་གོ་ནོར་ཐེབས་པའི་རྒྱུ་མཚན་གྱིས་ཡིན།
གཞན་ལ་ལས་ཀྱི་འབྲས་བུ་སྨིན་པའི་འགན་འཁྲི་ང་ཚོར་ཡོད་བསམ་པའི་གོ་ནོར།
དེ་ནས་ང་ཚོས་ནག་ཉེས་ཀྱི་ལྟ་ཚུལ་དེ་རྒྱ་ཆེ་རུ་བཏང་ནས་གཞན་ལ་ལས་ཀྱི་འབྲས་བུ་གང་སྨིན་པ་དེ་ལ་ང་ཚོའི་ངོས་ནས་གང་བྱས་ཡོད་མེད་ལྟ་གི་ཡོད། ལས་ཀྱི་འབྲས་བུ་སྨིན་པ་དེ་མྱོང་བ་ལ་རྒྱུ་རྐྱེན་མང་པོ་དང་གནས་སྟངས་འདྲ་མིན་ཡོད་པ་དང་། དེ་དག་རེ་རེ་ལ་སོ་སོའི་རྒྱུ་རེ་རེ་ཡོད་པ་ང་ཚོས་མཐོང་ཐུབ་ཀྱི་མེད། མི་གཞན་ལ་ལས་ཀྱི་འབྲས་བུ་སྨིན་པར་བྱེད་མཁན་གྱི་རྒྱུ་དེ་ང་རང་རེད་བསམ་པ་ནི་གོ་ནོར་ཐེབས་པ་རེད། ཁོང་ཚོས་གང་མྱོང་བ་དེ་དག་རྒྱུ་རྐྱེན་སྣ་ཚོགས་པ་ལ་བརྟེན་ནས་བྱུང་ཡོད་པ་ལས་རང་གཅིག་པུ་མ་རེད།
ངས་དཔེ་མཚོན་ཞིག་བཞག་གི་ཡིན། གལ་སྲིད་ང་ཚོ་མོ་ཊའམ་སྣུམ་འཁོར་ཞིག་གིས་བརྡུངས་ཡོད་པ་ཆ་བཞག་ན། དེ་ནི་ངས་སྐྱེ་བ་སྔོན་མར་བསགས་པའི་ལས་ལ་བརྟེན་ནས་མོ་ཊ་གཏོང་མཁན་གྱིས་ང་ལ་བརྡུངས་པ་ཞིག་མ་རེད། གལ་སྲིད་ང་ཚོས། “མོ་ཊ་གཏོང་མཁན་གྱིས་ང་ལ་བརྡུངས་པ་དེ་ལས་ཀྱི་སྒོ་ནས་ང་རང་ལ་འགན་འཁྲི་ཡོད་” བསམ་ན་ནོར་འཁྲུལ་རེད། ང་ཚོར་ལས་འབྲས་ཀྱི་འགན་འཁྲི་ཡོད་པ་དེ་གང་རེད་ཅེ་ན། དེ་ནི་ང་ལ་མོ་ཊས་བརྡུངས་པའི་མྱོང་བ་དེ་རེད། མོ་ཊ་གཏོང་མཁན་གྱི་ལས་ཀྱི་འགན་འཁྲི་ཁོང་རང་ལ་ཡོད་ཅིང་། དེ་ནི་ང་ལ་མོ་ཊས་བརྡུངས་ཡོད་པ་དེ་རེད། འདི་དང་འདྲ་བར། ང་ཚོར་གང་བྱུང་བ་དེ་རྒྱུ་རྐྱེན་མང་པོ་ཞིག་ཚོགས་པའི་འབྲས་བུ་ཡིན་པ་དང་། དེ་ག་ནང་བཞིན་ཉོན་མོངས་དང་སྤྱིར་བཏང་གི་རྒྱུ་རྐྱེན་ཁག་མཉམ་དུ་འདུས་པ་ལ་བརྟེན་ནས་བྱུང་བའི་འབྲས་བུ་རེད། དཔེར་ན། གནམ་གཤིས་འདྲ་པོ། ཆར་པ་བབས་པ་ལ་བརྟེན་ནས་ལམ་འདྲེད་བརྡར་ཤོར་ཆོག་ཆོག་ཡོད་པ་ལ་སོགས་པ་ལྟ་བུ་རེད། དེ་དག་ཚང་མ་མཉམ་དུ་སྦྲེལ་བའི་ཐོག་གནས་སྟངས་ཤིག་བསྐྲུན་ནས་ང་ཚོས་དཀའ་སྡུག་མྱོང་གི་ཡོད།
བླ་མའམ་དགེ་བའི་བཤེས་གཉེན་སྐོར་གོ་ནོར་ཐེབས་པ་ཁག།
བླ་མར་མཚན་ཉིད་ཚང་དགོས་པ་དང་། ང་ཚོར་སེམས་སྐུལ་གནང་དགོས་པའི་དངོས་བདེན་ལ་སྣང་མེད་གཏོང་བ།
བླ་མ་དགེ་བའི་བཤེན་གཉེན་རྣམས་ཀྱི་སྐོར་བཤད་ན། དེ་ནི་ནུབ་ཕྱོགས་པ་ཚོའི་ནང་དུ་ཙམ་མ་ཡིན་པར། མི་མང་པོ་ཞིག་གིས་གོ་ནོར་ཆེན་པོ་ཐེབས་ས་ཞིག་རེད་བསམ་གྱི་འདུག། ཐོག་མར་བླ་མའམ་དགེ་བའི་བཤེས་གཉེན་གལ་གནད་ཆེན་པོ་ཡིན་པར་ནན་བཤད་བྱས་པའི་རྒྱུ་མཚན་ལ་བརྟེན་ནས། ང་ཚོས་བླ་མ་ལ་ཁྱད་ཆོས་ཁག་ཚང་དགོས་པའི་དངོས་བདེན་དེ་ལ་སྣང་མེད་གཏོང་ཕྱོགས་ཤིག་ཡོད། དགེ་བའི་བཤེས་གཉེན་ལ་མཚན་ཉིད་གང་དང་གང་ཚང་དགོས་པའི་སྐོར་གྱི་གྲངས་འདྲེན་དང་བཅས་པ་གཞུང་ནང་གསལ་པོ་འཁོད་ཡོད། དེར་མ་ཟད། དགེ་བའི་བཤེས་གཉེན་དེ་མཚན་ཉིད་ཚང་ཡོད་ནའང། གང་ཟག་དེས་རང་ཉིད་ལ་སེམས་འགུལ་ཐེབས་པ་ཞིག་བྱས་སོང་བསམ་པའི་ཚོར་བ་དེ་སླེབས་དགོས་ཀྱི་ཡོད།
དགེ་བའི་བཤེས་གཉེན་གལ་གནད་ཆེན་པོ་ཡིན་པའི་རྒྱུ་མཚན་ཁག་གི་ནང་ནས་གཅིག་ནི། དགེ་རྒན་གྱིས་ང་ཚོར་སེམས་སྐུལ་གནང་རྒྱུ་དང་། ང་ཚོའི་ཉམས་ལེན་ལ་ནུས་པ་གནང་རྒྱུ། དེ་བཞིན་མིག་དཔེ་ལྟ་འོས་པ་ཞིག་བཟོ་གནང་རྒྱུ་དེ་རེད། ང་ཚོས་དེབ་འདྲ་མིན་དང་དྲྭ་རྒྱ་སོགས་བརྒྱུད་ནས་གནས་ཚུལ་མང་པོ་ཐོབ་ཐུབ་ཀྱང་། བླ་མའི་ངོས་ནས་ཐད་ཀར་ང་ཚོའི་དྲི་བ་ཁག་ལ་ལན་འདེབས་གནང་རྒྱུ་ནི་བཤད་མི་དགོས་པ་ཞིག་དང། དགེ་བའི་བཤེས་གཉེན་ཕོ་མོ་སུ་ཡིན་རུང་ང་ཚོར་སྒོམ་ཉམས་ལེན་སྐབས་ནོར་འཁྲུལ་གང་བཟོས་པ་ཁག་ཡོ་བསྲང་གནང་ཐུབ་པ་དགོས། འོན་ཀྱང་། གལ་སྲིད་གང་ཟག་དེས་ང་ཚོར་སེམས་སྐུལ་གནང་གི་མེད་ན། ང་ཚོས་འགྲུབ་འབྲས་ཡག་པོ་ཐོབ་མི་ཐུབ།
སྔོན་ཚུད་ནས་བརྟག་དཔྱད་ཡག་པོ་མ་བྱས་པར། གང་ཟག་ཅིག་རང་གིི་བླ་མའམ་དགེ་བའི་བཤེས་གཉེན་དུ་ངོས་ལེན་བྱེད་པ།
དེ་ལྟར་མཚན་ཉིད་ཚང་བ་དང་ང་ཚོར་སེམས་འགུལ་ཐེབས་པ་གནང་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་དགོས་པ་ལ་གོ་ནོར་ཐེབས་པའི་རྒྱུ་རྐྱེན་དེ་ལ་བརྟེན་ནས། ང་ཚོས་ཧོལ་རྒྱུག་ངང་གང་ཟག་གང་རུང་ཞིག་ང་ཚོའི་བཤེས་གཉེན་དུ་ཁས་ལེན་བྱས་ཏེ། དེ་ལ་སྔོན་ཚུད་ནས་བརྟག་དཔྱད་ཆ་ཚང་བ་ཞིག་དང་ཡག་པོ་ཞིག་བྱེད་ཀྱི་མེད་པ་རེད། དེ་ནས་ “ཁྱེད་ལ་ངེས་པར་དུ་བླ་མ་ཞིག་དགོས།” ཤེས་དེ་ལྟར་ཡང་ནས་ཡང་དུ་ནན་བཤད་བྱས་པའི་རྐྱེན་གྱིས་ང་ཚོར་གནོན་ཤུགས་སླེབས་ཀྱི་ཡོད། དེར་བརྟེན་ཕྱིས་སུ་ང་ཚོས་དགེ་བའི་བཤེས་གཉེན་དེ་ལ་སྐྱོན་གྱི་རིགས་ཡོད་པ་མཐོང་བའི་སྐབས་སུ། བློ་ཕམ་པའི་གནས་ཚུལ་ཡོང་སྲིད་པའི་ཉེན་ཁ་ཡོད། ང་ཚོའི་ངོས་ནས་བརྟག་དཔྱད་ཡག་པོ་བྱས་མེད་པ་འདི་ནི་སྐྱོན་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན། དགེ་བའི་བཤེས་གཉེན་དང་འབྲེལ་བའི་དཀྲོག་གཏམ་མང་པོ་ཞིག་འགྲིག་ཡོད་ནའང་འདྲ། འགྲིག་མེད་ནའང་འདྲ། གང་ལྟར་ཚུལ་མིན་གྱི་བྱ་སྤྱོད་སྤེལ་ཡོད་པའི་སྐྱོན་འཛུགས་བྱས་ཡོད། སྐབས་རེ་འགྲིག་ཡོད་པའི་ཐོག་ནས་སྐྱོན་འཛུགས་དེ་ལྟར་བྱས་ཡོད་པ་ནི། དགེ་བའི་བཤེས་གཉེན་དེ་རྣམས་དོན་དངོས་ཐོག་བླ་མ་ཚད་ལྡན་མིན་པ་དང་། ང་ཚོར་བླ་མ་དང་བཤེས་གཉེན་གྱི་སྐོར་ནན་བཤད་དང་གང་ཟག་དེ་ང་ཚོའི་བཤེས་གཉེན་དུ་བསྟེན་དགོས་པའི་གནོན་ཤུགས་སླེབས་པ་ལ་བརྟེན་ནས་ཁས་ལེན་བྱས་ཡོད་སྲིད། ཕྱིས་སུ་ང་ཚོས་དཀྲོག་གཏམ་དེ་ཚོའི་ནང་རང་གི་དགེ་བའི་བཤེས་གཉེན་ཚུད་ཡོད་པ་ཤེས་དུས། ང་ཚོ་ཧ་ལས་ཧོན་འཐོར་ནས་སེམས་ལ་གནོད་པོ་ཡོང་གི་ཡོད།
བོད་པ་ཚང་མ་དང་། ལྷག་པར་དུ་གྲྭ་བཙུན་རྣམས་དང། དེ་བཞིན་མཚན་གནས་ཡོད་པ་དེ་ཚོ་ནང་པ་ཡང་དག་རེད་བསམ་པའི་གོ་ནོར།
གོང་དུ་བཤད་པ་དེའི་ཁ་སྣོན་གྱི་ཚུལ་དུ། བོད་པ་ཚང་མ་དང། ཡང་ན། གྲངས་ཚད་ཡོད་པའི་གྲྭ་པ་དང་བཙུན་མ་ཚང་མ། ཡང་མིན་ན། དེ་བས་ཀྱང་ཚད་བཀག་ཡོད་པའི་རིན་པོ་ཆེ་དང་། དགེ་བཤེས། མཁན་པོ་ཚང་མ་ནང་ཆོས་ཉམས་ལེན་གྱི་དཔེ་མཚོན་ཡང་དག་པ་རེད་བསམ་པ་དེ་གོ་ནོར་ཐེབས་པ་རེད། དེ་ནི་ནམ་རྒྱུན་འཆར་ཅན་གོ་ནོར་ཐེབས་ཀྱི་ཡོད། ང་ཚོས་ “ཁོང་ཚོ་ནང་པ་ཡང་དག་ཡིན་པ་ངེས་པ་རེད། གང་ཡིན་ཟེར་ན། ཁོང་ཚོ་བོད་པ་རེད།” ཟེར་བ་འདྲ་པོ་དང་། ཡང་ན་ “ཁོང་ཚོ་ནང་པ་ཡང་དག་རེད། གང་ཡིན་ཟེར་ན། ཁོང་ཚོས་གྲྭ་ཆས་གྱོན་འདུག” ཟེར་བ་དང། ཡང་ “ཁོང་ཚོ་ནང་པ་ཡང་དག་རེད། གང་ཡིན་ཟེར་ན། ཁོང་ཚོར་རིན་པོ་ཆེའི་མཚན་གནས་ཡོད། ཁོང་ཚོ་ཐར་པ་ཐོབ་པའི་གང་ཟག་ཡིན་པར་ངེས།” ཤེས་བསམ་བློ་དེ་རིགས་འཁོར་མཁན་ཡོད། དེ་ནི་དངོས་གནས་བྱིས་བློའི་རང་བཞིན་ཞིག་རེད། ཁོང་ཚོའི་ནང་གི་ཕལ་ཆེ་བ་མི་དཀྱུས་མ་ཤ་སྟག་རེད།
བོད་པའི་ནང་ཆོས་ཉམས་ལེན་བྱེད་མཁན་གྱི་གྲངས་ཚད་སྤྱི་ཚོགས་གཞན་དང་བསྡུར་ན་མང་བ་ཡོད་པ་དང་། ནང་ཆོས་ཀྱི་རིན་ཐང་འགའ་ཤས་བོད་མིའི་རིག་གཞུང་གི་ཆ་ཤས་ཡིན་ཡང་། དེ་དག་གིས་གང་འདྲ་བྱས་ཀྱང་ཁོང་ཚོ་སྐྱོན་དང་བྲལ་བ་ཡིན་པ་མཚོན་མི་ཐུབ། གལ་སྲིད་མི་ཞིག་གྲྭ་པ་ཡང་ན་བཙུན་མ་བྱས་ནས་རབ་ཏུ་བྱུང་ཡོད་ན། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་མང་པོ་ཡོད་སྲིད་པ་རེད། བོད་པ་ཚོའི་ནང་། ནང་མིས་ཕྲུ་གུ་གསོ་སྐྱོང་བྱེད་མི་ཐུབ་པ་ལ་བརྟེན་ནས་ཁྱེད་བྱིས་པའི་དུས་ནས་གྲྭ་སར་བཏང་སྟེ་ཟས་དང་སློབ་སྦྱོང་གཉིས་ཀ་ཐོབ་ཐུབ་པ་བྱས་ཡོད་སྲིད། ཡང་ང་རང་དཀའ་ངལ་མང་པོ་ཡོད་པ་དང་དཀའ་ངལ་དེ་དག་སེལ་བའི་ཆེད་དུ་ང་ལ་དགོན་པའི་མི་ཚེའི་སྒྲིག་ཁྲིམས་དགོས་པའི་རང་རང་གི་སྐུལ་སློང་ལ་བརྟེན་ནས་ཡིན་སྲིད་པ་རེད།
ཕྲན་གྱི་གྲོགས་པོ་རིན་པོ་ཆེ་ཡིན་པ་ཚོའི་ནང་ནས་གཅིག་གིས། “གྲྭ་ཆས་གྱོན་ན་ང་ལ་བསླབ་ཁྲིམས་འདི་དགོས་ངེས་ཡིན་པའི་མཚོན་དོན་ཞིག་རེད། གང་ཡིན་ཟེར་ན། ང་རང་སྒྲིག་ཁྲིམས་སྲུང་མི་ཐུབ་མཁན་གྱི་མི་ཞིག་ཡིན་པ་དང་། ཉོན་མོངས་མང་པོ་ཡོད་མཁན་ཞིག་ཡིན་པས། ངས་ནུས་པ་གང་ཡོད་སྤུངས་ནས་དེ་དག་སེལ་ཐུབ་པའི་འབད་བརྩོན་དངོས་བྱེད་ཀྱི་ཡོད།” ཅེས་ཁོང་ནས་དེ་ལྟར་འགྲེལ་བརྗོད་གནང་མྱོང་། དེས་ཁོང་ཚོས་རང་གི་སྐྱོན་དང་ཉོན་མོངས་ཚང་མ་སེལ་ཡོད་རེད་ཟེར་བའི་དོན་མིན། བྱས་ཙང་། ང་ཚོས་ཅོལ་ཆུང་བྱིས་བློའི་ངང་ཚུལ་འཁྱེང་ནས། ཁོང་ཚོ་དང་། ལྷག་པར་དུ་རིན་པོ་ཆེ་འདི་ཚོ་ཐར་པ་ཐོབ་པའི་གང་ཟག་རེད་བསམ་རྒྱུ་མེད། ༸གོང་ས་༧སྐྱབས་མགོན་ཆེན་པོས་དུས་རྒྱུན་དུ་སྐུ་ཐོག་གོང་མའི་མཚན་གནས་ཆེན་པོ་ཡོད་པ་ཙམ་ལ་བློས་འགེལ་བྱས་ན་ནོར་འཁྲུལ་ཆེན་པོ་རེད་ཅེས་འདི་ལྟར་བཀའ་སློབ་གནང་གི་ཡོད། ༸གོང་ས་མཆོག་གིས། ཡང་རིན་པོ་ཆེ་ཚོས་སྐྱེ་བ་འདིའི་ནང་དུ་རང་གི་ཁྱད་ཆོས་དང་ཡོན་ཏན་ཁོང་ཚོའི་སྐུ་ཐོག་སྔོན་མའི་མཚན་གནས་ཆེན་པོ་ལ་མ་བརྟེན་པར་ར་སྤྲོད་ཐུབ་པ་བྱེད་དགོས་ཞེས་བཀའ་སློབ་ནན་གྱིས་ཕེབས་ཡོད།
གྲྭ་བཙུན་ལ་གུས་ཞབས་མི་བྱེད་པར། ཁོང་ཚོར་སྐྱ་བོ་ཚོའི་ཆེད་གཡོག་རྒྱུག་ཏུ་འཇུག་པ།
ཕྱོགས་གཞན་ཞིག་ལ། གྲྭ་པ་དང་བཙུན་མ་ལ་གུས་ཞབས་དང་རྒྱབ་སྐྱོར་མ་བྱས་པ་དང་། དེའི་ཚབ་ཏུ་ནང་ཆོས་ཀྱི་ལྟེ་གནས་ཁག་ལ་ཁོང་ཚོ་མི་སྐྱའི་ཆེད་རོགས་འདེགས་དང་གཡོག་རྒྱུག་ཏུ་འཇུག་ན། དེ་གོ་ནོར་ཐེབས་པ་ཞིག་རེད། རྒྱུན་དུ་ནང་ཆོས་ཀྱི་ལྟེ་གནས་ཁང་ཞིག་ལ་བཅའ་སྡོད་བྱེད་མཁན་གྱི་གྲྭ་པའམ་ཡང་ན་བཙུན་མ་ཞིག་ཡོད་པ་དང་། གྲྭ་པ་ཡང་ན་བཙུན་མ་འདིས་ལྟེ་གནས་ཁང་ལ་གསུང་ཆོས་ཀྱི་སྟ་གོན་ཆེད་དུ་གཙང་མ་བཟོ་བ་དང་། གོ་རིམ་སྒྲིག་པ། ཚང་མ་བཟོ་བཅོས་རྒྱག་པ། རིན་པ་བསྡུ་ལེན་ལ་སོགས་དང་། གལ་སྲིད་དེ་བཅའ་སྡོད་ཐུབ་པའི་ལྟེ་གནས་ཁང་ཞིག་ཡིན་ན། ཁོང་ཚོའི་ངོས་ནས་སྡོད་ཁང་གྲ་སྒྲིག་ལ་སོགས་གཟའ་འཇུག་གི་སློབ་ཚན་ཡོད་དུས་དེ་ཚོ་གྲ་སྒྲིག་བྱེད་དགོས་པ་དང་། ཐ་ན་ཁོང་ཚོ་གསུང་ཆོས་ཉན་དུ་བཅར་ཐུབ་ཀྱི་མེད། གང་ཡིན་ཟེར་ན། ཁོང་ཚོ་དཔེ་བྲེལ་བ་ཚ་པོ་ཡོད་པ་རེད། དེ་ནི་མི་སྐྱ་ཚོས་གྲྭ་པ་དང་ཨ་ནེ་དེ་དག་ཁོ་ཚོའི་གཡོག་པོ་ལྟ་བུ་ཡིན་པའི་མཐོང་ཚུལ་བཟུང་བ་འདྲ་པོ་རེད།
གོང་དུ་བཤད་པ་ལྟར་མ་ཡིན་པར་དེའི་ལྡོག་ཕྱོགས་དེ་བྱེད་དགོས། ཁོང་ཚོའི་བཟང་སྤྱོད་ཀྱི་གནས་རིམ་གང་འདྲ་ཡོད་ཀྱང་། གྲྭ་པ་དང་བཙུན་མ་ཡིན་པའི་ཆ་ནས་ཁོང་ཚོར་གུས་ཞབས་ཐོབ་འོས་པ་ཞིག་རེད། དེ་ནི་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་བསླབ་བྱ་ཁག་གི་ཆ་ཤས་རེད། གང་ཟག་ཞིག་གིས་ཐ་ན་དགེ་འདུན་གྱི་ན་བཟའ་ལའང་གུས་ཞབས་བྱེད་དགོས། དེ་ནི་ཁོང་ཚོ་སྐྱོན་དང་བྲལ་བ་རེད་བསམས་ནས་ང་ཚོས་བྱིས་བློ་ནང་བཞིན་བྱེད་དགོས་པའི་དོན་མིན། འོན་ཀྱང་གུས་བརྩི་ངེས་ཅན་ཞིག་ངེས་པར་དུ་བྱེད་དགོས།
བླ་མ་ནི་དོན་ངོ་མར་སྐྱོན་བྲལ་གྱི་སངས་རྒྱས་དང་ང་ཚོའི་མི་ཚེའི་དོན་དུ་འགན་ཚང་མ་བློས་གཏོང་གནང་མཁན་ཞིག་ཡིན་པར་བསམ་བློ་གཏོང་བ།
ཡང་ “བླ་མ་ལ་མོས་གུས་” ཟེར་བའི་སྐོར་ལ་གོ་ནོར་ཆེན་པོ་ཐེབས་པ་ཞིག་ཡོད། རང་གི་ངོས་ནས་དེའི་ཡིག་སྒྱུར་དེ་ཕན་ཐོགས་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། གང་ཡིན་ཟེར་ན། དེའི་གོ་བ་ལ་བླ་མ་ལ་རྨོངས་དད་རང་གི་སྒོ་ནས་གསོལ་མཆོད་བྱེད་པའི་གོ་བ་ཞིག་ཡོད་པའི་བཟོ་འདྲ་མཐོང་གི་འདུག །དཔེར་ན། ཆོས་ལ་རྨོངས་དད་རིང་ལུགས་འཛིན་མཁན་གྱི་བྱེད་སྟངས་འདྲ་པོ་རེད། དེ་ནི་གོ་ནོར་ཆེན་པོ་ཐེབས་པ་ཞིག་རེད། དགེ་བའི་བཤེས་གཉེན་དང་འབྲེལ་བའི་ཐ་སྙད་འདིར་བེད་སྤྱོད་བྱས་པ་དེའི་གོ་དོན་ནི། ང་ཚོས་སྨན་པ་ཚད་ལྡན་ཞིག་ལ་ཡིད་ཆེས་བློས་འགེལ་བྱེད་པ་ནང་བཞིན་གང་ཟག་ཞིག་ལ་བློས་འགེལ་བྱས་པ་ལ་གོ་དགོས། བྱས་ཙང་། ཐ་སྙད་གཅིག་པ་དེ་ང་ཚོའི་སྨན་པ་དང་འབྲེལ་བ་བྱེད་པ་བཞིན་ང་ཚོའི་བཤེས་གཉེན་ཐོག་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་། རང་གི་དགེ་བའི་བཤེས་གཉེན་སངས་རྒྱས་དངོས་ལྟར་བལྟ་དགོས་པའི་གདམས་པ་གནང་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། ང་ཚོས་དགེ་རྒན་དེ་ལ་སྐྱོན་མེད་པ་རེད་སྙམ་པའི་གོ་ནོར་ཐེབས་ཏེ། ཆོས་ལ་རྨོངས་དད་རིང་ལུགས་འཛིན་མཁན་ལྟར། ང་ཚོས་ཀྱང་རེ་དྭོགས་མེད་པའི་སྒོ་ནས་བཀའ་བརྩི་དང་ལེན་བྱེད་ཀྱི་ཡོད། དེ་ནི་ནོར་འཁྲུལ་ཞིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་རང་གི་ཞིབ་བརྟག་བྱེད་པའི་ནུས་པ་དང་རང་ཉིད་ཀྱི་འགན་འཁུར་ཆ་ཚང་དོར་ནས། ཕྱག་མོ་༼ཤོ་མོ་ལ་སོགས་པ་༽ཞུ་བ་ལ་བརྟེན་པའམ། ཡང་ན་ཤོ་གཡུགས་ཏེ་དེས་ང་ཚོའི་གནད་དོན་ཚང་མ་ཐག་གཅོད་བྱེད་པ་འདྲ་པོ་ཆགས་ཀྱི་ཡོད།
ང་ཚོས་རང་ཉིད་སངས་རྒྱས་གོ་འཕང་ཐོབ་ཐུབ་པའི་ཆེད་དུ་དམིགས་ཡུལ་བཟུང་བ་དང་། ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་གོང་འཕེལ་བཏང་ནས་རྣམ་དཔྱོད་དང་སྙིང་རྗེ་ལྡན་པའི་གནད་དོན་ཐག་གཅོད་བྱེད་ཐུབ་པ་བྱེད་ཀྱི་ཡོད། བྱས་ཙང་། དགེ་རྒན་ཞིག་གིས་ང་ཚོས་ཁོང་ལ་བསྟེན་དགོས་པའི་དམིགས་ཡུལ་བཟུང་ཡོད་ན། དཔེར་ན། རང་གི་ཆེད་དུ་དབང་ཚད་དང་གོ་གནས་སོགས་ལ་རྩོད་པ་བྱེད་མཁན་འདྲ་པོ་ཡོད་ན། དེར་སྐྱོན་ཞིག་ཡོད། འདི་ལ་སྐྱོན་མེད་པ་རེད་བསམས་ནས་དད་གུས་བྱེད་པ་ནི་གོ་ནོར་ཐེབས་པ་ཞིག་རེད། དགེ་རྒན་ཞིག་དང་མཉམ་དུ་དེ་འདྲའི་དབང་ཐང་དང་སྟངས་འཛིན་གྱི་མངོན་རྟགས་ནང་ཆ་ཤས་ལེན་པ་ནི་ཆོས་ཀྱི་ལམ་སྟོན་ཁག་ཚུལ་མཐུན་ངང་ལག་བསྟར་བྱེད་ཀྱི་མེད་པ་སྟོན་གྱི་ཡོད།
བླ་མ་ལ་གསོ་དཔྱད་པའམ། ཡང་ན་ཡེ་ཤུའི་སློབ་དཔོན་གྱི་འགན་འཁྲི་དེ་ཡོད་པར་ཆ་འཇོག་བྱེད་པའི་གོ་ནོར།
ནང་པའི་དགེ་བའི་བཤེས་གཉེན་ཞིག་ལ་ང་ཚོས་སྒེར་གྱི་དཀའ་ངལ་ཁག་གི་སྐོར་སྐད་ཆ་བཤད་ས་དང་བསླབ་བྱ་ལེན་ཡུལ་གྱི་ཡེ་ཤུའི་སློབ་དཔོན་ནམ། ཡང་ན་གསོ་དཔྱད་པ་ཞིག་གི་འགན་འཁྲི་དེ་ཡོད་ལྟ་བུར་བརྩིས་ན། དེ་ཡང་གོ་ནོར་ཐེབས་པ་ཞིག་རེད། དེ་ནི་ནང་པའི་ཆོས་དགེ་ཞིག་གི་མཛད་སྤྱོད་མ་རེད། སྲོལ་རྒྱུན་ལྟར་བྱས་ན། ནང་པའི་ཆོས་དགེ་ཞིག་གིས་ཆོས་གསུངས་ཀྱི་ཡོད། གང་གསུངས་པ་དེ་དག་ལག་བསྟར་གང་འདྲ་བྱེད་དང་མི་བྱེད་བལྟ་རྒྱུ་དེ་ང་རང་ཚོ་ལ་རག་ལུས་ཡོད། ང་ཚོའི་ཆོས་ཀྱི་གོ་རྟོགས་སྐོར་དང་སྒོམ་ཉམས་ལེན་སྐོར་ལ་དྲི་བ་དྲིས་ན་དངོས་གནས་རན་པོ་ཡོད།
གལ་སྲིད་ཁྱེད་ལ་སེམས་ཁམས་ཀྱི་དཀའ་ངལ་རིགས་ཡོད་ན། ཁྱེད་རང་གསོ་དཔྱད་པ་ཞིག་བསྟེན་དུ་འགྲོ་བ་ལས་ཆོས་ཀྱི་དགེ་རྒན་མི་བསྟེན། ལྷག་པར་དུ་གྲྭ་བཙུན་ལ་གཉེན་སྒྲིག་དང་། བརྩེ་གདུང་གི་འབྲེལ་ལམ་གྱི་དཀའ་རྙོག །ཡང་ན་འཁྲིག་སྤྱོད་ཀྱི་སྐོར་སྐད་ཆ་བཤད་ན་ཚུལ་མཐུན་མ་རེད། ཁོང་ཚོ་ཁྱིམ་ཐབ་མེད་པའི་རབ་བྱུང་བ་རེད། ཁོང་ཚོས་དེ་ཚོའི་ནང་ཐེ་གཏོགས་བྱེད་ཀྱི་མེད། ཁོང་ཚོ་ནི་དཀའ་ངལ་དེ་རིགས་ཀྱི་སྐོར་སྐད་ཆ་འདྲི་སའི་ཡུལ་མ་རེད། འོན་ཀྱང་། ཡེ་ཤུའི་སློབ་དཔོན་དང་། མཆོད་དཔོན། འཇིའུ་ཡི་ཆོས་དཔོན་གྱི་སྲོལ་རྒྱུན་ནས་ཡོང་དུས། ང་ཚོའི་སྒེར་གྱི་མི་ཚེའི་ནང་དཀའ་ངལ་ཆེ་བའི་དུས་སྐབས་ཁོང་ཚོས་སྤྱིར་བཏང་བྱེད་སྒོ་ལ་འགན་འཁུར་བླངས་ནས་ང་ཚོར་ལམ་སྟོན་བྱེད་པའི་རེ་བ་བྱེད་ཀྱི་ཡོད།
ངས་དཔེ་ཞིག་བཞག་གི་ཡིན། ཕྲན་རང་གི་དགེ་བའི་བཤེས་གཉེན་མཚན་ཞབས་སེར་ཀོང་རིན་པོ་ཆེ་དང་ལོ་དགུའི་རིང་མཉམ་དུ་ཡོད་དུས། ཁོང་དང་སེམས་ཐག་ཧ་ཅང་ཉེ་པོ་དང་དུས་ཚོད་ཕལ་ཆེ་བའི་རིང་ཁོང་དང་མཉམ་དུ་བསྡད་མྱོང། དེ་འདྲའི་ལོ་དགུའི་རིང་ལ་ཁོང་གིས་ངའི་སྒེར་གྱི་གནད་དོན་སྐོར་ལ་དྲི་བ་གཅིག་ཀྱང་ནམ་ཡང་དྲིས་མ་མྱོང་། ངའི་སྒེར་གྱི་མི་ཚེའི་སྐོར་དང་། ངའི་ནང་མིའི་སྐོར། ངའི་རྒྱབ་ལྗོངས་སྐོར། སྒེར་དང་འབྲེལ་བའི་གནད་དོན་གང་གི་ཐད་ལའང་ནམ་ཡང་སྐད་ཆ་དྲིས་མ་མྱོང་། ཉིན་ལྟར་ཁོང་གིས་ང་ལ་སློབ་འཁྲིད་གནང་བའམ། ཡང་ན་ཁོང་གི་གཞན་ཕན་གྱི་བྱ་བ་ལ་ངས་ཁོང་ལ་ཕྱག་རོགས་ཞུ་གི་ཡོད། དཔེར་ན། ཁོང་གི་ཆེད་དུ་སྐད་སྒྱུར་བྱེད་པ་དང་། ཡང་ན་ཁོང་གི་འགྲུལ་བཞུད་ཆེད་དུ་གྲ་སྒྲིག་བྱེད་པ་སོགས་རེད། བྱས་ཙང་། དེ་ནི་ང་ཚོས་ནུབ་ཕྱོགས་ནང་གོམས་འདྲིས་བྱུང་ཡོད་པའི་འབྲེལ་ལམ་དང་བསྡུར་ན་མི་འདྲ་བ་ཞིག་ཡོད་པ་དང་། ང་ཚོས་མགོ་ཚོད་སླ་པོ་ཞིག་མེད།
མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བརྟན་པོའམ། ཡང་ན་སྐྱབས་འགྲོ་གལ་གནད་མེད་པར་བརྩི་བ།
དགེ་རྒན་ཞིག་དང་མཉམ་དུ་ལས་ཀ་བྱེད་ཕྱོགས་སྐོར་སྐད་ཆ་བཤད་དུས། དེས་ང་ཚོར་སྐྱབས་འགྲོའི་བརྗོད་གཞི་སྐོར་སྐད་ཆ་སློང་གི་ཡོད། ངས་དེ་ལ་ “ཉེན་མེད་ཀྱི་ཁ་ཕྱོགས་” ཟེར་གྱི་ཡོད། དེ་ནི་སངས་རྒྱས་དང་། ཆོས། དགེ་འདུན་དཀོན་མཆོག་གསུམ་པོས་གསལ་སྟོན་མཛད་པ་ནང་བཞིན་ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་བསྐྲུན་རྒྱུ་དེ་རེད། སྐྱབས་འགྲོ་དེ་སྐྱིད་སྡུག་ཚོགས་སྡེ་ཞིག་གི་ནང་ཚོགས་ཞུགས་བྱེད་པ་ཙམ་ཞིག་ལ་ངོས་འཛིན་བྱས་ནས་དོ་གལ་ཆེན་པོ་མ་བྱས་ན་གོ་ནོར་ཐེབས་པ་རེད། ཁྱེད་ཀྱིས་རང་གི་སྐྲ་ཏོག་ཙམ་ཞིག་བཅད་པ་དང་། དར་སྐུད་དམར་པོ་ཞིག་རང་གི་སྐེ་ལ་བཏགས། བོད་པའི་མིང་ཞིག་འདོགས། ད་ཁྱེད་རང་སྐྱིད་སྡུག་ཚོགས་སྡེའི་ནང་འཛུལ་ཞུགས་བྱས་པ་འདྲ་པོ་ནི། དམིགས་བསལ་གྱི་དཀའ་ངལ་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན། དགེ་བའི་བཤེས་གཉེན་དེ་བོད་བརྒྱུད་ནང་བསྟན་གྱི་བརྒྱུད་པ་ངེས་ཅན་ཞིག་ནས་ཡིན་དུས། ང་ཚོས་རང་གིས་ཚོགས་ཞུགས་བྱེད་པའི་སྐྱིད་སྡུག་གི་ཚོགས་སྡེ་དེ་བོད་བརྒྱུད་ནང་བསྟན་གྱི་བརྒྱུད་པ་ངེས་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་པ་ལས། སྤྱི་ཡོངས་ཀྱི་ནང་ཆོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པས། “ད་ང་དགེ་ལུགས་པ་ཞིག་ཆགས་པ་རེད།” “ད་ང་ཀརྨ་བཀའ་བརྒྱུད་པ་ཞིག་ཆགས་སོང།” “ད་ང་རྙིང་མ་པ་ཞིག་ཆགས་སོང།” “ད་ང་ས་སྐྱ་པ་ཞིག་ཆགས་སོང་།” ཞེས་ཟེར་བ་ལས་ “ད་ངས་སངས་རྒྱས་ཀྱིས་བསྟན་པའི་ལམ་གྱི་རྗེས་སུ་འབྲང་གི་ཡོད།” ཟེར་གྱི་མེད། གོ་ནོར་འདི་ཡོད་པ་ལ་བརྟེན་ནས། ང་ཚོ་གྲུབ་མཐའ་གཅེས་འཛིན་རིང་ལུགས་པ་དང་། ལོགས་སུ་གནས་མཁན་ཞིག་ཏུ་གྱུར་ནས་རང་ཉིད་ཚོགས་མི་ཡིན་པའི་ནང་ཆོས་ཀྱི་ལྟེ་གནས་ཁང་དེ་རང་དུ་འགྲོ་བ་ལས། གཞན་ལ་རྩ་བ་ནས་མི་འགྲོ་མཁན་ཆགས་ཀྱི་ཡོད། ཧ་ལས་དགོས་པའི་གནད་དོན་ཞིག་ནི། ནུབ་ཕྱོགས་པའི་ནང་ཆོས་ཉམས་ལེན་པ་ཕལ་ཆེ་བ་ཞིག་གིས་ནང་ཆོས་ཀྱི་ལྟེ་གནས་ཁང་གཅིག་རང་ལ་ཕྱིན་རྗེས་དེ་ནས་གཞན་ཞིག་ལ་གོམ་པ་རྩ་བ་ནས་སྤོ་གི་མེད་པ་དེ་རེད།
ནུབ་ཕྱོགས་ནང་སླེབས་མཁན་གྱི་དགེ་བའི་བཤེས་གཉེན་ཚང་མས་རང་རང་སོ་སོའི་ཆོས་ཚོགས་འཛུགས་དགོས་ཀྱི་རེད་བསམ་པའི་གོ་ནོར།
དེ་བས་ཀྱང་མགོ་རྙོག་ཚ་བ་ཡོད་པ་ཞིག་ནི། ནུབ་ཕྱོགས་སུ་ཕེབས་མཁན་གྱི་སྲོལ་རྒྱུན་གྱི་བླ་མའམ་བཤེས་གཉེན་ཚང་མས་རང་རང་སོ་སོའི་ཆོས་ཀྱི་ལྟེ་གནས་ཁང་དང་རང་རང་སོ་སོའི་ཆོས་ཚོགས་འཛུགས་སྐྲུན་བྱེད་འདོད་ཡོད་པའི་བཟོ་འདྲ་ཞིག་མཐོང་གི་ཡོད་པ་དེ་རེད། ངའི་བསམ་པར་འདི་ནི་སྐྱོན་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན། དེ་ནས་གནས་སྟངས་དེ་རྒྱུན་སྲིང་བྱེད་མི་ཐུབ་པ་ཆགས་ཀྱི་རེད། ཁྱེད་ཀྱིས་ནང་ཆོས་ཀྱི་རྟགས་དང་རྣམ་གྲངས་ལྟ་བུ་མི་འདྲ་བ་བཞི་བརྒྱ་ཙམ་ཞིག་མ་འོངས་པར་ངེས་མེད་བར་དུ་རྒྱུན་སྲིང་བྱེད་མི་ཐུབ། དེར་མ་ཟད། སློབ་མ་གསར་པ་ཚོ་ལའང་དེ་ཧ་ཅང་གི་མགོ་རྙོག་ཚ་པོ་ཆགས་ཀྱི་ཡོད། ཡང་ས་ཆ་དེ་དག་ཚང་མར་རང་རང་སོ་སོའི་མཆོད་ཁང་དང་། རང་རང་སོ་སོའི་དཔེ་མཛོད་ཁང་། ཁང་གླ་སྤྲོད་རྒྱུ་ལ་སོགས་པའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་རྒྱུར་དཔལ་འབྱོར་གྱི་ཆ་ནས་འགྲོ་སོང་ཆེན་པོ་དང་ཁུར་ལྗིད་པོ་ཞིག་ཀྱང་རེད། བོད་ནང་འཕགས་ཡུལ་དང་བལ་ཡུལ་ནས་ཕེབས་པའི་སློབ་དཔོན་མང་པོས་དགོན་པ་འདྲ་མིན་མང་པོ་ཕྱག་བཏབ་ཡོད་ཀྱང་། མཐར་དེ་དག་མཉམ་དུ་འདུས་ནས་སྡེ་ཚན་མི་འདྲ་བ་ཆགས་ཡོད། སྡེ་ཚན་དེ་ཚོ་ནི་རྒྱ་གར་ནང་ཡོད་པ་འདྲ་པོ་གཅིག་པ་མ་རེད། དཔེར་ན། རྒྱ་གར་ནང་བཀའ་བརྒྱུད། ཡང་ན་ས་སྐྱའི་ཆོས་བརྒྱུད་འདྲ་པོ་བྱུང་མེད། འོན་ཀྱང་དེ་དག་ཕན་ཚུན་མཉམ་དུ་འདུས་ནས་གཅིག་སྒྲིལ་བྱུང་ཏེ། རྒྱུན་སྲིང་ཐུབ་པ་ཆགས་པ་དང་མཉམ་དུ་བརྒྱུད་པ་མང་པོ་སྤེལ་ཡོད།
བྱས་ཙང་། ནུབ་ཕྱོགས་ཀྱི་ནང་བསྟན་ནང་ང་ཚོར་ཚོགས་པ་ཆེན་པོ་ཁག་དེ་འདྲ་ཡོད་པ། དཔེར་ན། ཆོས་རྒྱམ་དྲུང་པ་རིན་པོ་ཆེ་དང་། བསོད་རྒྱལ་རིན་པོ་ཆེ། བླ་མ་ཡེ་ཤེས། བླ་མ་བཟོད་པ་རིན་པོ་ཆེ་ལྟ་བུ་ཡོད་ཀྱང་། ང་ཚོས་བོད་ནང་བྱུང་བ་ནང་བཞིན་སྡེ་ཚན་དང་ཚོ་ཁག་མཉམ་དུ་འདུས་ནས་བརྒྱུད་པ་ཆེ་ཁག་ཡོང་ཐུབ་པ་བྱེད་དགོས། འོན་ཀྱང་འདི་ལྟར་བྱེད་པའི་སྐབས་སུ་སྤོང་དགོས་པའི་མཐའ་གཉིས་ཡོད་པ་ནི། དང་པོ་གལ་སྲིད་ནུམ་ཕྱོགས་པའི་ནང་བསྟན་དེ་ཁ་འཐོར་མང་དྲགས་ན། དེས་འགྲིག་གི་ཡོད་མ་རེད། ཕྱོགས་གཞན་ཞིག་ནས་གལ་སྲིད་དེ་ཧ་ཅང་སྟངས་འཛིན་ཆེ་དྲགས་ན། དེས་ཀྱང་མི་འགྲིག་པ་ཡིན། དེ་འདྲ་སོང་ཙང་། གཟབ་ནན་ཆེན་པོ་དེ་དགོས་ཀྱི་ཡོད། ཡིན་ནའང་རྒྱུན་སྲིང་ཐུབ་པ་བྱེད་རྒྱུ་དེ་དཀའ་གནད་ཆེན་པོ་ཞིག་རེད་བསམ་གྱི་འདུག
གལ་སྲིད་རང་ཉིད་ལ་དགེ་བའི་བཤེས་གཉེན་གཅིག་ཡོད་ན། གཞན་གྱི་དྲུང་དུ་སློབ་གཉེར་བྱེད་མི་ཆོག་པ་རེད་བསམ་པའི་གོ་ནོར།
ཆོས་ཀྱི་ལྟེ་གནས་ཁང་ངམ་ཆོས་ཚོགས་གཞན་ལ་མི་འགྲོ་བའི་ཐད་སྐད་ཆ་བཤད་ན། ང་ཚོས་བླ་མ་དང་དགེ་བའི་བཤེས་གཉེན་གཞན་དག་གི་དྲུང་དུ་སློབ་གཉེར་བྱེད་མི་ཆོག་པའམ། ཁོང་ཚོ་རང་གི་བླ་མའམ་དགེ་བའི་བཤེས་གཉེན་དང་ཆོས་ཀྱི་བརྒྱུད་པ་གཅིག་པ་ཡིན་ཡང་། ད་དུང་སློབ་གཉེར་བྱེད་ཆོག་གི་མེད་པ་རེད་བསམ་ན། དེ་གོ་ནོར་ཐེབས་ཡོད། བོད་མི་ཕལ་ཆེ་བར་བླ་མའམ་དགེ་བའི་བཤེས་གཉེན་གཅིག་རང་མ་ཡིན་པར་འགའ་ཤས་ཡོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་མཚོན་ན། ཁོང་གིས་དགེ་བའི་བཤེས་གཉེན་བརྒྱ་དང་ལྔ་ཅུ་ང་ལྔ་བསྟེན་ཡོད་པར་ཁོང་གི་ལོ་རྒྱུས་རྣམ་ཐར་ནང་འཁོད་ཡོད། དགེ་བའི་བཤེས་གཉེན་མི་འདྲ་བ་རེ་རེར་དམིགས་བསལ་ཁྱད་ཆོས་རེར་ཡོད། དཔེར་ན། གཅིག་འདིའི་ཐོག་ལ་འགྲེལ་བརྗོད་བྱེད་མཁས་པོ་ཡོད་པ་དང་། གཞན་པ་དེ་དེའི་ཐོག་འགྲེལ་བརྗོད་བྱེད་མཁས་པོ་ཡོད། གཅིག་ལ་བརྒྱུད་པ་འདི་ཡོད་དང་། གཞན་དེ་ལ་བརྒྱུད་པ་དེ་ཡོད། དགེ་བའི་བཤེས་གཉེན་མང་པོ་བསྟེན་ན་ཁྱེད་ཀྱིས་རང་གི་དགེ་བའི་བཤེས་གཉེན་ལ་དད་དམ་མེད་པ་མཚོན་གྱི་མེད། ༸གོང་ས་མཆོག་གིས། ང་ཚོས་རང་གི་དགེ་བའི་བཤེས་གཉེན་ཚོར་སྤྱན་རས་གཟིགས་དབུ་བཅུ་གཅིག་ཡོད་པ་ནང་བཞིན། དགེ་བའི་བཤེས་གཉེན་རེ་རེ་ནི་སྐུ་དེའི་ཞལ་རས་མི་འདྲ་བ་རེ་དང་འདྲ་བར། དེ་དག་ཚང་མ་མཉམ་དུ་ལུས་ཕུང་གཅིག་གི་ཐོག་ནས་ང་ཚོར་ཆོས་ཀྱི་ལམ་སྟོན་མཛད་ཀྱི་ཡོད་པར་བལྟ་ཆོག་ཅེས་གསུངས་པ་ལྟར་རེད།
ཕན་ཚུན་མི་མཐུན་པའི་དགེ་བའི་བཤེས་གཉེན་འགའ་ཤས་དུས་མཉམ་དུ་བསྟེན་པ།
དེ་ནས་ཡང་ཕན་ཚུན་དབར་འགལ་ཟླ་དང་རྩོད་རྙོག་ཡོད་པའི་དགེ་བའི་བཤེས་གཉེན་ཁ་ཤས་དུས་མཉམ་དུ་བསྟེན་རྒྱུ་མེད་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། དེ་ལྟར་བྱས་ན་ཕན་ཐོགས་མེད། ཁྱེད་ཀྱིས་དགེ་བའི་བཤེས་གཉེན་བོད་སྐད་ནང་དམ་ཚིག་ཡོད་པའི་རིགས་ཏེ། ཕན་ཚུན་དབར་སེམས་ཐག་ཉེ་པོ་དང་མཐུན་པོ་ཡོད་པ་འཚོལ་དགོས། འདིའི་རྒྱུ་མཚན་ནི། སྟབས་མི་ལེགས་པ་ཞིག་ལ་སྐབས་རེ་ “ཆོས་དགེ་སྐར་མའི་དམག་འཁྲུག་” ཟེར་བ་དེ་འདྲ་པོ་ཆོས་ཀྱི་དགེ་བའི་བཤེས་གཉེན་འདྲ་མིན་དབར་གནད་དོན་འགའ་ཤས་ཀྱི་ཐོག དཔེར་ན། ལྷ་སྲུང་བསྟེན་ཕྱོགས་སམ། ཡང་ན་ཀརྨ་པ་ངོ་མ་སུ་ཡིན་པ་སོགས་ག་རེ་ཡིན་ཡང་ཕན་ཚུན་འགལ་རྩོད་ཆེན་པོ་ཡོད་པའི་རིགས་ཡོང་གི་ཡོད། བྱས་ཙང་། གལ་སྲིད་ཁྱེད་ཀྱིས་དགེ་རྒན་གཅིག་ལས་མང་པ་བསྟེན་ན། དགེ་རྒན་ཕན་ཚུན་དབར་མཐུན་པོ་ཡོད་པ་གདམ་ཀ་བྱེད་དགོས།
གཏམ་བཤད་ཅིག་ལ་ཉན་པ་ཙམ་གྱིས་སྐད་ཆ་བཤད་མཁན་གྱི་གང་ཟག་དེ་རང་གྱི་དགེ་བའི་བཤེས་གཉེན་ཆགས་ཡོད་བསམ་པའི་གོ་ནོར།
འདིར་ཡང་ནང་པའི་དགེ་བའི་བཤེས་གཉེན་ཞིག་གི་གཏམ་བཤད་ལ་ཉན་པ་ཙམ་གྱིས་རང་བཞིན་ངང་གང་ཟག་དེ་ལ། ང་ཚོའི་ངོས་ནས་བླ་མར་མོས་གུས་ཆ་ཚང་བྱེད་ཆོག་པའི་ཁྱེད་ཀྱི་དགེ་བའི་བཤེས་གཉེན་ཆགས་ཀྱི་མེད་པ་དེ་ཤེས་དགོས་རྒྱུ་དེ་ནི་གནད་འགག་ཆེན་པོ་ཞིག་རེད། དེ་ཡང་༸གོང་ས་མཆོག་གིས་ “ཁྱེད་ཀྱིས་གང་ཟག་གང་རུང་ཞིག་གི་ཆོས་ཉན་པར་ཕྱིན་ནས་དེ་མཐོ་སློབ་ཅིག་གི་གཏམ་བཤད་ཅིག་ཡིན་པ་ལྟར་ཉན་ན་འགྲིག་གི་ཡོད།” ཅེས་གསུངས་ཡོད། དོན་དེ་ལ་དེ་ལས་ལྷག་པའི་གོ་དོན་གཞན་གང་ཡང་མེད།
ཉམས་ལེན་སྐོར་གོ་ནོར་ཐེབས་པ་ཁག།
སློབ་གཉེར་དང་ཉམས་ལེན་གཉིས་ཟུང་འབྲེལ་མེད་པ།
ཉམས་ལེན་སྐོར་སྐད་ཆ་བཤད་ན། དགེ་ལུགས་པའི་ཆོས་སྲོལ་དེ་སློབ་གཉེར་གཅིག་པུའི་བརྒྱུད་པ་ཡིན་པ་དང་། བཀའ་བརྒྱུད་དང་རྙིང་མ་གཉིས་རྒྱུད་པ་ཉམས་ལེན་ཁོ་ནའི་ཆེད་དུ་ཡིན་པ་བསམ་ན་གོ་ནོར་ཐེབས་ཡོད། དེ་འདྲའི་བྱིས་བློའི་རང་བཞིན་ལ་བརྟེན་ནས། ང་ཚོས་དེ་ཚོའི་ནང་ནས་གཅིག་གི་རྗེས་སུ་འབྲང་བ་ཡིན་ན། གཞན་པ་ཚོ། དཔེར་ན། ང་ཚོའི་སློབ་གཉེར་བྱ་རྒྱུ་དང་སྒོམ་ཉམས་ལེན་བྱ་རྒྱུར་སྣང་མེད་གཏོང་གི་ཡོད་པ་འཆར་སྲིད། དགེ་བའི་བཤེས་གཉེན་ཚོས་སློབ་གཉེར་དང་ཉམས་ལེན་དེ་དག་གི་ནང་ནས་གཅིག་གམ། ཡང་ན་གཞན་པ་ཞིག་ལ་ནན་བཤད་གནང་བ་ཡིན་ན། དེས་ང་ཚོའི་ངོས་ནས་གཅིག་རང་བྱེད་པ་ལས་གཞན་དག་སྣང་མེད་གཏོང་དགོས་ཟེར་གྱི་མེད། ང་ཚོར་དེ་གཉིས་ཀ་དགོས་པ་ནི་ཧ་ཅང་གསལ་པོ་རེད།
ཉེ་ཆར་ནུབ་ཕྱོགས་པ་ལོ་རབས་བརྒྱད་བཅུ་དང་དགུ་བཅུའི་ནང་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་ལ་སློབ་གཉེར་བྱེད་མཁན་ཚོར་མཇལ་ཁ་གནང་བའི་སྐབས་ལ། ༸གོང་ས་མཆོག་གིས་དཔེ་ཧ་ཅང་ཡག་པོ་བཞག་གནང་སོང་། ཁོང་གིས། གསང་སྔགས་དང་། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ། དེ་བཞིན་དེ་འདྲ་བའི་ཚད་མཐོ་པོའི་ཉམས་ལེན་ཁག་ནི་ལག་པའི་ནང་གི་མཛུབ་མོ་དེ་ཚོ་འདྲ་པོ་རེད། ལག་པའི་སྦར་མཐིལ་ལྟ་བུའི་གཞི་རྩ་ནི་དཔལ་ནཱ་ལནྜ་ནས་བརྒྱུད་པའི་རྒྱ་གར་གྱི་རྒྱུན་སྲོལ་ཏེ། ནཱ་ལནྜ་ནས་ཡིན་པའི་འཕགས་ཡུལ་གྱི་མཁས་པ་ཚོས་མདོའི་ཐོག་གསུངས་པའི་ཆོས་དེ་དག་རེད། ཡིན་ནའང་མཛུབ་མོ་དེ་དག་ལ་ནན་བཤད་ཆེ་དྲགས་ནས་གོ་ནོར་ཐེབས་ཀྱི་ཡོད། ཁོང་གིས། སྐབས་རེ་བླ་མ་དགེ་བའི་བཤེས་གཉེན་ཚོས་དེ་ལྟར་བྱེད་ཀྱི་ཡོད། ཁོང་ཚོས་མཛུབ་མོ་དེ་དག་ལ་ནན་བཤད་ཤུགས་ཆེན་བྱེད་ཀྱི་ཡོད། ཁོང་ཚོས་རང་གི་སློབ་མ་ཚོར་མཛུབ་མོ་དེ་དག་ཁོ་ནར་སློབ་སྦྱོང་དང་ཉམས་ལེན་དགོས་པའི་ནན་བཤད་ཤུགས་ཆེན་བྱེད་དུ་བཅུག་ནས་ལག་པ་དྲན་པ་བརྗེད་འགྲོ་གི་ཡོད། མཛུབ་མོ་ཚང་མ་ལག་པ་ནས་བྱུང་ཡོད་པས་ན། ལག་པ་མེད་ན་མཛུབ་མོ་དེ་དག་རང་ངོས་ནས་ལས་ཀ་བྱེད་མི་ཐུབ་པའི་དཔེ་མཚོན་དུ་གསུངས་གནང་སོང་། འདི་ནི་༸གོང་ས་མཆོག་གིས་བེད་སྤྱོད་གཏོང་གནང་མཛད་པའི་མཚུངས་དཔེ་དེ་རེད། ངའི་བསམ་པར་འདི་ནི་ཧ་ཅང་ཕན་ཐོགས་ཆེ་བའི་གདམས་ངག་ཅིག་རེད་བསམ་གྱི་འདུག། “ངས་ཉམས་ལེན་བྱེད་དགོས་པ་གཅིག་པུ་དེ་ནི་རྫོགས་པ་ཆེན་པོ་རེད། མར་བསྡད་ནས་བཏང་སྙོམས་ཀྱི་རང་བཞིན་ཞིག་བྱེད་དགོས།” ཤེས་བསམ་ན་གོ་ནོར་ཐེབས་ཀྱི་ཡོད། དེ་འདྲ་བྱས་པ་ཡིན་ན། ཆོས་ཀྱི་ཉམས་ལེན་འདི་དག་གི་གཞི་རྩ་གང་ཡང་མེད་པར་ཚད་ལས་བརྒལ་བའི་ལས་སླ་བཅོས་གཏོང་གི་ཡོད།
ང་ཚོ་རྗེ་བཙུན་མི་ལ་རས་པ་ནང་བཞིན་ཚེ་གང་སྒོམ་ཉམས་ལེན་བྱས་ནས་བསྙེན་མཚམས་ལ་སྡོད་དགོས་བསམ་པའི་གོ་ནོར།
དེ་ག་ནང་བཞིན། ང་ཚོ་རྗེ་བཙུན་མི་ལ་རས་པ་ཡིན་པ་དང་། མི་ཚང་མ། ལྷག་པར་དུ་ང་རང་ཚོ་རང་ཉིད་ཚེ་གང་བསྙེན་མཚམས་ལ་སྡོད་དགོས་པའམ། ཡང་ན་ཉུང་མཐར་ཡང་ལོ་གསུམ་རིང་བསྙེན་མཚམས་སྡོད་དགོས་ཀྱི་རེད་བསམ་ན། དེ་གོ་ནོར་ཐེབས་པ་ཞིག་རེད། དུས་ཚོད་ཆ་ཚང་སྒོམ་ཉམས་ལེན་བྱེད་མཁན་མི་ཉུང་ཤས་ཙམ་ལ་མ་གཏོགས་རན་པོ་མེད། དེ་མིན་ཕལ་ཆེ་བས་སྤྱི་ཚོགས་ཀྱི་བདེ་དོན་ནང་ཐེ་གཏོགས་བྱེད་དགོས་ཀྱི་ཡོད། འདི་ནི་༸གོང་ས་མཆོག་གིས་ཐད་ཀར་གནང་བའི་བསླབ་བྱ་ཞིག་རེད། ཁོང་གིས། ང་ཚོས་ཚེ་གང་སྒོམ་ཉམས་ལེན་བྱས་ནས་བསྙེན་མཚམས་ལ་སྡོད་པའམ། ཡང་ན་ལོ་གསུམ་བསྙེན་མཚམས་ལ་བསྡད་ནས་གཏིང་ཟབ་པོའི་ཐོག་ནས་རང་ཉིད་ཡར་རྒྱས་དང་ལེགས་བཅོས་མི་གཏོང་བར། མར་བསྡད་ནས་ལོ་གསུམ་གྱི་རིང་སྔགས་བསྐྱར་ཟློས་བྱས་པ་ཙམ་གྱིས་ཕན་ཐོགས་ཤུགས་ཆེན་མེད་པ་ཁོང་གིས་གསུངས་གནང་ཡོད།
ང་ཚོའི་དུས་ཚོད་སྟོང་པའི་སྐབས་སྒོམ་ཉམས་ལེན་བྱས་པ་ཙམ་གྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་བསམ་པའི་གོ་ནོར།
ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་གཏིང་ཟབ་པོའི་སྒོ་ནས་དུས་ཚོད་ཆ་ཚང་ཆོས་ཉམས་ལེན་གྱི་ཐོག་གཏོང་དགོས་ཀྱི་ཡོད་པ་དེ་ནི་བཤད་མི་དགོས་པ་ཞིག་རེད། དེ་ལྟར་དུས་ཚོད་ཆ་ཚང་ཉམས་ལེན་མ་བྱེད་པར་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་བྱེད་ཐུབ་བསམ་པའི་ཚད་ལས་བརྒལ་བའི་ཚོད་དཔག་བྱས་ན་ནོར་འཁྲུལ་རེད། ང་ཚོས་ “ངས་རང་ལ་དུས་ཚོད་སྟོང་པ་ཡོད་དུས་ཆོས་ཉམས་ལེན་བྱེད་ཆོག་པ་དང་། དེ་ནས་ངས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ།” བསམ་ན། དེ་ཡང་གོ་ནོར་ཐེབས་པ་ཞིག་རེད། ཡང་ང་རང་ཚོ་རང་ཉིད་ཀྱིས་དོན་དངོས་དང་མཐུན་པའི་ཐོག་ང་ཚོའི་ནུས་པ་ལ་བརྟེན་ནས་ད་ལྟ་དུས་ཚོད་ཆ་ཚང་བཏང་ནས་ཉམས་ལེན་གཏིང་ཟབ་དེ་བྱེད་ཐུབ་ཀྱི་ཡོད་པ་དེ་ལ་བསམ་ཞིབ་མ་བྱས་ན་ནོར་འཁྲུལ་རེད། འདིའི་རྒྱུ་མཚན་ནི། གལ་སྲིད་ང་ཚོས་འབད་བརྩོན་བྱས་ནས་དངོས་སུ་ཉམས་ལེན་འདི་འདྲའི་རིགས་བྱེད་མི་ཐུབ་པ་ཡིན་ན། དངོས་གནས་སེམས་ཤུགས་ཆག་པ་དང་། ང་ཚོར་བོད་པ་ཚོས་བཤད་པའི་རླུང་ཚ་པོ་སྟེ། ཞེ་སུན་ཅན་དབང་རྩའི་ནུས་པ་ལངས་ནས་སེམས་ཁམས་དང་། ཚོར་བ། ལུས་པོ་འཁྲུག་པ་ཡོང་གི་ཡོད།
སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསྐལ་ཆེན་མང་པོ་འགོར་གྱི་ཡོད་པ་དེ་ལ་དོན་དངོས་དང་མཐུན་པའི་བསམ་བློ་མི་གཏོང་བ།
དེ་ཏོག་ཙམ་སྐྱེ་བ་སྔ་ཕྱི་ལ་ཡིད་མི་ཆེས་པ་དང་འབྲེལ་བ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། གལ་སྲིད་ང་ཚོས་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མ་བྱས་པ་ཡིན་ན། བསྐལ་བ་མང་པོའི་རིང་ཉམས་ལེན་བྱས་པའི་རྗེས་སུ་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ཁག་ལ་བསམ་བློ་ནན་པོ་གཏོང་གི་མེད་པ་སྟོན་གྱི་ཡོད། ང་ཚོ་ཚེ་འདི་རང་གི་ནང་སངས་རྒྱས་གོ་འཕང་ཐོབ་ཐུབ་ཅེས་གསུངས་པའི་ཆོས་སྲོལ་ཡོད་ཀྱང་། དེ་ནི་ “ང་ཚོར་ཚེ་འདི་རང་གི་དུས་ཚོད་ལས་མེད། གང་ཡིན་ཟེར་ན། སྐྱེ་བ་ཕྱི་མ་མེད་པ་རེད།” ཅེས་ཁག་འདོགས་བྱེད་ས་ཞིག་ཏུ་གྱུར་ནས། ང་ཚོས་ད་ལྟ་གང་བྱེད་ཐུབ་པ་ལས་ལྷག་པའི་འབད་བརྩོན་བྱེད་ཀྱི་ཡོད་པས། དེ་འདྲ་རྩ་ནས་བྱེད་རྒྱུ་མེད།
རྒྱུན་སྲིང་ཐུབ་པའི་ཉིན་རེའི་ཉམས་ལེན་གལ་ཆེན་པོ་ཡིན་པ་དེ་ལ་སྣང་མེད་གཏོང་བ།
ཡང་འདིའི་ཕྱོགས་གཞན་ཞིག་ལ་བལྟས་ན། ཉིན་རེའི་སྒོམ་ཉམས་ལེན་གལ་ཆེན་པོ་ཡིན་པ་དེ་ལ་སྣང་མེད་བཏང་ན་ནོར་འཁྲུལ་རེད། གལ་སྲིད་ང་ཚོས་རང་གི་ཆོས་ཉམས་ལེན་རྒྱུན་སྲིང་ཐུབ་པ་དགོས་ན། ཉིན་རེའི་སྒོམ་ཉམས་ལེན་གྱི་ཐུན་ཞིག་དགོས་རྒྱུ་དེ་ནི་ཤིན་ཏུ་གལ་ཆེན་པོ་རེད། གང་འདྲ་བྱས་ཀྱང་ང་ཚོས་ཉིན་ལྟར་སྒོམ་ཉམས་ལེན་བྱེད་ཐུབ་པ་ཡིན་ན། ཚུལ་ཁྲིམས་དང་། ཁས་ལེན་དམ་བཅའ། ང་ཚོའི་མི་ཚེའི་ནང་བརྟན་པོ་དང་བློ་གཏད་ཆོག་པ་སོགས་གང་གི་སྒོ་ནས་ཕན་ཡོན་ཤིན་ཏུ་མང་པོ་ཡོད། གལ་སྲིད་ང་ཚོས་ཕན་ཐོགས་ཡོད་པའི་གོམས་གཤིས་མང་བ་འཇགས་ཐུབ་པ་བྱེད་འདོད་ཡོད་ན། དེ་ནི་སྒོམ་གྱི་དགོས་འདུན་དེ་ཡིན་པས། ང་ཚོས་ངེས་པར་དུ་སྒོམ་ཉམས་ལེན་བྱེད་དགོས།
“ཉམས་ལེན་” གྱི་དོན་གང་རེད་ཟེར་ན། དེ་ནི་དཔྱད་པ་དང་བསྐྱར་སྦྱོང་བྱས་ནས་ཕན་ཐོགས་ཡོད་པའི་གོམས་གཤིས་ཤིག་རང་རྒྱུད་ལ་འཇགས་ཐུབ་པ་བྱེད་རྒྱུ་དེ་རེད། དཔེ་ཆ་བཞག་ན། སྟངས་འཛིན་བྱས་ཡོད་པའི་ཁོར་ཡུག་ཅིག་ནང་། དུས་རྒྱུན་དུ་ཁོང་ཁྲོ་ཟ་བ་དང་གདོང་ལེན་བྱེད་དཀའ་བའི་གནས་སྟངས་ཤིག་ནང་ཡོད་པ་འཆར་ཚུལ་བཟུང་ནས་སེམས་ཚོར་གྱི་འཁྲུག་ཟིང་གི་རྒྱུ་ལ་དཔྱད་པ་བྱེད་དགོས། ང་ཚོས་ “ངས་གནས་སྟངས་འདི་དང་དེ་ལ་སྤྲོ་ལོང་དགོས་དོན་གང་ཡིན་ནམ། ང་ན་དུས་རླུང་ཚོ་པོ་ཆགས་དགོས་དོན་གང་རེད་དམ། དེའི་རྒྱུ་མཚན་ལ་བརྟེན་ནས་རེད་དམ།” ཞེས་ཞིབ་འཇུག་བྱེད་པ་དང་། དེ་ནས་ང་ཚོས་གཏིང་ཟབ་ཏུ་སོང་ནས། “ངས་རང་ཉིད་ཀྱི་ཐོག་ལ་དོ་སྣང་བྱེད་བཞིན་ཡོད། ‘ང་རང་’སྡུག་བསྔལ་མྱོང་གི་འདུག །ང་ཡ་ང་བ་ལ།” ཞེས་ཟེར་བ་མཐོང་གི་ཡོད།
ང་ཚོ་ན་བའི་སྐབས་སུ་བསམ་བཞིན་དུ་ “ང་ཡ་ང་བ་ཞིག་རེད་” ཅེས་ང་ཚོས་བསམ་བློ་མི་གཏོང་ཡང་། ང་ཚོས་དྲང་པོ་བྱས་ན། རྒྱུན་དུ་ང་ཚོས་དོ་སྣང་གཙོ་བོ་བྱེད་ས་དེ་ “ང་” ལ་ཡིན་པ་ངོས་ལེན་བྱེད་པ་དང་། དེ་ང་ཚོའི་བསམ་ཞིབ་བྱེད་ས་ནང་ནས་གལ་འགངས་ཆེ་ཤོས་ཡིན་པ་བཟོ་གི་ཡོད། དེ་ནས་ང་ཚོས་རང་གི་གང་མྱོང་བཞིན་པ་དེ་ལ་དགའ་པོ་མི་བྱེད་པའི་རྒྱུ་མཚན་ལ་བརྟེན་ནས། ང་ཚོ་ཁོང་ཁྲོ་ལངས་ནས་ཁོང་ཁྲོ་དེ་མི་གཞན་ལ་བཏོན་གྱི་ཡོད། བྱས་ཙང་། སྒོམ་གྱི་ནང་ང་ཚོས་སྒེར་གྱི་ཉམས་མྱོང་ལ་བརྟེན་ནས་བྱུང་བའི་གནས་སྟངས་དེ་འདྲའི་རིགས་ལ་དཔྱད་པ་བྱས་ཏེ། དེ་ནས་ཕན་ཐོགས་ཆེ་བ་ཡོད་པའི་བློའི་འཁྱེར་སོ་སྟེ། སྐབས་འདིར་མཚོན་ན་གདོང་ལེན་བྱེད་དཀའ་བའི་གནས་སྟངས་ལ་བཟོད་སྒོམ་བྱེད་དགོས་པ་དེ་རེད། ཉིན་རེའི་ཉམས་ལེན་ནང་ང་ཚོས་དེ་འདྲའི་རིགས་ལ་བརྟག་དཔྱད་བྱེད་པ་དང་ཕན་ཐོགས་ཡོད་པའི་གོམས་འདྲིས་འགའ་ཤས་ལ་སྦྱོང་བརྡར་སྤྲད་ན་ཧ་ལས་པའི་ཕན་ཐོགས་ཡོད། ཉིན་རེའི་ཉམས་ལེན་མེད་པའི་ཐོག་ནས་ང་ཚོས་ཉམས་ལེན་བྱེད་ཐུབ་ཀྱི་རེད་བསམ་ན་གོ་ནོར་ཆེན་པོ་ཞིག་ཐེབས་ཡོད།
ནང་ཆོས་ཉམས་ལེན་གྱི་གོ་དོན་ནི་ཆོ་ག་ཕྱག་ལེན་བྱེད་པ་གཅིག་པུ་རེད་བསམ་པའི་གོ་ནོར།
ཡང་ནང་ཆོས་ཉམས་ལེན་གྱི་གོ་དོན་ནི་ཆོ་ག་ཕྱག་ལེན་བྱེད་པ་ལས་གཙོ་བོ་རང་ཉིད་ལེགས་བཅོས་ཐད་འབད་བརྩོན་བྱེད་ཀྱི་མེད་བསམས་ན་ནང་ཆོས་ལ་གོ་ནོར་ཐེབས་པ་ཞིག་རེད། མི་མང་པོ་ཞིག་གིས་དུས་ནས་དུས་སུ་ཚོགས་པའི་ནང་ཡིན་ནའང་འདྲ། ཡང་ན་ཁོང་རང་ཚོ་རང་ཉིད་ཀྱིས་སྔགས་ཀྱི་དམིགས་རྣམ་སྒོམ་ཚུལ་གྱི་དཔེ་ཆ། སྒྲུབ་ཐབས་ཤིག་ངག་འདོན་བྱེད་པ་དང་། དེ་ཡང་རྒྱུན་དུ་ཁོང་ཚོས་མགོ་མི་ཚོད་པའི་བོད་སྐད་ནང་དེ་འདོན་ནས། དེ་ནི་ “ཉམས་ལེན་” རེད་བསམ་གྱི་ཡོད། རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དེ་ལ་མཚུངས་དཔེ་ཡག་པོ་ཞིག་བཞག་གནང་ཡོད། ཁོང་གིས། གལ་སྲིད་བོད་པ་ཚོས་སྨོན་ལམ་དང་ཁ་འདོན་ཁག་ཉིན་ལྟར་འཇར་མ་ནིའི་སྐད་ཡིག་ནང་བོད་སྐད་ཀྱི་སྒྲ་གདངས་གཞི་བཟུང་བྲིས་ཡོད་པ་དེ་དག་རང་གིས་གང་ཁ་འདོན་བྱེད་པའི་གོ་དོན་གང་ཡིན་པ་སྤུ་ཙམ་ཡང་མི་ཤེས་པར་འདོན་དགོས་ཀྱི་ཡོད་ན། བོད་པ་མང་པོ་ཞིག་གིས་དངོས་སུ་དེ་ལྟར་བྱེད་པར་ཁོང་ལ་ཐེ་ཚོམ་ཡོད། འོན་ཀྱང་ང་ཚོ་དེ་ནུབ་ཕྱོགས་པ་ཡིན་པའི་ཆ་ནས་དེ་ལྟར་བྱེད་པ་དང་། དེ་ཉམས་ལེན་ཡིན་པར་ངོས་འཛིན་བྱས་ནས། དེ་འདྲ་བྱས་པ་ཙམ་གྱིས་ང་ཚོར་སངས་རྒྱས་གོ་འཕང་ཐོབ་ཆེད་འདང་ངེས་རེད་བསམ་གྱི་ཡོད། ཡིན་ནའང་ཉམས་ལེན་ངོ་མ་ནི་རང་ཉིད་ཡར་རྒྱས་གཏོ་རྒྱུ་དང་། ལེག་བཅོས་གཏོང་རྒྱུ། རང་གི་བསམ་ཕྱོགས་ལ་བསྒྱུར་བཅོས་གཏོང་རྒྱུ། དཔྱད་པ་དང་གོ་རྟོགས་ལ་བརྟེན་ནས་ཉོན་མོངས་རྣམས་མེད་པ་བཟོས་ཏེ། དེ་བརྒྱུད་ནས་ཕན་ཐོགས་ཡོད་པའི་གོམས་གཤིས་རིགས་དཔེར་ན། བྱམས་པ་དང་། སྙིང་རྗེ། ཡང་དག་པའི་གོ་རྟོགས་ལ་སོགས་པ་གང་མང་གོང་འཕེལ་གཏོང་དགོས།
ཆོས་ཉམས་ལེན་ཚུལ་ལྡན་ཡོང་བར་ང་ཚོས་བོད་པའི་ལུགས་སྲོལ་ལྟར་བྱེད་དགོས་བསམ་པའི་གོ་ནོར།
གོ་ནོར་ཐེབས་པ་གཞན་ཞིག་ནི། ང་ཚོས་ཆོས་ཉམས་ལེན་ཚུལ་ལྡན་ཡོང་བར། བོད་པའི་ལུགས་སྲོལ་ལམ། ཡང་ན་ཨེ་ཤ་ཡའི་ལུགས་སྲོལ་གྱི་རྣམ་པ་གཞན་ཞིག་གི་རྗེས་སུ་འབྲང་དགོས་བསམ་པ་དེ་རེད། དཔེར་ན། སོ་སོ་ནང་གི་མཆོད་ཁང་དང་། ཡང་ན་ཆོས་ཀྱི་ལྟེ་གནས་ཁང་ཞིག་ལ་ཡོད་པའི་མཆོད་ཁང་ནང་དུའང་བོད་པའི་ལུགས་སྲོལ་ལྟར་མཆོད་གཤོམ་གྲ་རྒྱས་པོ་ཞིག་དགོས་པ་ལྟ་བུ་རེད། ནུབ་ཕྱོགས་ལ་སླེབས་མཁན་གྱི་བོད་པའི་ཆོས་དགེ་མང་པོ་ཞིག་གིས་ཆོས་ཀྱི་ལྟེ་གནས་ཁང་གསར་འཛུགས་བྱེད་འདོད་པ་དང་མཉམ་དུ་བོད་ཀྱི་ལྷ་ཁང་ནང་བཞིན་གྱང་ཚང་མར་ལྡེབས་རིས་བྲིས་པ་དང་ཐང་ཀ་སྒྲིག་ཤོམ་ལ་སོགས་པ་བྱེད་འདོད་ཡོད།
ངའི་བོད་པའི་གྲོགས་པོ་འགའ་ཤས་ཀྱིས་དེ་ལྟར་ལབ་ཀྱི་ཡོད། “གལ་ཏེ་ཁྱེད་ནུབ་ཕྱོགས་པ་ཚོས་དེ་ལ་དགའ་པོ་བྱེད་ན། དེ་ལ་སྐྱོན་གང་ཡང་མེད།” འོན་ཀྱང་ངེས་པར་དུ་དེ་ག་ནང་བཞིན་མཛེས་བཀོད་སྟོན་པ་དང་སྒྲིག་ཤོམ་བྱེད་དགོས་རེད་བསམ་ན། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། ལྷག་པར་དུ་དེའི་ཆེད་དུ་འགྲོ་སོང་ཕོན་ཆེན་པོ་ཞིག་གཏོང་དགོས་པ་ཆགས་པའི་སྐབས་དང། དེའི་ཚབ་ཏུ་དངུལ་དེ་དག་དེ་ལས་ཕན་ནུས་ཆེ་བའི་ལས་དོན་གྱི་ཆེད་དུ་བེད་སྤྱོད་གཏོང་ཆོག་པ་ཡིན། བྱས་ཙང་། འདི་ལྟ་བུ་ལྟེ་གནས་ཁང་ཞིག་ལ་ཡིན་ནའང་འདྲ། ཡང་ན་ང་ཚོའི་ཁྱིམ་ཚང་ནང་ཡིན་ནའང་འདྲ་སྟེ། བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་པར་བོད་པའི་དབྱིངས་ལྟར་ང་ཚོར་སྒྲིག་བཀོད་གྲ་རྒྱས་པོ་དགོས་ཀྱི་མེད། ང་ཚོའི་སྒོམ་རྒྱག་སའི་ཁང་པ་དེ་གོ་རིམ་ཡག་པོ་དང་གཙང་མ་ཡོད་པའི་ཐོག་གང་བྱས་ཀྱང་དེར་གུས་ཞབས་དང་ལྡན་པ་ཞིག་བྱུང་ན་དེས་འགྲིག་གི་ཡོད།
ང་ཚོའི་རྒྱུད་ཀྱི་ཉོན་མོངས་རྣམས་མྱུར་པོའི་ཐོག་མེད་པ་བཟོ་ཐུབ་བསམ་པའི་གོ་ནོར།
ཆོས་ཀྱིས་ཤུགས་སྣོན་རྒྱག་ས་གཙོ་བོ་ནི་སྡུག་བསྔལ་གྱི་རྒྱུ་སྟེ། མ་རིག་པའམ་དངོས་པོའི་གནས་ལུགས་མི་ཤེས་པའི་བློ་དང་། ང་ཚོའི་རྒྱུད་ཀྱི་ཉོན་མོངས་རྣམས་རྩ་བ་ནས་མེད་པ་བཟོ་རྒྱུ་དེ་ཡིན་ཡང་། ཉོན་མོངས་རྣམས་ལས་ཧ་ཅང་མགྱོགས་པོའི་སྒོ་ནས་ཐར་གྱི་རེད་བསམ་ན་གོ་ནོར་ཐེབས་པ་ཞིག་རེད། ང་ཚོ་ཐར་པ་ཐོབ་པའི་གང་ཟག་སྟེ། དགྲ་བཅོམ་པ་ཞིག་ཆགས་ན། གཞི་ནས་ང་ཚོས་ཁོང་ཁྲོ་དང་འདོད་ཆགས་ལ་སོགས་པ་རྩ་བ་ནས་མེད་པ་བཟོ་ཐུབ། དེ་མིན་ཐར་པ་མ་ཐོབ་བར་གྱི་ལམ་འགྲིམ་བཞིན་པའི་སྐབས་སུ་ཉོན་མོངས་དེ་དག་ཉུང་དུ་གཏོང་ཐུབ་པ་ལས་མེད་པ་བཟོ་མི་ཐུབ། འོན་ཀྱང་ང་ཚོས་དོན་དེ་ལས་སླ་པོའི་ཐོག་ནས་བརྗེད་ཀྱི་ཡོད། གལ་སྲིད་ང་ཚོས་དེ་བརྗེད་པ་ཡིན་ན། ལོ་མང་པོ་ཉམས་ལེན་བྱས་པའི་རྗེས་ལ་ང་ཚོ་ད་དུང་ཁོང་ཁྲོ་ཟ་ནས་སེམས་ཤུགས་ཆག་གི་ཡོད། གནས་ཚུལ་དེ་འདྲ་ནམ་རྒྱུན་ཡང་སེ་ཡོང་གི་ཡོད།
དེ་ནི་རང་ཉིད་ལ་བཟོད་བསྲན་བྱེད་མ་ཐུབ་པ་ཡིན་ན་ནོར་འཁྲུལ་རེད། ཆོས་ཉམས་ལེན་བྱེད་པའི་སྐབས་ལ་ཡག་སྡུག་གི་ཉམས་མྱོང་གཉིས་ཀ་ཡོད་པ་ང་ཚོས་ཤེས་ཐུབ་པ་བྱེད་དགོས། དེ་ནི་འཁོར་བའི་གནས་རིམ་ནང་ཡར་མར་འགྲོ་བ་ནང་བཞིན་རེད། དུས་ཡུན་རིང་པོའི་རྗེས་ལ་ང་ཚོས་ཡར་རྒྱས་འགྲོ་ཐུབ་པའི་རེ་བ་བྱེད་ཆོག་ཀྱང་། དེ་ལས་སླ་པོའི་ཐོག་ནས་བསྒྲུབ་ཐུབ་པ་ཞིག་མ་རེད། དེ་འདྲ་སོང་ཙང་། ང་ཚོར་གནས་སྟངས་སྡུག་ཅག་ཡོད་པའི་དུས་སམ་ལམ་ལྷོང་མ་བྱུང་བའི་སྐབས་རང་ཉིད་རང་ལ་བཟོད་བསྲན་མེད་པ་ཡིན་ན། དེ་ནོར་འཁྲུལ་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་རང་གི་གོམས་གཤིས་ངན་པ་དང་། ལྷོད་ཡངས་སམ། ཡང་ན་རང་ཉིད་ལེགས་བཅོས་ཐད་སྒྱིད་ལུག་པའི་ལེ་ལོ་བྱེད་ཆོག་པར་འཛིན་པའི་མཐའ་རུ་མ་ལྷུང་བར་བྱས་ནས་དབུ་མའི་ལམ་ཞིག་བསྟེན་དགོས། འདིར་ལམ་དབུ་མ་དེ་གང་རེད་ཟེར་ན། རང་ཉིད་ད་དུང་ཁོང་ཁྲོ་ཟ་གི་ཡོད་ན། རང་གིས་རང་ལ་ཕམ་ཉེས་གཏོང་རྒྱུ་མེད་ཀྱང། ཕྱོགས་གཞན་ཞིག་ནས། “ང་ཁོང་ཁྲོ་ཟ་གི་འདུག” ཡང་ན་ “ངའི་སེམས་ཁམས་ཀྱི་ཉམས་འགྱུར་དེ་སྐྱིད་པོ་མི་འདུག” ཟེར་བ་ཙམ་མིན་པར། ཆོས་ཀྱི་ཐབས་ལམ་འགའ་ཤས་བེད་སྤྱོད་བྱས་ནས་དཀའ་ངལ་དེ་སེལ་ཐབས་ཀྱི་འབད་བརྩོན་ངེས་པར་དུ་བྱེད་དགོས།
ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་སྐྱིད་པོ་མེད་པའི་སྐབས་དཀའ་ངལ་དེ་སེལ་བའི་ཆེད་རང་གི་བློ་ཁ་གང་ལ་ཕྱོགས་ཀྱི་ཡོད་པའི་ཐད་ལ་བསམ་བློ་བཏང་བ་ཡིན་ན། དེ་ནི་ཧ་ཅང་གི་དོ་སྣང་བྱེད་འོས་པ་ཞིག་ཡོད། ངས་སྒོམ་ལ་བློ་ཁ་ཕྱོགས་ཀྱི་ཡོད་དམ། ངས་སྐྱབས་འགྲོ་ལ་བློ་ཁ་ཕྱོགས་ཀྱི་ཡོད་དམ། ཡང་ན་ངས་ཅོག་ལེཊ་དང། འཁྲིག་སྦྱོར། བརྙན་འཕྲིན། གྲོགས་པོ་ཚོ་དང་གླེང་མོལ་བྱེད་པ། ཡང་ན་དྲྭ་རྒྱ་བེད་སྤྱོད་བྱེད་པར་བློ་ཁ་ཕྱོགས་ཀྱི་ཡོད་དམ། ངས་གང་ལ་བློ་ཁ་ཕྱོགས་ཀྱི་ཡོད་དམ། ང་ཚོས་རང་ཉིད་སེམས་ཁམས་ཀྱི་རྣམ་འགྱུར་ཡག་པོ་མེད་པའི་སྐབས་སུ་དེ་ལ་གདོང་ལེན་བྱེད་སྟངས་དེ་ནི་ང་ཚོའི་ཆོས་ཉམས་ལེན་གང་འདྲ་ཡོད་མེད་གསལ་སྟོན་བྱེད་ཀྱི་ཡོད་བསམ་གྱི་འདུག
ཕྱོགས་བསྡོམས།
འདི་དག་ནི་ང་རང་མར་བསྡད་ནས་དེའི་སྐོར་བསམ་བློ་གཏོང་སྐབས་བློར་ཤར་བའི་གོ་ནོར་ཐེབས་པ་འགའ་ཤས་རེད། ད་དུང་འདིའི་སྒང་ལ་ཁ་སྣོན་བྱེད་ཆོག་པའི་གནད་དོན་མང་པོ་ཡོད་ཤག་རེད། ངས་གོང་དུ་བཤད་པ་བཞིན། གོ་ནོར་ཐེབས་པ་མང་པོ་ཞིག་ནི་ཆོས་ཀྱི་རྒྱུ་ཆ་ཁག་དང་། ལྷག་པར་དུ་སྟོང་ཉིད་སྐོར་གྱི་རྒྱུ་ཆ་དེ་དག་གོ་བ་ལོན་ཁག་པོ་ཡོད་པ་དང་། ལྟ་གྲུབ་ཀྱི་ལམ་ལུགས་འདྲ་མིན་ཡོད་པ་སོགས་ལ་བརྟེན་ནས་ཡོང་གི་ཡོད། ཆོས་ཀྱི་སྐོར་གནད་དོན་གཅིག་ནི། སངས་རྒྱས་ཀྱིས་གང་གསུངས་པ་ཚང་མ་གཞན་ཕན་གྱི་ཆེད་དུ་རེད། གལ་སྲིད་ང་ཚོས་དེ་ལ་དོ་གལ་དུ་བརྩིས་པ་ཡིན་ན། ང་ཚོས་ཆོས་ནང་ཡོད་པའི་མགོ་རྙོག་ཅན་གྱི་གནད་དོན་དེ་དག་གི་དགོས་པ་རྒྱུ་མཚན་གང་ཡིན་ཤེས་ཐབས་བྱེད་ཀྱི་རེད། གལ་སྲིད་ང་ཚོས་གནད་དོན་གང་ཞིག་མགོ་མ་ཚོད་པ་ཡིན་ན། ཆོས་ཀྱི་ཐབས་ལམ་ཁག་དང་རིགས་པ་བེད་སྤྱོད་བྱས་ནས་མགོ་ཚོད་ཐབས་ཡོང་བ་བྱེད་དགོས། གལ་སྲིད་ང་ཚོས་མགོ་མ་ཚོད་པ་ཡིན་ན། རང་གིས་བློ་འགེལ་ཆོག་པའི་མཁས་པ་ཚད་ཐུབ་ཅིག་ལ་བཀའ་དྲི་ཞུ་དགོས། བསམ་བློ་གུ་ཡངས་ལྡན་པའི་ཐོག་ནས་རང་གིས་མགོ་མ་ཚོད་ཁག་ནི་གོ་ནོར་ཐེབས་པ་ལ་བརྟེན་ནས་བྱུང་ཡོད་པ་ཁས་ལེན་བྱེད་འདོད་ཡོད་ན། ནོར་འཁྲུལ་ཡོ་བསྲང་ལ་བློ་ཁ་འབྱེད་ཐུབ་པ་དང་། དེའི་འབྲས་བུར་ང་ཚོར་ཆོས་ཀྱི་བསླབ་བྱ་ཁག་ནས་ཁེ་ཕན་ཆེ་ཤོས་ཐོབ་ཐུབ།།