འགྲོ་བ་སེམས་ཅན་ཡིན་པའི་ཆ་ནས་ང་ཚོ་ཚང་མར་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆ་རྐྱེན་དང་ནུས་པ་ཆ་ཚང་ཡོད། ང་ཚོས་གནད་དོན་གང་འདྲ་ཞིག་ཡིན་ནའང་དེ་རྟོགས་པ་དང་། མཐའ་གཅིག་ཏུ་སེམས་ཅན་ཐམས་ཅད་ལ་གཅིག་མཚུངས་ཀྱི་བྱམས་དང་སྙིང་རྗེ་ཆེ་བ། དེ་དག་རེ་རེ་དང་ལྷན་དུ་ཡང་དག་པའི་འབྲེལ་གཏུག་དང་ཐབས་མཁས་པོའི་ལམ་སྟོན་ལ་བརྟེན་ནས་སྡུག་བསྔལ་ལས་ཐར་བར་བྱེད་པ། དེ་བཞིན་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་ནུས་པ་དང་ལྡན་པ་ཡིན། འོན་ཀྱང་ང་ཚོའི་ད་ལྟའི་གནས་སྟངས་ལ་གཞིགས་ན། ནུས་པ་དེ་དག་རྟོགས་ཐུབ་ཀྱི་མེད། དེ་ཅིའི་ཕྱིར་ཡིན་ནམ། ང་ཚོས་ཇི་ལྟར་རྟོགས་ཐུབ་བམ། གསང་སྔགས་ཀྱི་དབང་ཞིག་འཐོབ་པ་ནི། དེའི་ཕྱོགས་སུ་འགྲོ་བའི་ཐབས་ལམ་ཞིག་ཡིན།
སེམས་ཅན་རྣམས་ནི་སེམས་སམ་སྲོག་དང་ལྡན་ཞིང་། དེ་དག་གི་བྱ་བ་ནི་སོ་སོའི་ཀུན་སློང་ལ་གཞི་བཅོལ་ཡོད་པ་དང་། དེ་དག་ནི་ལས་ཀྱི་རྗེས་འབྲས་མྱོང་མཁན་རྣམས་ཡིན། ལས་ཀྱི་རྗེས་འབྲས་དེ་ཡང་ཚེ་འདིའི་ནང་དུའམ་ཡང་ན་ཚེ་རབས་ཕྱི་མའི་ནང་མྱོང་གི་ཡོད། སེམས་ཅན་ཡིན་པའི་ཆ་ནས་ང་ཚོ་ “ཚད་བཀག་ཅན་གྱི་སེམས་ཅན་” རེད། དེའི་དོན་ནི་ང་ཚོའི་སེམས་དང་། ཀླད་པ། ནུས་པ་བཅས་ཕན་ནུས་ལྡན་པའི་སྒོ་ནས་གཞན་དང་འབྲེལ་བ་བྱེད་པར་ང་ཚོའི་ལུས་པོ་དང་བྱ་བ་ལ་སོགས་པ་ཚད་བཀག་ཅན་ཡིན། དེ་དག་ནི་ང་ཚོའི་ཐོག་མ་མེད་པ་ནས་སྤྱོད་ལམ་ཀྱི་ལས་རྒྱུ་འབྲས་དང་། ང་ཚོ་དང་གཞན། དེ་ག་ནང་བཞིན་ཆོས་ཐམས་ཅད་ཇི་ལྟར་གྲུབ་པའི་ཐོག་ལ་རྨོངས་ཤིང་མ་རིག་པའི་དབང་གིས་ཚད་བཀག་ཅན་ཆགས་ཡོད། བདེན་དོན་གྱི་དངོས་པོའི་གནས་ལུགས་དེ་དག་ལ་རྨོངས་པའམ་མ་རིག་པའི་རྒྱུ་མཚན་གྱིས་ང་ཚོས་ཉོན་མོངས་ཅན་གྱི་སེམས་ཚོར་རྣམས་མྱོང་གི་ཡོད། ཉོན་མོངས་དེ་དག་གི་དབང་དུ་ཤོར་ནས་ང་ཚོས་རང་ཤུགས་ཀྱིས་བྱ་བ་བརྩམ་པ་ལ་བརྟེན་ནས་དབང་མེད་ཀྱི་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་སྟེ། འཁོར་བའི་ནང་སྐྱེ་བའི་ལས་གསོག་གི་ཡོད། ང་ཚོས་ཚེ་རབས་ནས་ཚེ་རབས་ལ་དཀའ་སྡུག་མྱོང་བ་དང་། བདེ་བ་གང་འདྲ་ཞིག་ཡོད་ནའང་དེ་ཡུན་དུ་མི་གནས་ཤིང་། མཐར་ཐུག་འདོད་བློ་ཁེངས་པ་ཞིག་མེད་པའི་ཡིན་བསུན་སྐྱེ་གི་ཡོད། ང་ཚོར་གཞན་ལ་ཕན་འདོགས་རྒྱུའི་བསམ་བློ་ཡོད་ནའང་། བསླབ་བྱ་གང་ཞིག་རྒྱག་པ་དང་ལམ་སྟོན་གང་བྱེད་པའི་རྗེས་འབྲས་གང་ཡོང་བའི་ཐད་གོ་རྟོགས་རྩ་ནས་མེད། ང་ཚོས་ཕན་ཐོགས་ཆེ་ཤོས་དེ་གང་ཡིན་པའི་ཚོད་དཔག་ཙམ་བྱེད་པར་ཟད།
འོ་ན་སྐྱོན་གྱི་ཆ་དེ་དག་ལས་ཐར་བར་བྱེད་ཐུབ་པའི་གཞི་རྩའི་ཆ་རྐྱེན་རྣམས་གང་དང་གང་རེད་དམ། ང་ཚོ་ཚང་མར་ལུས་པོ་དང་། བྱ་བ་བརྩམ་པའི་ནུས་པ། འབྲེལ་བ་བྱེད་པའི་ནུས་པ། གནད་དོན་རྣམས་རྟོགས་པའི་ནུས་པ། གཞན་གྱི་ཕྱོགས་སུ་དགེ་བའི་ཚོར་བ་བཟང་པོ་སྟོན་པ་དང་དེ་དག་ལ་བྱམས་སྐྱོང་བྱེད་པའི་ནུས་པ་དང་ལྡན་ཡོད། ནུས་པ་དེ་དག་ཐམས་ཅད་ད་ལྟ་ཚད་བཀག་ཅན་ཞིག་ཡིན་ནའང་། དེ་དག་ད་དུང་མུ་མཐུད་སྐྱེད་པའི་བསྐུལ་རྐྱེན་བྱེད་ཐུབ། དེ་ནི་ང་ཚོ་ཚང་མར་དགེ་བའི་ནུས་པ་བསགས་ཡོད་པའི་རྒྱུ་མཚན་གྱིས་རེད། དེ་ལ་ཚོགས་ཟེར་གྱི་ཡོད། དེ་ཡང་ང་ཚོ་ད་ལྟའི་གནས་སྐབས་སུ་དལ་འབྱོར་གྱི་མི་ལུས་སུ་སྐྱེས་ཡོད་པ་དང་། རང་ཉིད་ཡར་རྒྱས་མུ་མཐུད་གཏོང་བའི་གོ་སྐབས་ཡོད་པའི་བདེན་དོན་དེ་དངོས་སུ་བསྟན་ཡོད། དེར་མ་ཟད། ད་ལྟ་ང་ཚོར་རྣམ་དཔྱོད་དང་གོ་རྟོགས་ཡོད་པ་རེད། དེ་མིན་ང་ཚོས་ལས་དོན་གང་འདྲ་ཞིག་ཇི་ལྟར་བྱེད་དགོས་མིན་ཤེས་མི་ཐུབ། ཁྱད་ཆོས་སམ་ཡོན་ཏན་དེ་དག་ཐམས་ཅད་ཀྱི་བསྡུས་མིང་ལ་སངས་རྒྱས་ཀྱི་རིགས་ཞེས་ཟེར་གྱི་ཡོད། དེ་དག་ནི་ང་ཚོའི་རྒྱུད་ལ་ཡོད་པའི་རྒྱས་འགྱུར་གྱི་རིགས་རྣམས་ཡིན། གང་ཡིན་ཞེ་ན། དེ་དག་གི་ནུས་པ་ནི་ཚད་མེད་པར་འཕེལ་རྒྱས་འགྲོ་ཐུབ་ཀྱི་ཡོད།
ད་དུང་ང་ཚོའི་སངས་རྒྱས་ཀྱི་རིགས་ཀྱི་ནང་། རང་བཞིན་གནས་རིགས་ཞེས་དུས་རྟག་ཏུ་རང་འཇགས་གནས་པ་དང་རྒྱས་འགྱུར་གྱི་རིགས་གོང་འཕེལ་གཏོང་འཇུག་པར་གཞི་རྩར་གྱུར་བ་དེ་ཡོད། དེ་དག་གི་ནང་སེམས་ཀྱི་རང་བཞིན་དག་པའི་བདེན་དོན་དང་། ང་ཚོ་གང་ཟག་ཡིན་པ་དང་། ང་ཚོའི་ལུས་པོ་དང་སེམས་སོགས་ཐམས་ཅད་ཀྱི་སྟོང་པ་ཉིད་ཡོད། ང་ཚོའི་སེམས་ཀྱི་གཞི་རྩའི་རང་བཞིན་དག་པ་ཡིན་པའི་དོན་ནི། དེ་དག་ནི་རང་བཞིན་གྱིས་ཚད་བཀག་ཅན་གྱི་རྐྱེན་གྱི་དྲི་མས་མ་གོས་པ་དང་། སྟོང་པ་ཉིད་ཅེས་པའི་དོན་ནི། ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པས་སྟོང་པ་དེ་རེད། དཔེར་ན། ང་ཚོའི་སེམས་ནི་མཐའ་གཅིག་ཏུ་རང་ངོས་ནས་གྲུབ་པ་དང་། གཞན་ལ་ལྟོས་མེད་ཀྱི་སྒོ་ནས་ནམ་ཡང་གྲུབ་མེད་ལ་མུ་མཐུད་མི་གྲུབ་ཅིང་། ཚད་བཀག་ཅན་གྱི་གནས་བབས་ཤིག་གི་ནང་དུས་རྟག་ཏུ་གནས་པ་མིན། དེ་ལྟ་བུའི་བདེན་པར་གྲུབ་པའི་ཚུལ་དེ་མི་སྲིད་པ་ཡིན། མཐའ་གཅིག་ཏུ་མེད་པ་སྟེ། ཡིན་པ་མི་སྲིད་པའི་གྲུབ་ཚུལ་གྱིས་སྟོང་པའི་རྒྱུ་མཚན་དང་། ང་ཚོའི་སེམས་ཀྱི་གཞི་རྩའི་རང་བཞིན་དག་པ། དེ་བཞིན་རྒྱས་འགྱུར་གྱི་རིགས་ཚང་མ་ལ་བརྟེན་ནས་ང་ཚོ་ཚང་མ་རང་རྒྱུད་ལ་ཡོད་པའི་སྐྱོན་གྱི་ཆ་རྣམས་རྩད་ནས་སྤངས་ཏེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ནུས་པ་དང་ལྡན་པ་ཡིན།
གསང་སྔགས་ཀྱི་དབང་ནི། ང་ཚོའི་རྒྱུད་ལ་ཡོད་པའི་རང་བཞིན་གནས་རིགས་དེ་ནུས་ལྡན་དུ་བཟོ་བའི་ཆོ་གའི་རིམ་པ་ཞིག་དང་། དེ་དག་གོང་དུ་སྤེལ་བའི་བསྐུལ་རྐྱེན་བྱེད་པ་དང་དགེ་བའི་ས་བོན་མུ་མཐུད་འདེབས་ཀྱིན་ཡོད། དབང་དེ་ཐོབ་པར། གསང་སྔགས་ཀྱི་བླ་མའམ་དགེ་བའི་བཤེས་གཉེན་མཚན་ཉིད་ཡོངས་སུ་ཚང་བ་ཞིག་དགོས་པ་ཙམ་དུ་མ་ཟད། དབང་ཞུ་མཁན་རྣམས་ཀྱང་ཚུལ་མཐུན་གྱི་གྲ་སྒྲིག་དང་གོ་ཤེས་ལྡན་པ། དེ་བཞིན་ཆོ་གའི་རིམ་པའི་ནང་ཆ་ཤས་ཆ་ཚང་ལེན་དགོས་ཀྱི་ཡོད། ཚུལ་མཐུན་གྱི་གྲ་སྒྲིག་ཟེར་བ་ནི། ཐོག་མར་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བསྟེན་དགོས་པ་སྟེ། སྐྱབས་འགྲོ་རང་རྒྱུད་ལ་ལྡན་དགོས། དེ་ནི་སངས་རྒྱས་དང་། ཆོས། འཕགས་པའི་དགེ་འདུན་བཅས་ཀྱིས་བསྟན་པའི་ཉེན་མེད་ཀྱི་ཁ་ཕྱོགས་སུ་འགྲོ་དགོས། ཀུན་རྫོབ་ཀྱི་དབང་དུ་བྱས་ན། ཆོས་ནི་ནང་པའི་ཆོས་ལ་གོ་བ་ཡིན་ནའང་། དོན་དམ་གྱི་དབང་དུ་བྱས་ན། དེ་ནི་ཆོས་ཉམས་སུ་བླངས་ནས་གང་ཐོབ་པ་དེ་ལ་གོ་བ་ཡིན། ང་ཚོའི་སེམས་རྒྱུན་ནས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་རྩད་ནས་སླར་མི་འབྱུང་བའི་ཚུལ་དུ་སྤངས་པ་དང་། དེའི་འབྲས་བུར་རྟོགས་པའི་ཡོན་ཏན་གྱིས་ང་ཚོའི་སེམས་ཡོངས་སུ་གང་བར་བྱེད་ཀྱི་ཡོད། སངས་རྒྱས་རྣམས་ནི། རང་གི་ཐུགས་རྒྱུད་ལ་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་ཡོངས་སུ་རྫོགས་པ་མངའ་བ་ཡིན། འཕགས་པའི་དགེ་འདུན་རྣམས་ནི། ཡོན་ཏན་དེ་དག་གི་ཆ་ཤས་ཙམ་རྟོགས་ཡོད།
ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་ཡོད་པའི་སྒང་ལ་ང་ཚོར་ངེས་འབྱུང་གི་གཞི་རྩའི་རིམ་པ་ཞིག་ཀྱང་དགོས། དེའི་དོན་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བ་ལས་ཐར་བའི་ཆོད་སེམས་བརྟན་པོ་ཞིག་དགོས། ང་ཚོ་དེ་ལས་ཐར་བར་ཆོད་སེམས་བརྟན་པོ་ཡོད་པ་སོང་ཙང་། ང་ཚོས་སྡུག་བསྔལ་བདེན་པ་དང་སྡུག་བསྔལ་གྱི་རྒྱུ་ངོ་མ་རྣམས་སྤོང་རྒྱུའི་འདུན་པ་ཡོད། དེ་དག་ལ་བརྟེན་ནས་ང་ཚོའི་ལུས་སེམས་སྐྱེ་བ་རེ་རེའི་ནང་ཚད་བཀག་བཟོ་འཇུག་གི་ཡོད།
གཞན་ཡང་ང་ཚོའི་སངས་རྒྱས་ཀྱི་རིགས་ནུས་པ་དང་ལྡན་པ་བཟོ་བར། ང་ཚོར་གཞི་རྩའི་རིམ་པའི་བྱང་ཆུབ་ཀྱི་སེམས་དགོས། བྱང་ཆུབ་ཀྱི་སེམས་དེ་ལ་བརྟེན་ནས་ང་ཚོས་སོ་སོ་རང་ཉིད་ཀྱི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཀྱི་ཡོད། འོན་ཀྱང་དེ་ནི་ང་ཚོའི་རྒྱུད་ཀྱི་སངས་རྒྱས་ཀྱི་རིགས་ལ་གཞི་བྱས་ནས་འཐོབ་ཐུབ། ང་ཚོའི་དམིགས་ཡུལ་ནི་གོ་འཕང་དེ་འཐོབ་རྒྱུ་དེ་ཡིན་པ་དང་། དེ་ལྟར་བྱེད་པའི་རྒྱུ་མཚན་ནི། གཞན་རྣམས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ལས་ཐར་བ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཕན་གང་ཐུབ་འདོགས་རྒྱུ་དེ་ཡིན། དེ་ལྟ་བུའི་དམིགས་ཡུལ་ནི་སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ་མཉམ་པར་ཡོད་པ་དང་། དེ་དག་ཚང་མར་ཕན་པའི་གོ་ལ་སྤྱིའི་འགན་འཁྲི་དང་ལེན་བྱེད་པར་གཞི་བྱས་ཡོད།
དེའི་སྒང་ལ་ང་ཚོར་སྟོང་ཉིད་ལ་གཞི་རིམ་གྱི་གོ་རྟོགས་ཤིག་དགོས། དེ་ཡང་ང་ཚོ་དང་། གཞན་སེམས་ཅན་རྣམས། འཁོར་བ། ཐར་པ། སངས་རྒྱས་ཀྱི་གོ་འཕང་ལ་སོགས་པ་ཚང་མ་ཡེ་གདོད་མ་ནས་ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པས་སྟོང་པ་དེ་རེད། དེ་དག་ཐམས་ཅད་ལོགས་སུའམ་རང་དབང་བ་དང་། གཞན་ལ་ལྟོས་མེད་ཀྱིས་གྲུབ་མེད། དེའི་ནང་རྒྱུ་དང་འབྲས་བུ། དེ་དག་གི་ཐད་གྲོས་བསྡུར་དང་བསམ་བློ་གཏོང་བར་བེད་སྤྱོད་བྱེད་པའི་རྣམ་རྟོག་གི་སྡེ་ཚན་རྣམས་ཚུད་ཡོད། ང་ཚོར་ད་དུང་ཡང་གསང་སྔགས་ཉམས་ལེན་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཇི་ལྟར་འཐོབ་པའི་ཚུལ་ལ་གཞི་རྩའི་གོ་རྟོགས་དགོས་པ་དང་། དེའི་ཐབས་ལམ་ཁག་དང་གསང་སྔགས་ཀྱི་བླ་མའམ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཐབས་ལམ་དེ་དག་བརྒྱུད་དེ་ང་ཚོར་ལམ་སྟོན་གནང་བའི་ནུས་པ་ལ་གདེང་ཚོད་དང་ཡིད་ཆེས་དགོས།
རྒྱུད་སྡེ་བཞི་ལས་རྣལ་འབྱོར་བླ་མེད་རྒྱུད་ཀྱི་དབང་གནང་བའི་སྐབས། དཔེར་ན། དུས་འཁོར་གྱི་དབང་ལྟ་བུ་མཚོན་ན། ང་ཚོས་བྱང་སེམས་སྡོམ་པ་དང་གསང་སྔགས་སྡོམ་པ་ལེན་གྱི་ཡོད། བྱང་སེམས་སྡོམ་པ་ནི། ང་ཚོས་གཞན་ལ་གང་ཐུབ་ཀྱིས་ཕན་འདོགས་པའི་སྐབས་འགོག་རྐྱེན་བྱེད་པའི་སྤྱོད་ལམ་གྱི་རིགས་རྣམས་སྤོང་རྒྱུ་དེ་རེད། གསང་སྔགས་ཀྱི་སྡོམ་པ་ནི། ང་ཚོའི་གསང་སྔགས་ཀྱི་ཉམས་ལེན་གྲུབ་འབྲས་ལྡན་པ་ཞིག་ཡོང་བར་འགོག་རྐྱེན་བར་ཆད་བྱེད་པའི་སྤྱོད་ལམ་དང་བསམ་བློ་གཏོང་ཕྱོགས་སྤོང་རྒྱུ་དེ་རེད། སྡོམ་པ་དེ་དག་འཐོབ་པར། ང་ཚོས་དྲན་ཤེས་ལྡན་པའི་སྒོ་ནས་ཀུན་སློང་རྣམ་པར་དག་པའི་ཐོག་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་སྡོམ་པ་དེ་དག་གང་ཐུབ་ཀྱིས་བསྲུང་ཐབས་བྱ་རྒྱུའི་ཁས་ལེན་བྱེད་དགོས། དེ་དག་བསྲུང་བའི་ནུས་པའི་གཞི་རྩ་ནི། སོ་སོ་ཐར་པའི་སྡོམ་པ་གང་འཚམས་ཤིག་བསྲུང་བ་ལས་ཐོབ་པའི་ང་ཚོའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལ་རག་ལུས་ཡོད། དཔེར་ན། སྲོག་གཅོད་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ། རྫུན་སྤོང་བ། ཆང་སྤོང་བ། ཐར་པ་འཐོབ་པར་རན་འཚམས་མིན་པའི་ལོག་གཡེམ་སྤོང་བའི་ཁྱིམ་པའི་སྡོམ་པ་ལྟ་བུ་རེད།
དབང་གི་ཆོ་གའི་ནང་ཆ་ཤས་དུ་མ་དང་ལྡན་ཡོད་པ་དང་། དེ་དག་རེ་རེའི་ནང་གསང་སྔགས་ཀྱི་བླ་མ་དེ་ཡི་དམ་གྱི་ལྷར་དམིགས་རྣམ་དུ་བྱ་ཚུལ་དང་། ཁོར་ཡུག་དེ་དཀྱིལ་འཁོར་གྱི་གཞལ་ཡས་ཁང་དང་ཡི་དམ་གྱི་རྟེན་ལ་དམིགས་རྣམ་བྱེད་པ། སོ་སོ་རང་ཉིད་ནི། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་འཐོབ་འདུན་ཡོད་པའི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་མཚོན་པའི་ཡི་དམ་གྱི་ལྷ་སྣ་ཚོགས་པ་དམིགས་རྣམ་དུ་བྱེད་པ་བཅས་མགོ་རྙོག་ཅན་ཞིག་ཡོད། ང་ཚོས་དེ་དག་གསལ་པོ་ཞིག་དམིགས་རྣམ་དུ་བྱེད་མི་ཐུབ་ནའང་། མ་མཐའ་ཡང་ང་ཚོས་རང་གི་བླ་མ་དང་ཁོར་ཡུག་དང་བཅས་པ་དག་པའི་གཟུགས་སུ་ཡོད་པར་ཚོར་དགོས།
དབང་གི་རིམ་པ་རེ་རེའི་ནང་། ང་ཚོས་སྟོང་ཉིད་ལ་དམིགས་པ་གཏད་པའི་སེམས་བདེ་བའི་གནས་བབས་ཤིག་མྱོང་བཞིན་པ་ལའང་བསམ་དགོས། ང་ཚོས་དེ་ཧ་ཅང་ཡག་པོ་ཞིག་བྱེད་མི་ཐུབ་པ་ཡོང་སྲིད་ཀྱང་། མ་མཐའ་ཡང་ང་ཚོས་གང་འབྱུང་བཞིན་པ་རྣམས་རྒྱུ་དང་། འབྲས་བུ། ཆ་ཤས་སོགས་དང་། དེ་དག་གི་ཚིག་དང་དོན་གང་ལ་གོ་བ་སོགས་ལྟོས་མེད་རང་དབང་གིས་གྲུབ་པ་གཅིག་ཀྱང་མེད་པར་བསམ་དགོས། ང་ཚོས་རང་གི་རང་ལ་སྟོང་ཉིད་ཀྱི་བདེན་དོན་དེ་དྲན་གསོ་གཏོང་བའི་སྐབས། གདན་དོན་དེ་འདྲ་ཡིན་པར་དགའ་བ་བསྒོམ་དགོས། བདེ་སྟོང་རིག་པ་ལ་དྲན་ཤེས་ལྡན་པའི་མྱོང་བ་ནི། ང་ཚོའི་རྒྱས་འགྱུར་གྱི་རིགས་ནུས་ལྡན་དུ་བཟོ་བ་དང་། གོང་ནས་གོང་དུ་འཕེལ་བའི་བསྐུལ་རྐྱེན་བྱེད་པ། ནུས་པའི་ས་བོན་གང་མང་འདེབས་པར་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་སེམས་ཀྱི་གནས་བབས་དེ་འདྲ་ཞིག་སྐྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་དགོས། དེ་ལྟར་བྱས་ན། ང་ཚོས་དབང་གནང་བ་དེ་མཐོང་བ་ཙམ་མིན་པར་དབང་དེ་དངོས་སུ་ཐོབ་ཀྱི་རེད།།