ངོ་སྤྲོད།
གལ་ཏེ་ང་ཚོར་གསང་སྔགས་ཀྱི་དབང་ཞིག་ཐོབ་ཡོད་ན། ནམ་རྒྱུན་ང་ཚོས་དབང་དེ་དང་འབྲེལ་བའི་ཉམས་ལེན་རྣམས་ཉིན་རེ་བཞིན་རང་གི་མི་ཚེའི་ལྷག་མའི་ནང་བྱ་རྒྱུའི་དམ་བཅའ་འཇོག་གི་ཡོད། བོད་མི་མང་པོ་ཞིག་གིས་དབང་ཞུ་བའི་སྐབས། སེམས་ནང་སྐྱེ་བ་ཕྱི་མའི་དོན་དུ་བག་ཆགས་བཟང་པོ་ཞིག་འཇོག་པའི་ས་བོན་འདེབ་རྒྱུའི་ཀུན་སློང་དང་བཅས་ཏེ་དབང་ཞུ་ཞིང་། ཁོང་ཚོས་ཉིན་ལྟར་སྔགས་བཟླས་བརྗོད་ཙམ་བྱེད་པ་མ་གཏོགས་གཞན་ཚེ་འདིའི་ནང་གསང་སྔགས་ཀྱི་ཆོས་དེ་དངོས་སུ་གཏིང་ཟབ་པོའི་སྒོ་ནས་ཉམས་ལེན་བྱ་རྒྱུའི་དམིགས་ཡུལ་མེད། ནུབ་ཕྱོགས་པ་ལྟ་བུར་མཚོན་ན། ང་ཚོ་མང་ཆེ་བ་སྐྱེ་བ་ཕྱི་མའི་སྐོར་ངེས་ཤེས་རྙེད་པ་ཞིག་བྱུང་མེད་པས། ཚེ་འདིའི་ཐོག་ནས་བསམ་བློ་གཏོང་གི་ཡོད། འོན་ཀྱང་ང་ཚོས་སོ་སོའི་ཉིན་རེའི་ཉམས་ལེན་རྣམས་བྱེད་ཀྱིན་ཡོད་ནའང་། དེ་ལ་བརྟེན་ནས་ང་ཚོས་མཐར་ཐུག་གི་གོ་འཕང་ཞིག་འཐོབ་ཀྱི་མེད་པའི་ཚོར་བ་ཞིག་ཡང་ནས་ཡང་དུ་འབྱུང་སྲིད་ལ། དེ་ཡང་ལས་སླ་པོའི་སྒོ་ནས་ང་ཚོས་གོ་དཀའ་བའི་ཨིན་སྐད་དམ་བོད་སྐད་གང་རུང་ནང་ཚིག་འགའ་ཞིག་བཟླས་བརྗོད་བྱེད་པ་ཙམ་གྱི་ཆོ་ག་སྟོང་པ་ཞིག་ཏུ་འགྱུར་གྱི་ཡོད།
གལ་ཏེ་ང་ཚོས་ཉིན་རེའི་ཉམས་ལེན་བྱ་རྒྱུའི་དམ་བཅས་པ་ཡིན་ན། དེ་གང་ཐུབ་ཅི་ཐུབ་ཀྱིས་ཕན་ནུས་ཐོན་པ་ཞིག་བཟོ་ཐབས་བྱེད་དགོས་ཤིང་། ང་ཚོའི་འབད་འབུངས་ལྷོད་མེད་བྱེད་དགོས་ཀྱི་ཡོད།
གསང་སྔགས་ཉམས་ལེན་སྤྱི་དང་དམིགས་བསལ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཉམས་ལེན་ལ་བརྟེན་ནས་ཚེ་འདི་རང་གི་ནང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་ཅེས་གསུངས་ཡོད། དེར་བརྟེན་ལོ་གསུམ་ཕྱོགས་གསུམ་ཉམས་ལེན་བྱས་ན། སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་ཐུབ་རྒྱུ་ངེས་པ་ཡིན། དེ་ནི་ཡིད་མགུ་ནུས་པ་ཞིག་དང་རྣམ་གཞག་གི་ཐོག་ནས་སྒྲུབ་ཐུབ་པ་ཞིག་ཡིན་ནའང་། དངོས་ཡོད་གནས་ཚུལ་ལ་དེ་ནི་་འཐོབ་དཀའ་བ་ཞིག་ཡིན་པ་ང་ཚོས་རྟོགས་དགོས། གསང་སྔགས་ཉམས་ལེན་བྱ་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་ཡོད། དེ་ལ་ཐེག་ཆེན་མདོའི་ཉམས་ལེན་སྐབས་བསྐལ་པ་གྲངས་མེད་དུ་འགོར་གྱི་ཡོད་པ་ནང་བཞིན་མི་འགོར་ནའང་། གསང་སྔགས་ཀྱི་ཉམས་ལེན་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་མི་ཚེའི་ཧ་ཅང་མང་པོའི་རིང་ད་དུང་གཟབ་ནན་གྱི་ཉམས་ལེན་བྱེད་དགོས་ཀྱི་ཡོད། གཟབ་ནན་གྱི་ཉམས་ལེན་ཟེར་བ་ནི་ཉིན་གཅིག་གི་ཆུ་ཚོད་ཉེར་བཞི་ཆ་ཚང་སྟེ། གུང་གསེང་སོགས་གང་ཡང་མེད་པར་ཉམས་ལེན་བྱེད་པའི་དོན་ཡིན། གསང་སྔགས་ཉམས་ལེན་བྱེད་པ་ནི་ལེ་ལོ་ལས་གཡོལ་ཐབས་ཤིག་མ་ཡིན།
དབང་ཕལ་ཆེ་བ་གནང་བའི་སྐབས་སུ། གསང་སྔགས་ཀྱི་བླ་མས་སྔགས་ཀྱི་གཞི་རྩའི་རྣམ་གཞག་དང་། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཚུལ། ཉམས་ལེན་པ་རྣམས་ཀྱི་རྒྱུད་ལ་ཐབས་ལམ་ཇི་ལྟར་རྒྱས་སྤྲོས་ཆེ་ཚུལ་ལ་གཏིང་ཟབ་ཀྱི་གུས་ཞབས་བཅས་སེམས་སྐུལ་དང་རིམ་སྤེལ་གྱི་དམིགས་ཡུལ་བཟུང་ནས་འགྲེལ་བརྗོད་གནང་གི་ཡོད། ང་ཚོའི་ངོས་ནས་དངོས་གནས་གུས་ཞབས་བྱེད་དགོས། གལ་ཏེ་ང་ཚོས་འཇིག་རྟེན་འདིའི་སངས་རྒྱས་རྣམས་ཀྱི་གྲངས་ལ་བལྟས་ན། དེ་དག་ལས་ཁ་ཤས་ཀྱིས་མ་གཏོགས་གསང་སྔགས་ཀྱི་ཆོས་ནམ་ཡང་གསུང་གི་མེད། དེས་ང་ཚོས་དོ་གལ་ཆེན་པོའི་སྒོ་ནས་འཇུག་དགོས་པའི་སེམས་སྐུལ་བྱེད་ཀྱི་ཡོད།
དོ་གལ་ཆེན་པོའི་འཇུག་དགོས་ཞེས་པའི་དོན་ངོ་མ་གང་ཡིན་ནམ། དེ་ནི་ཉིན་རེའི་འཆར་ཅན་གྱི་དམ་བཅའ་རྣམས་བསྲུང་རྒྱུ་ཙམ་མ་ཡིན། དེ་ནི་མི་མང་ཆེ་བས་དུས་ཚོད་གང་འཚམས་རྗེས་ནས་སྣང་མེད་གཏོང་གི་ཡོད། གང་ཡིན་ཟེར་ན། ཁོང་ཚོས་དེ་དག་བསྲུང་རྒྱུ་ཉོབ་སྣང་སྐྱེ་བའམ་ཡང་ན་དུས་ཚོད་མེད་པའི་རྐྱེན་གྱིས་རེད། གལ་ཏེ་ང་ཚོ་གཞོན་དུས་ནས་དབང་ཞུས་ཡོད་ན། ང་ཚོ་ནམ་རྒྱུན་ཁ་བཤད་ལག་སྟོང་ཅན་ཆགས་ནས་ནང་མི་དང་འདུན་ལམ་ཞིག་ཡོད་པ་དེས་དུས་ཚོད་དང་འགན་འཁྲིའི་ཐད་བསམ་བློ་གཏོང་གི་མེད། གལ་ཏེ་ང་ཚོས་ཉིན་རེའི་ཉམས་ལེན་དེ་མི་ཚེ་ཧྲིལ་པོའི་ནང་རྒྱུན་སྐྱོང་བྱེད་དགོས་ན། དེ་ནས་ང་ཚོས་ལམ་རིམ་གྱི་རིམ་པ་ཆ་ཚང་ཐོག་སྦྱོང་བརྡར་བྱེད་དགོས། ང་ཚོས་བསམ་པ་རྣམ་དག་དང་སེམས་ཚོར་ལྡན་པའི་སྒོ་ནས་ལམ་གྱི་རིམ་པ་རེ་རེ་བཞིན་སོ་སོའི་མི་ཚེའི་ནང་མཉམ་སྡེབ་ཀྱིས་ལག་བསྟར་བྱེད་ཐུབ་པ་དགོས།
ང་ཚོས་དེ་ལྟར་ཉམས་སུ་ལེན་པ་ནི་ལས་སླ་པོ་ཞིག་ཡིན་པར་བསམ་རྒྱུ་མེད། རིམ་པ་གཉིས་པ་དེ་རིམ་པ་དང་པོར་གཞི་བཅོལ་ཡོད་པ་དང་། དེ་ག་ནང་བཞིན་རིམ་པ་གསུམ་པ་དེ་རིམ་པ་གཉིས་པའི་ཐོག་ལ་གཞི་བཞག་ཡོད་པས། རིམ་པ་སྔ་མ་དེ་བརྟན་ཚུགས་པོ་ཞིག་མ་བཟོས་བར་དུ་དེ་བསྐྱུར་ནས་མདུན་དུ་མཆོང་རྒྱག་རྒྱག་མི་ཐུབ། དེ་མིན་ང་ཚོའི་ཉམས་ལེན་ཡོངས་སུ་རྫོགས་པ་བརྟན་པོ་མེད་པ་ཆགས་ཀྱི་ཡོད། རིམ་པ་མི་འདྲ་བ་དེ་དག་གི་གལ་གནད་ནི། དེ་དག་གིས་ང་ཚོའི་ཉིན་རེའི་ཉམས་ལེན་ལ་ཕན་ཐོགས་པ་དང་གསང་སྔགས་ཀྱི་ཆོས་ནུས་པ་དང་ལྡན་པའི་སྒོ་ནས་ཉམས་སུ་ལེན་ཐུབ་པར་བྱེད་ཀྱི་ཡོད།
དགེ་བའི་བཤེས་གཉེན།
ལམ་རིམ་ནི་དགེ་བའི་བཤེས་གཉེན་གྱི་གལ་གནད་འགྲེལ་བརྗོད་དང་བཅས་འགོ་བཙུག་གི་ཡོད། ང་ཚོར་དབང་གནང་མཁན་གྱི་དགེ་བའི་བཤེས་གཉེན་ནམ་བླ་མ་ཞིག་དགོས་པ་ནི་གསལ་པོ་རེད། ཁོང་ཚོའི་ཁུངས་གཏུགས་ས་ནི་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་གཏུགས་ནས་དེ་ལས་བརྒྱུད་པའི་བླ་བ་རྣམས་དང་ང་ཚོའི་དབར་འབྲེལ་བ་མཐུད་པ་མ་ཟད། དེ་དག་ལས་བརྒྱུད་པའི་ཆོས་ཀྱི་ཉམས་ལེན་ཁུངས་བཙན་པ་དང་ཕན་ནུས་ལྡན་པའི་རང་བཞིན་ལ་ངེས་ཤེས་འདྲེན་པར་བྱེད་ཀྱི་ཡོད། ང་ཚོས་སྡོམ་པ་དང་དམ་བཅའ་སོགས་ཁས་ལེན་བྱེད་སྐབས། དགེ་བའི་བཤེས་གཉེན་ངོས་ནས་ཀྱང་སྒེར་གྱི་བསམ་ཕྱོགས་ཤིག་ཀྱང་ཁ་སྣོན་བྱེད་ཀྱི་ཡོད། སངས་རྒྱས་དམིགས་རྣམ་དུ་བྱ་རྒྱུའི་དམ་བཅས་པ་དེས་ནམ་རྒྱུན་རང་གི་མདུན་དུ་བཞུགས་པའི་གང་ཟག་དེ་དམིགས་རྣམ་དུ་བྱེད་པ་ནང་བཞིན་སེམས་ཚོར་གྱི་རྣམ་པ་གཅིག་པ་གཅིག་རྐྱང་ཞིག་སྦྱིན་གྱི་མེད།
ང་ཚོའི་དགེ་བའི་བཤེས་གཉེན་ནི་ང་ཚོར་སེམས་སྐུལ་གནང་མཁན་དང་མུ་མཐུད་མདུན་སྐྱོད་ཆེད་སེམས་ཚོར་ལྡན་པའི་སྒོ་ནས་བློ་སྟོབས་སྦྱིན་མཁན་ཞིག་དགོས། ང་ཚོས་དགེ་བའི་བཤེས་གཉེན་ལ་ཇི་ཙམ་གུས་ཞབས་དང་ཡི་རང་བྱེད་པ་དེ་ཚོད་ཀྱིས་ང་ཚོའི་ཚུལ་ཁྲིམས་དང་དམ་བཅའ་རྣམས་གཏིང་ཟབ་པ་ཡོང་གི་ཡོད། མདོའི་ནང་དགེ་བའི་བཤེས་གཉེན་ནམ་བླ་མ་དེ་རང་གི་སྤྱི་བོའི་སྟེང་ངམ་སྙིང་ཁར་གཟུགས་ཆུང་ཆུང་གི་ངོ་བོར་དམིགས་རྣམ་བྱེད་དགོས་པའི་ལམ་སྟོན་གནང་གི་ཡོད། གལ་ཏེ་ང་ཚོས་དགེ་བའི་བཤེས་གཉེན་དེ་ལྟར་ཉིན་གང་དམིགས་རྣམ་དུ་བྱས་ན། ཁོང་རྣམ་པའི་མདུན་དུ་དོ་ཁུར་དང་གུས་ཞབས་མེད་པའི་སྒོ་ནས་བྱ་སྤྱོད་སྤེལ་རྒྱུ་ཁག་པོ་ཆགས་ཀྱི་ཡོད།
དེ་ལྟར་གུས་ཞབས་དང་ཡི་རང་ལ་བརྟེན་ནས་སེམས་ཚོར་གཏིང་ཟབ་ཅིག་སྐྱེད་པ་དེས་ང་ཚོར་གནོད་འཚེ་བྱ་མི་རུང་བའམ་ཞེན་ཆགས་སྐྱེ་མི་རུང་། ང་ཚོར་འདོད་པ་མེད་པའི་བྱ་བ་བྱེད་དགོས་ཞེས་བཤད་པའི་སྐབས། ང་ཚོས་ཁོང་ཁྲོ་དང་བློ་ཕམ་ཐོག་ཡ་ལན་མི་སློག་པ་མ་ཟད། ང་ཚོས་ཡག་ཤོས་ཤེས་ཀྱི་ཡོད་བསམས་ནས་ཁེངས་དྲེགས་ཅན་མི་ཆགས་པའི་གདེང་ཚོད་ཅིག་ང་ཚོར་སྟེར་གྱི་ཡོད། ད་དུང་དགེ་བའི་བཤེས་གཉེན་དེ་མཆོད་ཡུལ་ཡང་དག་པ་ཞིག་ཡིན་པ་དང་སོ་སོ་རང་ཉིད་ཐབས་སྐྱོ་པོ་དང་། ཁྱད་ཆོས་བཟང་པོ་དང་མི་ལྡན་པའི་སེམས་ཅན་དམའ་པོ་ཡིན་བསམས་ནས་བློ་ཕམ་དུ་འཇུག་གི་མ་རེད། རྒྱལ་བ་ལྔ་པ་ཆེན་པོའི་ཞལ་སྔ་ལས། ང་ཚོས་བླ་མའམ་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་སྐྱོན་གཉིས་ཀྱི་དབར་རྣམ་པར་འབྱེད་དགོས་ཞེས་གསལ་པོར་གསུངས་ཡོད། འོན་ཀྱང་དགེ་བའི་བཤེས་གཉེན་ལ་སྐྱོན་ལས་ཡོན་ཏན་རྦད་དེ་མང་བ་ཡོད་པ་སོང་ཙང་། ང་ཚོས་དགེ་བའི་བཤེས་གཉེན་དམིགས་རྣམ་དུ་བྱེད་པས་ཕན་ཡོན་དང་སེམས་སྐུལ་རྦད་དེ་མང་བ་འཐོབ་ཀྱི་ཡོད།
མི་ལུས་རིན་ཆེན།
རིམ་པ་རྗེས་མ་འདི་ནི་མི་ལུས་རིན་ཆེན་གྱི་སྐོར་བསམ་བློ་གཏོང་རྒྱུ་དེ་ཡིན། ང་ཚོར་ཉམས་ལེན་ཞིག་བྱེད་པའི་ཆེད་དུ་གནས་སྐབས་ཀྱི་གོ་སྐབས་བཟང་པོ་འདི་ཡོད་པ་རེད། དེས་འཛམ་གླིང་ནང་དངོས་གནས་ང་ཚོའི་དུས་ཚོད་མང་ཆེ་བ་དོན་དང་ལྡན་པ་བཟོ་ཐུབ། ལྷག་པར་དུ་གལ་ཆེ་བ་ཞིག་ནི། འགྲོ་བ་མི་ཡིན་པའི་ཆ་ནས་གསང་སྔགས་ཉམས་ལེན་སྐབས་སངས་རྒྱས་པར་མཁོ་བའི་ཆ་རྐྱེན་ཕྲ་བའི་རྩ་རླུང་འཕྲུལ་འཁོར་ཡོད་པ་ནི་ལམ་རིམ་གྱི་ཚད་ལྡན་གྱི་གྲངས་སུ་གསལ་མེད་པའི་ཐུན་མིན་ཞིག་ཡིན། དེས་ང་ཚོའི་མི་ལུས་རིན་ཆེན་འདི་ཧང་སང་ཡག་གི་རྩ་ཆེན་པོ་བཟོ་གི་ཡོད།
གསང་སྔགས་ཀྱི་སྡོམ་པའི་ནང་གི་གཅིག་ནི་རང་གི་ཕུང་པོར་སྐྱོན་བརྗོད་མི་བྱེད་པ་དེ་ཡིན། དེ་ནི་ང་ཚོའི་ལུས་སེམས་གཉིས་ཀ་ཡིན། གང་ཡིན་ཞེ་ན། དེ་གཉིས་ཧ་ཅང་རྩ་ཆེན་པོ་དང་ང་ཚོས་ལམ་ལ་བེད་སྤྱོད་གཏོང་དགོས་ཀྱི་ཡོད། རང་གིས་རང་ལ་ཨུ་ཚུགས་ཤུགས་ཆེན་བྱེད་པ་དང་སེམས་ཁྲལ་བྱེད་པ་དེས་ང་ཚོའི་རླུང་གི་འགྲོས་ལ་དཀའ་ངལ་གྱི་རྒྱུ་བྱེད་ཀྱི་ཡོད། ཡིན་ནའང་ང་ཚོས་འདི་དང་ལེ་ལོའི་མཐའ་གཉིས་ཀྱི་དབུ་མའི་ལམ་ཞིག་འཚོལ་དགོས། ང་ཚོ་གཉིད་ཡག་པོ་ཁུག་དགོས་པ་དང་། ཟས་ཡག་པོ་བཟའ་དགོས་པ། དེ་བཞིན་གཟུགས་པོར་ལུས་རྩལ་འདང་ངེས་རག་དགོས། དམིགས་བསལ་ང་ཚོས་འཚེ་བ་དང་འཆལ་སྤྱོད་ཀྱི་འཁྲིག་སྦྱོར་སོགས་ལ་བརྟེན་ནས་སེམས་མ་དག་པའམ་བཙོག་པ་བཟོ་རྒྱུ་སྤོང་དགོས།
གལ་ཏེ་ང་ཚོར་ཐོབ་པའི་མི་ལུས་རིན་ཆེན་འདི་ལ་ཡི་རང་དང་དགའ་བ་མ་བསྒོམ་པ་ཡིན་ན། དེ་ཆུད་ཟོས་སུ་འགྲོ་བ་དང་ཕན་ནུས་ལྡན་པའི་སྒོ་ནས་གསང་སྔགས་ཉམས་ལེན་བྱ་རྒྱུའི་རྙེད་དཀའ་བའི་གོ་སྐབས་དེ་ཤོར་གྱི་ཡོད། ང་ཚོས་སོ་སོའི་ཀུན་སློང་ལ་བསམ་བློ་གཏོང་རྒྱུ་སྣང་མེད་བཏང་ནས་ཚིག་ཙམ་ཁ་འདོན་བྱེད་པ་དང་དྲན་ཤེས་མེད་པའི་ཐོག་རྡོ་རྗེ་དང་དྲིལ་བུ་དཀྲོལ་གྱི་ཡོད། དེ་ནི་ཆོ་ག་སྟོང་པ་འདྲ་པོ་རེད། ག་དུས་ཡིན་ཀྱང་ང་ཚོས་སོ་སོ་རང་ཉིད་ཧ་ཅང་ཚད་མཐོ་བའི་གསང་སྔགས་ཉམས་ལེན་པ་ཞིག་ཡིན་བསམ་གྱི་ཡོད།
ངས་གནད་དོན་གཅིག་ཤོད་འདོད་འདུག །དེ་ནི་ཉིན་ལྟར་ཆོ་ག་སྟོང་པ་འདི་བྱེད་པ་མཐའ་གཅིག་ཏུ་དུས་ཚོད་འཕྲོ་བརླག་མིན། དེས་ད་དུང་ཡང་ཚུལ་ཁྲིམས་དང་འགན་འཁྲིའི་ཚོར་བ་ཞིག་སྐྱེད་པར་ཕན་གྱི་ཡོད། གལ་ཏེ་ང་ཚོས་དེ་བོད་སྐད་ནང་ཁ་འདོན་བྱས་ན། དེར་རྟ་དབྱངས་དམིགས་བསལ་ཞིག་ཡོད་པ་དེས་ང་ཚོར་ཞི་ལྷོད་ཡོང་བར་ཕན་ཐོགས་པ་དང་། དེས་བོད་ཀྱི་ཆོས་བརྒྱུད་དང་འབྲེལ་བ་མཐུད་ཀྱི་ཡོད། ཡིན་ནའང་ང་ཚོས་མི་ལུས་རིན་ཆེན་འདིའི་གནད་འགག་གཙོ་བོ་སྟེ། ཉམས་ལེན་གྱི་ཁེ་བཟང་ཚང་མ་ལེན་གྱི་མེད།
འཆི་བ་དང་མི་རྟག་པ།
ནམ་ཞིག་ང་ཚོས་མི་ལུས་རིན་ཆེན་འདི་ཐོབ་པར་དགའ་བ་སྒོམ་པ་དང་ཡི་རང་བྱེད་པ་དེའི་ཚེ་ན་ང་ཚོས་འཆི་བ་དང་མི་རྟག་པའི་ཐོག་ལ་བསམ་ཞིབ་བྱེད་ཀྱི་ཡོད། ང་ཚོའི་མི་ཚེ་ནི་མི་རྟག་པ་ཡིན་པ་དང་ང་ཚོ་འཆི་རྒྱུ་ངེས་པ་རེད། ང་ཚོ་དུས་ཚོད་ངེས་མེད་ཀྱི་ནང་འཆི་སྲིད། གང་ཡིན་ཟེར་ན། འཆི་བ་ཡོང་བར་རྒས་འཁོགས་དང་གཞོན་གཞོན། ནད་པ་དང་བདེ་ཐང་སོགས་ཀྱི་དབར་རྣམ་པར་ཕྱེས་ཏེ་ཡོང་གི་མེད། སུ་ལའང་ཡོང་ཆོག །ང་ཚོ་ཤི་བའི་སྐབས། ཆོས་ཉམས་ལེན་ལ་བརྟེན་ནས་རང་སོ་སོས་བསགས་པའི་དགེ་བའི་ལས་ཁོ་ནས་ཕན་པ་ལས་གཞན་གང་གིས་ཀྱང་ཕན་ཐོགས་ཀྱི་མེད།
གསང་སྔགས་ཉམས་ལེན་གྱི་དམིགས་ཡུལ་ནི། འཆི་བ་དང་སླར་སྐྱེ་བ་མེད་པ་བཟོ་རྒྱུ་དེ་རེད། དེ་གཉིས་ནི་ཚེ་རབས་ནས་ཚེ་རབས་བརྒྱུད་དེ་སྡུག་བསྔལ་མྱོང་བའི་གཞི་རྩ་དེ་ཡིན། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནང་། འཆི་བའི་རྒྱུད་རིམ་གྱི་ནང་གང་འབྱུང་གི་ཡོད་མེད་ཐོག་གཞིར་བཞག་པའི་ཉམས་ལེན་ཁག་དང་། བར་དོའི་གནས་སྐབས། ཡང་བསྐྱར་སྐྱེ་བ་ལེན་ཚུལ་བཅས་ཚུད་ཡོད། སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་ལ། ང་ཚོའི་སྤྱིར་བཏང་འཆར་ཅན་གྱི་འཆི་བ་དང་། བར་དོ། སླར་སྐྱེ་བ་བཅས་ལ་དངོས་སུ་ཚབ་བྱེད་ཐུབ་པའི་ཆེད་དུ་ང་ཚོས་ཉམས་ལེན་དེ་དག་བྱེད་ཀྱི་ཡོད།
ང་ཚོ་ཤི་བའི་སྐབས་རྣམ་ཤེས་རགས་པ་འཐིམས་ནས་ཤིན་ཏུ་ཕྲ་བའི་སེམས་སམ་རྣམ་ཤེས་རིམ་པར་གནས་ཀྱི་ཡོད། ང་ཚོར་ད་དུང་མ་རིག་པ་དང་ཉོན་མོངས་ལས་བྱུང་བའིི་ལས་ཀྱི་ནུས་པ་ཡོད་ན། དེ་དག་མངོན་དུ་གྱུར་ནས་ངན་སོང་དུ་སྐྱེ་བར་བྱེད་སྲིད། འཁོར་བའི་སྣང་ཚུལ་དང་གྲུབ་ཚུལ་གྱི་རྒྱུ་བྱ་རྒྱུའི་ཚབ་ཏུ་གསང་སྔགས་ལ་བརྟེན་ནས་སད་རྟོགས་ཀྱི་གྲུབ་ཚུལ་སྐྱེད་པར་བྱེད་ཅིང་། དེ་ཡང་སྟོང་ཉིད་དང་བྱང་ཆུབ་སེམས་ཀྱི་ཀུན་སློང་ལ་གོ་རྟོགས་ཤིག་ཡོད་པ་ལ་བརྟེན་ནས་ཡོང་གི་ཡོད།
རྣལ་འབྱོར་བླ་མེད་རྒྱུད་ཀྱི་རིམ་པ་དང་པོའི་ནང་། ང་ཚོས་ཤིན་ཏུ་ཕྲ་བའི་སེམས་ལ་སྙོབ་པར་བསམ་བློ་གཏོང་དགོས་ཤིང་། དེ་ལས་ནམ་རྒྱུན་འཆར་ཅན་གྱི་འཁོར་བའི་རྣམ་པ་ཞིག་གི་ཚབ་ཏུ་སངས་རྒྱས་ཀྱི་རྣམ་པ་ཞིག་སྐྱེད་པར་བྱེད་དགོས། རྣམ་པ་དེ་ཡང་བར་དོའི་སྣང་བརྙན་ལྟར་གྱི་སྟབས་བདེ་ཞིག་ཡིན་ཆོག །དེ་ཡང་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་དང་འདྲ་བའམ། ཡང་ན་སླར་སྐྱེ་བ་ལེན་པའི་དཔེ་མཚོན་དུ་དེ་ལས་མགོ་རྙོག་ཚ་བའི་སྤྲུལ་པའི་སྐུ་དང་འདྲ་བའི་རྣམ་པ་ཞིག་དམིགས་རྣམ་དུ་བྱེད་ཆོག་པ་ཡིན།
ང་ཚོས་དམིགས་རྣམ་དེ་ལྟར་ “བསྐྱེད་རིམ་” སྐབས་སྒོམ་དགོས། དེ་ནས་ “རྫོགས་རིམ་” སྐབས་ཕྲ་བའི་རླུང་གི་ཐོག་དངོས་སུ་ཉམས་ལེན་བྱེད་པར་ཚང་མ་དཔྱིས་ཕྱིན་པ་ཆགས་ཡོད། ཕྲ་བའི་རླུང་གི་འགྲོས་ལ་བརྟེན་ནས་ང་ཚོས་ཕྲ་བའི་རྣམ་པ་ཞིག་སྐྱེད་ཐུབ། དེ་ཡང་འཁོར་བའི་གཟུགས་རྣམ་མ་ཡིན་ཞིང་དེ་ལས་འདས་པ་ཡིན། དེ་ལ་སྒྱུ་མའི་ལུས་ཞེས་བརྗོད་པ་ཡིན། ཉམས་ལེན་དེ་ཡང་སྒོམ་གྱི་ལམ་ནས་བྱེད་དགོས་པས་སྒོམ་དང་བྲལ་བས་རྒྱུན་གནས་མི་ཐུབ། ད་དུང་ཡང་མུ་མཐུད་དེ་ཤིན་ཏུ་ཕྲ་བའི་རླུང་ལ་བསྒོམས་ནས་གཟུགས་རྣམ་དག་པར་དམིགས་པ་བྱེད་པའི་ཐབས་ནི་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའི་དངོས་རྒྱུ་ཆགས་ཀྱི་ཡོད།
གལ་ཏེ་ང་ཚོས་འཆི་བ་དང་། བར་དོ། སླར་སྐྱེ་བ་བཅས་ལ་ཡིད་མི་ཆེས་པ་དང་། མི་རྟག་པ་ལ་ཡི་རང་གི་བསམ་བློ་མེད་ན། ང་ཚོའི་ཉམས་ལེན་དེ་དོན་མེད་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོས། “ང་ཉིན་མ་གཅིག་འཆི་ངེས་ཡིན་པས། འཆི་བ་དང་། བར་དོ། སླར་སྐྱེ་བ་ལེན་པ་བཅས་ཕལ་པའི་ངང་ཚུལ་དེ་སྤོང་འདོད་ཡོད།” ཅེས་ཤུགས་ཆེན་བསམ་བློ་གཏོང་དགོས། གཞི་རྩའི་རིམ་པ་ཐོག་ནས་བཤད་ན། འཆི་བ་དེས་ངན་སོང་དུ་ལྷུང་བའི་རྒྱུ་བྱེད་སྲིད། དེར་ད་ལྟ་ཡོད་པ་ནང་བཞིན་མི་ལུས་རིན་ཆེན་འདི་མེད་ལ་འདིས་སྟེར་བའི་རང་དབང་དེ་ཡང་མེད། ང་ཚོ་དུས་ངེས་མེད་ལ་འཆི་རྒྱུ་ངེས་པའི་ངེས་ཤེས་སྐྱེས་པ་དེས་མི་དགེ་བའི་ལས་མི་གསོག་པའི་སེམས་སྐུལ་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་འཆི་བ་དང་། བར་དོ། སྐྱེ་བ་བཅས་འཕགས་པའི་བདེན་པ་བཞིའི་སྒྲོམ་གཞི་ལྟར་བསམ་བློ་བཏང་ན། བདེན་པ་དང་པོ་གཉིས་ཏེ། སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་གཉིས་ལ་དོ་གལ་ཆེན་པོས་སྒོམ་པར་བརྟེན། ང་ཚོས་སྡུག་བསྔལ་སྤོང་བའི་ཕྱིར་ཉམས་ལེན་བྱེད་དགོས་པའི་འདུན་པ་སྐྱེད་ཀྱི་ཡོད།
ང་ཚོ་འཆི་བ་དང་མི་རྟག་པ་ལ་ཇི་ཙམ་གྱིས་དྲན་ཤེས་བསྟེན་པ་དེ་ཚོད་ཀྱིས་ཉིན་རེའི་ཉམས་ལེན་ནུས་པ་ཆེ་བ་ཡོང་གི་ཡོད། འཆི་བའི་རྒྱུ་ཧ་ཅང་མང་པོ་ཡོད། དཔེར་ན། ཕྱི་ལོགས་ལ་འགྲོ་སྐབས་སྣུམ་འཁོར་རམ་ཁལ་འཁོར་སོགས་ཀྱིས་བརྡུངས་ནས་འཆི་བ་དང་། སྙིང་ཁྲག་དགག་ནས་འཆི་བ། ཟས་ངན་བཟའ་བའམ་ཟས་དུག་ཤོར་ནས་འཆི་བ་སོགས་དང་། ངན་སོང་གི་གནས་སུ་སྐྱེ་སྲིད་པ་དང་དེར་སེམས་ཅན་གྲངས་མེད་པ་སྡུག་བསྔལ་གྱིས་མནར་བཞིན་ཡོད། སྐྱེ་བ་ཐོག་མ་མེད་པ་ཞེས་པའི་དོན་ནི། ང་ཚོས་འབུ་ཞུ་ལུ་མའི་སྐྱེ་བའམ་དེ་ལས་སྡུག་པའི་རིགས་སུ་སྐྱེ་བའི་མི་དགེ་བའི་ལས་ཕལ་ཆེར་བསགས་ཡོད་ངེས་རེད། ང་ཚོས་ཡི་དྭགས་དང་དམྱལ་བའི་མི་ཚེ་དེ་ཅི་འདྲ་ཞིག་ཡོད་མེད་ལ་ཡི་རང་བྱེད་དཀའ་ནའང་། ད་དུང་ང་ཚོས་མིའི་སྐྱེ་གནས་སུ་རྒྱལ་ཁབ་སྐྱོ་ཤོས་ཀྱི་ནང་གནས་པའི་མི་འགའ་ཞིག་གི་མི་ཚེའི་གནས་བབ་ལ་བསམ་བློ་གཏོང་ཆོག །འཛམ་གླིང་ནང་མུ་གེ་ཐེབ་བཞིན་ཡོད་པའི་མི་ཁེངས་ནས་ཡོད། ཁོང་ཚོས་མེ་ལེ་མང་པོ་ཕྱིན་ནས་འཐུང་ཆུ་བཙོག་པ་ལེན་དགོས་ཀྱི་ཡོད། ད་ལྟའང་བཤུ་གཞོག་བཏང་བའི་མི་ཡོད། ང་ཚོས་ཉམས་མྱོང་དེ་དག་ལ་ཞིབ་ཚགས་པོའི་སྒོ་ནས་བསམ་ཞིབ་བྱས་ན། དེ་དག་སྤོང་རྒྱུའི་ཀུན་སློང་ཤུགས་དྲག་ཅིག་སྐྱེད་པའི་རྒྱུ་བྱེད་ཀྱི་རེད།
སྐྱབས་འགྲོ།
ལམ་རིམ་ནང་གི་བརྗོད་གཞི་རྗེས་མ་འདི་སྐྱབས་འགྲོའི་སྐོར་རེད། དེ་ཡང་ང་ཚོའི་མི་ཚེ་ཉེན་མེད་ཀྱི་ཁ་ཕྱོགས་སུ་འགྲོ་བ་དེ་རེད། འདིར་ང་ཚོས་བདེན་པ་མཐའ་མ་གཉིས་ལ་དམིགས་ཀྱི་ཡོད། དེའི་སྐབས་སྐྱེ་བ་དང་འབྱུང་འགྱུར་སྡུག་བསྔལ་གྱི་རྒྱུ་བྱེད་པའི་སྒྲིབ་པ་ཐམས་ཅད་ང་ཚོས་སྤོང་གི་ཡོད། དེ་དང་དུས་མཚུངས་ང་ཚོས་དངོས་པོའི་གནས་ལུགས་ལ་ཡང་དག་པའི་གོ་རྟོགས་ཤིག་རྙེད་དགོས་པ་དང་ང་ཚོར་ལྡན་པའི་ཡོན་ཏན་ཚང་མ་ཡོངས་སུ་རྟོགས་དགོས། དེ་ནི་དོན་དམ་པའམ་མཐར་ཐུག་ཆོས་དཀོན་མཆོག་ཡིན།
ང་ཚོས་སོ་སོའི་སེམས་རྒྱུད་ཀྱི་གཞི་རྩའི་དག་པའི་རང་བཞིན་ནམ་སངས་རྒྱས་ཀྱི་རིགས་དེ་གོ་ཚོད་དགོས་པ་དང་། སྒྲིབ་པ་དེ་དག་ཐམས་ཅད་གློ་བུར་བ་ཡིན་པ་ཤེས་དགོས། གང་ཡིན་ཟེར་ན། དེ་དག་གནས་སྐབས་ཙམ་ཡིན་པ་དང་། དེ་རང་རྒྱུད་ནས་རྩད་ནས་མེད་པ་བཟོ་ཐུབ། ང་ཚོས་དེ་ལྟར་ཡོང་སྲིད་ཅེས་ངེས་ཤེས་མ་རྙེད་པ་ཡིན་ན། ང་ཚོས་འཆི་བ་དང་། བར་དོ། སླར་སྐྱེ་བའི་མྱོང་བ་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་པའི་རྒྱུ་མཚན་གང་ཡང་མེད། གལ་ཏེ་ང་ཚོས་སངས་རྒྱས་དང་འཕགས་པ་འགའ་ཞིག་དེ་ཐོབ་ཡོད་པའི་ངེས་ཤེས་མཐའ་གཅིག་ཏུ་རྙེད་མེད་ན། ང་ཚོས་སོ་སོའི་ངོས་ནས་དེ་འཐོབ་པའི་རེ་བ་ཇི་ལྟར་བྱེད་ཐུབ་བམ།
ང་ཚོས་སངས་རྒྱས་རྣམས་ཐམས་ཅད་མཁྱེན་པའི་གོ་འཕང་ཇི་ལྟར་ཐོབ་པ་དང་། འཕགས་པའི་དགེ་འདུན་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་ཇི་ལྟ་འབད་བཞིན་པ་རྟོགས་པའི་སྐབས། དེས་ང་ཚོར་དམིགས་ཡུལ་དེ་ག་རང་གི་ཐོག་ལ་འབད་བརྩོན་བྱེད་པར་ཧང་སང་དགོས་པའི་སེམས་སྐུལ་སྦྱིན་གྱི་ཡོད། ཁོང་ཚོས་དོན་ངོ་མར་གང་བྱས་པ་དེས་འགྱུར་བ་བཏང་ཡོད་པའི་ཐག་གཅོད་ལ་སླེབས་ཤིང་། ཁ་ཕྱོགས་གཅིག་པའི་ནང་འགྲོ་རྒྱུའི་གདམ་ཀ་བྱེད་ཀྱི་ཡོད། དེ་ནི་སྐྱབས་འགྲོ་ཡིན།
མི་དགེ་བའི་སྤྱོད་ལམ་སྤོང་བ།
སྐྱེས་བུ་ཆུང་ངུའམ་ཀུན་སློང་གི་རིམ་པ་ཐོག་མའི་སྐབས་ཀྱི་གནད་དོན་མཐའ་མ་དེ་ནི་མི་དགེ་བའི་སྤྱོད་ལམ་སྤོང་རྒྱུ་དེ་ཡིན། དེ་གང་ཡིན་ཞེ་ན། མི་དགེ་བའི་སྤྱོད་ལ་བརྟེན་ནས་ངན་སོང་དུ་སྐྱེ་བར་བྱེད་ཀྱི་ཡོད། གནད་དོན་འདི་དོ་གལ་ཆེན་པོ་བྱེད་པར་བརྟེན་ང་ཚོས་སྡོམ་པ་དང་དམ་བཅའ་བསྲུང་རྒྱུར་ནུས་ཤུགས་ཆེ་བ་སྤྲོད་ཀྱི་ཡོད། མི་དགེ་བའི་སྤྱོད་ལམ་གྱི་འབྲས་བུར་སྡུག་བསྔལ་དང་ངན་སོང་གི་གནས་སུ་སྐྱེ་བ་དེ་མཐོང་ཐུབ་པར་བསམ་བློ་ཐོངས་དང་། ང་ཚོས་ཐ་ན་མི་དགེ་བའི་སྤྱོད་ལམ་ཆུང་ངུ་ཞིག་ཀྱང་བྱ་རྒྱུ་ཁག་པོ་ཆགས་ངེས་རེད།
སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། རྫུན་ལ་སོགས་པའི་མི་དགེ་བའི་ལས་རགས་པ་ཡོད་པ་སྨྲོས་མི་དགོས་པ་རེད། དེ་དག་ལས་སྡིག་པ་ལྕི་ཤོས་ནི་ལོག་ལྟ་རེད། དེ་ནི་ང་ཚོས་མི་དགེ་བ་སྤོང་རྒྱུ་དང་གསང་སྔགས་ཉམས་ལེན་བྱ་རྒྱུ་ནི་གླེན་རྟགས་ཡིན་པ་དང་དུས་ཚོད་འཕྲོ་བརླག་ཡིན་པར་བསམ་གྱི་ཡོད། བསམ་བློ་དེའི་རིགས་ཀྱིས་སྡུག་བསྔལ་སྤོང་བར་ཕན་པའི་ཐབས་ངོ་མ་དེ་མེད་པ་བཟོ་གི་ཡོད།
ཕྱོགས་བསྡོམས།
གལ་ཏེ་ང་ཚོས་ལམ་རིམ་གྱི་ཐོག་མའི་ཀུན་སློང་སྐབས་ནས་རྨང་གཞི་བརྟན་པོ་ཞིག་བཟོས་མེད་ན། གསང་སྔགས་ཉམས་ལེན་དེ་ཆོ་ག་སྟོང་པ་ཞིག་ཏུ་འགྱུར་ཉེན་ཡོད་པ་དང་། ང་ཚོའི་དོ་དབྱིངས་དེ་རིམ་པས་བརླགས་ནས་གོ་མ་ཆོད་པ་འགྱུར་གྱི་ཡོད།
ང་ཚོར་མི་ཚེ་འདི་ཡོད་པ་ག་འདྲའི་རྩ་ཆེན་ཡིན་པ་དང་། མི་ཚེ་འདི་དུས་ཚོད་ངེས་མེད་ཀྱི་ནང་ཇི་ལྟར་འཛད་འགྲོ་རྒྱུ་ཡིན་པ་རྟོགས་པ་དེས་ང་ཚོས་མི་ཚེ་འདི་ལས་ཁེ་བཟང་མང་ཤོས་ལེན་པའི་སེམས་སྐུལ་བྱེད་ཀྱི་ཡོད། འཆི་བ་ཐོག་ཏུ་བབས་དུས་ང་ཚོའི་གྲོགས་པོ་དང་། རང་གི་ལུས་པོ། རྒྱུ་ནོར་ལོངས་སྤྱོད་སོགས་ཀྱིས་གང་ཡང་མི་ཕན་པར། ཆོས་ཉམས་ལེན་བརྒྱུད་བསགས་པའི་དགེ་བའི་ལས་དང་བསོད་ནམས་ཁོ་ནས་ཕན་གྱི་ཡོད། དེ་ལྟར་རྟོགས་པ་དེས་ང་ཚོའི་མི་ཚེ་འདི་ཉེན་མེད་ཀྱི་ཁ་ཕྱོགས་སུ་འཁྲིད་པར་ནན་སྐུལ་བྱེད་ཅིང་། ཆོས་ཉམས་ལེན་ལ་དགའ་ཚོར་སྐྱེ་འཇུག་གི་ཡོད།།