དེང་རབས་ཀྱི་འཛམ་གླིང་ནང་༸གོང་ས་མཆོག་གི་གལ་གནད།

དེང་རབས་ཀྱི་འཛམ་གླིང་ནང་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གལ་གནད་ཀྱི་སྐོར་ལ་སྐད་ཆ་ཤོད་ཀྱི་ཡིན། གལ་ཏེ་༸གོང་ས་མཆོག་ནས་ཐུགས་འགན་བཞེས་དགོས་པ་ག་འདྲ་ཞིག་ཡོད་ནའང་། དེ་དག་དོན་དང་ལྡན་ཞིང་། མི་གང་མང་མང་ལ་ཕན་འདོགས་རྒྱ་ཆེན་པོ་སྐྲུན་གྱི་ཡོད། དེ་ཡང་ཁོང་ཧ་ཅང་སྙན་གྲགས་ཅན་གྱི་མི་སྣ་ལྟ་བུ་གཞན་ལ་གནས་སྐབས་བདེ་བ་དང་སྤྲོ་སྐྱིད་ཙམ་དང་། གཞན་ལ་ཤེས་འདོད་གང་ཡོད་པ་རྣམས་ཀྱི་རེ་བ་སྐོང་བ་ཙམ་མིན་པར། ༸གོང་ས་མཆོག་གི་སྐུ་ཚེའི་ནང་དགོངས་གཞི་གཅིག་རང་ཡོད་པ་ནི་གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་རྒྱུ་དེ་ཡིན།

གཞན་ལ་ཞབསས་འདེགས་ཞུ་བ།

མ་གཞི་འཛམ་བུ་གླིང་འདིའི་ནང་མཐའ་གཅིག་ཏུ་གཞན་དོན་སྒྲུབ་ཀྱི་ཡོད་ཟེར་མཁན་མི་མང་པོ་ཡོད་ནའང་། ངའི་བསམ་པར། ང་ཚོས་རྒྱུན་དུ་ཁོང་ལ་༸གོང་ས་མཆོག་ཅེས་བརྗོད་པ་བཞིན། དམིགས་བསལ་ཁྱད་དུ་འཕགས་པའི་ཡོན་ཏན་ཞིག་ནི་ཁོང་ལ་མངའ་བའི་བཅོས་མིན་གྱི་ལྷག་པའི་བསམ་པ་དེ་རེད། ཟོལ་མེད་ཀྱི་ལྷག་བསམ་དེ་ལ་བརྟེན་ནས་མི་ཧ་ཅང་མང་པོ་ཞིག་གིས་༧གོང་ས་མཆོག་ནས་དོན་ངོ་མའི་གནང་ཕྱོགས་དེ་ཤེས་ཡོང་དུས། ཁོང་མཇལ་བ་དང་ཁོང་གི་གསུང་ཉན་པར་ཡོང་གི་ཡོད། ཁོང་གི་སྐུ་ཚེའི་ནང་གཙོ་བོ་དགོངས་པ་བཞེས་ས་ཆེ་ཁག་གསུམ་ཡོད་ཅེས་ག་དུས་ཡིན་ནའང་གསུང་གི་ཡོད་པ་ནི། དང་པོ་ནི། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་དང་། གཉིས་པ་ནི། ཆོས་ལུགས་མཐུན་སྒྲིལ། གསུམ་པ་ནི། ཁོང་ལ་ཐུགས་འགན་ཡོད་པ་ནང་བཞིན་བོད་དང་བོད་མིའི་བདེ་དོན་ཆེད་གཟིགས་རྟོག་གནང་རྒྱུ་དེ་ཡིན།

Top