གསང་སྔགས་ཀྱི་ནང་ལམ་རིམ་ནས་གསུངས་པའི་སྐྱེས་བུ་འབྲིང་དང་ཆེན་པོའི་དགོས་གལ།

ངོ་སྤྲོད།

ལེ་ཚན་འདིའི་ཆ་ཤས་དང་པོའི་ནང་ང་ཚོས་ཐོག་མའི་ཀུན་སློང་གི་རིམ་པའམ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་སྐོར་ལ་བལྟས་པ་རེད། དེར་ང་ཚོས་ངན་སོང་གི་སྐྱེ་གནས་སུ་མི་སྐྱེ་བ་དང་བདེ་འགྲོའི་གནས་སུ་སྐྱེ་བར་དམིགས་ཀྱི་ཡོད། ལྷག་པར་དུ་ང་ཚོས་ཉམས་ལེན་གོང་ནས་གོང་དུ་སྤེལ་ཕྱིར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཞིག་འཐོབ་འདོད་བྱེད་ཀྱི་ཡོད།

སྐྱེས་བུ་འབྲིང་ནི་ང་ཚོས་ངན་འགྲོར་སྐྱེ་བ་ལེན་པ་ལས་ཐར་བ་ཙམ་མིན་པར། དེ་དང་མཉམ་དུ་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ལས་ཐར་བར་བྱ་རྒྱུ་དེ་རེད། བྱས་ཙང་། ང་ཚོའི་དམིགས་ཡུལ་ནི་ཐར་པའི་གོ་འཕང་འཐོབ་རྒྱུ་དེ་ཡིན།

སྐྱེས་བུ་ཆེན་པོའི་ཀུན་སློང་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་རྒྱུ་དེ་རེད། དེ་ཐོབ་ནས་ང་ཚོས་གཞན་སེམས་ཅན་ཐམས་ཅད་ལ་དངོས་གནས་ཕན་འདོགས་ཐུབ། ང་ཚོས་ཚེ་རབས་ནས་ཚེ་རབས་བརྒྱུད་རང་ཉིད་ཡར་རྒྱས་གཏོང་མུས་ཡིན་ནའང་། ང་ཚོའི་དོ་སྣང་བྱེད་ས་གཙོ་བོ་ནི་གཞན་ལ་གང་ཐུབ་ཅི་ཐུབ་ཀྱི་ཕན་འདོགས་རྒྱུ་དེ་རེད།

སྐྱེས་བུ་འབྲིང་།

འཕགས་པའི་བདེན་པ་དང་པོ། སྡུག་བསྔལ།

འདིར་ང་ཚོས་ཐོག་མར་བལྟ་དགོས་པ་ནི། ང་ཚོར་འཕྲད་པའི་སྡུག་བསྔལ་དང་དཀའ་ངལ་གྱི་གལ་གནད་ལ་བསམ་བློ་གཏོང་དགོས་པ་མ་ཟད། ཐ་ན་ལྷ་དང་མིའི་སྐྱེ་གནས་ལྟ་བུ་བདེ་འགྲོར་སྐྱེ་བ་བླངས་ནའང་བསམ་བློ་དེ་ལྟར་གཏོང་དགོས། སྐྱེས་བུ་ཆུང་ངུའི་སྐབས་ང་ཚོའི་དམིགས་ཡུལ་ནི་ངན་སོང་གི་གནས་སུ་ཡོད་པའི་སྡུག་བསྔལ་རགས་པ་ལས་ཐར་རྒྱུ་དེ་རེད། སྐབས་འདིར་ང་ཚོས་བདེ་བ་ཉི་ཚེ་བ་དེ་ཡང་སྡུག་བསྔལ་གྱི་རྣམ་པ་གཞན་ཞིག་ཡིན་པར་རྟོགས་དགོས།

འགྲོ་བ་མིའི་མི་ཚེའི་ནང་ང་ཚོས་མྱོང་བའི་བདེ་བ་དང་ལྷ་རྣམས་ཀྱི་མྱོང་བའི་བདེ་བ་ནི་ཡིད་རྟོན་མི་རུང་བའི་གནས་སྐབས་ཙམ་གྱི་བདེ་བ་ཡིན། དེས་ང་ཚོར་ནམ་ཡང་འདོད་བློ་ཚིམ་པ་ཞིག་མི་ཡོང་ལ་ཡུན་དུ་གནས་ཀྱི་མེད་པས། ང་ཚོས་སྐད་ཅིག་རྗེས་མའི་ནང་གང་ཚོར་རྒྱུ་ཡིན་པ་རྩ་ནས་ཤེས་ཀྱི་མེད། ང་ཚོར་རྟག་ཏུ་གང་མང་མང་དགོས་འདོད་བྱེད་པ་དང་། གང་འདོད་པ་དེ་ཐོབ་པའི་མྱོང་བ་དེ་སྡུག་བསྔལ་ལ་འགྱུར་གྱི་ཡོད། དེ་ནི་ཅོག་ལེཊ་དང་འདྲ་པོ་ཡོད། དཔེར་ན། ཏོག་ཙམ་ཞིག་གིས་ང་ཚོ་སྐྱིད་པོ་བཟོ་གི་ཡོད། དེར་བརྟེན་ང་ཚོར་དེ་ལས་མང་བ་དགོས་འདོད་བྱེད་ཀྱི་ཡོད། མཐར་སོ་སོའི་གྲོད་ཁོག་མ་ན་བར་དུ་དགོས་འདོད་བྱེད་ཀྱི་ཡོད། དེ་འདྲའི་སྟབས་ཉེས་པ་ཞིག་ལ། བདེ་བ་ཉི་ཚེ་བ་དེ་ནི་རྟག་ཏུ་སྡུག་བསྔལ་དང་མི་སྐྱིད་པར་འགྱུར་བ་འགྲོ་གི་ཡོད།

གསང་སྔགས་ཀྱི་སྒྲུབ་ཐབས་རེ་རེར་མཆོད་འབུལ་གྱི་ཚན་པ་ཞིག་ཡོད། ང་ཚོས་གཞན་ལ་མཆོད་པ་འབུལ་བ་དང་བདེ་སྐྱིད་ལྡན་པར་ཤོག་ཅེས་སེམས་ནང་འཆར་བར་བྱེད་པའམ། ཡང་ན་རང་ཉིད་སངས་རྒྱས་བྱེ་བྲག་པ་ཞིག་གི་ངོ་བོར་མཆོད་པ་འབུལ་ཞིང་དེ་དག་ངོས་ལེན་བྱེད་པ་དང་བདེ་སྐྱིད་ལ་ལོངས་སུ་སྤྱོད་པ་བསམ་གྱི་ཡོད། དེ་ནི་ཉོན་མོངས་དང་སེམས་ཀྱི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་བདེ་བ་དེ་ཡིན་པ་ལས། འགྱུར་བ་འགྲོ་ཞིང་འདོད་བློ་མི་ཚིམས་པའི་ང་ཚོའི་བདེ་བ་ཉི་ཚེ་བ་དེ་མིན།

སྡུག་བསྔལ་གྱི་རྒྱུ་རྩད་ནས་སྤངས་པའི་སྐབས། ང་ཚོས་མྱོང་བའི་བདེ་བ་དེ་མུ་མཐུད་ནས་རྟག་ཏུ་གནས་ཤིང་ཉམས་པར་མི་འགྱུར་བ་ཡིན། ཁ་ལག་ཞིམ་པོ་ཞིག་རག་པ་ནང་བཞིན་གལ་ཏེ་བདེ་བ་དེ་ཡུན་དུ་མི་གནས་པའི་རྐྱེན་ཞིག་ལ་གཞིར་བྱས་ཡོད་ན། དེ་ལྟ་བུའི་བདེ་བ་ནི་ཡུན་གནས་མི་ཐུབ་པ་སྨྲོས་ཅི་དགོས། གལ་ཏེ་ང་ཚོས་གསང་སྔགས་ཉམས་ལེན་ལ་བརྟེན་ནས་བདེ་བ་ཉི་ཚེ་བར་དམིགས་ན། སྡུག་བསྔལ་ལས་འཕྲལ་སེལ་ཙམ་དང་ཕྱི་ཚུལ་ཙམ་གྱི་གཡོལ་ཐབས་ཆགས་ཀྱི་ཡོད། ང་ཚོས་ཙོག་པུར་སྒོམ་བརྒྱབས་ནས་ཚང་མ་ཡང་དག་པ་ཡིན་པར་བསམ་ཆོག་ཀྱང་། དེ་ཚར་བ་དང་ཡང་བསྐྱར་སྐྱིད་པོ་མེད་པ་ཚོར་གྱི་རེད།

གསང་སྔགས་བླ་མེད་ཀྱི་རྒྱུད་ནང་ང་ཚོས་བདེ་བའི་ཡེ་ཤེས་ཀྱི་ཚོར་བ་ཞིག་དང་ལྷན་དུ་སྟོང་པ་ཉིད་ལ་དམིགས་པ་གཏད་ཐབས་བྱེད་ཀྱི་ཡོད། དེའི་དོན་གང་ཡིན་ནམ། འདིར་སླར་ཡང་ཟས་ཞིམ་པོ་བཟའ་རྒྱུ་བྱུང་བའམ་ལུས་ལ་ཕུར་མཉེ་ཡག་པོ་ཞིག་ཐོབ་པའི་བདེ་བ་ཉི་ཚེ་བ་དང་འདྲ་མཉམ་ཙམ་མི་བཟོ་རྒྱུ་གལ་ཆེ། དེ་ལས་ལྡོག་སྟེ། ཉོན་མོངས་པ་དང་སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་བྲལ་བའི་བདེ་བ་ཞིག་གི་སྐོར་ཤོད་ཀྱི་ཡོད། དེ་ཡང་འདོད་ཆགས་དང་བྲལ་བའི་ཚོར་བ་ཞིག་དགོས། དེ་ནི་ནམ་རྒྱུན་ཡུལ་གང་རུང་ཞིག་ལ་འདོད་ཆགས་ཤུགས་ཆེར་ཡོད་པའི་བདེ་བ་ཉི་ཚེ་བ་དང་རྦད་དེ་ལྡོག་ཟླར་གྱུར་བ་ཞིག་དགོས།

སྐབས་རེར་མི་རྣམས་ཀྱིས་ཡི་དམ་གྱི་ལྷ་རྣམས་རྟོག་སྒྲུང་ལས་བྱུང་བའི་དཔའ་བོ་དཔའ་མོའམ་སྐྱེས་བུ་དམ་པ་དང་ནོར་སྲིད་པ་ཡིན། དེར་བརྟེན་ལྷའི་གནས་སུའང་སྡུག་བསྔལ་ཡོད་པ་དྲན་དགོས་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་སོ་སོའི་མདུན་དུ་ཡི་དམ་གྱི་ལྷར་དམིགས་སྐབས། ཁོང་ཚོ་ལྷ་ལས་འདས་ཤིང་ཕ་རོལ་ཏུ་ཕྱིན་པ་ཡིན་པ་རྟོགས་དགོས། གསང་སྔགས་ཀྱི་སྒྲུབ་ཐབས་རྒྱས་པ་མང་པོའི་ནང་ཡི་དམ་གྱི་ལྷ་སྣ་ཚོགས་པར་བསྟོད་བསྔགས་མང་པོ་བྱས་པ་ཡོད་པས། དེའི་དམིགས་ཡུལ་ནི་ང་ཚོའི་འདོད་པ་ཐམས་ཅད་སྐོང་གི་རེད་བསམས་ནས་མགོ་འཐོམ་ཡག་ལས་སླ་པོ་ཡོད། བསྟོད་བསྔགས་བྱས་པའི་དོན་དག་ངོ་མ་ནི། ང་ཚོས་ཀྱང་གོ་འཕང་དེ་གཅིག་པ་འཐོབ་འདོད་ཀྱི་སེམས་སྐུལ་ཐེབས་པར་བྱེད་པའི་ཁོང་ཚོའི་ཡོན་ཏན་རྣམས་དྲན་རྒྱུ་དེ་ཡིན། སངས་རྒྱས་རྣམས་ལ་ཡང་དག་པ་བཏང་སྙོམས་ཀྱི་ཡོན་ཏན་མངའ་ཞིང་། གལ་ཏེ་ང་ཚོ་སངས་རྒྱས་ཀྱི་ཐུགས་རྗེ་ལ་གོ་ཤེས་ཅན་ཡིན་ན། ང་ཚོས་སངས་རྒྱས་ལ་མཆོད་འབུལ་བྱེད་མིན་ལ་མ་ལྟོས་པར། ཐུགས་རྗེས་གཟིགས་ཀྱི་རེད།

འཕགས་པའི་བདེན་པ་གཉིས་པ། ཉོན་མོངས་དང་མ་རིག་པ།

ང་ཚོས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ལ་བསམ་ཞིབ་བྱས་པའི་རྗེས། འཕགས་པའི་བདེན་པ་གཉིས་པ་ལ་བསྟེན་ནས་དེའི་རྒྱུ་ཉོན་མོངས་པ་ལ་བལྟ་དགོས།

ཉོན་མོངས་པས་ང་ཚོའི་སྡུག་བསྔལ་གྱི་རྒྱུ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། དེ་དག་གིས་ང་ཚོར་གནོད་བྱེད་མི་དགེ་བའི་བྱ་སྤྱོད་སྤེལ་འཇུག་པ་དང་། དེའི་རྐྱེན་གྱིས་མི་དགེ་བའི་ནུས་པ་ ༼ལས༽ གསོག་པ་དང་། དེས་རང་ཉིད་ངན་སོང་གི་གནས་སུ་སྐྱེ་བར་བྱེད་ཀྱི་ཡོད། དེ་ལས་ལྡོག་སྟེ། ཕན་བྱེད་དགེ་བའི་བྱ་སྤྱོད་སྤེལ་བ་ལས་བྱུང་བའི་དགེ་བའི་ལས་ཀྱི་ནུས་པ་ལ་བརྟེན་ནས་འཁོར་བའི་ནང་སྐྱེ་བ་བཟང་པོ་ལེན་པར་བྱེད།

ང་ཚོས་མི་དགེ་བའི་ལས་བྱེད་པའི་རྒྱུ་མཚན་ནི་ཉོན་མོངས་པའི་དབང་གིས་ཡིན། ཉོན་མོངས་པ་ནི་དངོས་པོའི་གནས་ལུགས་དང་ལས་རྒྱུ་འབྲས་གཉིས་ཀར་རྨོངས་པའི་མ་རིག་པར་གཞིར་བྱས་ཡོད། འཁོར་བའི་ནང་ང་ཚོས་དགེ་བའི་ལས་བྱེད་པའི་སྐབས་སུའང་ད་དུང་ང་ཚོ་ཇི་ལྟར་གནས་པའི་སྐོར་ཤེས་ཀྱི་མེད། དེ་ཡང་ཉོན་མོངས་དང་འདྲེས་པའམ་མ་འདྲེས་པ་གཉིས་ཀ་ཡིན་ཆོག །འཆི་བའི་དུས་སུ་ང་ཚོའི་མ་རིག་པ་དེས་མི་དགེ་བའམ་དགེ་བའི་ལས་ཀྱི་ནུས་པ་མཐུ་ལྡན་དུ་བཟོས་ཏེ། དེའི་འབྲས་བུར་འཁོར་བའི་ནང་དུ་སྐྱེ་བ་ལེན་གྱི་ཡོད། རིམ་པ་འདིའི་སྐབས་སུ། ང་ཚོས་དེ་དག་གི་རྨང་གཞིར་བྱེད་པའི་ཉོན་མོངས་དང་མ་རིག་པའི་སྐྱོན་དང་ཉེས་དམིགས་ལ་བསམ་བློ་གཏོང་དགོས།

གསང་སྔགས་ལ་མ་ཞུགས་གོང་ང་ཚོའི་རྒྱུད་ལ་ཡོད་པའི་ཉོན་མོངས་པའི་ནུས་ཤུགས་དེ་ཆུང་དུ་གཏོང་རྒྱུ་ཧ་ཅང་གལ་ཆེ། དེས་ང་ཚོ་ཁོང་ཁྲོ་དང་འདོད་ཆགས་ལས་ཡོངས་སུ་བྲལ་བ་ཡིན་པ་ཤོད་ཀྱི་མེད། འོན་ཀྱང་ང་ཚོས་སེམས་ཚོར་གྱི་ཐོག་ལ་འབད་བརྩོན་གང་ཙམ་ཞིག་བྱས་ཡོད། འདོད་ཆགས་དང་། ཁོང་ཁྲོ། གཏི་མུག །ང་རྒྱལ་སོགས་ཉོན་མོངས་རྣམས་ལམ་དུ་ཁྱེར་ནས་ལམ་གྱི་ཆ་ཤས་སུ་བེད་སྤྱོད་བྱེད་པ་དང་དུས་མཚུངས། གལ་ཏེ་ང་ཚོས་དེ་དག་ལས་ཐར་བར་ཡར་རྒྱས་གང་ཡང་བཏང་མེད་ན། ཉོན་མོངས་དེ་དག་གི་དབང་འོག་ཏུ་ཤོར་ཉེན་ཡོད་པ་དང་། སེམས་ཚོར་གྱི་ཆ་ནས་སེམས་ནང་དཀྲོག་རྐྱེན་ཐེབས་པ། མི་དགེ་བའི་བྱ་སྤྱོད་སྤེལ་བ་མ་ཟད། མི་དགེ་བའི་ལས་ཀྱི་ནུས་པ་གསོག་གི་ཡོད།

དཔེ་མཚོན་གཅིག་ནི་འདོད་པའམ་འདོད་ཆགས་རེད། གསང་སྔགས་ཀྱི་འདྲ་སྐུ་སྣང་བརྙན་མང་པོ་ཞིག་ནི་རང་བཞིན་གྱིས་འདོད་པ་འཁྲིག་སྤྱོད་ཅན་དེ་འདྲ་མཇལ་རྒྱུ་ཡོད་པ་དང་། ང་ཚོས་ཀྱང་ནམ་རྒྱུན་ཉམས་ལེན་བྱེད་སྐབས་སོ་སོ་རང་ཉིད་ཕོ་མོའམ་ཡབ་ཡུམ་ཟུང་འཇུག་ཏུ་སྒོམ་གྱི་ཡོད། འོན་ཀྱང་འདིར་ཟུང་དུ་འཇུག་པ་ནི་ནམ་རྒྱུན་འཆར་ཅན་གྱི་ཕོ་མོའི་འདོད་པ་སྤྱོད་པ་དེ་མཚོན་གྱི་མེད། དེའི་ཚབ་ལ་གང་དམིགས་རྣམ་དུ་བྱེད་པ་དེ་ནི་ཡབ་དང་ཡུམ་མཚོན་ཞིང་། ཡུམ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཡབ་ནི་ཐབས་མཚོན་གྱི་ཡོད། དེ་ལྟར་ཡབ་ཡུམ་མམ་ཐབས་ཤེས་གཉིས་ཟུང་དུ་འཇུག་པའི་སྒོ་ནས་སྲས་འཁྲུངས་པ་ནི་སངས་རྒྱས་ཀྱི་གོ་འཕང་མཚོན་གྱི་ཡོད། གསང་སྔགས་ཀྱི་གཞུང་ནང་། ང་ཚོས་འདོད་ཆགས་སྤོང་བར་འདོད་ཆགས་རང་བེད་སྤྱོད་བྱེད་དགོས་ཞེས་གསུང་གི་ཡོད། བྱས་ཙང་། ང་ཚོ་འདོད་ཆགས་ཀྱི་དབང་འོག་ཏུ་ཤོར་བའི་ཉེན་ཁ་དེ་མེད། དེ་ནས་ང་ཚོས་འདོད་ཆགས་དེ་བདེ་བའི་སེམས་ཤིག་སྐྱེད་པར་བེད་སྤྱོད་བྱེད་ཆོག་ལ་དེས་སྟོང་ཉིད་ཀྱི་དོན་རྟོགས་པ་ལ་བརྟེན་ནས་འདོད་ཆགས་རྩད་ནས་སྤོང་གི་ཡོད། དེ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད། འདོད་སྤྱོད་ཀྱི་མྱོང་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་ཡོད་བསམས་ནས་འདོད་ཆགས་ཅུང་ཟད་ཙམ་ཞིག་སྐྱེ་བ་དེས་སྟོང་ཉིད་ཀྱི་དོན་རྟོགས་པའི་གོ་སྐབས་གང་རུང་བཀག་འགོག་བྱེད་ཀྱི་རེད།

དཔེ་མཚོན་གཞན་ཞིག་ནི་ཁོང་ཁྲོ་རེད། གསང་སྔགས་ཀྱི་ཉམས་ལེན་མང་པོའི་ནང་། སོ་སོ་རང་ཉིད་ཡི་དམ་གྱི་ལྷ་དྲག་པོ་དམིགས་རྣམ་དུ་བྱེད་ཀྱི་ཡོད། དེའི་སྐབས་ང་ཚོས་སོ་སོའི་ཁོང་ཁྲོ་བེད་སྤྱོད་བྱས་ཏེ་རང་རྒྱུད་ཀྱི་མི་དགེ་བའི་བློའི་ཁྱེར་སོ་འཇོམས་པར་བྱེད་ཀྱི་ཡོད། དེ་ཡང་དམིགས་བསལ་རང་གིས་རང་ལ་ཧ་ཅང་ཞན་པོ་ཡིན་པའི་བློའི་ཁྱེར་སོ་སྟེ། ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་མི་ཐུབ་ཅེས་པའི་བསམ་བློ་དེ་ལས་ཐར་བར་ཕན་ཐོགས་ཆེན་པོ་ཡོད། སླར་ཡང་འདིར་ཞུ་རྒྱུར། ཉམས་ལེན་འདི་དག་མ་བྱས་གོང་། གལ་ཏེ་ང་ཚོས་ཁོང་ཁྲོ་ལས་རྣམ་པར་རྒྱལ་ཕྱིར་ཡར་རྒྱས་ཆེན་པོ་བཏང་མེད་ན། སོ་སོའི་སེམས་ནང་སྡུག་རང་འཁུར་དང་གཞན་གྱི་ཉོན་མོངས་ལ་བཟོད་སྒོམ་མེད་པ་ཆགས་ཀྱི་ཡོད།

འཕགས་པའི་བདེན་པ་གསུམ་པ། ངེས་འབྱུང་།

ང་ཚོས་སྡུག་བསྔལ་དང་དེའི་རྒྱུ་རྟོགས་པའི་རྗེས་དེ་གཉིས་ཀ་དངོས་སུ་འགོག་པའི་འགོག་བདེན་ཞིག་འཐོབ་རུང་ཡིན་མིན་བལྟ་དགོས། གལ་ཏེ་ང་ཚོས་དེ་རྟོགས་ཐུབ་ན། ང་ཚོར་ངེས་འབྱུང་སྐྱེ་གི་རེད། ངེས་འབྱུང་ནི་སྡུག་བསྔལ་ལས་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་དེ་ཡིན་ཞིང་། དེ་འཐོབ་རུང་ཡིན་པའི་ཡིད་ཆེས་ལ་གཞིར་བྱས་ཡོད། གལ་ཏེ་ང་ཚོར་དེ་མེད་ན། དེ་དག་ཚང་མ་རང་འདོད་ཡིད་ཆེས་ཆགས་ཀྱི་རེད།

ཆོས་རྣམས་ཡུལ་རང་ངོས་ནས་ལྟོས་མེད་ཐོག་འགྱིག་ཤོག་ནང་འཐུབ་རྒྱག་པ་ནང་བཞིན་གཞན་ཐམས་ཅད་ལས་ལོགས་སུ་ཡོད་པ་ལྟ་བུར་མཐོང་བའི་ང་ཚོའི་དཀྱུས་མའི་སྣང་ཚུལ་སྤོང་རྒྱུར་ཆོད་སེམས་དགོས། སྣང་ཚུལ་དེ་དག་ལ་ང་ཚོའི་སེམས་ཀྱིས་རྨོངས་པའི་སྒོ་ནས་འཇུག་ཅིང་། ཇི་ལྟར་སྣང་བ་ལྟར་གནས་ལུགས་ཀྱང་དེ་ལྟར་ཡིན་བསམ་གྱི་ཡོད། དེ་ལ་བརྟེན་ནས་འགའ་ཞིག་ལ་ཡིད་དབང་འཕྲོག་པ་དང་འགའ་ཞིག་ལ་ཞེ་ལོག་པ། དེ་ལས་གཞན་པའི་ལྷག་མ་རྣམས་ལ་གང་ཡང་མི་ཚོར་བ་ཡིན། ང་ཚོས་ནམ་རྒྱུན་འཆར་ཅན་གྱི་འཛམ་གླིང་རྟོགས་ཚུལ་ལས་དངོས་གནས་ཐར་འདོད་སྐྱེ་རྒྱུ་ཧ་ཅང་ཁག་པོ་ཡོད། འོན་ཀྱང་སྣང་བ་དེ་དག་ལ་འཛིན་པ་སྐྱེ་བ་ནི་སྡུག་བསྔལ་གྱི་རྒྱུ་བྱེད་ཀྱི་ཡོད་པས། ང་ཚོས་དེ་དག་ལས་ཐར་བའི་ཆོད་སེམས་བརྟན་པོ་སྐྱེད་དགོས།

དེ་ལ་བསམ་བློ་གཏོང་རྒྱུ་ཐལ་དྲགས་རྒྱུ་མེད་པའི་ཐོག་ང་ཚོས་གཟབ་ནན་བྱེད་དགོས། གང་ཡིན་ཞེ་ན། ང་ཚོའི་སེམས་ཀྱིས་སྤྱིར་བཏང་ཡུལ་ལ་སྣང་ཚུལ་དེ་བསླུ་བའི་རང་བཞིན་ཡིན་ཞིང་། གང་ཡང་གྲུབ་མེད་པ་རེད། དེ་ལྟའི་ཆད་མཐའི་རིང་ལུགས་འཛིན་པ་དེ་ཉེན་ཁ་ཅན་ཡིན། གང་ཡིན་ཟེར་ན། དེས་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས་ངོ་མ་དང་བཅོས་མིན་ཞིག་མིན་ཞེས་བསམས་ནས་དེ་དག་ལ་སྣང་མེད་གཏོང་སྲིད།

འཕགས་པའི་བདེན་པ་བཞི་པ། ལྷག་པའི་བསླབ་པ་གསུམ།

ང་ཚོའི་ཀུན་སློང་དེ་ངེས་འབྱུང་དང་ལྡན་པའི་ཐོག་ལྷག་པའི་བསླབ་པ་གསུམ་ཉམས་ལེན་བྱེད་དགོས། དེ་ཡང་།

  • ཚུལ་ཁྲིམས་ཀྱི་བསླབ་པ། འདི་མེད་པར་ང་ཚོས་ཉམས་ལེན་རྒྱུན་སྐྱོང་མི་ཐུབ།
  • ཏིང་ངེ་འཛིན་གྱི་བསླབ་པ། འདི་མེད་པར་ང་ཚོས་རྙོག་འཛིངས་ཅན་གྱི་དམིགས་རྣམ་སྒོམ་མི་ཐུབ།
  • ཤེས་རབ་ཀྱི་བསླབ་པ། འདི་ལ་བརྟེན་ནས་ང་ཚོས་དངོས་པོའི་གནས་ལུགས་དང་རྟོག་པའི་འཆར་སྣང་གཉིས་ཀྱི་ཁྱད་པར་ཤེས་ཐུབ།

ཚུལ་ཁྲིམས་ནི་རང་གི་ལུས་ངག་གི་བྱ་སྤྱོད་དང་དེ་ནས་ཡིད་ཀྱི་ལས་བཅས་ལ་ལྟ་ཞིབ་བྱེད་པ་ནས་འགོ་བཙུག་གི་ཡོད། ཏིང་ངེ་འཛིན་ནི་སེམས་གཡེང་བ་དང་། རྒོད་པ། བྱིང་བ་སོགས་དང་བྲལ་བའི་སེམས་ཤིག་ལ་ཟེར་ཞིང་། དེ་ནི་གསང་སྔགས་ཀྱི་ཉམས་ལེན་ལ་བརྟེན་ནས་ང་ཚོས་གོང་འཕེལ་གཏོང་ཐུབ་ཀྱང་། དེ་འགོ་འཛུགས་མ་བྱས་པར་དཀའ་ལས་ཁག་པོ་ཡོད། སྤྱིར་བཏང་ལྟར་བྱས་ན། ང་ཚོར་བར་ཆད་དང་ཉམས་པ་མེད་པའི་སྒོ་ནས་ཆུ་ཚོད་བཞིའི་རིང་གནས་ཐུབ་པའི་ཞི་གནས་ཞེས་བྱ་བ་སྤྲོ་སེམས་རབ་ཏུ་འཁོལ་ཞིང་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་གནས་བབས་ཤིག་སྔོན་ཚུད་ནས་ཡོད་དགོས་ངེས་རེད།

བསྐྱེད་རིམ་སྐབས་ང་ཚོས་དམིགས་རྣམ་གྱི་ཐོག་སྦྱོང་བརྡར་བྱེད་ཀྱི་ཡོད་པ་སོང་ཙང་། ང་ཚོས་ཞིབ་ཅིང་ཕྲ་བར་དམིགས་པ་གཏད་དགོས། དེ་ཡང་དཀྱིལ་འཁོར་གྱི་བཀོད་པ་ཡོངས་སུ་རྫོགས་པ་འཇིག་རྟེན་གྱི་རྒྱ་ཁྱོན་ལྟར་དེའི་རྣམ་པ་དང་ཁྱད་ཆོས་ཚང་མ་དམིགས་རྣམ་དུ་བྱེད་ཐུབ་པ་དགོས་ཤིང་། དེ་དག་ཐམས་ཅད་ཀྱང་ང་ཚོའི་སྣའི་རྩེ་མོར་ཡོད་པའི་ཤིན་ཏུ་ཆུང་བའི་ཐིག་ལེའི་ནང་ཡོད་པ་དེར་ཡང་དག་པའི་སྒོ་ནས་ཆུ་ཚོད་བཞིའི་རིང་དམིགས་རྣམ་བྱེད་དགོས། དེ་ལ་ང་ཚོས་མཁས་པའམ་བྱང་པ་ཆགས་པའི་རྗེས་སུ། རྫོགས་རིམ་ཉམས་ལེན་བྱ་རྒྱུ་འགོ་འཛུགས་བྱེད་ཆོག །དེ་ནི་ང་ཚོའི་ཕྲ་བའི་རླུང་ལ་སྦྱོང་བརྡར་བྱ་རྒྱུ་དེ་རེད། གལ་ཏེ་ང་ཚོས་དཀྱིལ་འཁོར་གྱི་ཆ་ཤས་རེ་རེའི་ཞིབ་ཕྲའི་ཁྱད་ཆོས་རྣམས་གསལ་པོ་ཏག་ཏག་ཅིག་དམིགས་རྣམ་བྱེད་མ་ཐུབ་ན། དེ་ནས་དངོས་སུ་རྩའི་ནང་གི་རླུང་ལ་ཐབས་མཁས་པོའི་སྟངས་འཛིན་བྱེད་འདོད་བྱེད་པ་ནི་རེ་བ་སྟོང་པ་རེད། འོད་ལྟ་བུའི་ཏིང་ངེ་འཛིན་མེད་པའི་སྒོ་ནས་གལ་ཏེ་ང་ཚོས་རླུང་ལ་སྟངས་འཛིན་བྱེད་ཐབས་བྱས་ན། ང་ཚོས་དབང་རྩའི་མ་ལག་དང་སེམས་ལ་གནོད་སྐྱོན་ཚབས་ཆེན་པོ་གཏོང་སྲིད། དེ་དག་ལ་གུས་ཞབས་བྱ་རྒྱུ་གལ་ཆེན་པོ་དང་དེ་ནི་མི་སུ་འདྲ་ཞིག་ཡིན་རུང་སོ་སོ་རང་ངོས་ནས་ཉམས་ལེན་དེ་བྱེད་ཐུབ་ཅེས་བསམ་རྒྱུ་མེད།

ཤེས་རབ་ནི་དགོས་གལ་ཞིག་ཡིན། དེ་ལ་བརྟེན་ནས་ང་ཚོས་དངོས་པོའི་གནས་ལུགས་གང་ཡིན་པ་དང་རྟོག་པའི་འཆར་སྣང་གང་ཡིན་རྟོགས་ཐུབ། སྟོང་ཉིད་ལ་གོ་རྟོགས་མེད་པ་ན། ཡོངས་སུ་སེམས་ཁམས་འཆོལ་བ་ཆགས་རྒྱུ་དང་། སོ་སོ་རང་ཉིད་ཀྱང་ཡི་དམ་ལྷའི་ངོ་བོར་ཚུགས་ཐུབ་ཏུ་གྲུབ་པར་ངོས་འཛིན་བྱེད་པའི་ཉེན་ཁ་ཡོད། དེ་ནི་ཡི་དམ་དེའི་རྣམ་རོལ་ཏུ་རང་ཉིད་གདོན་འདྲེར་སྐྱེ་བ་ལེན་པའི་རྒྱུ་ཞིག་ཡིན།

ཚད་མཐོའི་རིམ་པ། བཏང་སྙོམས་དང་། བྱམས་པ། བྱང་ཆུབ་ཀྱི་སེམས།

ཚད་མཐོའི་རིམ་པའི་སྐབས། ཐོག་མར་ང་ཚོས་སེམས་ཅན་ཐམས་ཅད་ལ་བཏང་སྙོམས་སྐྱེད་དགོས། འདི་ནི་ཧ་ཅང་གལ་གནད་ཅན་ཞིག་ཡིན། གང་ཡིན་ཟེར་ན། སྒྲུབ་ཐབས་ཁག་གི་ནང་། སེམས་ཅན་ཐམས་ཅད་ལ་ཕན་ཕྱིར་འོད་འཕྲོ་བར་དམིགས་རྣམ་དུ་བྱེད་སྐབས། དེ་ནི་སེམས་ཅན་རེ་རེ་བཞིན་གཅིག་ཀྱང་མ་ལུས་པར་ཚང་མར་གོ་གི་ཡོད། དེ་ནི་ཉི་མའི་འོད་ཟེར་དང་འདྲ་བར་ཉེ་རིང་དང་ཕྱོགས་རིས་མེད་པར་ཀུན་ལ་ཁྱབ་པ་ནང་བཞིན་རེད།

བཏང་སྙོམས་ལ་གཞིར་བྱས་ཏེ་ཚང་མར་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའི་ཡིད་སྨོན་གྱི་བྱམས་པ་སྐྱེད་དགོས་ཤིང་། ཚང་མ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་བའི་ཡིད་སྨོན་གྱི་སྙིང་རྗེ་སྐྱེད་དགོས། ང་ཚོས་འོད་ཕྱི་རུ་འཕྲོས་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང་བདེ་སྐྱིད་སྦྱིན་གྱི་ཡོད་པའི་བསམ་བློ་གཏོང་དགོས། དེ་ནི་དངོས་གནས་དྲང་གནས་ཧང་སང་ཡག་གི་ཉམས་ལེན་ཟབ་མོ་ཞིག་རེད། དེའི་ནང་འོད་འཕྲོ་བ་དེས་ང་ཚོའི་ནུས་པས་གཞན་ལ་ཕན་གྱི་ཡོད་པར་མཚོན། འོད་ཟེར་ཕྱིར་བསྡུ་བ་ནི་རྩ་དབུ་མའི་ནང་རླུང་འཐིམ་པ་མཚོན་གྱི་ཡོད། འོན་ཀྱང་བྱམས་དང་སྙིང་རྗེ་ལྡན་པའི་སེམས་ཤིག་གིས་གྲོགས་མ་བྱས་པར། འོད་ཟེར་འཕྲོ་བསྡུ་བྱེད་པ་དེ་སེམས་ནང་འཆར་བ་བྱེད་པ་ཙམ་ལ་ནི་དོན་སྙིང་དེ་ཙམ་མེད།

མཐར་ང་ཚོས་བྱང་ཆུབ་ཀྱི་སེམས་སྐྱེད་དགོས། བྱང་ཆུབ་ཀྱི་སེམས་ནི་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་སེམས་ཅན་གྲངས་མེད་པར་ཕན་ཐོགས་པའི་ཕྱིར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དམིགས་ཡུལ་དེ་ཡིན། ང་ཚོར་སངས་རྒྱས་ཀྱི་གོ་འཕང་དེ་ད་ལྟ་ཐོབ་མེད་ཀྱང་། གསང་སྔགས་ཀྱི་ཉམས་ལེན་ལ་བརྟེན་ནས་རང་གི་དམིགས་བྱར་གྱུར་བའི་སངས་རྒྱས་ཀྱི་གོ་འཕང་དེ་མཚོན་པའི་ཡི་དམ་གྱི་ལྷའི་ངོ་བོར་དམིགས་རྣམ་དུ་བྱེད་ཐུབ་པ་ཡོང་གི་ཡོད། དེ་མིན་རྣམ་པ་དེ་འདྲ་ཞིག་དམིགས་རྣམ་དུ་བྱེད་པའི་དོན་སྙིང་གང་ཡོད་དམ། ཡིན་ནའང་རང་ཉིད་དམིགས་རྣམ་བསྟེན་ཕྱོགས་ཐད་སྦྱོང་བརྡར་བྱས་ཏེ། ད་དུང་ཕྲ་བའི་རྩ་རླུང་དང་སེམས་ལ་སྦྱོང་བརྡར་བྱེད་པ་ལ་བརྟེན་ནས་མཐར་ང་ཚོས་རང་བཞིན་ངང་ནས་སངས་རྒྱས་ཀྱི་རྣམ་པ་ཞིག་སྐྱེད་པའི་རྒྱུ་བྱེད་ཐུབ།

ཕྱོགས་བསྡོམས།

གསང་སྔགས་ཕན་ནུས་དང་ལྡན་པ་ཞིག་ཉམས་སུ་བླང་བར། ལེ་ཚན་གཉིས་ཀྱི་ནང་འགྲེལ་བརྗོད་བྱེད་པ་ནང་བཞིན་ཀུན་སློང་གི་རིམ་པ་གསུམ་གྱི་རྨང་གཞི་དེ་ང་ཚོར་དགོས་པ་ཡིན། སྐྱེས་བུ་ཆུང་ངུའི་སྐབས། ང་ཚོས་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། དེས་ང་ཚོར་སེམས་སྐུལ་གནང་ནས་གསང་སྔགས་ཉམས་ལེན་གྱི་བྱ་བའི་རྟེན་གཞིར་གྱུར་བའི་མི་ལུས་རིན་ཆེན་ལ་གུས་ཞབས་གཏིང་ཟབ་ཅིག་རྙེད་ཡོད། དེ་ག་ནང་བཞིན་འཆི་བ་དང་མི་རྟག་པའི་གོ་རྟོགས་ལ་བརྟེན་ནས་གསང་སྔགས་ཉམས་ལེན་གྱི་ནང་འཆི་བ་དང་། བར་དོ། སླར་སྐྱེ་བའི་རྒྱུད་རིམ་གྱི་གཞི་རྟེན་ལྟར་བྱེད་པ་དང་། ང་ལྟ་ང་ཚོར་ཡོད་པའི་གོ་སྐབས་དེ་བེད་སྤྱོད་བྱེད་དགོས་པའི་སེམས་སྐུལ་བྱེད་ཀྱི་ཡོད།

སྐྱེས་བུ་འབྲིང་གི་སྐབས་སུ། ང་ཚོས་སླར་སྐྱེ་བའི་རྒྱུན་ཡོངས་སུ་བཅད་དེ་ཡང་དག་པའི་བདེ་བའི་རྗེས་སུ་སྙེག་འདོད་ཀྱི་ཡིད་སྨོན་བྱེད་ཀྱི་ཡོད། དེ་ཡང་འཕགས་པའི་བདེན་པ་བཞི་ལ་དེ་ལས་གཏིང་ཟབ་པའི་གོ་རྟོགས་ཤིག་ཡོད་པ་དེས་རྒྱབ་རྟེན་བྱས་ཡོད། རིམ་པ་འདིའི་སྐབས་སུ་ང་ཚོས་སོ་སོའི་ཉོན་མོངས་ཇི་ལྟར་ཤུགས་ཆུང་དུ་གཏོང་ཚུལ་ཤེས་ནས་དེ་དག་གསང་སྔགས་ཉམས་ལེན་གྱི་ནུས་ཤུགས་ཆེ་རུ་གཏོང་བ་དང་ང་ཚོའི་འཛིན་སྟངས་ཕལ་པ་སྤོང་བར་བེད་སྤྱོད་བྱེད་ཀྱི་ཡོད། ངེས་འབྱུང་ལ་བརྟེན་ནས་ང་ཚོས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་ལྷག་པའི་བསླབ་པ་གསུམ་ཉམས་ལེན་བྱེད་དགོས། ང་ཚོས་སྒོམ་ཐུན་ཧྲིལ་པོའི་ནང་གང་དམིགས་རྣམ་དུ་བྱེད་བཞིན་པའི་དངོས་པོའི་གནས་ལུགས་ཐོག་ལ་དམིགས་པ་གཏད་ཐུབ་པ་དང་དེ་ལ་མགོ་མི་རྨོངས་པ་ཡིན།

མཐར་ཚད་མཐོའི་རིམ་པའམ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པའི་ནང་། ཐོག་མར་ང་ཚོས་སེམས་ཅན་ཐམས་ཅད་ལ་བཏང་སྙོམས་སྐྱེད་དགོས་ཤིང་། བར་དུ་སེམས་ཅན་ཐམས་ཅད་ལ་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་འབྲལ་བའི་བྱམས་པ་དང་སྙིང་རྗེ་སྐྱེད་དགོས། མཐའ་མར་སེམས་ཅན་ཐམས་ཅད་ལ་ཕན་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དམིགས་པའི་བྱང་ཆུབ་ཀྱི་སེམས་སྐྱེད་དགོས། ང་ཚོས་དེ་དག་ཐམས་ཅད་དམིགས་རྣམ་དུ་བེད་སྤྱོད་གཏོང་བའི་ཐོག་རང་གི་སེམས་ནང་རང་ཉིད་སངས་རྒྱས་ཡིན་པའི་འདུ་ཤེས་དང་བཅས་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་དང་གཅེས་སྐྱོང་མཉམ་པ་རྒྱ་རྐྱེད་གཏོང་གི་ཡིན་ཞེས་བསམ་བློ་གཏོང་དགོས།།

Top