སངས་རྒྱས་ཀྱིས། ང་ཚོ་ཚང་མ་སངས་རྒྱས་ཐུབ་ཅེས་ནན་པོ་གསུངས་ཡོད། ཡིན་ནའང་དེའི་དོན་དག་ངོ་མ་གང་ཡིན་ནམ།སངས་རྒྱས་ཞེས་པ་ནི་སོ་སོའོ་སྐྱོན་གྱི་ཆ་ཐམས་ཅད་མེད་པ་བཟོས་ཏེ། ཉེས་སྐྱོན་ཡོངས་སུ་རྫོགས་པ་བཅོས་ཏེ་ཡོན་ཏན་གྱི་ནུས་པ་ཐམས་ཅད་རྟོགས་པ་ཞིག་ལ་ཟེར་གྱི་ཡོད། འདས་པའི་སངས་རྒྱས་ཐམས་ཅད་དང་པོ་དངོས་པོའི་གནས་ལུགས་ལ་རྨོངས་སྡོད་མཁན། དངོས་པོའི་གནས་ལུགས་དང་མི་མཐུན་པའི་བསམ་བློའི་འཆར་སྣང་ལ་ལྟ་ཚུལ་ནོར་བའི་དབང་གིས་དཀའ་ངལ་ཡང་ནས་ཡང་དུ་ཡོང་མཁན་ང་ཚོ་མི་དཀྱུས་མ་ནང་བཞིན་ཉམས་ལེན་གནང་འགོ་ཚུགས་པ་རེད། ཕྱིས་སུ་འདུལ་དཀའ་བའི་རྟོག་པའི་འཆར་སྣང་དེ་ཚོ་ཐམས་ཅད་དངོས་པོའི་གནས་ལུགས་དང་མི་མཐུན་པ་ཡིན་པ་དངོས་སུ་ཤེས་ནས། སྡུག་བསྔལ་ལས་ཐར་པའི་དམ་བཅའ་བརྟན་པོ་ཞིག་བཞག་གནང་བ་དང་། མཐའ་མ་རང་གི་སེམས་ཀྱིས་བཟོས་པའི་འཆར་སྣང་ལ་ཡིད་ཆེས་ཡོད་པ་དེ་རང་བཞིན་གྱིས་འགགས་པ་རེད། དེ་ནས་ཁོང་རྣམས་ཀྱིས་ཉོན་མོངས་ཐམས་ཅད་མྱོང་མི་དགོས་པ་བཟོད་བླགས་མེད་པའི་སྒོ་ནས་སྡུག་བསྔལ་ཚང་མ་སྤངས་གནང་བ་རེད།
དེ་བརྒྱུད་དེ་རང་གི་བཟང་ཕྱོགས་དགེ་བའི་ཆ་བྱམས་པ་དང་། སྙིང་རྗེ་སོགས་ཤུགས་ཆེ་རུ་གཏོང་བ་ལ་འབད་བརྩོན་གནང་ནས་གཞན་ལ་གང་ཐུབ་་ཅི་ཐུབ་ཀྱིས་ཕན་པ་བསྒྲུབས་གནང་ཡོད། སེམས་ཅན་ཐམས་ཅད་ལ་ཨ་མས་རང་གི་བུ་གཅིག་ལས་མེད་པ་དེ་ལ་བརྩེ་བ་སྤྲད་པ་ནང་བཞིན་བྱམས་པ་རྒྱུད་ལ་བསྐྱེད་ཅིང་། བྱམས་པ་དང་སྙིང་རྗེ་ཤུགས་དྲག་སྐྱེས་པ་ལ་བརྟེན་ནས་ཕན་པ་ངས་བསྒྲུབ་ཀྱི་ཡིན་ཞེས་ཆོད་སེམས་བརྟན་པོ་བཞག་གནང་ནས། དངོས་པོའི་གནས་ལུགས་ཀྱི་རྟོགས་པ་དེ་ཤུགས་ཆེ་རུ་ཕྱིན་པ་རེད། རྟོགས་པ་དེ་ཧ་ཅང་གི་ཤུགས་ཆེ་རུ་ཕྱིན་ནས་མཐའ་མ་ཆོས་ཐམས་ཅད་རང་ངོས་ནས་སྒྲུབ་པ་དང་། གཞན་ལ་བརྟེན་མི་དགོས་པའི་འཁྲུལ་སྣང་རྣམས་ཀྱང་འགགས་པ་རེད། དེ་ལ་བརྟེན་ནས་བར་ཆད་མེད་པའི་ཐོག་དངོས་པོ་ཚང་མ་གཅིག་གིས་གཅིག་ལ་བརྟེན་ཡོད་པ་དང་། རྟེན་ཅིང་འབྲེལ་བ་འབྱུང་བ་ཡིན་པ་གསལ་པོར་མཁྱེན་ནས་སངས་རྒྱས་ཆགས་པ་རེད།
དེ་ལྟར་སད་རྟོགས་ཀྱི་གོ་འཕང་ཐོབ་པའི་སྒོ་ནས་སངས་རྒྱས་ཆགས་པ་རེད། སངས་རྒྱས་ཀྱི་སྐུ་དང་། གསུང་དང། ཐུགས་ནི་ཚད་འཇིན་ཐམས་ཅད་ལས་བྲལ་ཞིང། གཞན་གྱི་སེམས་ནང་གང་ཡོད་པ་ཤེས་པའི་ཐོག་ནས་གཞན་ལ་ཆོས་གསུངས་པ་དང་། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་སྒོ་ནས་གང་ལ་འོས་ཀྱིས་ཕན་པ་སྒྲུབ་ཐུབ་ཀྱི་ཡོད། ཡིན་ནའང་སངས་རྒྱས་ནི་ནུས་མཐུ་ཚང་མ་ལྡན་པའི་མཐུ་བོ་ཆེ་ཞིག་ཀྱང་མ་ཡིན། ཁོང་གི་གསུང་ལ་གོ་ཤེས་ཅན་དང་། གུ་ཡངས་ཀྱི་ཐོག་ནས་ཉན་ཏེ་མ་ནོར་བར་རྗེས་སུ་འབྲང་མཁན་གྱི་སློབ་མ་ཁོ་ན་ལ་སངས་རྒྱས་ཀྱིས་ཤུགས་རྐྱེན་བཟང་པོ་དང་ཡང་དག་པའི་ལམ་སྟོན་ཞིག་གནང་ཐུབ་ཀྱི་ཡོད།
སངས་རྒྱས་ཀྱིས། ཚང་མ་ང་ནང་བཞིན་སངས་རྒྱས་ཆགས་ཐུབ་ཀྱི་ཡོད་གསུངས་ཡོད། གང་ཡིན་ཟེར་ན། ང་ཚོ་ཚང་མའི་རྒྱུད་ལ་སངས་རྒྱས་ཆགས་ཐུབ་པའི་རྒྱུའམ་ས་བོན་དེ་ཡོད། དེ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་རྨང་གཞིའི་ཆ་རྐྱེན་དེ་རེད།
དབང་རྩའི་རིག་པའི་ལུགས་ལྟར་ན། དབང་རྩ་འགྱུར་རུང་གི་རང་བཞིན་དབང་རྩའི་མཉེན་ཆ་ (neuroplasticity) ཟེར་བ་ཞིག་བཤད་ཀྱི་ཡོད། དེ་ཡང་ང་ཚོའི་མི་ཚེ་ཧྲིལ་པོའི་ནང་ཀླད་པའི་ནུས་རྩལ་ལ་བརྟེན་ནས་དབང་རྩའི་བགྲོད་ལམ་གསར་པ་བསྒྱུར་ཐུབ་པ་དང་ཡར་སྐྱེད་གཏོང་ཐུབ་ཀྱི་ཡོད་པ་བཤད་ཀྱི་ཡོད། དཔེ་ཞིག་ཞུ་ན། ང་ཚོའི་ལག་པ་གཡས་པ་བེད་སྤྱོད་བྱེད་མཁན་གྱི་ཀླད་པའི་ཆ་ཤས་ལ་སྐྱོན་ཤོར་ནས་གཟའ་གྲིབ་ཕོག་ཡོད་ན། དེར་ལུས་ཁམས་ཀྱི་ཕྱི་བཅོས་གསོ་ཐབས་ཀྱི་ཐོག་ནས་སྦྱོང་བརྡར་བྱེད་པ་ལ་བརྟེན་ནས་ཀླད་པས་དབང་རྩའི་བགྲོད་ལམ་གསར་པ་ཡར་སྐྱེད་གཏོང་དུ་འཇུག་པའི་ཐོག་ཀླད་པ་གཡོན་མའི་ཆ་དེ་བེད་སྤྱོད་བྱེད་ཐུབ་པ་བཟོ་ཐུབ་ཀྱི་ཡོད། ཉེ་ཆར་ཉམས་ཞིབ་བྱས་པ་ཞིག་ལ། བཟང་ཕྱོགས་ཀྱི་ཆ་བྱམས་པ་དང་སྙིང་རྗེ་སོགས་ལ་སྒོམ་བརྒྱབ་པ་ལ་བརྟེན་ནས་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ཇེ་ཆེར་གཏོང་བའི་དབང་རྩའི་བགྲོད་ལམ་གསར་པ་བཟོ་གི་ཡོད་པར་ཤེས་རྟོགས་བྱུང་ཡོད་ཟེར་གྱི་ཡོད། ཇི་ལྟར་གོང་དུ་དབང་རྩའི་མཉེན་ཆ་གོང་འཕེལ་གཏོང་ཐུབ་ཀྱི་ཡོད་ཟེར་བ་ནང་བཞིན། ང་ཚོའི་སེམས་ཀྱི་མཉེན་ཆ་དེ་ཡང་གོང་འཕེལ་གཏོང་ཐུབ་ཀྱི་ཡོད། གང་ཡིན་ཟེར་ན། ང་ཚོའི་སེམས་དང་སེམས་ཁམས་ཀྱི་རང་གཤིས་ནི་གཞི་གཅིག་རང་ལ་གནས་པའི་བརྟན་ཚུགས་པ་ཞིག་མ་ཡིན་པར། བཟང་ཕྱོགས་ཀྱི་ལམ་གསར་པ་ཡར་སྐྱེད་གཏོང་བ་ལ་བསྐུལ་རྐྱེན་བྱེད་ཐུབ་ཀྱི་ཡོད། དེ་ནི་ང་ཚོ་ཚང་མ་སངས་རྒྱས་ཆགས་ཐུབ་པའི་གཞི་རྩའི་ཆ་རྐྱེན་གཙོ་བོ་དེ་རེད།
ང་ཚོའི་ལུས་ཁམས་ཆགས་ཚུལ་གྱི་སྒོ་ནས་བཤད་པ་ཡིན་ན། ང་ཚོས་དགེ་བའི་ལས་ཀ་བྱེད་པ་དང་། སྐད་ཆ་བཤད་པ། བསམ་བློ་གཏོང་བ་གང་བྱེད་པ་དེ་དག་གིས་བཟང་ཕྱོགས་ཀྱི་དབང་རྩའི་བགྲོད་ལམ་ཤུགས་ཆེ་རུ་བཏང་ནས་བྱ་བ་དེའི་རིགས་ཡང་བསྐྱར་བྱེད་པ་ལ་ལས་སླ་རུ་གཏོང་གི་ཡོད། ནང་སེམས་ཀྱི་དབང་དུ་བྱས་པ་ཡིན་ན། ནང་ཆོས་ནས་དེ་དག་གིས་བག་ཆགས་ནུས་པ་བཟང་པོ་བཞག་གི་ཡོད་པ་གསུང་གི་ཡོད། དམིགས་བསལ་གཞན་ལ་ཕན་བཏགས་པའི་སྐབས་ང་ཚོས་ག་ཚོད་ཀྱིས་བཟང་ཕྱོགས་ཀྱི་ནུས་པ་དེ་དག་ལ་དཔུང་སྣོན་བྱས་པ་དེ་ཚོད་ཀྱི་གཞན་ཕན་བསྒྲུབ་རྒྱུའི་བསམ་བློ་དེ་ཤུགས་ཆེ་རུ་འགྲོ་གི་ཡོད། བཟང་ཕྱོགས་ཀྱི་ནུས་པ་ནི་སངས་རྒྱས་ནང་བཞིན་གཞན་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཐུབ་པ་དེས་ཡོངས་ཁྱབ་ཀྱི་ཕན་ཐོགས་པོའི་དམིགས་ཡུལ་དེར་སྙོབ་ཐུབ་པར་བྱེད་ཀྱི་ཡོད།
དེ་བཞིན་ང་ཚོས་ག་ཚོད་ཀྱིས་དངོས་པོའི་གནས་ལུགས་ལ་འཁྲུལ་བའི་འཆར་སྣང་གི་དངོས་པོ་གཅིག་ཀྱང་བདེན་པ་མེད་པར་དམིགས་པ། དེ་ཚོད་ཀྱིས་ང་ཚོས་དབང་རྩའི་བགྲོད་ལམ་གྱི་ནུས་ཤུགས་དེ་ཆུང་དུ་གཏོང་གི་ཡོད།དེ་ཡང་ཐོག་མར་ཆོ་མེད་པ་སེམས་ཀྱི་འཆར་སྣང་ལ་ཡིད་ཆེས་བྱེད་པ་དང་། དེ་རང་ལ་དངོས་གནས་ཡིན་པ་འཆར་གྱི་ཡོད། མཐའ་མ་ང་ཚོའི་སེམས་དེ་འཁྲུལ་སྣང་གི་སེམས་དང་དབང་རྩའི་བགྲོད་ལམ་ལས་བྲལ་བ་མ་ཟད། དེ་ཚོ་ལ་བརྟེན་པའི་ང་ཚོའི་བག་ཆགས་ངན་པ་དང་ཉོན་མོངས་གྱི་ལམ་དག་ལས་ཀྱང་འབྲལ་གྱི་རེད། དེ་ནས་ང་ཚོས་གནས་ལུགས་ངོ་མ་ཤེས་པའི་གོ་རྟོགས་གཏིང་ཟབ་པོའི་ལམ་དེ་གོང་འཕེལ་དུ་གཏོང་གི་ཡོད། བགྲོད་ལམ་འདི་དག་སེམས་ཅན་རེ་རེ་ལ་ཕན་ཐོགས་སྟངས་ཡག་ཤོས་དེ་ཤེས་མཁན།ཀུན་མཁྱེན་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ནས་ནུས་པ་སྤེལ་གྱི་ཡོད། འདི་ལྟ་བུའི་གཏིང་ཟབ་པའི་གོ་རྟོགས་ཀྱི་བགྲོད་ལམ་གྱིས་ང་ཚོ་སངས་རྒྱས་ཀྱི་ཐུགས་ཐམས་ཅད་མཁྱེན་པ་དེ་ཐོབ་ནས། སངས་རྒྱས་ཆགས་ཐུབ་ཀྱི་ཡོད།
གང་ཡིན་ཟེར་ན། ང་ཚོ་ཚང་མ་ལ་སངས་རྒྱས་ཆགས་ཐུབ་པའི་ལུས་དང་།གཞན་ལ་འབྲེལ་བ་བྱེད་པའི་མཐུན་རྐྱེན་གྱི་གཙོ་བོ་ངག་དང་། ཡིད་གསུམ་ག་ཡོད་ལ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་འཐོབ་པར་བྱེད་པའི་ཆ་རྐྱེན་དེ་ང་ཚོ་ཚང་མ་ལ་ཡོད། འདི་གསུམ་ནི་སངས་རྒྱས་རུང་གི་ས་བོན་ནམ་བདེ་བར་གཤེགས་པའི་སྙིང་པོའི་ཆ་རྐྱེན་རེད། དེ་བཞིན་ང་ཚོ་ཚང་མ་ལ་བཟང་ཕྱོགས་ཀྱི་ཆ་རང་ལ་གཅེས་སྲུང་ཀྱི་བག་ཆགས་དང་། སེམས་ཅན་གཞན་ལ་གཅེས་སྲུང་དང་། ཕ་མའི་བྱམས་བརྩེའི་བག་ཆགས་དང་། གཞན་ལ་སྐུལ་མ་དང་ཤུགས་རྐྱེན་སྤྲོད་པའི་ནུས་པ་ཡོད་པ་རེད། དེ་ཚོ་ཡང་སངས་རྒྱས་ཀྱི་རྒྱུའམ་ས་བོན་ཡིན་པ་དང་། དེ་དག་ནི་ཚད་མེད་པའི་བྱམས་པ་དང་གཅེས་སྐྱོང་སོགས་བཟང་པོའི་ཡོན་ཏན་གྱི་ཆ་དང་། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་བསྐྱེད་པའི་ཆ་རྐྱེན་དུ་གྱུར་བ་རྣམས་རེད།
ང་ཚོས་སེམས་དེ་གང་འདྲ་བྱས་ནས་ལས་ཀ་བྱེད་ཀྱི་འདུག་དཔྱད་པ་བྱས་དུས། ང་ཚོ་སངས་རྒྱས་རུང་ཡིན་པའི་ཆ་རྐྱེན་ད་དུང་མང་བ་ཡོད་པ་ཤེས་ཀྱི་ཡོད། ང་ཚོ་ཚང་མས་གནས་ཚུལ་ཤེས་ཐུབ་ནས་འདི་ཀུ་ཤུ་རེད། དེ་མི་རེད་བཅས་བྱེ་བྲག་སོ་སོར་དབྱེ་བ་འབྱེད་ཐུབ་ཀྱི་ཡོད། དེ་བཞིན་དངོས་པོའི་གནས་ཚུལ་དང་རང་གི་ཤེས་ཚོད་ལ་དཔག་པའི་ལན་བརྒྱབ་ཐུབ་ཀྱི་ཡོད། འདི་འདྲ་བའི་ང་ཚོའི་ཡིད་ཀྱི་བྱེད་ལས་ལ་དེང་སང་ཚད་གཞི་ངེས་ཅན་ཞིག་ཆགས་ཡོད། ཡིན་ནའང་དེ་ཚོ་ཡང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆ་རྐྱེན་ཡིན། སངས་རྒྱས་ཆགས་ནས་ཐུགས་མཁྱེན་པ་དེའི་ནུས་པ་ཡོད་ཚད་བཏོན་ནས་ལས་ཀ་བྱེད་ཀྱི་ཡོད་རེད།
ཕྱོགས་བསྡོམས།
ང་ཚོ་ལ་སངས་རྒྱས་ཆགས་པའི་ཆ་རྐྱེན་ཡོད་ཙང་། སངས་རྒྱས་མ་ཆགས་གོང་ལ་སོ་སོའི་ཀུན་སློང་རྣམ་དག་ཡོད་དང་མེད། འབད་བརྩོན་རྒྱུན་འཁྱོལ་བ་ཞིག་བྱེད་དང་མི་བྱེད་ལ་རག་ལས་ཡོད་རེད། ཡར་རྒྱས་ཀྱི་བརྒྱུད་རིམ་ལ་གོ་རིམ་ངེས་པ་ཞིག་ནམ་ཡང་མེད། ཉིན་མ་ཁ་ཤས་ཡག་ཏུ་འགྲོ་བ་དང་། ཡང་ཉིན་མ་ཁ་ཤས་ཀྱི་ནང་སྡུག་ཏུ་འགྲོ་གི་རེད། སངས་རྒྱས་ཆགས་པ་ལས་སླ་པོ་ཞིག་མེད་པར་ལམ་རིང་པོ་ཞིག་གི་སྟེང་དུ་དཀའ་ལས་རྒྱག་ནས་བསྐྱོད་དགོས་ཀྱི་ཡོད། ང་ཚོས་ག་ཚོད་ཀྱིས་སངས་རྒྱས་ཆགས་ཐུབ་པའི་ཆ་རྐྱེན་ལ་དྲན་གསོ་བྱེད་པ་དེ་ཚོད་ཀྱིས་སེམས་ཤུགས་འཕར་གྱི་རེད། ང་ཚོ་གདོད་མ་ཉིད་ནས་ནོར་འཁྲུལ་ཡོད་པ་ཞིག་མིན་པ་དེ་སེམས་ནང་བཞག་དགོས།ང་ཚོས་ནུས་པ་དང་ལྡན་པའི་ཀུན་སློང་བཟང་པོ་དང་། ཐབས་མཁས་པོའི་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་དངོས་ཡོད་ཐབས་ཤེས་ཀྱི་རྗེས་སུ་འབྲངས་ནས་བར་ཆད་ཐམས་ཅད་ལས་ཐར་ཐུབ་ཀྱི་རེད།