ཆོས་ལུགས་གཞན་ལ་ནང་པའི་ལྟ་ཚུལ།

འཛམ་གླིང་ནང་མི་ཐེར་འབུམ་མང་པོ་ཡོད་པ་ནང་བཞིན་བསམ་བློའི་འཁྱེར་གསོ་དང་རང་སོ་སོའི་འདུན་པ་ཡང་ཐེར་འབུམ་མང་པོ་ཡོད། ནང་ཆོས་ཀྱི་ལྟ་སྟངས་ལྟར་བཤད་ན། ཆོས་ལུགས་ཀྱི་གདམ་ཀ་རྒྱ་ཆེན་པོ་ཡོད་པ་འདི་དག་མིའི་དགོས་མཁོ་སྣ་ཚོགས་པ་དང་རན་ཞིག་འཚམས་པ་ཞིག་དགོས་པ་དང་། ཆོས་ལུགས་ཚང་མས་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཆེད་དུ་འབད་བརྩོན་བྱེད་པའི་དམིགས་ཡུལ་གཅིག་པ་ཡིན། འདི་འདྲ་བའི་གཞི་མཐུན་པའམ་ཐུན་མོང་གི་གཞི་རྟེན་གྱི་ཐོག་ནས་ནང་པ་དང་ཡེ་ཤུ་ཆོས་པ་ཚོས། ཕན་ཚུན་མཉམ་ལས་དང་བརྩི་བཀུར་ཀྱི་བསམ་བློ་བྱུང་ནས་ལེགས་ཆ་བརྗེ་ལེན་གྱི་ལས་འཆར་གསར་འཛུགས་བྱས་ཡོད།

མི་ཚང་མར་འདུན་པ་དང་དགའ་མོས་བྱེད་ས་མི་གཅིག་པ་ཡིན་པ་སོང་ཙང་། སངས་རྒྱས་ཀྱིས། ཐབས་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་འདུལ་བྱ་སོ་སོའི་བསམ་པ་དང་མཐུན་པའི་ཆོས་རྒྱ་ཆེན་པོ་གསུང་གནང་ཡོད། དོན་དེ་སེམས་ལ་བཞག་པའི་ཐོག་ྋགོང་ས་༧སྐྱབས་མགོན་ཆེན་མོ་མཆོག་གིས། འཛམ་གླིང་ནང་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད་པ་དེ་ངོ་མཚར་སྐྱེ་དགོས་པ་ཞིག་རེད། ཅེས་གསུངས་ཡོད། ཇི་ལྟར་ཟས་གཅིག་རང་ལ་མི་ཚང་མས་དགའ་པོ་མི་བྱེད་པ་ནང་བཞིན་ཆོས་ལུགས་གཅིག་གམ། ཡང་ན་དད་པ་རིགས་གཅིག་ཁོ་ནས་མི་ཚང་མའི་རེ་བ་དང་དགོས་མཁོ་བསྒྲུབ་མི་ཐུབ། དེར་བརྟེན། ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད་པ་དེ་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་དང་། དེ་དག་ལ་དགའ་བསུ་དང་སྤྲོ་བ་སྐྱེ་དགོས་པ་ཞིག་རེད། 

ཆོས་ལུགས་དབར་གྱི་བགྲོ་གླེང་།

དེང་སང་ནང་པའི་བླ་མ་མཁས་པ་རྣམས་དང་ཆོས་ལུགས་གཞན་གྱི་དབུ་འཁྲིད་དབར་ཕན་ཚུན་གུས་ཞབས་ཀྱི་གཞི་རྟེན་ཐོག་བགྲོ་གླེང་ཇེ་མང་དུ་བྱེད་བཞིན་ཡོད། ྋགོང་ས་མཚོག་ཡེ་ཤུའི་བླ་ཆེན་པཽབ་ཇོན་པཱོལ་གཉིས་པ་ (Pope John Paul II) དང་ཡང་སེ་མཇལ་འཕྲད་གནང་གི་ཡོད་པ་དང་། ཕྱི་ལོ་ ༡༩༨༦ ལོར་བླ་ཆེན་པཽབ་ནས་འཛམ་གླིང་ནང་གི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཨི་ཊ་ལི་ནང་ཡོད་པའི་ཨ་སི་སིར་ལྷན་འཛོམས་ཆེན་པོ་ཞིག་ལ་གདན་འདྲེན་ཞུས་པ་རེད། ཆོས་ལུགས་སོ་སོའི་སྐུ་ཚབ་ ༡༥༠ ལྷན་འཛོམས་བྱུང་ཡོད་པའི་ཚོགས་ཆེན་དེར་ྋགོང་ས་མཆོག་བླ་ཆེན་པཽབ་ཀྱི་འགྲམ་ལ་བཞུགས་པ་མ་ཟད། ཆེ་བསྟོད་ཀྱི་སྒོ་ནས་གསུང་བཤད་ཐོག་མར་གནང་མཁན་ཡང་ཁོང་ཡིན་པ་རེད། ཚོགས་འདུ་འདིའི་སྐབས་ཆོས་ལུགས་ཀྱི་དབུ་ཁྲིད་ཚོས། ཆོས་ལུགས་ཚང་མར་གཅིག་པ་ཡོད་པའི་བརྗོད་གཞི། དཔེར་ན། བཟང་སྤྱོད་དང་། བརྩེ་བ། སྙིང་རྗེ་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཡོད། ཁོང་ཚོའི་ཕན་ཚུན་མཉམ་ལས་དང་། མཐུན་གཤིབ། དེ་བཞིན་ཆོས་ལུགས་དབུ་ཁྲིད་བར་ཕན་ཚུན་གུས་ཞབས་ཀྱི་རྣམ་པས་མི་མང་པོར་བློ་སྟོབས་སྤེལ་ཡོད།

ཆོས་ལུགས་ཚང་མ་མི་འདྲ་བ་ཡིན་པ་བརྗོད་མི་དགོས་པ་ཞིག་རེད། དངོས་ཁམས་རིག་པ་དང་ཆོས་ལུགས་ཀྱི་རྣམ་གཞག་ཐོག་ལ་དཔྱད་པ་ཡིན་ན། ཁྱད་པར་དེ་དག་སེལ་ཐབས་མེད་པ་ཞིག་རེད། འོན་ཀྱང་ང་ཚོས་རྩོད་པ་རྒྱག་དགོས་པའི་དོན་ནི་མ་ཡིན། “ངའི་ཆོས་ལུགས་དེ་རང་ལས་ལྷག་པ་ཞིག་རེད།” ཅེས་བསམ་བློའི་འཁྱེར་གསོ་དེ་ཡི་ཕན་ཐོགས་གང་ཡང་མེད། དེ་ལས་ཆོས་ལུགས་ཚང་མ་ཕན་ཚུན་ཐུན་མོང་གི་གཞི་རྟེན་ག་རེ་ཡོད་པ་དེ་འཚོལ་ན་ཕན་ཐོགས་ཧ་ཅང་ཆེ་བ་ཡོད། དེ་ནི་ཚང་མས་འགྲོ་བ་མིའི་གནས་སྟངས་བཟང་དུ་བཏང་ནས་མི་ཚོར་བཟང་སྤྱོད་དང་། བྱམས་པ་དང་། སྙིང་རྗེ། དགོངས་ཡངས་ཀྱི་ལམ་ལ་བརྟེན་ནས་ཚང་མའི་མི་ཚེ་བཟང་དུ་གཏོང་རྒྱུ་དེ་རེད། ཆོས་ལུགས་ཚང་མས། མི་མང་ལ་ཕྱིའི་དངོས་པོའི་ཕྱོགས་ཀྱི་མི་ཚེ་ནང་ཡོངས་སུ་ཚུད་ནས་མ་བསྡད་པར། མ་མཐའ་ཡང་ཕྱི་དངོས་པོ་དང་ནང་སེམས་ཀྱི་ཡར་རྒྱས་གཉིས་ཀྱི་དབར་ལ་ཆ་སྙོམས་ཡོང་བའི་ཐབས་ཤེས་ཤིག་འཚོལ་ཐབས་བྱེད་དགོས་པ་སློབ་སྟོན་བྱེད་ཀྱི་ཡོད།

གལ་ཏེ་ཆོས་ལུགས་ཚང་མས་མཉམ་རུབ་ཀྱི་ཐོག་ནས་འཛམ་གླིང་གི་གནས་སྟངས་ཡར་རྒྱས་གཏོང་ན་ཧ་ལས་པའི་ཕན་ཐོགས་ཆེན་པོ་ཡོད། ཕྱིའི་དངོས་པོ་ཡར་རྒྱས་དེ་གལ་ཆེན་པོ་རེད། འོན་ཀྱང་ཆོས་ཀྱི་བསམ་བློ་ཡར་རྒྱས་གཏོང་རྒྱུ་དགོས་གལ་ཆེན་པོ་ཡིན་པ་ཇེ་གསལ་དུ་འགྲོ་བཞིན་ཡོད། ང་ཚོས་ཕྱིའི་དངོས་པོའི་ཡར་རྒྱས་གཅིག་པུར་བསམ་བློ་བཏང་ན། མི་ཚང་མ་གསོད་ནུས་པའི་འབར་རྫས་ཤུགས་ཆེན་པོ་ཞིག་བཟོ་རྒྱུ་དེ་ང་ཚོར་འདོད་པའི་དམིགས་ཡུལ་དུ་ཆགས་ཀྱི་རེད། དེ་ལས་ལྡོག་སྟེ། ང་ཚོས་འགྲོ་བ་མིའི་བདེ་སྡུག་གམ་ཡང་ན་ཆོས་ཕྱོགས་ནས་བསམ་བློ་བཏང་ན། གཏོར་སྐྱོན་ཆེ་བའི་མཚོན་ཆ་ཇེ་མང་དུ་བཟོ་བ་ལ་བརྟེན་ནས་དཀའ་ངལ་ཡོང་གི་ཡོད་པ་གསལ་པོར་ཤེས་ཀྱི་ཡོད། འོན་ཀྱང་གལ་ཏེ་ང་ཚོས་ཆོས་ཕྱོགས་རྐྱང་པ་ནས་ཡར་རྒྱས་གཏོང་རྒྱུར་བསམ་བློ་བཏང་ནས་ཕྱིའི་དངོས་པོའི་ཡར་རྒྱས་ལ་རྦད་དེ་སྣང་མེད་གཏོང་ན། མི་ཚང་མ་གྲོད་ཁོག་ལྟོགས་ནས་ལུས་རྒྱུ་རེད། དེ་ཡང་ཡག་པོ་ཞིག་མ་རེད། དེ་འདྲ་སོང་ཙང་། དོ་གལ་ཆེ་ཤོས་ནི་ཆ་སྙོམ་གྱི་ཐོག་ནས་འགྲོ་དགོས་པ་དེ་ཡིན།

ཕན་ཚུན་ལེགས་ཆ་བརྗེ་ལེན།

འཛམ་གླིང་ཆོས་ལུགས་ཕན་ཚུན་དབར་གྱི་གོ་བསྡུར་གྱི་རྣམ་པའི་ཆ་ཤས་གཅིག་ནི། རང་གི་དམིགས་བསལ་ལེགས་ཆ་གང་ཡོད་པ་རྣམས་གཞན་དང་མཉམ་སྤྱོད་བྱེད་རྒྱུ་དེ་རེད། དཔེར་ན། ཡེ་ཤུའི་ཆོས་པ་སྒོམ་ཉམས་ལེན་པ་མང་པོས་ནང་པའི་ཏིང་ངེ་འཛིན་གྱི་སྒོམ་ཉམས་ལེན་ལ་དོ་སྣང་བྱེད་པ་དང་། ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་དཔོན་དང་། མཁན་པོ། གྲྭ་པ་དང་བཙུན་མ་མང་པོ་རྒྱ་གར་རྡ་རམ་ས་ལ་ཕེབས་ཤིང་། དེ་དག་ལ་སློབ་སྦྱོང་བྱས་ནས་རང་གི་སྲོལ་རྒྱུན་ནང་ཁ་སྣོན་བྱེད་ཀྱི་ཡོད། ནང་པའི་གྲྭ་པ་འགའ་ཤས་ཀྱིས་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་སློབ་གཉེར་ཁང་ལ་སློབ་ཁྲིད་ཀྱང་བྱས་ཡོད། ང་རང་རང་ཉིད་ཀྱང་སྐབས་རེ་ཁོ་ཚོར་སྒོམ་ཉམས་ལེན་བྱེད་སྟངས་དང་། ཏིང་ངེ་འཛིན་གོང་འཕེལ་གཏོང་སྟངས་དང་། བྱམས་པ་གཏོང་འཕེལ་གཏོང་སྟངས་སོཌ་ཀྱི་སྐོར་སློབ་ཁྲིད་ཆེད་མགྲོན་འབོད་ཀྱང་བྱས་མྱོང་། ཡེ་ཤུའི་ཆོས་ལུགས་ཀྱིས། གཞན་ཐམས་ཅད་ལ་བརྩེ་བ་བྱེད་དགོས་པ་གསུངས་ཡོད་ཀྱང་། བྱམས་པ་སྐྱེད་སྤེལ་གང་འདྲ་སེ་བྱེད་དགོས་པའི་སྐོར་ལ་ཞིབ་ཕྲ་གསུངས་མེད། འོན་ཀྱང་ནང་ཆོས་ནང་གཞན་ན་བྱམས་བརྩེ་སྐྱེད་སྤེལ་བྱེད་སྟངས་སྐོར་ཐབས་ལམ་ཕྱུག་པོ་ཞེ་དྲགས་རེད། ཡེ་ཤུའི་ཆོས་ལུགས་ཀྱི་གནས་རིམ་གོང་མ་ལ་ཡོད་པའི་ཆོས་དཔོན་སོགས་ཀྱིས་ཐབས་དེ་དག་ནང་ཆོས་ནས་སྦྱོང་རྒྱུར་གུ་ཡངས་པོའི་བསམ་བློ་གཏོང་གི་ཡོད། འོན་ཀྱང་དེས་ཁོང་ཚོས་ཆོས་ལུགས་བརྗེ་ནས་ནང་པར་བསྒྱུར་གྱི་ཡོད་པའི་དོན་མ་རེད། དེར་མི་སུ་གང་གིས་ཆོས་སྒྱུར་ཐབས་བྱེད་ཀྱི་མེད། དེ་ག་རེ་རེད་ཟེར་ན། ཁོང་ཚོས་ཐབས་ཤེས་དེ་དག་ལག་ཆ་གསར་པ་ཞིག་དང་འདྲ་བར་བེད་སྤྱོད་གཏོང་སྟངས་སྦྱངས་ནས་རང་གི་ཆོས་ལུགས་ནང་བཀོལ་སྤྱོད་བྱས་ཏེ་ཡེ་ཤུའི་ཆོས་པ་ཡག་པོ་ཞིག་ཆགས་ཡག་ལ་ཕན་ཐོགས་ཡོང་གི་ཡོད།

དེ་དང་འདྲ་བར་ནང་པ་མང་པོས་ཡེ་ཤུའི་ཆོས་ལུགས་ལས་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ཐད་སློབ་སྦྱོང་བྱེད་འདོད་ཀྱི་དོ་སྣང་ཡོད། ཡེ་ཤུའི་ཆོས་སྲོལ་མང་ཆེ་བས། ཁོང་ཚོའི་ཆོས་པ་དང་ཆོས་མ་རྣམས་སློབ་ཁྲིད་དང་། སྨན་ཁང་གི་ལས་ཀ།རྒན་རབས་ལ་ལྟ་རྟོག དྭ་ཕྲུག་གསོ་སྐྱོང་སོགས་ལ་ཞབས་ཞུ་བསྒྲུབ་དགོས་པ་དོ་ནན་གྱིས་བཤད་ཀྱི་ཡོད། ནང་པའི་རྒྱལ་ཁབ་ཁ་ཤས་ནང་སྤྱི་ཚོགས་ཞབས་ཞུ་འགོ་འཛུགས་བྱས་ཡོད་ཀྱང་། སྤྱི་ཚོཌ་དང་ས་བབས་ཀྱི་གནས་སྟངས་ཀྱི་རྐྱེན་པས་རྒྱལ་ཁབ་ཚང་མར་དེ་འདྲ་མེད། ནང་པ་ཚོས་ཡེ་ཤུའི་ཆོས་པ་རྣམས་ལས་སྤྱི་ཚོགས་ཞབས་ཞུའི་སྐོར་མང་པོ་སྦྱོང་ཐུབ་པ་དང་། ྋགོང་ས་མཆོག་ནས་ཀྱང་དེའི་ཐད་ལ་ཐུགས་མཉེས་ཤིང་གསན་བཞེས་གནང་འདོད་ཆེན་པོ་ཞེ་དྲག་ཡོད། ཕན་ཚུན་གཉིས་ཀ་ནས་དམིགས་བསལ་གྱི་ཉམས་མྱོང་སྦྱོང་ཐུབ་པ་དེ་ནི་ཧ་ཅང་ཡག་པོ་རེད། དེ་འདྲ་བྱས་ནས་འཛམ་གླིང་གི་ཆོས་ལུགས་དབར་ཕན་ཚུན་གུས་ཞབས་ལྡན་པའི་ཐོག་བསམ་བློ་གུ་ཡངས་ཀྱི་བགྲོ་གླེང་འདུན་ས་ཞིག་ཆགས་ཐུབ་ཀྱི་རེད།

ཕྱོགས་བསྡོམས།

ད་བར་ཆོས་ལུགས་འདྲ་མིན་དབར་གྱི་འབྲེལ་བ་དེ་མི་ཚང་མ་བསམ་བློ་གུ་ཡངས་དང་ཕྱོགས་ལྷུང་ཉུང་བ་ཡོད་ས་ཚད་མཐོ་ཤོས་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་ནང་ཁུལ་ལ་བྱུང་ཡོད། འོན་ཀྱང་གནས་རིམ་འོག་མ་ལ་ཡོད་མཁན་གྱི་མི་ཚོ་ཉེན་སྲུང་མེད་པ་དང་། སྤྱིར་བཏང་འཆར་ཅན་དུ་ཡོད་པའི་འགྲན་རྩོད་དང་འཁྲུག་རྩོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནང་བཞིན་བསམ་བློ་འཁྱེར་གྱི་ཡོད། བསམ་བློའི་འཁྱེར་ཕྱོགས་དེ་འདྲ་ནི་ཆོས་ལུགས་འདྲ་མིན་དབར་ཡིན་ནའང་འདྲ། ཆོས་ལུགས་ནང་ཁུལ་ཡིན་ནའང་འདྲ། གང་ལྟར་ཧ་ཅང་གི་སེམས་པ་སྐྱོ་པོ་རེད། སངས་རྒྱས་ཀྱིས་ཐབས་ལམ་མང་པོ་བསྟན་ཡོད་པ་དེ་དག་ཚང་མ་ཕན་ཚུན་འགལ་ཟླ་མེད་པའི་ཐོག་མི་འདྲ་མིན་སྣ་ཚོགས་ལ་ཕན་ཐོགས་ཀྱི་ཡོད། དེར་བརྟེན། ནང་པ་ནང་ཁུལ་ལ་ཡིན་ནའང་འདྲ། འཛམ་གླིང་ནང་གི་ཆོས་ལུགས་འདྲ་མིན་དབར་ཡིན་ནའང་འདྲ། གང་ལྟར་ཆོས་སྲོལ་ལམ་ལུགས་ཚང་མར་གུས་ཞབས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།།

Top